Mgon dkar yid bzhin nor bu'i sgrub thabs rjes gnang gi yi ge rnams

From Shangpa Resource Center








Resource ID Gönkar17
Title mgon dkar yid bzhin nor bu'i sgrub thabs rjes gnang gi yi ge rnams
Topics White protector
Sub-Topics Sadhana
Author Künga Drölchok
Link BDRC W23681 (p. 257)

༄༅། །མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེ་རྣམས་བཞུགས།

བླ་མ་ཡི་དམ་མཁའ་འགྲོའི་ཞབས་བཏུད་ནས། །མྱུར་མཛད་ཡིད་བཞིན་ནོར་བུའི་གཟི་ལྡན་མཆོག །སྒྲུབ་ཐབས་བླ་མའི་མན་ངག་གསུང་མང་ནའང༌། །དད་ལྡན་དོན་གཉེར་ལྡན་ཕྱིར་གསལ་བར་བྲི།
།དེའང་སྒྲུབ་པ་པོ་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཏེ། ཚེ་འདིར་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བས། ཐེག་པ་བླ་ན་མེད་པ་བདེ་མཆོག་ལ་སོགས་པས་དབང་ལེགས་པར་ཐོབ་ཅིང༌། དེའི་དུས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་ཞིང༌། བླ་མ་མགོན་པོ་དབྱེར་མེད་ཀྱི་བཀའ་དང༌། ཡིད་བཞིན་ནོར་བུ་རང་གི་སྒོས་ཀྱི་རྗེས་གནང་ལེགས་པར་ཐོབ་པས། དུར་ཁྲོད་ལ་སོགས་པའི་གནས་མཚན་ཉིད་དང་ལྡན་པར། སྒྲུབ་པའི་རྫས་རྣམས་ཚོགས་པར་བྱས་ནས། སྟན་བདེ་བ་ལ་འདུག་སྟེ།
ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་སོགས་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང༌།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམ་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག
།ཅེས་ལན་གསུམ་ལ་སོགས་པས་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འགྲེ་བར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ནས། ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་པ་བཞི་བསྒོམ།
དེ་ནས། རང་ཐ་མལ་དུ་གནས་པའི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་གཅིག་གི་དཀྱིལ་དུ། ཧཱུྃ་དཀར་པོ་དངུལ་ཆུའི་མདོག་འདྲ་བ་གཅིག་གནས་པར་གྱུར། དེ་གཉིས་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སེམས་ཅན་གྱི་དབུལ་བའི་སྡུག་བསྔལ་བསལ། ཚུར་འདུས་དེ་གཉིས་རང་གི་རྣམ་པར་ཤེས་པའི་ངོ་བོར་དབྱེར་མེད་དུ་ཁྲུག་གིས་འདྲེས་པ་ཡོངས་སུ་གྱུར་པ་ལས།
མདུན་དུ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག །ཕྱག་དྲུག་པ། སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པའི་དཔྲལ་བར་མཁའ་འགྲོའི་ཐིག་ལེས་མཛེས་པ། ཞལ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང༌། མཆེ་བ་ཅུང་ཟད་གཙིགས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་ཀྱི་དང་པོས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཉིས་པས་རིན་པོ་ཆེ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ། ཐ་མས་སེང་ལྡེང་གི་ཌ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གྱི་དང་པོས་བདུད་རྩིས་གང་བའི་ཐོད་པའི་ནང་ན་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་བུམ་པ་བརླ་གཡོན་པ་ལ་བརྟེན་ནས་འཛིན་པ། བར་པས་རྩེ་གསུམ། ཐ་མས་རྡོ་རྗེ་རིན་པོ་ཆེའི་ལྕགས་ཀྱུ་བསྣམས་པ། སྐུ་སྟོད་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང༌། གླང་པོ་ཆེའི་ཀོ་བས་བརྒྱན་ཅིང༌། སྨད་སྟག་གི་པགས་པས་ཤམ་ཐབས་དང༌། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱིས་མཛེས་པ། ཞབས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འོད་འཕྲོ་ལ་བཞུགས་པ་འདྲ་བའི་ཞབས་འོག་ན་ཚོགས་བདག་གླང་སྣ་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། གཡས་སའི་སྙིང་པོ་ལོ་མ་དང་བཅས་ཞལ་དུ་གསོལ་ཞིང༌། གཡོན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་བསྣམས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པ། ཁ་བཤང་ལམ་བ་སྤུའི་བུ་ག་ཐམས་ཅད་ནས་རིན་པོ་ཆེའི་ལྷུག་པར་འབྱུང་བ་དེ་ཉིད་མནན་ཅིང༌། ཕྱག་ཞབས་ཐམས་ཅད་ལ་གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གནོད་སྦྱིན་དཔག་ཏུ་མེད་པས་བསྐོར་བའི་སྐུར་གྱུར། མགོན་པོའི་སྤྱི་བོར་རྩ་བའི་བླ་མ་སྐུ་མདོག་དམར་པོ། རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ། ཞལ་འཛུམ་བག་དང་ལྡན་པ། གཡས་པ་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ། གཡོན་བདུད་རྩིས་གང་བའི་ཐོད་པ་བསྣམས་པ། ཞབས་གར་སྟབས་ཀྱིས་འགྱིང་ཞིང༌། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། ཁམས་གསུམ་དབང་དུ་སྡུད་ནུས་པ་གཅིག་བསམ།
དེའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་ཟེར་འཕྲོ་བ་གཅིག་གནས་པར་གྱུར། དེ་ལས་འོད་འཕྲོས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མགོན་པོ་ཡིད་བཞིན་གྱི་ནོར་བུ་ལ་སངས་རྒྱས་བྱང་སེམས་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས།
ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལཱ་ཡ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །མཆོད་པའི་གནས་འདིར་གཤེགས་ནས་ཀྱང༌། །དབུལ་བའི་སྡུག་བསྔལ་ཞི་བར་མཛོད།
།འདིའི་རྩ་སྔགས་ཀྱི་རྗེས་སུ་ཛཿཉེར་གཅིག་བརྗོད་གསུངས། དེ་ནས་ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར།
བདག་དང་སེམས་ཅན་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་ཞི་བར་མཛད། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ།
།དེ་ནས་མཆོད་པ་ནི། ནག་པོའི་སྐོང་བ་ལྟར་བྱིན་གྱིས་བརླབས་ནས་དབུལ།
རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ།
།གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཚིགས་བཅད་གཞན་རྣམས་སྔར་དང་འདྲ་བ་ལས། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། སིལ་སྙན། གཟུགས་མཆོག །སྒྲ། དྲི། རོ། རེག་བྱ་ཞེས་པ་རྣམས་སྤེལ་ཞིང༌། སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་ཞེས་པ་རྣམས་ཀྱིས་སྤེལ་ཏེ། ཕྱག་རྒྱ་དང་བཅས་པ་རྣམས་ཀྱིས་མཆོད་པ་ནི་ཕྱི་མཆོད་དོ།
།ནང་མཆོད་ནི། ཡི་དམ་གང་བྱེད་དམ། ནག་པོའི་ལྟར་བྱིན་རླབས་བྱས་ཏེ་མཐེབ་སྲིན་གྱིས་བླངས་ཏེ་སྤྱི་བོར་གཏོར་ནས། འདིའི་སྒོས་ཀྱི་བླ་མ་བརྒྱུད་པ་རྣམས་དང༌། སྙིང་ག་ནས་གཏོར། ཡི་དམ་རྣམས་དང༌། ལྟེ་བ་ནས་གཏོར། རྩ་སྔགས་དང༌། ནག་པོའི་སྲོག་སྔགས་ལ་ཨོཾ་ཨཱཿཧཱུྃ་གསུམ་བཏགས་ལ་དབུལ། གཞན་ཡང་འཁོར་རྣམས་དང༌། ཆོས་སྐྱོང་རྣམས་དང༌། གཞི་བདག་རིགས་དྲུག་སོགས་ལ་འབུལ་བ་སྤྱི་འགྲོ་ལྟར་བྱའོ། །དེ་ནས་གོང་གི་བསྟོད་པ་བསྡུས་པ་དེའམ། ཡང་ན་ཟུར་ན་ཡོད་པའི་བསྟོད་པ་རྒྱས་པས་བསྟོད་པར་བྱའོ།
།དེ་ནས་བཟླས་པའི་དམིགས་པ་ནི། ཐིག་ལེ་ལ་རྩ་སྔགས་ཀྱིས་བསྐོར་བར་བསྒོམས་ནས་བྱེད། འདིའི་མན་ངག་ཤིན་ཏུ་གལ་ཆེ་བ་ཡིན། དེ་ཡང་ཐིག་ལེའི་མཐའ་མར་ཡི་གེ་བཅུ་གསུམ་གྱིས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་བསྡུས་པའི་བཅུད་བདེ་དགེ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བཀུག །ཐིག་ལེ་ལ་ཐིམ་པས་རྣལ་འབྱོར་པ་ལ་ཚེ་དང་བསོད་ནམས་དང༌། དཔལ་དང༌། དབང་ཕྱུག་དང༌། བདེ་ལེགས་ཆར་བཞིན་དུ་བབས་པར་གྱུར། སླར་ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་སྟོབས་ལྡན་རྣམས་དང༌། མིའི་དབང་པོ་ལ་སོགས་པའི་སྟོབས་ལྡན་ཐམས་ཅད་བཀུག་སྟེ། ཚོགས་བདག་ལ་བསྟིམས་པས། དེ་དག་ཐམས་ཅད་རྣལ་འབྱོར་པའི་བཀའ་བཞིན་དུ་ཉན་ཅིང༌། བྲན་བཞིན་དུ་ལས་བསྒྲུབས་པར་གྱུར་པར་བསམས་ནས། ངག་ཚིག་གཞན་གྱིས་བར་མ་ཆོད་པར། བསྙེན་སྔགས་འབུམ་ཕྲག་གསུམ་ཆུ་བོའི་གཞུང་བཞིན་བཟླ། ཞེས་ཁྱུང་པོའི་གསུང་སྒྲོས་ལས་བྱུང་བ་ལས། བདག་གི་བླ་མ་མཁས་གྲུབ་ཆོས་རྗེས་ནི། ཡ་ར་ཅན་བཟླས་ན་རྒྱུད་སྡེ་དང་མཐུན་པས་ལེགས་ཞེས་གསུངས། བཟླ་བྱའི་སྔགས་ནི། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པ་ཡིན་ལ། བཟླས་པ་གྲུབ་པའི་རྟགས་དང༌། གྲུབ་ནས་ལས་ལ་སྦྱོར་བའི་སྤེལ་ཚིག་གི་སྦྱོར་ཚུལ་སོགས་ནི་མན་ངག་ལས་ཤེས་པར་བྱའོ། །བཟླས་པ་རྫོགས་ནས་སྔར་ལྟར་མཆོད་བསྟོད་བྱས་ལ། ཐུན་ཐ་མ་ཡིན་ན་དེའི་གཏོར་མ་འབུལ་དགོས་པས།
དེའི་ཚུལ་ནི། ནས་དཀར་མོ་རྗེན་འཐགས་བྱས་པའི་རྩམ་པ་ལ་ནང་མཆོད། ཤ་མར། སྦྲང་རྩི་སོགས་སྦྱར་བའི་དཔལ་བཤོས་ཟུར་གསུམ། མཐེབ་ཀྱུ་གྲངས་ཚད་བསྐོར་ཞིང་རྩེ་མོ་མར་གྱི་ནོར་བུས་བརྒྱན་པའམ། མར་རྐྱང་པའི་གཏོར་མའམ། ཟན་ཀྱུ་བཅངས་ཏེ། ནང་མཆོད་ཀྱིས་སྦྱང༌། ལས་སྔགས་ཀྱིས་བགེགས་བསྐྲད། རྒྱས་པར་ནི་ནག་པོའི་བྱིན་རླབས་ལྟར།
བསྡུས་པ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་མམ་བདུན་བརྗོད་པས། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ལྟ་བུར་གྱུར་ཅེས་བྱིན་གྱིས་བརླབས་ཏེ། མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་དྲངས་ནས་གསོལ་བར་བསམ་ཞིང༌། རྩ་སྔགས་ལ། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་གྱིས་བསྔོས་ནས། མཆོད་བསྟོད་སྔར་ལྟར་བྱ། ཐུན་མཚམས་དང་གཏོར་མའི་རྗེས་སུ་གསོལ་བ་གདབ་ཅིང༌། ཐལ་མོ་སྦྱར་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ།
།སངས་རྒྱས་ཀྱི་བསྟན་པ་སྲུང་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག །བླ་མའི་སྐུ་ཚེ་སྲིངས་ཤིག
།ཁྱད་པར་དུ་རྣལ་འབྱོར་པ་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པ་དང༌། དགོས་འདོད་ཆར་བཞིན་དུ་བབས་ནས་ལོངས་སྤྱོད་ཟད་མི་ཤེས་པ་དང༌། མི་ནོར་ཟས་གསུམ་འདུ་ཞིང་ཐོས་བསམ་སྒོམ་གསུམ་གྱི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བདུན་ལ་སོགས་པ་གསོལ་བ་གདབ་པར་བྱའོ།
།དེ་ནས་ཉེ་བར་བསྡུ་ན། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་མགོན་པོར་གསལ་བ་ལ་ཐིམ། དེ་འོད་དུ་ཞུ་ནས་མཁའ་འགྲོ་མ་ལ་ཐིམ། དེ་འོད་དུ་ཞུ་ནས་སྔགས་ཕྲེང་ལ་ཐིམ། དེ་འོད་དུ་ཞུ་ནས་ཐིག་ལེ་ལ་ཐིམ་པར་བསམ་ཞིང༌། ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་འཛིན་ནོ། །དེའང་འོད་དུ་ཡལ་སོང་བའི་ངང་ནས་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་ཡིན་ནོ་སྙམ་དུ་བཞག་པར་བྱའོ། །འདི་ལ་བླ་མ་རྣམས་རྫོགས་རིམ་གྱི་ཐ་སྙད་མཛད་པར་གདའ། སླར་ཡང་སྐད་ཅིག་གིས་ལྡང་བའི་ངང་ལས། སྐད་ཅིག་གིས་དཔལ་ཡིད་བཞིན་ནོར་བུའི་སྐུར་གྱུར། ཅེས་གསལ་ལ་སྟོང་པ་སྒྱུ་མའི་སྐུར་ལྡང་བར་བྱ་སྟེ། ཉལ་འཆག་འགྲོ་འདུག་གི་སྣང་བ་ཐམས་ཅད་འདིའི་ངང་ནས་ཉམས་སུ་བླང་བར་བྱའོ། །བདག་མདུན་གཅིག་ཏུ་བྱས་ནས་བསྙེན་པའི་ཚུལ་གྱིས་ཡིད་བཞིན་ནོར་བུའི་སྒྲུབ་པའི་ཐབས་གསལ་བར་བསྟན་ཟིན་ཏོ། །གུ་ཧྱ་ས་མ་ཡ།
འདིའི་རྗེས་གནང་ལ། སྦྱོར་བ་དངོས་གཞི་རྗེས་གསུམ་ལ།
དང་པོ་ནི། མཎྜལ་གྲུ་གསུམ་འབར་བའི་མེ་རི་དང་བཅས་པའི་དབུས་སུ་ཧཱུྃ་བྲིས་པའམ། ཚོམ་བུ་གང་རུང་དུ་དགོད། མཉྫིའི་སྟེང་དུ་གཏོར་མ་རྒྱན་དང་བཅས་པ་བཞག །མཆོད་པ་དང་གཏོར་མས་བསྐོར། སློབ་མ་འཇུག་པ་ནི། འཆི་བ་མི་རྟག །འཁོར་བའི་ཉེས་དམིགས། མགོན་པོ་ཇི་ལྟར་ཐུགས་བསྐྱེད་པ་གཞུང་ལས་འབྱུང་བ་ལྟར་བྱས་ནས། སྐྱབས་སུ་འགྲོ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང༌། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ༴ དགེ་འདུན་ལ༴ བླ་མ་དང་ཡི་དམ་ལྷ་དང་ཡེ་ཤེས་མགོན་པོ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། སེམས་བསྐྱེད། ཡན་ལག་བདུན་པ་གང་རུང་བྱ།
གཉིས་པ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ་པ། གཞུང་གི་ཨོཾ་དང་འབྲེལ་བར་སྐུ་ལས་སྐུ་དཔག་ཏུ་མེད་པ་ཆད། སློབ་མའི་ལུས་ལ་བསྟིམ། མགོན་པོར་བསྐྱེད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ཅེས་གསོལ། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་བྱུང༌། རང་གི་སྙིང་གའི་ཧཱུྃ་ལ་ཐིམ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །སྔགས་ཀྱི་བྱིན་རླབས་ཞུགས་པར་མོས་ཤིང༌། མཐར་རང་དང་དཀྱིལ་འཁོར་གྱི་ཧཱུྃ་གཉིས་ལས་འོད་འཕྲོས་པས། ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མགོན་པོ་མྱུར་མཛད་སྤྱན་རས་གཟིགས་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ། དམ་ཚིག་པ་ལ་བསྟིམ། དེ་ནས་མགོན་པོའི་གནས་གསུམ་འབྲུ་གསུམ། སློབ་མ་མགོན་པོར་གསལ་བའི་གནས་གསུམ་དུའང་འབྲུ་གསུམ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང༌། སློབ་མའི་དཔྲལ་བའི་ཨོཾ་ལ་ཐིམ། བུམ་དབང་ཐོབ། ཨཱཿས་ངག་གི །ཧཱུྃ་གིས་ཡིད་ཀྱི་དབང་ཐོབ་པར་བསམ། མགོན་པོའི་ཡི་གེ་གསུམ་པ་ཆད་ནས་གནས་གསུམ་དུ་བསྟིམ། མཐར་བླ་མ་མགོན་པོ་འོད་དུ་ཞུ། རང་ལ་ཐིམ་པས་ཁམས་གསུམ་མ་ལུས་པ་དབང་དུ་འདུས་པར་བསམ་ལ། ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག །གཏོར་དབང་སོགས་གཞུང་གཞན་ལས་ཤེས་པར་བྱའོ། །གཏོར་མ་དང་ཚོགས་དབུལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། གཏོར་མ་གཏོང༌། བསྔོ་བ་བྱ།
མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། དབང་བཞི་ཉུང་ངུ་དང་བཅས་པ་འདི། གྲོལ་མཆོག་གིས་ཡི་གེར་བཀོད་པའོ།།