Mgon po'i sbyin bsreg gi cho ga

From Shangpa Resource Center








Resource ID SCv11p825
Title mgon po'i sbyin bsreg gi cho ga
Topics Chadrupa
Sub-Topics Fire offering
Author Gelek Pelsang
Link BDRC W23922

ཤོག་དྲིལ་གསུམ་པ་ལས་མགོན་པོའི་སྦྱིན་བསྲེག་གི་ཆོ་ག་བཞུགས་སོ།།
༼ཤུ༽ །གང་ཞིག་རྟོགས་པས་གདོན་ཚོགས་ཀྱིས། །བུད་ཤིང་མ་ལུས་བསྲེག་མཛད་པའི། །ཡེ་ཤེས་མེ་ལ་ཕྱག་འཚལ་ཏེ། མགོན་པོའི་སྦྱིན་བསྲེག་ཆོ་ག་བཤད། །འདི་ལ་གསུམ། སྔོན་འགྲོ་མཆོད་པ་བཤམས་པ་དང་། །དངོས་གཞི་ཆོ་ག་བྱ་བ། རྗེས་ཇི་ལྟར་བྱ་བའི་རིམ་པའོ།
།དང་པོ་ནི། ས་སྟེགས་མདའ་གང་འཁོར་བ་གྲུ་བཞིའི་སྟེང་དུ་གྲུ་གསུམ་གྱི་རེ་ཁ་གསུམ་བྲིས་ལ་དཀྱིལ་འཁོར་གྱི་དབུས་སུ་གྲི་གུག་ནག་པོའི་ལྟེ་བར་ཧཱུྃ་མཐིང་ནག་གིས་མཚན་པ་བྲི། དེའི་ཕྱི་རིམ་དུ་འཁོར་བར་རྡོ་རྗེ་རྩེ་ལྔ་པ་ཁ་གདེངས་པ་བྲི། དེའི་ཕྱི་རིམ་དུ་མེ་རི་འཚུབ་མའི་རྭ་བ་བྲི། ཟུར་གསུམ་དུ་གྲི་གུག་ནག་པོའི་ལྟེ་བར་ཧཱུྃ་གིས་མཚན་པ་རེ་རེ་འབྲི་བ་ཕྱག་ལེན་ལ་སྣང་ངོ་། །དེའི་ཕྱི་རོལ་དུ་དྲག་པོའི་ཤིང་གི་གྲུ་གསུམ་དུ་བརྩིག ཁྲི་རྣམས་ལ་མཆོད་པ་ལྔས་བསྐོར། ནང་ཤ་ཁྲག་དང་། དགྲ་བགེགས་ཀྱི་ལིངྒ་དང་། དུག་སྣ་དང་། སྐེ་ཚི་ཤངས་ཚེ་སོགས་སྟ་གོན་བྱ། བླ་མ་ཡི་དམ་ཆོས་སྐྱོང་གསུམ་གྱི་གཏོར་མ་གཉིས་དང་། དཀར་གཏོར་མཁའ་འགྲོ་སྤྱི་གཏོར་རྣམས་བཤམས། གཞན་ཡང་མགོན་པོའི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་གཅིག་བཤམས་ལ། བྱིན་རླབས་དུས་གཅིག་ཏུ་བྱས་ལ། སྦྱིན་བསྲེག་མ་ཚར་བར་དུ་མི་འབུལ་བར་བཟུང་། གཞན་ཡང་གཏོར་མ་རྡོར་དྲིལ་དང་། ནང་མཆོད་རྣམས་ཚོགས་པར་བྱས་ལ་སྟན་བདེ་བ་ལ་འདུག་གོ།
།གཉིས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་མཐུན་དུ་བྱ། གཞི་བདག་ལ་དཀར་གཏོར་གཅིག་བཏང་། བཀའ་བསྒོ་བྱ། རང་ཉིད་སྐད་ཅིག་གིས་ཡི་དམ་དུ་གསལ་བས་འབྱུང་པོ་ལ་གཏོར་མ་བཏང་། མཚམས་དམ་པོར་བཅད། བསྲུང་འཁོར་བསྒོམ། བླ་མ་ཡི་དམ་ཆོས་སྐྱོང་ལ་སྙིང་ཐག་པ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་གྱི་བསྒོམ་བཟླས་གཏོར་མའི་བར་གཞུང་བཞིན་བྱ། དེ་ནས་དཀྱིལ་འཁོར་དུ་ཆོས་སྐྱོང་བསྐྱེད་ལ་བསྙེན་པ་མང་དུ་བྱ། མཆོད་རྫས་དང་བསྲེག་རྫས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་མོས་ལ། དགུག་འདྲེན་ཡིད་ཆེས་པ་མང་དུ་བྱ། དགྲ་བགེགས་རྣམས་བསྲེག་རྫས་ལ་བསྟིམ། དེ་ནས་ནང་མཆོད་ཀྱིས་འཐོར་ལ། ཨ་མྲྀ་ཏས་ཐབ་བསང་། མེ་སྦར་ལ་དེའི་ནང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཤིན་ཏུ་དམར་བ། མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ཞལ་གདངས་པ་ཡེ་ཤེས་ཀྱི་མགོན་པོ་བསམ་གྱིས་མི་ཁྱབ་པས་བསྐོར་བ་བསྐྱེད་ལ་སྤྱན་དྲངས་པ་དང་། དགུག་གཞུག་བསྟིམ་པ་རྣམས་བྱས་ལ། བཤགས་པ་སོགས་ཅི་རིགས་སྐབས་དང་བསྟུན་ནས་བྱ། དེ་ནས་བསྲེག་རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་མོས་ལ། མགོན་པོའི་ཞལ་དུ་གསོལ་བར་བསམ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ད་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་བརྗོད་ཅིང་བསྲེག་རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམ་ལ་མགོན་པོའི་ཞལ་དམར་དང་ངེ་བའི་ནང་དུ་དམར་ཅིལ་ཅིལ་གསོལ་བ་བསམ་མོ། དགང་བླུགས་ཀྱིས་མེ་འབུལ་བར་ལག་པས་འབུལ་བ་གནད་ཡིན་གསུང་། །དེ་ནས་ནད་པ་ཡིན་ན། མགོན་པོ་ལས་མགོན་པོའི་སྐུ་དཔག་ཏུ་མེད་པ་སྤྲོས་པས། ནད་པ་ལ་གནོད་པའི་དགྲ་བགེགས་རྣམས་བསྲེག་པར་བསམ་མོ། །དེ་ནས་ཡེ་ཤེས་པ་སྟེང་གི་ནམ་མཁའ་ལ་བཏེགས། དམ་ཚིག་པ་རང་ལ་བསྡུ། མེ་མ་ཤི་བར་དུ་མི་སྒུལ། ཁ་ཡི་རླུང་མི་འབུད་དོ། དེ་ནས་སོལ་དུམ་རྣམས་བསྡུས་ལ་རྦུད་པས་འབུད་ཅིང་མ་འཚིག་པའི་ལྷག་མ་རྣམས་ཟད་པར་བྱ། གཏར་བཟུང་བའི་གཏོར་མ་རྣམས་མགོན་པོ་ལ་འབུལ། །ཐབ་སོལ་བ་རྣམས་ཀྱི་སྟེང་དུ་སླ་ང་ཁ་སྤུབ་པའི་སྟེང་གཏོར་མ་བཞག་ལ། དེ་མཆོད་རྟེན་གཅིག་ཏུ་གྱུར་ནས་དགྲ་བགེགས་རྣམས་མནན་པར་བསམ་མོ། །སྙིང་པོ་དང་རྩ་སྔགས་ཀྱི་མཐར་དགྲ་བགེགས་འབྱུང་པོ་གནོད་བྱེད་མ་རཱ་ཡ་སྟཾ་བྷ་ཡ་མནན། ཅེས་བརྗོད་ཅིང་། ཕྱོགས་སྐྱོང་མགོན་པོ་བསྐུལ་བའི་བར་དུ་བྱ། རོལ་མོ་དང་བཅས་པས་རྦད་སྔགས་བརྗོད། གཏོར་མ་དགྲ་ཕྱོགས་སུ་བསྐྱལ། བྷྱོ་བཟློག་ཏུ་བྱ། སོལ་བ་རྣམས་ལམ་རྒྱ་གྲམ་དུ་གཏོར་བའམ་མནན། སྦྱིན་བསྲེག་ཐལ་བ་རྣམས་དགྲ་ཕྱོགས་སུ་ཕྱར་བའམ་གཏོར།
གསུམ་པ་ནི། སླར་ཡང་མཆོད་བསྟོད་བསྡུས་པ་བྱེད། འདོད་དོན་ལ་གསོལ་བ་གདབ། བསྔོ་བ་སྨོན་ལམ་བྱའོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒོ་ནས་ལས་སྒྲུབ་པའི་རིམ་པ། བླ་མའི་གསུང་དང་ཕྱག་ལེན་ལས་ཇི་ལྟར་བྱུང་བ་བཞིན་དུ་ཕྱོགས་གཅིག་ཏུ་བསྡེབས་ནས་བཀོད་པའོ། །འདི་ཡིས་དགེ་བས་སྒྲིབ་པའི་བུད་ཤིང་དང་། །རྟོགས་པའི་གདོན་ཚོགས་ཡེ་ཤེས་ཆེན་པོ་ཡིས། །རྟོག་མེད་མེ་ཡི་ནང་དུ་ཐིམ་གྱུར་ཅིག །དེ་སྐད་དེ་ནས་ཡེ་ཤེས་རྡོ་རྗེ་ཡི། །ནོར་འཁྲུལ་མགོན་པོའི་ཚོགས་ལ་བཟོད་པར་གསོལ།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། །ཨྀཐིཿ