Mgon po'i gsang sgrub thun mong ma yin pas mgon po rgyan can du grags pa'i dbang chog

From Shangpa Resource Center
Revision as of 17:51, 4 March 2020 by Sengue (talk | contribs)








Resource ID SCv11p137
Title dpal mgon po'i gsang sgrub thun mong ma yin pa'i mgon po rgyan can du grags pa'i dbang chog
Alt. title vajra mahākālaya abhidhi
rdo rje nag po chen po'i dbang chog
Topics Initiation
Sub-Topics Chadrupa secret sadhana
Author Khyungpo Neljor
Associated Person Rahula
Link BDRC W23922
BDRC W3CN18508

༈ དཔལ་མགོན་པོའི་གསང་སྒྲུབ་ཐུན་མོང་མ་ཡིན་པའི་མགོན་པོ་རྒྱན་ཅན་དུ་གྲགས་པའི་དབང་ཆོག་བཞུགས་སོ།།
༈ ༼ཧ༽
རྒྱ་གར་སྐད་དུ། བཛྲ་མ་ཧཱ་ཀཱ་ལ་ཡ་ཨ་བྷི་དྷི་ནཱ་མ།
བོད་སྐད་དུ། རྡོ་རྗེ་ནག་པོ་ཆེན་པོའི་དབང་ཆོག་ཅེས་བྱ་བ།
དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ།
།དཔལ་ལྡན་ནག་པོ་ཆེན་པོ་འདིའི། །དཀྱིལ་འཁོར་སློབ་མ་དབང་བསྐུར་བས། །བདག་ཉིད་ཡི་དམ་ལྷར་བསྒོམས་ནས། །བུམ་པར་གཙོ་འཁོར་བསྒོམས་བཟླས་བྱ། །སྒྲུབ་ཐབས་བཞིན་དུ་མདུན་བསྐྱེད་ལ། །མཆོད་གཏོར་རབ་ཏུ་རྫོགས་པར་བྱ། །སློབ་མ་དུ་ཡོད་ཁྲུས་བྱས་ནས། །མཎྜལ་ཕུལ་ནས་གསོལ་བ་གདབ། །སྐྱབས་འགྲོ་སེམས་གཉིས་བསྐྱེད་པར་བྱ། །གནང་བ་སྦྱིན་ཞིང་བློ་བཀུག་ལ། །ཡན་ལག་བདུན་བྱ་སྡོམ་པ་བཟུང་། །སྔགས་ཀྱི་ཆེ་བ་བསྟན་པ་དང་། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ད།
།དེ་ནས་ན་མོ་བུདྡྷ་ཡ། །ན་མོ་དྷརྨ་ཡ། །ན་མཿསཾ་གྷཱ་ཡ།
ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ།
།བླ་མས་བདག་ལ་དུས་གསུམ་གྱི། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །བྱིན་གྱིས་རླབས་པའི་མགོན་པོ་ནི། །ནག་པོ་ཆེན་པོའི་དབང་རྫོགས་དང་། །བྱིན་རླབས་རྗེས་གནང་སྩལ་དུ་གསོལ། །ཞེས་པའི་གནང་བ་ཞུས་པ་ལགས། །བུ་ཁྱོད་ལ་ནི་བདག་གི་ནི། །ནག་པོ་ཆེན་པོའི་དམ་ཚིག་བསྒྲགས། །བསམ་གྱི་མི་ཁྱབ་དཔེ་བྱད་དང་། །མཚན་བཟང་གར་དགུའི་ཉམས་ལྡན་པ། །བསྒོམས་དང་དམིགས་བཟླས་མཆོད་པར་བགྱིས། །སྔགས་རྒྱུན་དྲག་པོའི་ཕྱག་མཚན་དང་། །རྟགས་དང་བཟང་ཞིང་བཟླས་པ་བྱ། །ལས་ཀྱི་བསྒྲུབ་པ་ཅི་བྱེད་ཀྱང་། །བླ་མ་མཆོད་ཅིང་གསོལ་བ་གདབ། །བསྒྲུབ་པའི་ཐབས་རང་སྒྲུབ་པ་ནས། །ཤིན་ཏུ་གྱུར་ལ་བྱམས་པ་ཡང་། །བྱང་ཆུབ་སེམས་དང་ལྡན་པར་བྱོས། །ཞེས་པས་དམ་ལ་བཞག་ནས་ནི། །དྲག་པོའི་རྫས་དང་སྔགས་རྣམས་ཀྱིས། །སློབ་མའི་བགེགས་ནི་བསྐྲད་པར་བྱ། །སྟོང་པའི་ངང་ལས་སློབ་མ་དེ། །ཡེ་ཤེས་མགོན་པོར་བསམ་པ་ལ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི། །སྐུ་ཡི་བྱིན་རླབས་ནུས་མཐུ་རྣམས། །ཕྱག་དྲུག་མགོན་པོའི་རྣམ་པ་རུ། །སློབ་མའི་ལུས་ལ་ཐིམ་པར་བསམ། །རྩ་སྔགས་དང་ནི་སྙིང་པོ་བཟླས། །གུ་གུལ་གྱིས་གདུག་རོལ་མོ་དཀྲོལ། །སླར་ཡང་སངས་རྒྱས་བྱང་སེམས་ཀྱིས། །གསུང་གི་བྱིན་རླབས་ནུས་མཐུ་རྣམས། །རྩ་སྔགས་སྙིང་པོ་ཡིག་འབྲུ་རྣམས། །སློབ་མའི་མགྲིན་པར་བཞུགས་པར་བསམ། །སྔར་ནི་རྩ་སྔགས་སྙིང་པོ་བཟླས། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །ཐུགས་ཀྱི་བྱིན་རླབས་ནུས་མཐུ་རྣམས། །གཙོ་བོའི་ཕྱག་མཚན་རྣམ་པ་རུ། །སློབ་མའི་སྙིང་གར་ཐིམ་པ་རུ། །དཔོན་སློབ་གཉིས་ཀས་བསམས་པར་བྱ། །དེ་ནས་གསེར་གྱི་མཎྜལ་དབུལ། །བླ་མ་ཡེ་ཤེས་མགོན་པོ་ཡིས། །དབང་བཞི་རྫོགས་པར་བསྐུར་དུ་གསོལ། །སྒྲིབ་བཞི་དག་པར་མཛད་དུ་གསོལ། །འཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །སྐུ་བཞི་ཐོབ་པར་མཛད་དུ་གསོལ། །ཞེས་པ་ནན་གྱིས་གསོལ་བ་བཏབ། །བུམ་པ་སྤྱི་བོར་བཞག་ནས་ནི། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །བུམ་པ་ཐོགས་ནས་དབང་བསྐུར་བསམ།
།ཧཱུྃ། ཇི་ལྟར་བལྟམ་པ་ཙམ་གྱི་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ།
།ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། བུམ་པ་སྦྱིན་ལ་ཁྲུས་བྱའོ། །ལུས་ཀྱི་སྒྲིབ་བྱང་བུམ་དབང་ཐོབ། །བསྐྱེད་རིམ་ལ་དབང་སྤྲུལ་སྐུ་ཐོབ། །དེ་ནས་གསང་བའི་དབང་བསྐུར་བ་ནི། །ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་རྣམས། །མདུན་གྱི་མགོན་པོའི་ཞལ་ནས་ཞུགས། །དབུ་མ་བརྒྱུད་ནས་གསང་གནས་ནས། །ཡུམ་གྱི་ཁར་བྱོན་བདེ་བས་མཉེས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །གསང་གསུམ་གནས་ནས་བྱུང་བ་ཡི། ཁམས་གསུམ་ཀུན་གྱི་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་བྱིན།
།ཨོཾ་སརྦ་ཏཱ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་མཾ། །སྦྱོར་མཚམས་བྱང་སེམས་ལྕེ་ལ་སྦྱིན། །ངག་གི་སྡིག་བྱང་གསང་དབང་ཐོབ། །སྔགས་བཟླས་ལ་དབང་ལོངས་སྐུ་ཐོབ། །དེ་ནས་གསུམ་པའི་དབང་བསྐུར་ནི། གསང་ཡུམ་རྡོ་རྗེ་གཅིག་ཤོས་མས། །ལྷ་མོ་སྤྲོས་ནས་བུ་ལ་གཏད། །སྙོམས་པར་ཞུགས་པ་བདེ་བས་གང་།
།ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པྲ་ཛྙ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ། ཡིད་ཀྱིས་སྒྲིབ་བྱང་གསུམ་དབང་ཐོབ། །རིག་མ་ལ་དབང་ཆོས་སྐུ་ཐོབ། །དེ་ནས་བཞི་པའི་དབང་བསྐུར་བ་ནི། །ལུས་གནད་ལྟ་སྟངས་ལེགས་བཅས་ལ། །སེམས་ཉིད་མ་བཅོས་ངང་ལ་བཞག། ནམ་མཁའ་སྐྱེ་བ་མེད་པའི་ཕྱིར། །ཐམས་ཅད་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བ། །རང་སེམས་སྟོང་པ་ཆོས་ཀྱི་སྐུ། །ཚིག་གི་ངོ་བོ་བསྟན་པར་བྱ།
།ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ཏུར་ཨ་བྷི་ཥིཉྩ་མཾ། མ་ལུས་སྒྲིབ་དག་དབང་བཞི་ཐོབ། །ཕྱག་ཆེན་ལ་དབང་ཆོས་སྐུ་ཐོབ། །དེ་ནས་རྗེས་གནང་རིམ་པ་ནི། །སློབ་མ་ཐལ་སྦྱར་མེ་ཏོག་བཅས། །བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བརྗོད་ཅིང་བླ་མ་ཡིས། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་བརྗོད་རྩ་སྔགས་སྙིང་པོ་བཟླས། །རྗེས་བཟློས་ལན་གསུམ་བར་དུ་བྱ། །དེ་ནས་གཉིས་ཀས་གཏོར་མ་ནི། །ཡེ་ཤེས་མགོན་པོར་བསྒོམས་བྱས་ནས། སྤྱི་བོར་བཞག་ནས་འདི་སྐད་བརྗོད། །རྡོ་རྗེ་འཆང་ནས་བླ་མའི་བར། །མཐུན་རྐྱེན་བསྒྲུབ་ལ་འགལ་རྐྱེན་བཟློག །དེ་བཞིན་རིགས་ཀྱི་བུ་འདི་ཡི། །མཐུན་རྐྱེན་སྒྲུབ་ལ་འགལ་རྐྱེན་སོལ།
།ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས། །དེ་ནས་གཏོར་མའི་རྫས་བྱིན་ལ། །དམ་རྫས་འཆི་མེད་བདུད་རྩིའི་རྫས། །ཟོ་ཤིག་བུ་ཁྱོད་རིགས་སུ་སྐྱེ། །ང་ཡི་བསྒོ་བའི་བཀའ་མ་བཅག །སྒྲུབ་ལ་ནན་ཏན་བརྩོན་པར་བྱ། །སློབ་མའི་ཚིག་འདི་བརྗོད་ཅིང་བླངས།
།ཧཱུྃ་རྡོ་རྗེ་འཆང་ཆེན་དགོངས་སུ་གསོལ། །འདི་ནི་དམ་རྫས་བདུད་རྩི་མཆོག །སྐལ་ལྡན་ཉིད་དུ་བདག་སྒྲུབ་ཕྱིར། །བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་བརྗོད་ལ་བླང་བར་བྱ།
།ཡོན་ཕུལ་ཚོགས་ལ་ལོངས་སྤྱོད་ཅིང་། །དངོས་གྲུབ་བླང་ཞིང་གཤེགས་གསོལ་དང་། །ལྷག་གཏོར་བསྔོ་བ་སྨོན་ལམ་བྱ། །རྗེས་ཀྱི་བྱ་བ་ཚུལ་བཞིན་སྤྱད།
།བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས། །ཆིག་བརྒྱུད་བཀའ་རྒྱ་མའོ།། །།ཨྀཐི།།