Mos gus bla ma'i lung 'dren rnams

From Shangpa Resource Center








Resource ID GB3
Title mos gus bla ma'i lung 'dren rnams / sgyu lus 'bring gi skabs su...
Topics Illusory body
Sub-Topics Instructions
Author Gyeltsen Bum
Link BDRC W8LS32723
Notes Common to ni gu chos drug gi zhal shes kyi lhan thabs

༄༅། །མོས་གུས་བླ་མའི་ལུང་འདྲེན་རྣམས་བཞུགས་སོ།། སྒྱུ་ལུས་འབྲིང་གི་སྐབས་སུ་་་་་་་་་་སུ་བླ་མ་དམ་པ་བསྟེན་པ།

བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ།
།གང་ཞིག་གུས་པས་ཉེར་བསྟེན་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྩོལ། །འགྲོ་མགོན་བླ་མའི་ཞབས་པད་ལ། །གུས་བཏུད་ཡིད་ཆེས་ལུང་ཞུངས་བྲི།
དེ་ལ་ལམ་ལྔ་ས་བཅུ་ཐམས་ཅད་མོས་གུས་གཅིག་པུས་བགྲོད་པར་བྱེད་དེ།
ཡེ་ཤེས་མངོན་འབྱུང་ལས། ས་དང་ལམ་གྱི་རིམས་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། ཤེས་དང་།
ཡེ་ཤེས་མཁའ་འགྲོ་ནི་གུ་མས། ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱི་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་ན། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་སོ།
།ལྷ་སྐུ་བསྐལ་པ་སྟོང་དུ་བསྒོམས་པ་ནས་བླ་མ་དྲན་པ་བསོད་ནམས་ཆེ་སྟེ།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས། མཚན་དང་དཔེ་བྱད་རྒྱན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་བསྒོམ་བླ་མ་བསྒོམས། །ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་གསུངས་སོ།
།སངས་རྒྱས་སྟོང་གི་ཡོན་ཏན་འཛིན་ཏེ། ཨ་ཏི་བཀོད་པའི་རྒྱུད་ལས། གསང་བ་སྔགས་ལས་བྱུང་བ་ཡི། །བླ་མ་དྲིན་དང་ལྡན་པ་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་།
དམ་ཚིག་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་དང་།
ཀྱེའི་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་།
བླ་མ་རྨོག་ཅོག་པའི་ཞལ་ནས། ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བ་ལ། བླ་མའི་མོས་གུས་དགོས། དེ་ལ་བླ་མའི་སྣང་བ་དང་མི་འབྲལ་བ་ཅིག་དགོས་ཏེ།
ཁོང་གི་ཐག་ཆོད་ཀྱི་གསུང་ལས། ཐུགས་རྗེ་ཆེན་པོ་རང་ཤེས། དཀར་ནའང་དཀར། དགྱེས་རྡོར་བདེ་མཆོག་རང་ཤེས། སྔོ་ནའང་སྔོ། རྗེ་བཙུན་མ་རང་ཤེས། དམར་ནའང་དམར། ང་ལ་རེ་ས་བླ་མ་ལས་མེད། ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས། ཚེ་གཅིག་ལུས་གཅིག་གི་སངས་རྒྱས་སམ་དེ་འོང་འོང་འདྲ་གསུང་།
བླ་མ་སྐྱེར་སྒང་པའི་ཞལ་ནས། ཚེ་གཅིག་གིས་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས། བླ་མའི་མོས་གུས་ལ། བླ་མ་ཡང་ཡང་དུ་དྲན་པ་བུ་གཅིག་པུ་ཤི་བའི་མ་ལྟ་བུ་ཅིག་དགོས་གསུང་།
སངས་རྒྱས་གཉན་སྟོན་གྱི་ཞལ་ནས། བླ་མའི་མོས་གུས་ལ་ཞེ་ཐག་པ་སྙིང་ཁོང་རུས་པའི་གཏིང་ནས་འཆི་མ་རང་དབང་མེད་པར་འོང་བའི་གསོལ་བ་འདེབས་པ་ཅིག་དགོས་གསུང་།
སངས་རྒྱས་སྟོན་པའི་ཞལ་ནས། བླ་མའི་མོས་གུས་ལ་བརྗེད་ངས་ལོག་ལྟར་མ་ཤོར་བ་ཅིག་དགོས་གསུང་།
གཞན་ཡང་། བླ་མ་གཉན་གྱི་ཞལ་ནས། བླ་མ་རྗེ་བཙུན་ཆེན་པོ། རིན་པོ་ཆེ་འབྲི་ཁུང་པ། ཞང་རིན་པོ་ཆེ། དུས་གསུམ་མཁྱེན་པ། རྩང་པ་རྒྱ་རས། རྒྱལ་བ་རྒོད་ཚང་པ་ལ་སོགས་པ་ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས། བླ་མའི་མོས་གུས་གཅིག་པུས་ས་ལམ་བགྲོད་པ་ལ་ཀུན་མཐུན་པར་འདུག་གསུང་།
རྡོ་རྗེ་མགུར་ལས། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་རྣམས་ཀྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །དེ་ནི་ཅི་ཡི་ཕྱིར་ཞེ་ན། །རྡོ་རྗེ་སེམས་དང་སངས་རྒྱས་དང་། །དེ་བཞིན་རྡོ་རྗེ་གཟུགས་ཉིད་དང་། །པདྨ་གར་གྱི་དབང་ཕྱུག་དང་། །རྟ་ཡི་རྒྱལ་པོའི་དངོས་གྲུབ་ནི། །གང་ཕྱིར་དེ་ལ་དཀའ་བ་མེད། ཅེས་དང་།
གསང་འདུས་ལས། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་པས། །བླ་མའི་བ་སྤུ་ཉག་ཅིག་ལྷག །ཅེས་དང་།
རྡོ་རྗེ་སློབ་དཔོན་ནི། བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། མའོ། བསྐྱེད་པའོ། ཞེས་དང་།
སྡོམ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། ཞེས་དང་།
མཚན་བརྗོད་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗོད་པར་བྱ་བའི་མཆོག །ཅེས་དང་།
ཀུན་སྤྱོད་ལས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། ཅེས་དང་།
་་་ཟིལ་གནོན་གྱི་རྒྱུད་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་གང་གཱ་ཀླུང་གི་བྱེ་མ་སྙེད་ལ་སྐལ་ལ་བསྐལ་པ་དེ་སྙེད་དུ་བསྙེན་བཀུར་བྱས་པ་བས། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་ཏིལ་མར་གྱིས་བྱུགས་པ་བསོད་ནམས་ཆེ་ཞིང་། ཁྱད་པར་དུ་འཕགས་སོ། ཞེས་དང་།
རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རང་བཞིན་གནས། །ཀི་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་དོ། །ཞེས་སོགས་ལྷ་སུམ་བཅུ་རྩ་གཉིས་ཀྱི་ངོ་བོར་བཤད་དོ།
སམྤུ་ཊི་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་བསོད་ནམས་ལས། །སློབ་དཔོན་བ་སྤུའི་ཁུང་ཅིག་མཆོག །ཅེས་དང་།
སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་རྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། ཞེས་དང་།
བ་ཚྭ་ཅན་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱིས་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། ཅེས་དང་།
ས་ར་ཧས། འཁོར་བའི་སྡུག་བསྔལ་ཟབ་ཅིང་རྒྱ་ཆེ་ལས། །སྒྲོལ་བར་བྱེད་པའི་གྲུ་མཆོག་དེ་ནི་གཞན་མིན་ཏེ། །དམ་པའི་གྲུ་ལ་བརྟེན་ནས་བདེ་ཆེན་རྙེད་གྱུར་པ། །སྟོབས་ཆེན་གཡོ་མེད་གཉན་པ་དེ་ནི་ཀུན་གྱིས་བཀུར། ཞེས་སོགས་མང་དུ་གསུངས་པས་ཤེས་པར་བྱའོ།
།གྲོགས་སུ་བླ་མ་དམ་པ་བསྟེན་པའི་ལུང་འདྲེན། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ།།