Mgon po'i gnad 'bebs dngos grub kun 'byung

From Shangpa Resource Center








Resource ID Sup19
Title mgon po'i gnad 'bebs dngos grub kun 'byung
Alt. title mgon po'i grib sel gyi bka' nang lugs
Topics Chadrupa
Sub-Topics Various
Author Khyungpo Neljor
Associated Person Maitripa
Link BDRC W3CN18508 (v3p.56)

Needs to be re-read
མགོན་པོའི་གྲིབ་སེལ་གྱི་བཀའ་ནང་ལུགས་ཡིན།

བླ་མ་རྣམས་ལ་ཕྱག་འཚལ་ལོ།
།ཡེ་ཤེས་མགོན་པོ་འཁོར་བཅས་རྣམས། །གནད་ལ་དབབ་ཅིང་བཤགས་པ་བྱ། །འདི་ནི་གནད་ཀྱི་གདམས་པ་སྟེ། །ཆིག་རྒྱུད་དག་ལས་མ་སྤེལ་ཅིག
།ཅེས་པའི་དོན་ནི། མདུན་དུ་མགོན་པོ་སྐྱེད་དེའི་མདུན་དུ་ཀྵེ་ཏྲ་པ་ལ་སྐྱེད། གཡས་སུ་ཊ་ཀི་ར་ཛ། རྒྱབ་དུ་ཇི་ན་མི་ཏྲ། གཡོན་དུ་ལྷ་མོ་དང་ཏྲག་ཤད་བསྐྱེད། དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ། དེའི་ཕྱི་རོལ་དུ་གཙང་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་གཉིས་བསམས་ལ། དེ་རྣམས་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱའོ།
།དེ་ནས་མགོན་པོའི་སྤྱི་བོར་རྩ་བའི་བླ་མ་གཡས་ཌ་མ་རུ། གཡོན་ཐོད་པ་བདུད་རྩིས་གང་པ་བསྣམས་པ་གཅིག་དུ་བསྒོམ། དེའི་ཐུགས་ཁ་ནས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྒྱུད་པའི་བླ་མ་རྣམས་སྟིམ་པ་དང་། བླ་མ་དེ་འོད་ཀྱི་རང་བཞིན་སྐུ་མདོག་དཀར་སེར། འཛུམ་པའི་མདངས་དང་ལྡན་པ་གཅིག་བསམས་ནས། རང་གིས་ཌ་མ་རུ་དང་དྲིལ་བུ་ཐོགས། སྤོས་སྦྱོར་བསྲེགས་ནས། ན་མོ་བུད་དྷ་ཡའི་གསོལ་བ་དྲག་པོ་གདབ་པ་དང་། བླ་མ་ལ་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས། མགོན་པོའི་སྐུ་ལུས་ལ་ཕོག་པས། ཉམས་གྲིབ་ཐམས་ཅད་དག་སྟེ། བསྐུ་ལུས་འོད་དང་འོད་ཟེར་གྱི་རང་བཞིན། གཟི་བརྗིད་ཕུན་སུམ་ཚོགས་པར་བསམ། དེ་བཞིན་དུ་བླ་མའི་འོད་ཟེར་ཁ་དོག་ལྔ། ཕྱོགས་སྐྱོང་དང་གཙང་རིགས་ཀྱི་མགོན་པོ་ལ་ཕོག་པས། ཉམས་གྲིབ་དང་། དམ་ཚིག་གི་འགལ་འཁྲུལ་ཐམས་ཅད་དག་ནས། འོད་དང་འོད་ཟེར་གྱི་རང་བཞིན་གཟི་རྗིད་ཕུན་སུམ་ཚོགས་པར་བསམ། ཡང་གོང་བཞིན་གསོལ་བ་དྲག་པོ་བཏབ་པས། བླ་མའི་སྐུ་ལུས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བདུད་རྩི་ཕོག་པ་དང་། བདུད་རྩི་བུ་གར་ཞུགས། རྡོ་རྗེ་ནས་ཐོན། མགོན་པོའི་སྤྱི་བོར་བདུད་རྩི་འོ་མ་ལྟ་བུའི་ཆུ་རྒྱུན་བབ་པས། མགོན་པོའི་སྤྱི་བོ་ནས་རྐང་འཐིལ་མན་ཆད་དཀྲུས་པ་་་་་ར་གྱུར་པས། ཉམས་གྲིབ་དང་དམ་ཚིག་གི་འགལ་འཁྲུལ་དག་ནས། མགོན་པོ་འོད་ཀྱི་རང་བཞིན་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ། དེ་བཞིན་དུ་འཁོར་རྣམས་ལ་ཡང་བྱའོ།
།དེ་ནས་གསོལ་བ་གདབ་པ་དང་། བླ་མ་ཌ་མ་རུ་འཁྲོལ་ཞིང་མགོན་པོ་ལ་གཟིར་ཞིང་གནད་ལ་ཕབ་པ་དང་། གསང་གནས་ནས་བདུད་རྩིའི་ཆུ་རྒྱུན་བྱུང་ནས། མགོན་པོའི་སྐུ་ལ་ཕོག་པས། ཉམས་གྲིབ་མ་ལུས་པ་དག་ཅིང་གནད་ལ་ཕབ་པར་བསམ་མོ། །དེ་བཞིན་དུ་འཁོར་རྣམས་ལ་ཡང་སྒོམ་པར་བྱའོ།
།དེ་ནས་མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨ་དམར་པོ། ཐུགས་ཁར་ཧཱུྃ་སྔོན་པོ་བསམ། རང་གི་གནས་གསུམ་དུ་ཡང་བསམ། དེ་ནས་མགོན་པོའི་ཡིག་གེ་གསུམ་ལས། ཡིག་གེ་གསུམ་ཆད་ནས། རང་གི་གསུམ་ལ་ཐིམ་པར་བསམ་མོ། །ཨོཾ་ཨ་ཧཱུྃ་རྒྱ་རྩ་བརྒྱད་བརྗོད་དོ།
།དེ་ནས་ཨོཾ་དཀར་པོ་ལས་ཡིག་གེ་བརྒྱ་པ་དཀར་པོ་བྱུང་། རང་གི་དཔྲལ་བའི་དཀར་པོ་ལ་འཁོར་བར་བསམས་ནས། ངག་དུ་ཡིག་གེ་བརྒྱ་པ་བརྗོད་པས། སྤྱི་བོའི་ཨོཾ་དཀར་པོ་ཁེངས། རང་གི་ལུས་ཀྱི་སྡིག་སྒྲིབ་དག །སྐུའི་དམ་ཚིག་ཉམས་ཆག་སྐོངས། མགོན་པོའི་སྐུའི་བྱིན་བརླབས་ཞུགས་པར་བསམ། དེ་བཞིན་དུ་ཡིག་གེ་བརྒྱ་པ་དམར་པོས་མགྲིན་པ་ཁེངས། ངག་གང་། གསུང་གི་སྐོངས། གསུང་གི་བྱིན་བརླབས་ཞུགས། ཧཱུྃ་དང་ཡིག་གེ་བརྒྱ་པ་སྔོན་པོས་སྙིང་ཁ་ཁེངས། ཡིད་ཀྱི་དག །ཐུགས་ཀྱི་སྐོངས། ཐུགས་ཀྱི་བྱིན་བརླབས་ཞུགས་པར་བསམ་མོ།
།དེ་ནས་མགོན་པོའི་ཨོཾ་རང་གི་དཔྲལ་བའི་ཨོཾ་ལ་ཐིམ། མགྲིན་པའི་ཨ་ལས་ཨ་ཐིམ། ཐུགས་ཁའི་ཧཱུྃ་ལས་ཧཱུྃ་ལ་ཐིམ། རང་གི་དཔྲལ་བའི་ཡིག་གེ་བརྒྱ་པ་ཨོཾ་ལ་ཐིམ། ཨོཾ་ཨ་ལ་ཐིམ། ཨ་དམར་པོ་ལ་ཡིག་གེ་རྒྱ་པ་དམར་པོ་ཐིམ། ཨ་སྙིང་ཁའི་ཧཱུྃ་ལ་ཐིམ། ཧཱུྃ་ལ་ཡིག་གེ་བརྒྱ་པ་སྔོན་པོ་ཐིམ་ནས། ཧཱུྃ་སྔོ་ཡལ་སྟོང་སངས་ཏེ་སོང་པར་བསམ། དེ་ནས་བླ་མ་ལ་གསོལ་དྲག་པོ་གདབ་པའི་རྗེས་ལ། དམ་ཚིག་གི་ཉམས་ཆག་ཐམས་ཅད་སིང་གིས་དག་ཅིང་། མགོན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཞུགས་ནས། མཆོག་ཐུན་མོང་གི་སིཏི་ཐམས་ཅད་བདག་གིས་དུས་འདིར་ཐོབ་པ་ཡིན་མཉམ་དུ་བསམ་མོ། །འདི་ཉམས་སུ་ལེན་པའི་དུས་གནད་ནི་ཐོ་རངས་སོ།
།ཁྱད་པར་ཆོས་སྐྱོང་འཁྲུགས་པ་དང་། གྲིབ་ཕོག་པ་དང་། སློབ་དཔོན་ལ་དམ་སེལ་ཞུགས་པ་དང་། ཆོས་སྐྱོང་དགྲ་ལ་སྦོད་པ་དང་། རྨི་ལམ་དུ་ཡང་རང་ལ་འཛེ་ཕོས་སྐོར་བ་དང་། བླ་མ་མཆེད་གྲོགས། སློབ་མ་དང་། བུད་མེད་ལ་འཛེ་བྱུང་པ་དང་། འདམ་རྫབ་ལ་འགྲོ་བ་དང་། ཁྱི་ལུད་མི་ལུད་ནོད་ལ་འགོས་པ་དང་། བུད་མེད་ཡུགས་ས་མོ་དང་། བཙུན་མ་དང་། རྒས་འགོགས་པ་དང་། བདག་ལ་ཁྲོ་བ་དང་། འཚིག་པ་དང་། འབྲོས་པ་དང་། ཁ་ཆར་གྱི་ནོན་པ་རྨི་བ་དང་། ཏིན་ངེ་འཛིན་མི་གསལ་བ་དང་། ཤེས་པ་བྱིང་པ། གཏོར་མའི་དུས་སུ་བྱིན་བརླབས་མི་ཕེབས་པ་དང་། དེ་རྣམས་ཀྱི་དུས་སུ་བྱའོ།
།མདོར་ན། ཞལ་མྱུར་དུ་མི་འཐོང་བ་དང་། གྱེད་པ་དང་། ལས་མི་གྲུབ་པ་དང་། མཆོག་ཐུན་མོང་གི་སིཏི་མི་ཐོབ་པ་རྣམས། དམ་སེལ་དང་གྲིབ་ཀྱིས་ལན་པས། བཤགས་པའི་གནད་ཁྱད་འཕགས་འདི་ལ་འབད་པར་བྱའོ། འདིས་སིཏི་མ་ལུས་པ་ཐོབ་པར་བྱེད་དོ།
།མགོན་པོའི་གནད་འབེབས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་རྫོགས་སོ། །བདག་ཁྱུང་པོ་རྣལ་འབྱོར་གྱིས་གསེར་སྲང་བདུན་ཕུལ་ནས། བླ་མ་མི་ཏྲི་བ་ལ་ཞུས་སྡོ། དགེའོ།