Mgon po 'khor bcas mnyes byed gtor chog bskang ba dang bcas pa bar chad kun sel

From Shangpa Resource Center








Resource ID SCv11p571
Title myur mdzad ye shes mgon po 'khor bcas mnyes par byed pa'i gtor chog bskang ba dang bcas pa bar chad kun sel
Topics Chadrupa
Sub-Topics Various
Link BDRC W23922

ན་མོ་མ་ཧཱ་ཀཱ་ལ་ཡ།
སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་འཕྲུལ་ལས། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་སྤྲུལ་པ། །མྱུར་མཛད་བླ་མ་མགོན་པོའི་ཞབས་བཏུད་ནས། །དེ་མཉེས་བྱེད་པའི་ཆོ་ག་མདོར་བསྡུས་བྲི།
།མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་གཏོར་མ་འབུལ་བར་འདོད་པས། ལག་ཏུ་བླང་བའི་མན་ངག་གིས་རྣམ་པར་བརྒྱན་ཅིང་། རྙིང་མ་དང་བོན་པོའི་ཆོས་ལུགས་ཀྱིས་རྣམ་པར་མ་སླད་པ། རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ཚུལ་འདི་ལྟར་བྱའོ། །དེ་ཡང་ཐོད་པ་རིན་པོ་ཆེ་ལ་སོགས་པའི་ནང་དུ། ནས་ནག་བརྗེན་བཏགས་ཀྱི་གཏོར་མ་ཤ་ཁྲག་གིས་བརྒྱན་ཅིང་། དར་ནག་པོ་ཅོད་པཎ་དང་། མགོན་པོའི་ཙཀླི་དང་བཅས་པ་ལེགས་པར་བཙུགས་པ་དང་། ལྷ་མོ་དང་གནོད་སྦྱིན་གྱི་གཏོར་མ་སོགས་ཀྱང་ཟུར་དུ་བྱེད་ན་ལག་ལེན་བཞིན་དུ་བཤམས། གཞན་ཡང་ནང་མཆོད། རྡོ་རྗེ་དྲིལ་བུ། ཐོད་རྔ་ལ་སོགས་པ་ཡོ་བྱད་ཐམས་ཅད་ཚོགས་པར་བྱ། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཡི་དམ་གྱི་རྣལ་འབྱོར་གཏོར་མ་དང་བཅས་པ་རྫོགས་པར་བྱས་ནས། མགོན་པོའི་གཏོར་མ་རྣམས་ཆང་དང་ཆུ་དང་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་རིམ་པ་བཞིན་བྲན། བླ་མ་མགོན་པོ་དབྱེར་མེད་ལ་མི་ཕྱེད་པའི་དད་པ་དྲག་པོ་དང་། ཡིད་གཞན་དུ་མ་ཡེངས་པའི་ཚུལ་འདི་ལྟར་ཉམས་སུ་བླང་བར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གྷཾ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་པས་ཐོད་པ་དང་གཡོན་པས་ལ་ཕུག་འཛིན་པ། མགོ་གཡས་སུ་བསྟན་ནས་གན་རྐྱལ་དུ་སྒྱེལ་བ་དེའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་གྲི་གུག་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། ཆེར་འབར་བ་རབ་ཏུ་ཁྲོས་ཤིང་ཤིན་ཏུ་རྔམས་པ་ཞལ་རྣམ་པར་འགྱུར་ཞིང་མཆེ་བ་རྣོན་པོ་བཞི་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། གློག་ལྟར་འཁྱུག་ཅིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་། སྨ་ར་དང་སྨིན་མ་དུས་མཐའི་མེ་ལྟར་རབ་ཏུ་འབར་བ། ལྗགས་རྣོ་ངར་འདྲིལ་ཞིང་ཧ་ཧའི་གད་མོ་འབྲུག་ལྟར་སྒྲོག་པ། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག གཉིས་པ་ན་ཐོད་པའི་ཕྲེང་བ། གསུམ་པ་ན་ཐོད་པའི་ཌཱ་མ་རུ་ཁྲོལ་བ། གཡོན་གྱི་དང་པོ་ན་ཐོད་ཁྲག གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་ཞགས་པ་འཛིན་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། །དམར་པོས་སྙན་རྒྱན། ཁྲ་བོས་དཔུང་བརྒྱན། དཀར་པོས་མགུལ་རྒྱན། སེར་པོས་ལག་གདུབ། ལྗང་ཁུས་དོ་ཤལ། དཀར་པོས་སྐ་རགས་དང་རྐང་གདུབ་བྱས་པ། སྟག་གི་པགས་པ་རློན་པའི་ཤམ་ཐབས་ལ། དར་ལྗང་ཁུའི་སྐ་རགས་བཅིངས་པ། ལྟོ་བ་རབ་ཏུ་འཕྱང་ཞིང་ཡན་ལག་རགས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སིནྡྷུ་ར་ཡིས་ལེགས་པར་བྱུགས་ཅིང་། སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་པ། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པས་རབ་ཏུ་བརྒྱན་ཅིང་། གླང་པོ་ཆེའི་པགས་པ་རློན་པ་གོས་གྱོན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་བྷྱོ་ལས་མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་རལ་གྲི་རབ་ཏུ་འབར་བ་ནམ་མཁའ་ལ་འཕྱར་ཞིང་། གཡོན་པ་སྐྲ་དང་བཅས་པའི་ཐོད་རློན་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཞལ་གདངས་ནས་མཆེ་བ་གཙིགས་ཤིང་། སྤྱན་གསུམ་དང་ལྡན་པའི་ཁྲོ་གཉེར་ཤིན་ཏུ་བསྡུས་པ་རལ་པ་ཁམ་ནག་གྱེན་དུ་གཟིངས་པའི་སྤྱི་བོར་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པས་སྟོད་གཡོགས་ཤིང་རེ་སྡེའི་ཤམ་ཐབས་ལ་སྦྲུལ་ནག་པོ་སྟོང་གི་ཆུན་པོ་སྐ་རགས་བྱས་པ། སྐུ་ལ་ཁྲག་གིས་ཐིག་ལེ་དང་། ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ཚོམ་བུས་བརྒྱན་ཅིང་། ལྟེ་བའི་དབུས་ནས་ཉི་མ་འཆར་བ། དྲེའུ་ག་པ་ལ་ཞོན་པ། ཤ་ཟ་མ་མོ་མཁའ་འགྲོ་བྱེ་བའི་འཁོར་དང་བཅས་པ། མགོན་པོའི་མདུན་དུ་གནོད་སྦྱིན་དཔག་ཏུ་མེད་པའི་དབུས་སུ་ཀྵིཾ་ལས་ཀྵེ་ཏྲ་པཱ་ལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་དོད་འབོད་པ། སྤྱན་གསུམ་དམར་པོ་ཟློག་ཅིང་དགྲ་བགེགས་ལ་སྡང་མིག་བལྟ་བ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བས་དགྲ་བགེགས་ཀྱི་སྲོག་རྩ་གཅོད་ཅིང་། ཕྱག་གཡོན་ཐོད་པ་འཛིན་པས་དགྲ་བགེགས་ཀྱི་སྙིང་ཁྲག་གཙོ་བོའི་ཞལ་དུ་སྟོབས་པ། རལ་པ་ཁམ་སེར་གྱེན་དུ་གཟིངས་ཤིང་མི་མགོ་སྐམ་པོ་ལྔས་ཐོད་བྱས་པ། ཤིན་ཏུ་འཇིགས་ཤིང་མི་སྡུག་པའི་གཟུགས་ཅན། དོམ་ནག་སྨྱོན་པ་ལ་ཆིབས་ཤིང་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །མགོན་པོའི་གཡས་པདྨ་དང་ཉི་མ་དང་རོའི་གདན་ལ་ཛིཾ་ལས་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་དམར་ནག་སྲིན་པོའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་པ་གཡས་ཐོད་པའི་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མགོན་པོའི་རྒྱབ་ཏུ་པདྨ་དང་ཉི་མ་དང་རོའི་གདན་ལ། ཊཾ་ལས་ཌཀྐི་རཱ་ཛ་སྐུ་མདོག་མཐིང་ནག་བལྟས་པ་ཙམ་གྱིས་དགྲ་བགེགས་ཀྱི་སྲོག་འཕྲོག་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཐོད་པའི་ཅང་ཏེའུ་ཁྲོལ་ཞིང་། གཡོན་སྡིགས་མཛུབ་རབ་ཏུ་བརྐྱང་བ། ལྷ་མོའི་གཡོན་ཏུ་ཏྲག་ལས་བདུད་མགོན་ཏྲག་ཤད་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རུ་མཚོན་དམར་པོ་ཕྱར་ཞིང་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཐོད་པའི་ཅང་ཏིའུ་དྲག་ཏུ་ཁྲོལ་ཞིང་། གཡོན་སྡིགས་མཛུབ་རབ་ཏུ་བརྐྱང་བ། བཞི་ཀའང་ཤིན་ཏུ་ཁྲོས་ཤིང་འཇིགས་པ། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིང་། གནོད་སྦྱིན་གདུག་པ་ཅན་འབུམ་འབུམ་གྱིས་བསྐོར་བ། དེ་དག་གི་ཕྱི་རོལ་གྱི་ཕྱོགས་བཅུར་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བཅུ་དང་། གཞན་ཡང་ལྷ་ཆེན་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། འཇིག་རྟེན་སྐྱོང་བ་བཞི། སྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ་གཙང་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔ་པོ་རྣམས་ཀྱི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ། དེའི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་བ། སྙིང་རྗེ་མེད་པ། ཁྲོ་ཤིང་གཏུམ་པ། མདོག་མི་སྡུག་པ། བཞིན་བསྡུས་པ། མིག་རྩ་དམར་བ། ཁ་གདངས་པ། མཆེ་བ་གཙིགས་པ། མཚོན་ཆ་སྣ་ཚོགས་ཐོགས་པ། སྐད་ཅིག་གིས་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། བར་སྣང་ནམ་མཁའ་ས་གཞི་ཐམས་ཅད་གང་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་སྔོན་པོའི་འོད་ཟེར་གྱིས་ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཤིང་ཙནྡན་སྡོང་པོ་རྐང་གཅིག་པའི་དྲུང་ནས་ནག་པོ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས།
ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཏྲ་པཱ་ལ་ལ་སོགས་པའི། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ས་པ་རི་ཝ་ར་ཨེ་ཧྱ་ཧི། ཁྲིཾ་རིང་པོ་ཉེར་གཅིག་བརྗོད་ཅིང་རྔ་སོགས་ཌཱ་མ་རུ་དྲིལ་བུའི་སྒྲས་སྤྱན་དྲངས་སྤོས་སྦྱོར་སྲེག །ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དྲག་ཏུ་སྒྲོགས་ཅིང་ཧ་ཧའི་གད་རྒྱངས་དང་བཅས་པ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བ་བྱོན་ཏེ་མདུན་གྱི་ནམ་མཁའ་ལ་ཌཱ་མ་རུ་དང་གར་མཛད་ཅིང་བཞུགས་པར་བསམ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟཾ། ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། མ་རུང་ཀུན་འདུལ་ཁྲོས་པའི་ཕྱིར། །བསྟན་པའི་རུ་དྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །བྱིན་གྱིས་བརླབས་པའི་མཆོད་རྫས་ནམ་མཁའ་བཀང་བས་མཆོད་པར་བསམ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །སོགས་མཆོད་ཡོན་ཀྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན་བྱེད་པ་གཅིག་བཅུག་ཅིང་། སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། ཨཱརྒྷཾ་གྱི་གནས་སུ། པདྱཾ་སོགས་སྦྱར། བསྡུས་པ་བྱེད་ན། ཚིགས་བཅད་མེད་པའི་སྔགས་རྐྱང་པས་མཆོད། དེ་བཞིན་དུ་མཆོད་ཡོན་སོགས་ཀྱི་གནས་སུ་གཟུགས་མཆོག །སྒྲ་མཆོག །དྲི་མཆོག །རོ་མཆོག །རེག་མཆོག །ཨཱརྒྷཾ་གྱི་གནས་སུ་རཱུ་པ། ཤབྡ་གནྡྷེ་ར་ས་པཪྴེ་རྣམས་བཅུག་ནས་རང་རང་གི་ཕྱག་རྒྱ་དང་བཅས་ཏེ་འདོད་ཡོན་ལྔ་འབུལ། བསྡུས་པ་བྱེད་ན་སྔགས་ཀྱིས་འབུལ། ནང་མཆོད་བྱིན་གྱིས་བརླབས་ནས་འབུལ་བ་ནི། མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། ས་པཱ་རི་ཝ་ར་ཨཱརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཨོཾ་ཨཱ་བིགྷྣན་ཏ་ཀྲིནྟ་ཧཱུྃ། ཨོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཨ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི། །དེའི་ནང་གི་ཕྱོགས་བཞི་དང་དབུས་སུ། བྷྲཱུཾ་ཨཾ་ཛིཾ་ཁཾ་ཧཱུྃ་ལས་ཤ་ལྔ། མཚམས་བཞི་དང་དབུས་སུ། ལཾ་མཾ་པཾ་ཏཾ་བཾ་ལས་བདུད་རྩི་ལྔ་སྟེ། དེ་དག་གི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་དུ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་མེ་སྦར་ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུྃ་ལ་ཕོག །ཨོཾ་ལས་བདུད་རྩིའི་རྒྱུན་བབས། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དང་ལྷན་ཅིག་ཏུ་རྡོ་རྗེ་བཟླས་པ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་རོ་མཉམ་དུ་གྱུར་ཏེ། དྲི་མ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོར་ཨོཾ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས། དེ་ནས་འོག་ནས་འབྱུང་བའི་བླ་མ་རྣམས་ཀྱི་མཚན་གྱི་མཐར་ཡི་གེ་གསུམ་བཏགས་པ་ལག་གཡས་པའི་མཐེབ་སྲིན་གྱིས་སྨིན་མཚམས་ཀྱི་ཐད་ནས་གྱེན་དུ་གཏོར་ལ་འབུལ། དེ་ནས་ཡི་དམ་དང་ལྷ་མོ་གནོད་སྦྱིན་བཞི་རྣམས་རང་རང་གི་སྙིང་པོའི་མཐར་ཡི་གེ་གསུམ་བཏགས་པ་སྙིང་ག་ནས་ཐད་ཀར་གཏོར་མ་འབུལ་ལོ། །ཤཱ་ས་ནའི་མཐར་བཏགས་ལ་འཁོར་གཞན་རྣམས་ལ་འབུལ་ལོ། །པུས་མོའི་ཐད་ནས་མཆོག་སྦྱིན་བྱས་ནང་མཆོད་གཏོར་མ་གནས་གསུམ་གཞི་བདག་རིགས་དྲུག་རྣམས་ཀྱང་ལྷར་བསམ་ལ་འབུལ། དེ་ནས་རང་གི་ལྕེ་ཐོག་ཏུ་བཞག་ལ་མྱང་། དེ་ནས་བླ་མ་མགོན་པོ་དབྱེར་མེད་ཀྱི་མན་ངག་བཞིན་དུ་གསོལ་བ་བཏབ་པར་བྱ་སྟེ། དེ་ཡང་དེ་ལྟར། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་མདངས་དང་ལྡན་པ་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང་། གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བསྟེན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། རྡོ་རྗེ་འཆང་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པའི་སྐུ་ལས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག །མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འབར་འུར་འུར་སིལ་སིལ་གར་མཛད་ཅིང་། མགོན་པོའི་སྐུ་ལས་འོད་འཕྲོས་བླ་མ་ལ་ཕོག བླ་མ་འོད་ཀྱི་རང་བཞིན་དུ་མེར་མེར་དྲིལ་བུའི་སྒྲ་སྒྲོགས་བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞིའི་བདག་ཉིད་ཀྱི་རྩ་བའི་བླ་མ་རིན་པོ་ལ་གསོལ་བ་འདེབས་སོ། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་བ་རི་དབང་ཕྱུག་ལ་གསོལ་བ་འདེབས་སོ། །རྗེ་བཙུན་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་ར་ཧུ་ལ་ཆེན་པོ་ལ་གསོལ་བ་འདེབས་སོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས་སོ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསོལ་བ་འདེབས་སོ། །དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གཉན་སྟོན་སྦས་པའི་རྣལ་འབྱོར་ལ༴ །ཆོས་རྗེ་སངས་རྒྱས་སྟོན་པ་ལ༴ །མཁས་གྲུབ་ཤངས་སྟོན་ཆེན་པོ་ལ༴ །མུས་ཆེན་རྒྱལ་མཚན་དཔལ་བཟང་པོ་ལ༴ །སྔགས་འཆང་རྡོ་རྗེ་གཞོན་ནུ་ལ༴ །མཉམ་མེད་ནམ་མཁའི་རྣལ་འབྱོར་པ་ཆེན་པོ་ལ༴ །ཕྱག་དྲུག་ཡེ་ཤེས་མགོན་པོ་ལ༴ །མགོན་པོ་ཡིད་བཞིན་ནོར་བུ་ལ༴ །མགོན་པོ་མྱུར་མཛད་ཐུགས་རྗེ་ཅན་ལ༴ །བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དེ་ལྟར་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། མགོན་པོའི་ཞལ་ནས་ཁྱོད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་ཞེས་ལྷང་ལྷང་བཞུགས་པར་བསམ་ལ། ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བེ་ར་བི་རི་ཎི་ཤྲཱི་ཡེ་ཌཱ་ཀ་ཌཱ་ཀི་ནི། ཛོ་ཀ་ཛོ་ཀ་ནི། སརྦ་བུདྡྷ་བོ་དྷི་ས་ཏྭ་ཤ་ར་ཎ་གཙྪ་མི་ཀྱཻ། ཅེས་ལན་གསུམ་གསོལ་བ་བཏབ་པས་བླ་མའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ཞིང་མགོན་པོའི་སྐུ་ལས་ཀྱང་མགོན་པོ་ཆུང་ལ་ཡན་ལག་རགས་པ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་སྒྲོགས་དཔག་ཏུ་མེད་པ་བྱོན་ནས་འོད་ཟེར་དང་མགོན་པོ་དེ་སྐུ་རྣམས་རང་གི་ལུས་ལ་ཐིམ་པས་རང་གི་ལུས་སེམས་བདེ་བས་གང་། ལུས་ཀྱི་ནང་མགོན་པོ་དེ་རྣམས་གར་མཛད་ཅིང་ནད་གདོན་རྣམས་དམར་ཙིར་ཙིར་གསོལ་བར་བསམ།
ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པ་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས༴ །དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བྱིན་གྱིས༴ །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོག་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག ད་ལྟ་ཉིད་དུ་བྱིན་གྱིས༴ མྱུར་བ་ཉིད་དུ་བྱིན་གྱིས༴ འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག ཅེས་གདུང་ཤུགས་དྲག་པོས་བརྗོད་ལ་དྲིལ་བུ་ལ་སོགས་རོལ་མོའི་སྒྲ་དྲག་ཏུ་བྱའོ།
།དེ་ནས་བཤགས་པ་བྱ་བ་ནི། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་མཉམ་བཞག་གི་སྟེང་ན་འཛིན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། སྟེང་གི་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་དཀར་དམར་མཐིང་གསུམ་རྣམ་པས་རིམ་པ་བཞིན་དུ་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་འཕྲོས། མགོན་པོའི་སྤྱི་བོའི་བླ་མའི་གནས་གསུམ་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐོང་བར་བསམ་ལ། ཡིག་བརྒྱ་ལན་གསུམ་བཟླས། བླ་མའི་གནས་གསུམ་ལས་རིམ་པ་བཞིན་དུ་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བྱོན། མགོན་པོའི་གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། མགོན་པོའི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་བསམ་ལ། ཡི་གེ་བརྒྱ་པ་ལན་གསུམ་བཟླས། ཡང་མགོན་པོའི་གནས་གསུམ་ལས་རིམ་པ་བཞིན་དུ་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བྱོན། འཁོར་རྣམས་དང་བདག་གི་གནས་གསུམ་ལ་ཐིམ། འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་དམ་ཚིག་ཉམས་ཆག་ཐམས་ཅད་དག བདག་གི་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱིས་གང་། སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་ལ། ཡི་གེ་བརྒྱ་པ་ལན་བདུན་དེ་ལྟར་ཡིག་བརྒྱ་ཉི་ཤུ་རྩ་གཅིག་སོང་ནས་བཤགས་པ་གདུང་ཤུགས་དྲག་པོ་བྱ་བ་ནི།
ཧཱུྃ། རྡོ་རྗེ་འཆང་དང་དཔལ་ལྡན་ཤ་བ་རི། །མཻ་ཏྲི་རཱ་ཧུ་ཛོ་ཀི་རཏྣ་དང་། །དྷརྨ་སིང་ཧ་དྷརྨ་པྲ་ཛྙཱ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །འགྲོ་བའི་རེ་སྐོང་ཡོན་ཏན་རབ་རྫོགས་པའི། །བརྒྱུད་ལྡན་བླ་མ་དུས་གསུམ་སངས་རྒྱས་ལ། །དག་པ་གཉིས་ལྡན་ཆོས་སྐུར་མ་རྟོགས་པར། །འཇིག་རྟེན་རྟོག་བཅས་དབང་གྱུར་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་དང་། །ཕྱི་ནང་གསང་བའི་ལྷ་རྣམས་དགོངས་སུ་གསོལ། །བདག་ཅག་ཐེག་མཆོག་སྔགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་འགལ་ཉམས་མཐོལ་ལོ་བཤགས། །མཐུ་སྟོབས་ནུས་པ་ཕྲིན་ལས་ཕུན་ཚོགས་ཤིང་། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སོལ། །འདུ་བྲལ་མེད་པར་དངོས་གྲུབ་སྟེར་མཛད་པའི། ཡེ་ཤེས་མགོན་པོ་ཕྱག་དྲུག་དགོངས་སུ་གསོལ། །དུར་ཁྲོད་ནགས་འདབས་ཆུ་གླིང་བས་མཐའ་རུ། །ཕྱི་ནང་རྟེན་དང་དམ་རྫས་ཚོགས་གྱུར་ནས། །བསྙེན་སྒྲུབ་བསྐང་བཤགས་ཚུལ་བཞིན་མ་གྲུབ་པར། །ལེ་ལོ་གཡེང་བའི་དབང་གྱུར་མཐོལ་ལོ་བཤགས། །ཁྱད་པར་གསང་བའི་རྟེན་མཆོག་བླ་ན་མེད། །བླ་མ་མགོན་པོ་དབྱེར་མེད་བདེ་ཆེན་སྐུ། །ཁྱེད་ལ་ཡིད་ཆེས་མོས་གུས་བྲལ་མེད་ཀྱིས། །རྣམ་དག་ཆོས་སྐུར་མ་རྟོགས་མཐོལ་ལོ་བཤགས། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སེམས་དང་བཅས་ནས་ཀྱང་། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །ཀྵེ་ཏྲ་པ་ལ་ཛི་ན་མི་ཏྲ་དང་། །ཊཀྐི་རཱ་ཛ་ཏྲཀྴད་རེ་མ་ཏི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་དགོངས་སུ་གསོལ། །ཇི་ལྟར་ཁྱོད་ཀྱིས་ཁས་བླངས་དམ་བཅས་བཞིན། །བདག་གི་ཕྲིན་ལས་ཡེངས་མེད་སྒྲུབ་པ་ལ། །ཡིད་ཆད་བགྱིས་ཤིང་ཤ་ཁྲག་གཏོར་ཚོགས་ཀྱིས། །གཏང་རག་དུས་སུ་མ་ཐེངས་མཐོལ་ལོ་བཤགས། མངོན་ཤེས་མེད་པར་ཉེས་སྐྱོན་མ་རྟོགས་པར། །བསྟན་པ་འཇིག་དང་བླ་མའི་སྐུ་དགྲ་ལ། །དྲག་པོའི་ལས་ཀྱིས་ཚར་གཅོད་མ་བགྱིས་པར། །གསང་བ་བསྒྲགས་ཤིང་བྱམས་བགྱིས་མཐོལ་ལོ་བཤགས། །དམ་ཉམས་གྲིབ་ཕོག་གཏམ་འདྲེས་ཟས་ཟོས་དང་། །རྒྱུ་ཆུང་ཕུད་ཉམས་འགལ་འཁྲུལ་ནོར་ལ་སོགས། །ཉེས་སྐྱོན་འཁྲུལ་པའི་ཚོགས་རྣམས་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་དུས་འདིར་བདག་ལ་སྩོལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང་། །རྣམ་པར་རྟོག་པའི་བག་ཆགས་དག་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག
།དེ་ནས་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་ལ་སོགས་དབང་དུ་བསྡུ་བའི་མན་ངག་གི་གནད་ནི། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དམར་པོ་ཕྱག་གཡས་ཐོད་པའི་ཅང་ཏེའུ་ནམ་མཁའ་ལ་འཁྲོལ་འཁྲོལ་ཞིང་། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན། བཟོད་པར་བཀའ་བའི་གཟི་བརྗིད་ཅན། སྤྱན་གསུམ་གཟིགས་པ་ཙམ་གྱིས་མཁའ་འགྲོ་དང་སྲིད་པ་གསུམ་དབང་དུ་བསྡུད་ནུས་པ་གཅིག་བཞུགས། མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་བཅུ་གསུམ་ཡོངས་སུ་གྱུར་པ་ལས། གསང་བའི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་། གཡོན་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གར་སྟབས་ཀྱིས་དམར་སྒོ་རོ་རོ་གར་མཛད་པ་བཅུ་གསུམ་དུ་གྱུར། བླ་མའི་སྐུ་ལས་འོད་ཟེར་དམར་ལ་སྨུག་པ་གཅིག་འཕྲོས། མགོན་པོ་དང་མཁའ་འགྲོ་མ་རྣམས་ལ་ཕོག་པས། མཁའ་འགྲོ་མ་རྣམས་ཌཱ་རུ་འཁྲོལ་ཞིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་དང་། མགོན་པོ་ཡང་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དྲག་ཏུ་འཁྲོལ་ཞིང་། སྤྱན་གསུམ་མཁའ་ལ་ཧྲིག་ཧྲིག་གཟིགས་ནས། ཞལ་ནས་ཧ་ཧའི་གད་རྒྱངས་སྒྲོག་ཅིང་། གར་མཛད་པའི་མགོན་པོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱི་སྐུའི་ཆ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་ཁམས་གསུམ་ཐམས་ཅད་ཁྱབ་པར་འཕྲོས་པས། སེམས་ཅན་ཐམས་ཅད་བདག་གི་དབང་དུ་བསྡུས། དགོས་འདོད་ཐམས་ཅད་ཆར་བཞིན་འབབས་པར་གྱུར། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཐུན་རེ་ལ་བརྒྱ་རེ་ཡན་བཟླས། དེ་ནས་བདག་གི་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་འཕྲེང་བ་སྔགས་མགོ་ནག་པོ་ལ་འོད་ཟེར་དམར་པོ་འཕྲོ་བའི་འོད་ཟེར་ཕྲེང་ཐག་གི་རྣམ་པ་སྔགས་ན་ར་ར་ཡར་བྱུང་། རང་གི་ཞལ་ནས་ཐོན་མགོན་པོའི་ཞལ་དུ་ཞུགས། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་མགོན་པོའི་ལྟེ་བ་ནས་ཐོན། བདག་གི་ལྟེ་བར་ཞུགས་ནས་ཡར་བྱུང་སྟེ་སྙིང་ཁའི་ཧཱུྃ་ལ་ཐིམ། དེ་ལྟར་འགལ་མེའི་འཁོར་ལོ་ལྟར་འཁོར་བར་བསམ་ལ་མ་ཡེངས་པར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲི་ཏ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཅས་མགོན་པོའི་སྙིང་པོ་ལ་བསྙེན་པ་བྱའོ། །ཨོཾ་ཤྲཱི་ཡེ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཧ་རི་ཎེ། ཨེ་ཥ་ཨ་བྷི་ཥིཉྩ་མ་ཀ་ལོ། ཨ་ཡཾ། ཨི་དཾ་རཏྣ་ཏྲཱ་ཡ། ཨ་པ་ཀ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ་ན། སྨ་ར་སི་ཏ་དྷ་ཨི་དཾ་དུཥྚ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྣ་གྲྀཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་བཟླས་པས་བདག་ཉིད་ཀྱི་ཐུགས་ཀའི་ས་བོན་ལས་མེ་འོད་ལྟ་བུ་འཕྲོས་ཏེ། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་མགོན་པོ་ཁྲོས་འཁྲུགས་རྔམས་པས་ཞབས་ས་ལ་བརྡབས་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་པས་འཁོར་རྣམས་རང་དབང་མེད་པར་ཁྲོས་འཁྲུགས་པས་རང་རང་དང་འདྲ་བའི་སྤྲུལ་པ་འཁོར་དང་བཅས་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སོང་སྟེ། བདག་ཅག་དཔོན་སློབ་སོགས་ཀྱི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ་ལ་སྔགས་བཟླ། དེ་ནས་འཁོར་རྣམས་ཀྱི་ཉི་མའི་སྟེང་དུ་རང་རང་གི་ས་བོན་བསྒོམ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཏེ། དེ་དག་ལ་ཕོག་པས་དེའི་ཐུགས་རྒྱུད་བསྐུལ་བར་བསམས་ལ། བྷྱོ་མ་མོ་ནག་མོ་བེ་ཏ་ལི་སིན་དྷ་ཀུ་ལུ་ཀུ་ལུ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་བ་ཤམ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཊཀྐི་རཱ་ཛ་ས་མ་ཡཱ་བྷྱོ་དུ་ཛ་ཧཱུྃ་ཕཊ། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ཅེས་སྙིང་པོ་རྣམས་བཟླས་སོ།
།དེ་ལྟར་བཟླས་པ་རྫོགས་ནས་གཏོར་མ་འབུལ་བ་ནི། གཏོར་མ་རྣམས་གོང་དུ་བཤད་པའི་ནང་མཆོད་ཀྱི་བྱིན་གྱིས་བརླབ་པ་ལྟར་བྱིན་གྱིས་བརླབས་ལ། བྷནྡྷའི་ཕྱག་རྒྱས་དབུལ་བས་མཉེས་ཏེ། ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་ཚིམ་པར་བསམ་ལ། སོ་སོའི་སྔགས་ཀྱི་འབུལ་བ་ནི། མགོན་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིགྷྣན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བདུན་གྱི་མགོན་པོ་ལ་འབུལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཏྲག་རག་མོ་བ་ལིཾ་ཏ་མཾ་ས་རཀྟ་རུ་ཏི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱི་ལྷ་མོ་ལ་འབུལ། གནོད་སྦྱིན་ལ་རང་རང་གི་རྩ་སྔགས་ཀྱི་བཤམ་དུ་ཨི་དཾ་བ་ལིཾ་ཏ་བཏགས་པ་འབུལ་ལོ། །འཁོར་གཞན་རྣམས་ལ་ཤཱ་ས་ནའི་མཐར་ཨི་དཾ་བ་ལིཾ་ཏ་སོགས་བཏགས་ལ་འབུལ། གོང་བཞིན་ནང་མཆོད་ཀྱང་ཕུལ་ནས་བསྟོད་པ་ནི།
ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ཞབས་གདུབ་དང་བཅས་བི་ནཱ་ཡ་ཀཱ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་བར་པ་འཕྲེང་བ་འཛིན། ཐ་མ་ཌཱ་མ་རུ་ནི་དྲག་ཏུ་ཁྲོལ། །གཡོན་པ་ཐོད་ཕྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞག་པས་བཟུངས་ནས་འཆིངས་བར་བྱེད། །དྲག་པོའི་ཞལ་ནས་མཆེ་བ་རྣམ་པར་གཙིགས། སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡིས་ཐིག་ལེར་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བསྟན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པ། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། །ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །

༈ རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཨཱཀྵོ་བྷྱ་སྟོད་ཏ་ན་མ།
བོད་སྐད་དུ། ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས་ཞེས་བྱ་བ།
མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་གྲུབ་པར་གྱུར་ཅིག །
ཧཱུྃ། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་གནས། །ཚང་ཚིང་འཁྲིགས་པ་ཙན་དན་ཆེན་པོའི་ཚལ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞུགས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུའི་ཆ་ལུགས་མི་བཟོད་འབར་བ་ལ། །དུར་ཁྲོད་ཆས་ཀྱི་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་ཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡི་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་ཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོ་གྲི་གུག་གིས། །ཉོན་མོངས་རྩད་ནས་གཅད་ནས་དགྲ་ལ་འཕྱར། འཕྲེང་བ་འཛིན་པས་འགྲོ་བ་རྩིས་ལ་འདེབས། །ཌཱ་མ་རུ་ཡི་མཁའ་འགྲོ་དབང་དུ་བསྡུད། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་བསྟོད། །གཡོན་གྱི་དང་པོ་ཐོད་པ་བསྣམས་པ་ནི། །དགྲ་བགེགས་སྲོག་རྩ་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམས་གསུམ་དབང་དུ་བསྡུད། །ཞགས་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོད།
།ཧཱུྃ། ཆོས་ཀྱི་དབྱིངས་ལས་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། །ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་པོ། །སྟག་གི་པགས་པ་སྦྲུལ་གྱིས་ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་ཀ་མནོལ་བའི་གདན་སྟེང་ན། །དཀྲིག་དཀྲིག་ཞབས་ཀྱིས་དགྲ་བགེགས་ཐལ་བར་རློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ཡིས། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ནི། །ཁམས་གསུམ་དབང་དུ་བསྡུད་ཅིང་རྩིས་ལ་འདེབས། །དབུ་སྐྲ་འབར་བ་བརྫེས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ།
།ཧཱུྃ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། མ་གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །སྐྱོབས་པ་ཤཱཀྱཱ་སེངྒེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡི། །བསྟོད་པ་འདི་ཡིས་ལན་གཅིག་བསྟོད་བྱས་ནས། །ཕ་མ་བུ་ཚ་རྣམས་ལ་བརྩེ་བ་བཞིན། །ནག་པོ་ཆེན་པོས་རྟག་ཏུ་བསྲུང་བར་མཛོད། བྲམ་ཟེ་མཆོག་སྲིད་ཀྱིས་མཛད་པ་རྫོགས་སོ།། །།
བྷྱོཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབས་མར་འཚུབས་པའི་ནང་ཤེད་ནས། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་རྒྱན་སྙན་གཡས་སེངྒེ་འཕྱོ། །སྙན་གཡོན་སྦྲུལ་འཁྲིལ་སྦྲུལ་གྱི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུག་ཞལ་གདངས་མཆེ་བ་གཙིགས། །འཇིགས་བྱེད་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །གཡས་པས་རལ་གྲི་འབར་པས་དགྲ་སྲོག་གཅོད། །གཡོན་པ་ཐོད་རློན་རྒྱལ་མ ཚན་སྙིང་ཁྲག་གསོལ། །སྐུ་སྟོད་སྦྲུལ་ནག་ཞིང་པགས་སྐེ་རགས་བཅིང་། །སྐུ་སྨད་གླང་ཆེན་ཀོ་རློན་རེ་སྡེས་དཀྲིས། །སྟོང་གསུམ་སྒྲོད་ཕྱིར་དྲིའུ་རྟ་རྐང་གསུམ་ཆིབས། །སྲིན་པོའི་ཡ་འགལ་སྔ་རུ་ཁྲམ་བམ་བཏགས། །གོང་སྨེད་སྦྲུལ་ནག་ནད་སྐྱལ་དགྲ་ལ་གཏོང་། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད།
།ན་མོ། དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། །ཐབས་ཀྱི་ཆོས་ཚུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཁྱོད་ནི་བདག་གི་མཆོད་པས་མ་སྒྲིབ་ཀྱང་། །དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་ཕབ་ནས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག །དཔལ་ལྡན་ཁྱོད་ནི་དགེ་སྡིག་སྤང་པོ་སྟེ། །བདག་གི་ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ནས། ཐུགས་རྗེའི་ཐུགས་ཀྱིས་སྒྲིབ་པ་བྱང་བར་མཛོད། །ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགེ་འདུན་ཕྲག་དོག་མེད་པའི་སྤྲོ་བ་ནི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནགས་མ་བཟང་མོ་འཇིགས་པའི་མཐུ་སྟོབས་ཀྱི། །ཕྱོགས་བཅུ་དུས་གསུམ་ཀུན་གྱི་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བསྐུལ་བར་གསོལ། །ཡང་དག་ཡོན་ཏན་ཁྱོད་ཀྱི་སྐུ་མཆོག་ནི། །གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདི་ལྟར་ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཅིག །ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ། །དཔལ་ལྡན་ལྷ་མོ་ལ་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཡན་ལག་བདུན་པའི་སྒོ་ནས་བསྟོད་པའོ།།
ཧཱུྃ། མགོན་པོའི་བཀའ་ཉན་ཀུན་གྱི་གཙོ་བོ་ཁྱོད། །མུན་པའི་མདོག་ཅན་སྲིན་པོ་ཁྲོས་པའི་ཞལ། །མེ་ལྕེ་བསྐྱེད་འདྲའི་སྐྲ་བརྫེས་མཆེ་བ་གཙིགས། ཕྱག་གཡས་དགྲ་བགེགས་སྲོག་གཅོད་གྲི་གུག་འདེངས། །ཕྱག་གཡོན་གདུག་པའི་སྙིང་ཁྲག་གཙོ་ལ་སྟོབས། །སྟོང་གསུམ་བསྒྲོད་ཕྱིར་དོམ་ནག་མྱོན་པ་ཆིབས། །བལྟས་པ་ཙམ་གྱིས་ས་གསུམ་དངངས་བྱེད་པའི། །བདུད་རྒྱལ་ཆེན་པོ་ཀྵེ་ཏྲ་པ་ལ་ཁྱོད། །དམ་རྫས་བྱིན་གྱིས་རླབས་པའི་གཏོར་མ་དང་། །བདུད་རྩི་ལྔ་ལྡན་བཏུང་བ་འདི་བཞེས་ལ། །རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་དང་། །མྱུར་མཛད་ཡེ་ཤེས་མགོན་པོའི་བཀའ་བཞིན་དུ། །སངས་རྒྱས་བསྟན་པ་བསྲུང་བ་མ་གཡེལ་བར། །ཆོས་བཞིན་སྐྱོང་བའི་རྣལ་འབྱོར་བདག་ཅག་སྐྱོང་། །བཤད་སྒྲུབ་མཐུན་རྐྱེན་ཡིད་བཞིན་སྒྲུབ་པ་དང་། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་མཛོད།
།ཧཱུྃ། དཔལ་ལྡན་མགོན་པོའི་བཀའ་ཉན་ཕོ་ཉའི་ཚོགས། ཀྵེ་ཏྲ་པ་ལ་ཛི་ན་མི་ཏྲ་དང་། །ཊཀྐི་ར་ཛ་ཏྲཀྴད་རེ་མ་ཏི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་མགོན་པོའི་ཚོགས། །དམ་ཅན་རྒྱ་མཚོའི་བསྲུང་མ་ཁྱེད་རྣམས་ཀྱིས། །བྱིན་གྱིས་བརླབས་པའི་གཏོར་མ་འདི་བཞེས་ལ། །བླ་མ་མགོན་པོའི་བཀའ་ལས་མ་འདའ་བར། །སངས་རྒྱས་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྡང་ཞིང་གདུག་པའི་སེམས་འཆང་དགྲ་བགེགས་ཀུན། །མ་ལུས་རྡུལ་ཕྲན་བཞིན་དུ་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་སྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོ་བཞིན་དུ་འཕེལ་བར་མཛོད། །ཅེས་འཁོར་སྤྱི་ལ་ལས་བཅོལ། །དེ་ནས་ཡིག་བརྒྱ་ཚར་གསུམ་འདོན། མེ་ཏོག་དང་བཅས་པས་ལག་པ་ཐལ་མོ་སྦྱོར་ལ། མ་རྙེད་ཡོངས་སུ་མ་ཤེས་དང་། གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱི་བཟོད་མཛད་རིགས། །ཅེས་པས་བཟོད་པར་གསོལ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་རྩེ་གཅིག་པས་ལན་གསུམ་མམ་ལྔའམ་བདུན་བརྗོད། གཞན་ཡང་དགེ་བ་བསྔོ། སྨོན་ལམ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ། ཡེ་ཤེས་པ་རང་གི་གནས་སུ་གཤེགས། །མགོན་པོ་དམ་ཚིག་པ་རང་ཉིད་ཀྱི་སྙིང་གར་ཐིམ་པར་གྱུར། དེ་ནས་ཤིས་པ་བརྗོད་པར་བྱ། གཏོར་མ་ཁྱི་དང་སློང་མོ་པ་དང་དམ་ཚིག་གི་སེལ་ཡོད་པ་ལ་མི་སྦྱིན་པ་གནད་ཆེའོ། །དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང་། །དེ་ཡི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཀུན། །མྱུར་མཛད་མགོན་པོ་དབྱེར་མེད་འགྲུབ་གྱུར་ཅིག
།མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་སྒྲུབ་ཅིང་གཏོར་མ་འབུལ་བའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་མན་ངག་ཟབ་མོས་རྣལ་འབྱོར་བརྒྱན་ཅིང་རྒྱུད་སྡེ་དང་མི་མཐུན་པའི་ལོག་བཅོས་མང་པོས་མ་སླད་པར་མདོར་བསྡུས་ཤིང་ཆ་ཚང་བར་བཀོད་པ་འདི་ནི་མང་དུ་ཐོས་པའི་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་གནོད་སྦྱིན་གང་བ་བཟང་པོའི་གངས་མགུལ་དཔེར་ནགས་རིག་འཛིན་འབར་བའི་བསྡིངས་ཁང་སུ་བྲིས་པའོ། །བསྟན་པ་རིན་པོ་ཆེ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།