Myong ba rgyan gyi me tog ces bya ba thun mong gi sgo'i rnam thar

From Shangpa Resource Center








Resource ID KD2
Title myong ba rgyan gyi me tog ces bya ba thun mong gi sgo'i rnam thar
Topics Biography
Associated Person Künga Drölchok
Link BDRC W00KG0638
BDRC W30073
Notes For another version: 'jam dbyangs kun dga' grol mchog gi thun mongs ma yin pa'i rnam par thar pa myong rgyan gyi me tog

༄༅། །མྱོང་བ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་ཐུན་མོང་གི་སྒོའི་རྣམ་ཐར་བཞུགས་སོ།

གུ་རུ་སརྦ་ན་མ།
རྩ་བ་བརྒྱུད་པའི་བླ་མ་ཡི་དམ་ལྷ། །སྙིང་གི་པདྨོར་རྟག་པར་བཞུགས་སུ་གསོལ། །ཤེས་ཀྱང་བསྒོམ་གྱིས་དབེན་པའི་ཆོས་རྒྱུས་མཁན། །བདག་ལ་ཆོས་དབྱིངས་ས་ནས་ཐུགས་རྗེས་གཟིགས། །སྤྱི་གཙུག་བདེ་ཆེན་རྒྱན་གྱུར་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་མཆོག་གྱུར་བླ་མ་དང་། །གྲུ་གསུམ་སྙིང་གི་ངོ་མཚར་གཞལ་ཡས་ཁང་། །དུར་ཁྲོད་མཚོན་བྱེད་ལུས་ཀྱི་བུ་ག་བརྒྱད། །བ་སྤུ་སྐྲ་སེན་བསྲུང་བའི་འཁོར་ལོ་ཡི། །དབུས་ན་བཞུགས་པའི་ཡི་དམ་ལྷ་ཚོགས་དང་། །བུ་བཞིན་སྐྱོང་མཛད་ཆོས་སྐྱོང་ཌཱ་ཀིའི་ཚོགས། །བརྩེ་བས་དུས་རྣམས་ཀུན་ཏུ་བསྐྱང་དུ་གསོལ། །ཡོངས་འཛིན་མཁས་གྲུབ་དུ་མའི་ཞབས་པད་ལ། །ཟོལ་མེད་གུས་པས་ཡུན་རིང་བསྟེན་པའི་མཐུས། །ལམ་བཟང་ཡོན་ཏན་ཅུང་ཟད་རྒྱས་པ་ཡང་། །བདག་དང་བདག་གིར་བྱས་པའི་སློབ་བུའི་ཚོགས། །ལམ་ལ་དྲོད་པ་བསྐྱེད་པར་བྱ་ཕྱིར་དང༌། །དད་པའི་གསལ་འདེབས་ཉིད་དུ་འགྱུར་སྙམ་ནས། །སྒྲོ་སྐུར་རང་བཟོ་སྤངས་ནས་བྲི་བར་བྱ།
།དད་གུས་ལྡན་རྣམས་རྣ་བ་བཀླགས་ཏེ་ཉོན། །ཕྱོགས་ལྷུང་ཕྲག་དོག་དབང་གིས་རབ་ཀླད་པ། །བློ་ཆུང་ཁྲོན་པའི་ཉ་ཡིས་རྒྱ་མཚོ་ཡི། །ལོ་རྒྱུས་ཅུང་ཟད་ཐོས་ནའང་སྲོག་འདོར་བ། །དེ་དག་རྣམས་ཀྱི་རྣ་བའི་སྤྱོད་ཡུལ་མིན། །ཆུ་ཐིག་ཤིན་ཏུ་ཆུང་ཡང་དྭངས་གྱུར་ན། །ཟླ་སྐར་གཟུགས་བརྙན་ཚོགས་ཀྱང་གསལ་བར་འཆར། །དང་བའི་བློ་དང་ལྡན་ན་དམ་པ་ཡི། །སྦས་པའི་ཡོན་ཏན་ཕྲ་མོའང་གསལ་བར་འགྱུར། །ཤེས་ནས་དད་པ་ཐོབ་པའི་ཡིད་ཆེས་གང་། །ལྷག་བསམ་ལྡན་ལ་བྱིན་རླབས་ངང་གིས་འཇུག །མ་རིག་ལོག་ལྟས་བསྒྲིབས་པའི་ཡིད་གཉིས་མཁན། །དེ་འདྲ་འབད་ནས་དྲངས་ཀྱང་ཕན་མི་ཐོགས། །སྔོན་གྱི་ལས་འཕྲོ་སད་པའི་གདུང་ཤུགས་ཅན། །སྐལ་ལྡན་འགའ་ལ་ཚིག་འགས་ངེས་ཤེས་དྲོངས། །ལྡོག་དཀའ་ལས་ཀྱིས་མནར་བའི་ཐ་ཤལ་ལ། །ཆོས་མང་རྟག་ཏུ་བཤད་ཀྱང་ཕན་པ་ཅི། །གང་ལ་གཞན་གྱི་ཡོན་ཏན་བརྗོད་པ་ལས། །རང་གིས་ཉམས་སུ་མྱོང་བ་ཚད་མ་ཡིན། །ཕྱི་རབས་དད་ལྡན་རྣམས་ལ་ཕན་བྱེད་པའི། །རྣམ་ཐར་ཐོར་བུ་གུས་པས་གཙུག་ཏུ་ལོངས། །བན་ཆུང་བདག་གི་སྐྱེ་ས་མངའ་རིས་སྨད། །སྨོན་ཐང་རྒྱལ་པོའི་ཁབ་ཀྱི་བྱང་ཤར་མཚམས། །ལྷ་རིགས་ཟླ་བའི་ཐིག་ལེ་འཛིན་པ་ཡི། །མི་དབང་སྲས་ཀྱི་མཐུ་བོར་ཉེ་བར་བསྐྲུན། །སྔོན་དུས་སྟག་རྩེ་གངས་ཀྱི་ཤར་མགུལ་དུ། །གཉག་སྟོན་ཤཱཀྱ་མུ་ནེ་ཞེས་པ་བྱུང་། །སྟོན་སྒོམ་དེ་ལ་བཙུན་མོ་གཉིས་སྣང་བའི། །སྔོན་མ་དེ་ལ་ཡིད་ཀྱི་ལྷ་སྲས་འཁྲུངས། །དེ་དོན་ཅུང་ཞིག་རྒྱས་པར་བསྙད་པ་ན། །འཇིག་རྟེན་ཕན་ཚུན་ལས་ཀྱི་དགྲར་སྣང་བའི། །གཟེར་གྱིས་བསྐྱོད་པའི་གཉག་སྟོན་ཁྲོ་བའི་མེ། །ཡུན་རིང་སྲེག་བྱེད་སྐལ་ལྡན་ལུས་ཕྲ་མ། །མྱ་ངན་ཡིད་སྐྱོའི་ཁང་པར་གནས་པར་གྱུར། །ཟང་ཟིང་ནོར་རྣམས་ཆུན་མའི་དབང་སོང་སྟེ། །རང་དབང་གྱུར་པའི་ར་རྒན་འགའ་དང་གླང་། །དེ་དག་སྟོར་ནས་ཚོལ་བའི་སྐྱོ་ལྡན་མས། །རི་ཀླུང་ཀུན་ཏུ་རྒྱུ་བའི་ངལ་བ་བསྟེན། །ལྗང་སྔོན་མྱུ་གུ་གསར་པའི་གོས་གྱོན་ཞིང་། །མཐོང་བ་ཙམ་གྱིས་ཡིད་འཕྲོག་ལྷས་བཟང་ན། །སེམས་ཅན་དེ་དག་བག་ཕེབས་འཁོད་གྱུར་པས། །དེ་ཡི་སྙིང་ལ་སྤྲོ་བ་འཕེལ་གྱུར་ཏེ། །དགའ་ཞིང་དེ་ནུབ་གནས་དེར་ཉལ་བ་ན། །སྐྱེས་བུ་རྣམ་དཀར་གོས་དང་རྒྱན་གྱིས་ཀླུབས། །ལང་མཚོའི་དཔལ་མངའ་འཛུམ་པའི་བཞིན་མདངས་ཅན། །དེ་དང་དགའ་མགུར་སྤྱད་པ་རྨིས་གྱུར་པས། །དེ་ཡི་ལུས་སེམས་བདེ་བས་ཁྱབ་པར་གྱུར། །ཀྱི་མ་འབྱོར་པའི་ཚེ་ན་ཀུན་ཀྱང་གཉེན། །བསྟུན་པའི་ཐོག་མ་སྡང་པའི་དགྲ་ཡིས་བྱེད། །རྒུད་ཅིང་ཕོངས་པར་གྱུར་ན་ཀུན་ཀྱང་དགྲ། །འཛུགས་པའི་ཐོག་མ་རང་གི་ཉེ་དུ་འབྱུང་། །རབ་ལྕི་ལས་ཀྱི་ནོན་པའི་སྦྲུམ་མ་ནི། །ཚིག་རྩུབ་མཐོར་རླུང་དྲག་པོས་ཕྱོགས་མཐར་བསྐྲད། །སྐྱབས་བྲལ་དེས་ནི་ཟླ་དགུ་ངོ་བཅུའི་བར། །མ་མྱོང་བྱ་བའི་སྡུག་བསྔལ་ཅི་ཡང་མྱོང་། །སླར་ཡང་སྔར་གྱི་ལྷས་དེར་ར་གླང་རྣམས། །སྔར་བཞིད་འཁོད་པ་མཐོང་ཚེ་ཡ་མཚན་སྐྱེས། །ཨེ་མ་འདི་ལ་དགོས་བྱེད་ཅི་ཡོད་སྙམ། །དེ་ནུབ་ཉལ་བའི་གནས་དེར་ཁྱེའུ་བཙས། །ཕྲ་ལྡོག་བརྡ་བཏགས་སྤྲུལ་པའི་སྐུ་དེ་ནི། །ལོ་བདུན་ལོན་ཚེ་ཆོས་ལ་འཛུད་པར་བརྩམས། །ཕ་མེད་བུ་འདི་འཇིག་རྟེན་གཞན་གང་གནས། །གང་ལའང་གཏད་པ་ཡོད་པ་ངས་མ་གོ། །བུ་མོའི་གྲོགས་སྐལ་ཆད་ནས་རེ་ཤིག་ནས། །རྐྱེན་མེད་བུ་འདི་ལས་ཀྱི་མངལ་དུ་ཆགས། །ད་ནི་རྒྱལ་ཐང་ཆུ་བཟང་དགོན་པ་རུ། །མ་བུ་གཉིས་ཀ་དམ་པའི་ལྷ་ཆོས་བྱེད། །སྙམ་པའི་རང་བློ་འགྱུར་མེད་སྐྱེས་པ་ན། །གཙང་རིགས་ལྷ་ཡིས་རང་གཟུགས་ཉེར་བསྟན་ཏེ། །བསམ་འོད་བླ་མ་ལ་ནི་དོན་འདི་ཞུས། །ནང་པར་ཁྱེད་ཀྱི་དྲུང་དུ་མ་སྨད་གཉིས། །ལྷ་ཆོས་ཞུ་བའི་དོན་དུ་འོངས་བ་ན། །བུད་མེད་བདག་གི་ལགས་པས་ཚུལ་ཁྲིམས་ཀྱི། །བསླབ་པས་མ་འཆིང་རིགས་རྒྱུད་སྤེལ་བར་འཚལ། །བླ་མས་དེ་དོན་རྒྱས་པར་གསུངས་པ་ན། །གཉག་སྟོན་ལ་སོགས་ཡུལ་མི་ཐམས་ཅད་ཀྱིས། །བསྟོད་ཅིང་བསྔགས་ལ་བཀུར་བའི་གནས་སུ་འཛིན། །མ་དེས་ནམ་མཐའ་བཏེགས་པའི་གོ་བར་ནས། །ཁྲི་གདུགས་སྐྱིད་པའི་ཉི་མ་གསལ་པོར་ཤར། །ཐེ་ཚོམ་མུན་པའི་ཚོགས་རྣམས་རང་སར་ཡལ། །སྙན་པའི་གཏམ་འདི་ད་ལྟའི་བར་དུའང་སྣང་། །གསུམ་རྩེན་མཛེས་པའི་པད་མཚོ་ལས་འོངས་ཤིང་། །དྲི་མེད་ལང་ཚོའི་སྤུ་སྡུག་གོས་གྱོན་པས། །ལྷ་བུ་ངང་པ་གཞོན་ནུ་འཛམ་གླིང་བྱོན།
།སྔོན་ལྷའི་བུ་གསུམ་གྱིས་ལྷ་ཡུལ་ནས་སླུ་ཐག་འོངས། མགོ་བཏུམ་དུས་རལ་གྲི་ཀླད་ལ་སྐོར་ནས་རྨུ་ཐག་ཆགས་ནས་ལུས་ས་ལྷ་རྒྱལ་ཐང་མཆེད་གསུམ་ཡིན་སྙད།
བློ་གསལ་ཁོ་བའི་རུས་པའི་འབྱུང་ཁུངས་ཡིན། །དུས་འདིར་འཆི་མེད་དབང་པོའི་ཕོ་བྲང་ནི། །བཀོད་ལེགས་པ་ལ་འཕོས་འདྲ་སྤྲུལ་པའི་སྡེ། །ཆོས་རྒྱལ་མི་དབང་རིམ་པར་བྱོན་པའི་ས། །བློ་ལྡན་སྐྱེ་བོས་གང་བའི་རྒྱལ་སྲིད་ཆར། །རྣམ་དཔྱོད་རབ་གསལ་དགེ་བའི་ངང་ཚུལ་ཅན། །ཐུབ་བསྟན་གཙུག་གིས་ལེགས་མཆོད་ལུགས་གཉིས་ཀྱི། །ནོར་འཛིན་ཕྲིན་ལས་མང་པོ་སྒྲུབ་མཁས་པ། །ཉེ་དབང་དང་མཚུངས་ཚེ་དབང་བཟང་པོ་བྱུང་། །སྒྱུ་མ་ལྟ་བུའི་འབྱོར་པའི་མིག་རྒྱུ་ལ། །མངོན་པར་ཞེན་པའི་དྲི་མ་རྒྱང་སྲིངས་ནས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་གི །མྱ་ངན་མེད་རྒྱལ་འབྱོར་པའི་ལམ་དུ་ཞུགས། །ཚོགས་གཉིས་ཤིང་རྟའི་འཁོར་ལོས་ཉེར་དྲངས་ནས། །སིང་གྷའི་གླིང་ནས་ཆོས་ཀྱི་ཉིན་བྱེད་ཡང་། །གངས་ཁྲོད་མུན་སེལ་སྣང་བར་བསམ་བཞིན་དུ། །ཤེས་རབ་ཡུམ་གྱི་ལྷུམས་སུ་བདེ་བར་ཞུགས།
།ཅེས་སྔོན་བྱུང་རྣམས་ཚིགས་སུ་བཅད་པའི་ཕྲེང་བས་ཉེ་བར་བསྙད་ནས། །སྐབས་ཀྱི་དོན་ལ། ཁོ་བོ་རབ་བྱུང་ཅེས་པ་མེ་མོ་ཡོས་ཀྱི་ལོ། ཡབ་དགུང་ལོ་ལྔ་བཅུ་ང་བདུན། ཡུམ་དགུང་ལོ་ཉི་ཤུ་རྩ་གཉིས་བཞེས་པ། སྨོན་ཐང་རྒྱལ་པོའི་ཁབ་ཀྱི་བྱང་ཤར་ཉེ་བ་ཤག་དབྱིངས་བསམ་གྲུབ་དགེ་འཕེལ་དུ་དབྱར་ཟླ་དང་པོ་སྒྲོན་གྱི་ཟླ་བའི་ཡར་ངོའི་ཚེས་ལྔའི་སྲོད་ཀྱི་ཆ་ལ་བདེ་བར་བཙས་ཞེས་གླེང་། དེ་ནུབ་སྐྱེད་ཚལ་མེ་ཏོག་ར་བར། །འཇམ་དབྱངས་མེ་ཏོག་ཟེ་འབྲུ་སྟོང་ལྡན་ཅིག་ཀྱང་མཉམ་དུ་བྱུང་བ་ནི། མ་སོགས་དེ་དུས་ཀྱི་སྐྱེ་བོ་ཕལ་ཆེ་བའི་བློར་གསལ་བར་སྣང་བ་ཡིན་ནོ།
།སྟོང་ཉིད་ཡུམ་གྱི་མཁའ་དབྱིངས་ཉི་ཟླའི་ཁྲིར། །དང་པོའི་དབྱིངས་ལས་མི་ཕྱེད་རྡོ་རྗེའི་དངོས། །ཡོངས་རྫོགས་སྐུ་ཡི་དཀྱིལ་འཁོར་མཛེས་སྡུག་ཅན། །མཚན་དང་དཔེ་བྱད་འབར་བའི་རྣམ་འཕྲུལ་བསྟན། །ཆོས་དབྱིངས་ཡུམ་གྱི་པད་མཚོ་ལས་མཐོན་པའི། །ལྷ་སྲས་ལང་ཚོ་གསར་པའི་ཟུར་ཕུད་ཅན། །ཡིད་འཕྲོག་ཨུཏྤལ་གཡོ་བའི་གེ་སར་ནི། །ཕན་དགོངས་འདབ་བརྒྱའི་ཚལ་དུ་ཤར་བ་སྙམ། །ཡིད་འོང་སྐྱེད་ཚལ་ར་བའི་སྡུག་ར་དེར། ཡིད་འཕྲོག་མེ་ཏོག་མཛེས་སྡུག་ངོ་མཚར་ཅན། །ཡི་དམ་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བའི། །ཡིད་ཀྱི་མུན་སེལ་སྐྱེས་བུ་འཁྲུངས་པའི་བརྡར། །རྣམ་དཀར་བསླབ་གསུལ་ཨུཏྤལ་འདབ་སྟོང་ཅན། །རྣམ་དག་ཚུལ་ཁྲིམས་མཚོན་པའི་དྲི་ལྡན་ཞིང་། །རྣམ་གྲོལ་ཟེ་འབྲུ་བཞད་པའི་འཛུམ་མདངས་ནི། །རྣམ་མང་བདུད་ལ་འཆའ་བཞིན་རྒོད་པར་གྱུར། །དལ་འབྱོར་རྟེན་བཟང་མི་ལུས་རིན་ཆེན་དང་། །ཟང་ཟིང་ནོར་གྱི་མཆོག་རྣམས་ལེགས་སྩལ་ཞིང་། །བྱམས་པའི་སྤྱན་དང་གང་ཐུགས་བརྩེ་བ་ཡིས། །ལེགས་པར་བསྐྱངས་པའི་དྲིན་ཅན་མ་མ་ནི། །འདིས་མཚོན་མ་རྒན་ཁམས་གསུམ་སེམས་ཅན་རྣམས། །ཉེ་རིང་མེད་པར་སྙིང་གི་དཀྱིལ་དུ་སྦ། །ཕྱོགས་རིས་མེད་པར་ཕན་སེམས་དག་པས་སྐྱོངས། །འདི་ཡིས་ཚུལ་ལ་དཀོན་མཆོག་འཛུམ་པ་འཆོར། །འོན་ཀྱང་འདི་དག་ཐམས་ཅད་བརྡ་ཆོས་ཡིན། །ཕནི་སྙིང་རྗེ་མ་ནི་ཤེས་རབ་སྟེ། །ང་རང་རང་འབྱུང་ལྷན་སྐྱེས་རྣམ་རོལ་ལས། །ཕ་མར་གྱུར་པའི་མིང་ཡང་འདི་ན་ཅི། །དེ་ལྟ་ན་ཡང་རིགས་དྲུག་་སེམས་ཅན་ཀུན། །མེ་ལོང་གཟུགས་ལྟར་སྣང་ཡང་ངོ་བོས་སྟོང་། །རང་བཞིན་མ་གྲུབ་སྣང་བ་མི་འདོར་བ། །ཆོས་འདི་ཟབ་སྟེ་དམན་པས་གོ་མཐོང་དཀའ།
།དེ་ནས་སྐྱེས་མ་ཐག་ཏུ། རྩིས་ལ་མཁས་པ་དུ་མས་སྐྱེས་སྐར་ལ་སོགས་པར་རྩིས་པའི་ཡི་གེ་མང་དུ་སྣང་ཡང་རྒྱས་པར་མ་བྲིས་ལ། །མདོར་བསྡུས་ཙམ་ཅིག་བརྗོད་ན།
།སྒྲོལ་མའི་ཐུགས་རྗེས་དལ་ཐོབ་ཅིང་། །སོ་བདུན་བར་དུ་བདེ་བར་འཚོ། །ཡིད་ཀྱི་དངུལ་དཀར་མེ་ལོང་ལ། །ཤེས་བྱའི་གཟུགས་བརྙན་ཅིར་ཡང་འཆར། །ཞེས་འབྱུང་ངོ༌།
།སྙིང་རྗེ་དང་བྲལ་མ་རུང་སེམས་ལྡན་པའི། །ནག་ཕྱོགས་བདུད་སྡེའི་ཚོགས་ནི་བསམ་སྦྱོར་རྩུབ། །ཆོས་བྱེད་ཉིན་སྐར་དང་མཚུངས་དེ་དག་ལའང་། །རྟག་ཏུ་འཚེ་བ་མང་བར་རྒྱལ་བས་གསུངས། །རབ་དཀར་དར་གྱི་ངོས་ལ་ཆེས་ཕྲ་བའི། །དྲི་མ་ཅུང་ཟད་ཙམ་ཡང་བསལ་བར་སྣང་། །རེ་ནག་ངོས་ལ་ཇི་ལྟའི་ནག་པོ་ཡང་། །སྣང་བར་མི་འགྱུར་འདི་ནི་དངོས་པོའི་གཤིས། །གཙང་སྦྲ་ཆེ་ལྡན་གཉིས་སྐྱེས་བྲམ་ཟེའི་རིགས། །ཅུང་ཟད་ཙམ་གྱིས་འབགས་པས་ཚེ་སྲོག་འཕྲོག །མི་གཙང་ཁུང་བུར་འཇུག་པའི་ཁྱི་ཕག་རྣམས། །ངན་སྐྱུག་ཟས་སུ་སྟེན་ནས་ལུས་སེམས་འཚོ། །སྔོན་ལས་དབང་གི་ཉམས་ཆུང་བདག་གི་ལུས། །འཇིགས་རུང་གྲོང་པའི་ནད་ཀྱིས་རྣམ་པར་བཏབ། །བཞིན་རས་མདངས་ཉམས་རིག་པའི་ངར་ཡང་བཅོམ། །ཆུ་སྐྱེས་ལག་གི་པདྨོ་རྣམ་པར་ཟུམ། །དེ་མཐོང་ནས་ནི་ཡབ་ཡུམ་དགེ་བའི་ཚལ། །གནས་སྐབས་བ་མོའི་སད་ཀྱི་བཏབ་པ་བཞིན། །རིགས་འཛིན་མཐུ་དང་དཀོན་མཆོག་ཐུགས་རྗེ་ཡིས། །མ་ཉམས་ལུས་ཀྱི་པད་ཚལ་སླར་ཡང་རྒྱས།
ཅེས་བརྗོད་པའི་དོན་དང་མཐུན་པར། བདག་སྐྱེས་ཙམ་ཉིད་ནས་ན་བའི་སྒོར་ཞུགས་པས། །བརྩེ་ལྡན་ཡུམ་གྱི་སྙིང་གི་ཚེར་མར་གྱུར་ནས། །དེ་དག་ལ་ཕན་པའི་ཐབས་སུ་བགྱི་ཇིསྙེད་པ་དག་ལ་ངལ་བ་མེད་པར་སྒྲུབ་ཅིང་། །རེས་འགའ་མི་བཟོད་པའི་ཟུག་རྡུས་རྒྱུད་རླན་ཏེ། །བརྩེ་བའི་མཆི་མ་ཡང་དབྱར་དུས་ཀྱི་ཆར་རྒྱུན་ལྟར་འབེབས་པར་བྱེད་པ་ལས། སླར་ཡང་སྔར་བཤད་པ་ལྟར་གྲིབ་སྐྱོན་གཅིག་ལ་བརྟེན་ནས། ན་བ་དྲག་པོས་བཏབ་པ་ན། རིག་འཛིན་གྱི་འཁོར་ལོ་བསྒྱུར་བ་སྔགས་འཆང་གྲུབ་པའི་དབང་ཕྱུག་རྩ་བརྒྱད་པ་ཆེན་པོ་བློ་གྲོས་བཟང་པོ།གསང་སྔགས་རྙིང་མ་རང་ལུགས་ཀྱི་སྦྱོར་སྒྲོལ་གྱི་ཆོ་ག་ཟབ་རྒྱས་དང་བཅས་པ་ལན་གསུམ་དང་། ཚེ་རྟ་སྦགས་མའི་དབང་ཅིག་གནང་བས། ན་བ་དེ་ལས་རེ་ཤིག་གྲོལ་བར་གྱུར་ཏོ།
།དེ་ནས་ལོ་ངོར་ལྟ་བ་ན་མའི་པང་དུ་ཁྱེར་ཏེ། རྭ་སྟོན་ཡོན་ཏན་དཔལ་བཟང་པོའི་ཞབས་དྲུང་དུ་དབང་དང་བྱིན་རླབས། ཁྱད་པར་མིང་ཞུ་བ་ལ་ཕྱིན་པས། མིང་སྔར་དུ་བཏགས་ཟིན། བྱིས་པ་འདི་སྒྲོལ་མ་འབུམ་གཏེར་ཅིག་བཙུགས་རྗེས་ལ་རང་སྐྱེས་པ་ཡིན་པས། མིང་ལ་ཡང་སྒྲོལ་མ་འབུམ་ཐོགས་གསུང་ཞིང་། དཔལ་མན་ངག་ལྕམ་མེའི་རྒྱུན་ཁྲིད་ཚེ་དབང་དང༌། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ཞལ་གཟིགས་སུ་གྱུར་པའི་རྟ་མགྲིན་ལྕགས་རལ་ཅན་གྱི་རྗེས་གནང་ཅིག་ཀྱང་གནང་། ཅེས། དམ་པ་དེ་ཉིད་ཀྱི་མཆོད་གཡོག་པར་གྱུར་པ། ཨ་པོ་ཤེས་མའི་ངག་ནས་ཐོས་སོ། །དོན་འདི་ལ་དགོངས་ནས། རྩ་བའི་བླ་མ་གཙུག་རྒྱན་གྱི་ནོར་བུ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་ལེགས་པའི་འབྱུང་གནས་ཀྱིས། སྔར་གནང་བའི་ཕྱག་དམ་གཅིག་གི་ནང་ན།
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་མཛད་མ། །ཉིད་ལ་རྣམ་སྣང་ཆེན་པོས་བསྟོད་པའི་ཚོགས། །ཇི་སྙེད་འབུམ་གྱི་བཟླས་བརྗོད་བགྱིས་པའི་མཐུས། །ལེགས་པར་འཁྲུངས་པ་གང་ཁྱོད་དགེ་གྱུར་ཅིག
།ཅེས་བླ་མ་ཡབ་སྲས་གཉིས་ཀྱིས། །མིང་གི་དགའ་སྟོན་གྱི་ཤིས་བརྗོད་གསུང་གི་རྒྱུན་ལམ་ལས་དགེས་པའི་སྙིམ་པས་ལེགས་པར་གནང་བར་མཛད་པ་ཡིན་ནོ། །མ་ནི་བུ་ལ་བརྩེ་བའི་ངང་ཚུལ་ཏེ། དཔེ་ཙམ་མཚོན་ནས་བདག་གི་ཨ་མའི་ཚུལ།བུའི་ཆེད་དུ་མ་བཟོད་བརྩེ་བ་ཡིས། ངུས་པའི་མཆི་མ་རྒྱ་མཚོ་བཞི་བས་མང་།རང་ལུས་བཅུད་ཀྱི་སྙིང་པོ་འོ་མའི་རྒྱུན།
།ནུ་མའི་ལམ་ནས་ཁ་ཡི་པདྨོར་སྦྱིན། །མི་གཙང་ལག་གིས་ཕྱིས་པའི་དྲིན་ཅན་གྱིས། །མ་རྒན་དོན་ནི་བདག་གིསནམ་ཞིག་འགྲུབ། །མཐའ་ཡས་འགྲོ་བ་ཀུན་ཀྱང་བདག་གི་མ། །ཡང་ཡང་བྱས་ཏེ་དངོས་ཀྱི་མ་དང་མཚུངས། །རེས་འགའ་བདག་གི་ཕྱིར་དུ་ཤི་བ་ཡི། །རུས་པའི་ཕུང་པོ་རི་རབ་ལས་ཀྱང་རྒལ། །བདག་ཅག་གཏི་མུག་མུན་པའི་རང་བཞིན་གྱིས། །ཅི་བྱས་ཐམས་ཅད་མ་ལ་གནོད་འཚེའི་རྒྱུ། །མ་ལ་ཕན་པའི་དོན་ནི་རྒྱ་ལམ་ན། །རེས་འགའ་ཙམ་དག་ཆོས་བརྒྱད་དུག་གིས་སྦགས། །དམྱལ་བའི་གནས་ན་བདག་གི་དྲིན་ཅན་མ། །ལྤགས་པ་ཤུས་ནས་རུས་གོང་ཁ་བའི་མདོག །ཡུད་ཙམ་དྲན་ཚེ་བཟོད་བླགས་མི་འདུག་ན། །དམྱལ་ཚེ་འཁྱོལ་དུས་མེད་འདི་ཇི་ལྟར་བྱ། །ཡི་དྭགས་གནས་སུ་སྐྱེས་པའི་དྲིན་ཅན་མ། །མིང་ཙམ་གྱི་ན་རྙེད་པའི་སྐབས་མེད་ཅིང་། །བདག་ཅག་ཡུད་ཙམ་བཀྲེས་སྐོམ་མཐའ་དག་ལས། །སྐྱོབ་བྱེད་མ་ཡི་དྲིན་ནི་ཇི་ལྟར་ལོན། །དུད་འགྲོའི་གནས་ན་འཁོད་པའི་མ་རྒན་གྱི། །ཤ་ཁྲག་ཕལ་ཆེར་མགྲིན་པའི་ལམ་ལ་ཤར། །སེར་མོས་གཡོགས་པའི་སེར་པོ་བཟང་རྫུས་མཁན། །ཁྱོད་ལས་དམན་པ་སྲིད་ན་གཞན་ཡོད་དམ། །མཐོ་རིས་གསུམ་ན་འགྱུར་དང་འདུ་བྱེད་སོགས། །སྡུག་བསྔལ་འགྱུར་བའི་ཚུལ་རྣམས་ཤེས་གྱུར་ཀྱང་། །བ་སྤུ་ཙམ་ཡང་གཡོ་བའི་སྐབས་མེད་པ། །ཐེག་ཆེན་མིང་དུ་བཏགས་པའི་ལྟ་ལོག་མཁན། །བདག་གིས་ཉིན་མཚན་མེད་པར་རབ་འབད་མོས། །མ་གྱུར་འགྲོ་བའི་སྡུག་བསྔལ་ཆ་ཙམ་ཡང་། །སེལ་བྱེད་ནུས་པ་མ་མཆིས་རྩི་བརྒྱུད་པའི། །བླ་མའི་ཚོགས་ཀྱིས་མ་རྣམས་དྲང་དུ་གསོལ།
།དེ་ལྟར་བདག་བྱིས་པའི་ཆུང་ཆུང་གི་དུས་ལྷག་པར་ན་བ་ཡོད་པས་མཚམས་སྦྱོར། །ཡབ་ཡུམ་བསྟན་པ་ལ་དད་པའི་ཐུགས་རྗེ་དང་། །རྩ་བའི་བླ་མ་རིན་ཆེན་རྣམ་བཞིའི་ཡ་གྱལ་དུ་གྱུར་པ། །དཔལ་བརྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་བཀའ་དྲིན་ལ་བརྟེན་ནས། །ལོ་ངོ་གསུམ་དུ་བལྟ་བ་ན། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་བསླབ་པ་ཞུས་ནས། །སངས་རྒྱས་ཀྱི་བསྟན་པའི་སྒོར་བཞུགས་པས། ན་བའི་རྒྱུན་ཅུང་ཞིག་སེལ་བར་གྱུར་ཅིང་། །སླར་ཡང་ལོ་གསུམ་ངོ་བཞིར་བལྟ་བ་ན། ས་ག་ཟླ་བའི་ཉེར་ལྔའི་སྔ་དྲོའི་ཆ་ལ། ཤག་གསེར་ཁང་དུ་དམ་པ་དེ་ཉིད་ཀྱི་ཞབས་དྲུང་དུ། རྩ་བ་བཞི་ཆང་དང་ལྔ་སྤོང་བའི་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མདོ་ལ། སྔར་གྱི་ན་བ་དེའི་རྒྱུན་དེ་རྣམས་ཀྱང་ཆར་རླུང་དྲག་པོས་སྤྲིན་གཏོར་བ་བཞིན་དུ་གྱུར་ཏེ། ན་བའི་རྒྱུན་དེ་རྣམས་ཆད་པར་གྱུར་ཏོ། དེ་ལྟར་ན་སྔར་གྱི་ན་བའི་རྒྱུན་དེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་དཀོན་མཆོག་གི་ཐུགས་རྗེའི་ཕྲིན་ལས་ཅིག་ཡིན་པར་མངོན་ནོ།
།ན་བ་ལམ་འཁྱེར་བྱིས་བློས་ཤེས་མིན་ཀྱང་། །དཀོན་མཆོག་ཐུགས་རྗེས་རྐྱེན་ངན་གྲོགས་སུ་ཤར། །དལ་འབྱོར་ལུས་ཐོབ་བསྟན་པའི་སྒོར་ཞུགས་འདི། །ལས་འཕྲོས་སད་པའི་ཐོག་མ་ཡིན།
།ཡང་དག་དོན་ལ་ན་བྱ་ན་བྱེད་བྲལ། །ཀུན་རྫོབ་ན་བ་ཆོས་ལ་བསྐུལ་བའི་རྐྱེན། །སྔ་མའི་ལས་ཀྱི་འཕེན་པ་བཟང་ངན་ཉིད། །ཚེ་འདིའི་བདེ་སྐྱིད་ཀུན་གྱི་བྱེད་པར་གོ། །གཞོན་ནུའི་དུས་ནས་ཁྱིམ་གྱི་འཆིང་བ་ལས། །རིང་དུ་གྲོལ་ནས་ཚུལ་ཁྲིམས་གཙང་མའི་གོས། །སྨོན་ལམ་དབང་གིས་འབད་མེད་རྙེད་པ་འདི། །སྐྱེས་ཆེན་དམ་པ་རྣམས་ཀྱིས་སྨོན་པའི་གནས།
དེ་ནས་བཟུང་ཏེ་ལོ་བརྒྱད་ཀྱི་བར་དུ།
།ལུགས་གཉིས་མཁྱེན་པའི་སྤྱན་རས་གསལ་བའི་ཡབ་ཀྱི་ཉིན་བྱེད་ཀྱིས་ལེགས་པར་བསྐྱངས་པས། ལྷའི་བུའི་ལུས་ལྟ་བུའི་ལུས་སེམས་བདེ་བས་ཉེ་བར་འཚོ་ཞིང་། །ཀློག་སོགས་བྱ་ཆ་ཆོས་སྤྱོད་ཀྱི་རིམ་པར་གྱུར་པའི། །བསླབ་པར་བྱ་བའི་གནས་ཕྲ་མོ་ཅུང་ཟད་ཙམ་ཡང་བདེ་བླག་ཏུ་ཤེས། །དེ་ནས་རིང་པོར་མ་ལོན་པར་ཡབ་ཀྱི་ཉིན་བྱེད་དེ་ཡང་གླིང་གཞན་ནུབ་རིར་ཡོལ་བའི་ཚུལ་བསྟན་ཏོ། །དེ་ལྟ་ན་ཡང་བརྩེ་ལྡན་ཡུམ་གྱི་ཟླ་འོད་ཀྱིས་ཡུན་རིང་དུ་བསྐྱངས་ཤིང་། བྱམས་བརྩེའི་ངང་ཚུལ་སྒོམ་པའི་མ་མ་རྒན་མོས་བདག་སྐྱེས་ཙམ་ཉིད་ནས་མའི་བྱ་བ་མཐའ་དག་རྫོགས་པར་བྱས་ཤིང་། ལུས་སེམས་བསྐྱེད་བསྲིངས་ནས་དུས་དང་གནས་སྐབས་ཀུན་དུ་བསྐྱངས་པས་དྲིན་ཆེ་བ་ཡིན་ནོ།
།སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་བའི་ཚེས། །ཚེས་གྲངས་བཅུ་གཉིས་ཡར་ངོར་གྱུར་པའི་ཉིན། །ཉིན་བྱེད་ཤེར་དུས་ཡབ་ཀྱི་ཉིན་བྱེད་གཤེགས། །གཤེགས་ཤུལ་གྱི་ནར་འཁྱམས་པའི་བུ་ལ། །ལ་ལས་བཅོ་དང་ལ་ལས་སེམས་གསོའི་ཚུལ། །ཚུལ་ལུགས་སྣ་ཚོགས་རྨི་ལམ་བཞིན་དུ་དྲན། །དྲན་ཡུལ་འདི་འདྲའི་སྣང་བ་ལྷག་པར་སྐྱོ། །སྐྱོ་བའི་གླུ་དབྱངས་ཅུང་ཞིག་བླངས་པ་ན། །ན་རྒས་སྐྱེས་དང་འཆི་བའི་སྡུག་བསྔལ་ལས། །ལས་ཀྱི་དབང་གིས་མྱོང་ཚུལ་ཐ་དད་སྣང་། །སྣང་བ་འདི་ལ་དཔྱད་ན་ཞེན་ལོག་རྒྱུད། རྒྱུ་འདི་སོམས་ལ་འཁོར་བའི་ཕུན་ཚོགས་སྤོངས།
།དེ་ནས་རང་གི་དགོན་པར་འོངས་ནས། །ལོ་དགུ་པ་ནས་རང་ལོ་བཅུ་གསུམ་གྱི་བར་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་ཞབས་པད་སྤྱི་བོར་བླངས་ནས་བར་མ་རབ་བྱུང་གི་བརྟུལ་ཞུགས་དང་། དགེ་ཚུལ་གྱི་ཁྲིམས་ཡང་དག་པར་མནོས་ཤིང་། སྔ་སོར་རང་ལོ་བདུན་འགྲོ་བའི་བྱའི་ལོ། །དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཅུག་ནས། །རྡོ་རྗེ་རིགས་ཀྱི་མིང་བཏགས། །སྨིན་བྱེད་དང་པོར་བསྐུར་བའི་དམ་ཚིག་གི་སློབ་དཔོན་ཆེན་པོ་ཉིད་དུ་གྱུར་པ་ཡིན་ཞིང་། གཞན་ཡང་ལམ་འབྲས། ཤིན་ཏུ་སྤྲོས་མེད། སྨར་ཁྲིད། རྟེན་འབྲེལ་སྙིང་པོ། སྐྱིད་སྡུག་ལམ་ཁྱེར། ཞེན་པ་བཞི་བྲལ། བློ་སྦྱོང་སོགས་ཁྲིད་ཁ་དུ་མ་དང་། ངན་སོང་སྦྱོང་རྒྱུད་ཀྱི་སྐོར་དང་། བསྙུང་གནས་ཀྱི་སྐོར་སོགས་དབང་རྗེས་གནང་འགའ་ཞིག་དང་། ལུང་གི་སྐོར་བསམ་གྱི་མི་ཁྱབ་པ་དང་བཅས་པའི་བཀའ་དྲིན་ཉེ་བར་ནོད་ཅིང་། ཁྱད་པར་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་གྱི་ལུང་ཅིག་ཐེབ་པས། དེའི་ནང་ནས་ལོ་ཙཱ་བ་སྐུ་ན་གཞོན་པའི་དུས་སུ།
།རྨི་ལམ་ན་མཁའ་འགྲོ་མ་སྲའི་གོ་ཆ་བྱོན་ཏེ། །སྲིན་བུའི་ཁ་ཆུས་རང་ལུས་འཆིང་བ་ལྟར། །ཡུལ་གྱི་ཞེན་པས་བདུད་ཀྱི་རྒྱ་རུ་ཆུད། །བདེ་འགྲོ་ཐར་པ་འདོད་པའི་མི་དག་སུ། །རྒྱ་གར་ཤར་ནུབ་ཆུ་བཞིན་བྱུགས་ནས་ནི། །དམ་ཆོས་རྒྱ་མཚོ་བོད་དུ་བསྒྱུར་ན་བདེ།
ཅེས་བསྐུལ་བའི་མདོ་ལ་མནལ་སད་པན་སྐུ་ལུས་ཐམས་ཅད་རྡུལ་ནས་ཆུ་བཞིན་དུ་གྱུར་ཏོ། །རང་དབང་མེད་པར་ཐུགས་གཡོས་ཏེ། སྐུ་སྲོག་ལ་མ་ལྟོས་པར་རྒྱ་གར་ལ་བྱོན་ཟེར་བའི་རྣམ་ཐར་དེ་ཐོས་པ་ཙམ་གྱིས་དབུས་གཙང་ལ་འགྲོ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་སྐྱེས་ཏེ། དཔལ་བརྩེ་བ་ཆེན་པོ་དང་། མ་སོགས་ཉེ་འབྲེལ་ཀུན་ལ་ནན་གྱི་ཞུ་ཕུལ་སྟེ། གྲྭ་དགོན་སོ་སོར་མང་ཇ། འགྱེད་སོགས་དང་བཅས། བདག་སྤུན་གཉིས་ཀྱིས་གཙོ་བྱས་སློབ་གཉེར་མ་མངགས་པའི་གྲྭ་པ་ཉི་ཤུ་ཙམ་དང་། གཞན་ཚོང་སོགས་དོན་དུ་གཉེར་བ་དུ་མ་དང་བཅས་ནས་ཤར་ཕྱོགས་དག་པའི་ཞིང་དུ་འགྲོ་བར་ཆད་པའི་དུས་སུ། དམ་པ་དེ་ཉིད་ཀྱི་དྲུང་དུ་བདག་རང་ལ་བུམ་པ་ཆུང་ཆུང་ཤིན་ཏུ་ལེགས་པ་བཟོ་ཁྱད་ཕུལ་དུ་ཕྱིན་པ་ཅིག་ཡོད་པ་དེ་བྱི་དོར་ལེགས་པར་བྱས། རང་གི་ལག་བདར་ཏེ། ལྕགས་སྐུད་མའི་ཆུ་མིག་ནས་ཆུ་གཙང་གི་གང་བའི་ཁ་རུ་ཤིང་རྟོག་བིལ་པ་ཅིག་བཞག་ནས། དཔལ་བརྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་ཕྱག་ཏུ་ཕུལ་བས་ཤིན་ཏུ་དགྱེས་པའི་རྣམ་འགྱུར་དང་བཅས་ནས། སྤྱིར་ཁྱོད་དབུས་གཙང་དུ་འགྲོ་བ་ལ་ལོ་གཞོན་དྲགས་པ་ནས། ངེད་ཉེ་འབྲེལ་ཀུན་ཀྱང་སེམས་འཕྲེང་བར་འདུག །ཁྱད་པར་ཨ་མས་ངེད་ལ་ཡང་། ཁྱོད་བཏང་ན་མི་ཡོང་བའི་ཚུལ་མང་པོ་ངུ་མ་ལབ་ཏུ་ཁར་སང་ཁྱོད་རང་ཡོད་སར་ལབ་པ་ལྟར་ཡིན་པས། ངེད་ཀུན་གྱི་བསམ་པ་ལ་ཆས་ཀ་སོགས་ལའང་ཁྱད་ཆེ་བར་འདུག །ད་ལན་ཨ་ཇོ་ཨའུ་པ་དཔོན་གཡོག་རྣམས་རྫངས། ལོ་གཉིས་ཙམ་ནས་ཁྱོད་རང་ཕྱིན་ན་གཞི་བྱེས་ཀུན་ཏུ་ཁེབས་ཆེ་ཞིང་། འོས་བབ་ཏུ་འདུག་ཟེར། ཚེ་ཐར་དང་། རྡོ་རྗེ་ཚེ་དབང་སོགས་ཀྱི་གྲོས་ལ་ཤར་བ་ཡིན་ནའང་། ཁྱོད་རང་ནན་བསྐྱེད་ནས་ཞུ་བ་འབུལ་ཅིང་། ཨ་མ་སོགས་ལའང་འཕྲེང་རྒྱུད་མེད་པའི་གཏམ་མི་གཞན་གྱི་བློ་ལའང་མི་འཆར་བའི་གཏན་ཚིགས་དང་བཅས། ཁར་སང་ཀུན་འཛོམས་པར་ལབས་པ་དེས་ཐམས་ཅད་ཡིད་ཆེས་ནས་ད་རྫོང་བ་ལ་ཐག་ཆོད་ཡོད་པས་བློ་མི་བདེ་བའི་ཙབ་ཙོབ་མ་བྱེད། ལར་ཡོན་ཏན་གཞོན་པའི་དུས་སུ་སློབ་བྱ་བ་ཡིན་པས་སྔར་གྱི་བློ་མདུན་ལ་རྗེས་སུ་ཡིད་རང་ཞིང་། འདིར་ཡང་སློབ་གཉེར་ཆ་མཐུན་རང་བྱུང་ཡོད། ད་ལྟ་ཕར་ཚད། འདུལ་མངོན། སྡོམ་རིག །བྱམས་ཆོས་སོགས་གཞུང་ལུགས་འདི་རྣམས་གྲྭ་མ་ཆག །ཟུར་མ་ཉམས་པར་བློ་ལ་ཡོད་པ་འདིས། སློབ་གཉེར་གྱི་རྐང་ཆེན་པོ་ཅིག་འཛིན་པ་ཡིན་ནོ།
།ད་ལན་གྱི་བུམ་པ་ཆུ་གཙང་གིས་བཀང་པ་འདི། ཚུལ་ཁྲིམས་ལས་ཀྱི་བུམ་པ་ཡོན་ཏན་གྱི་ཆུས་གང་བའི་རྟེན་འབྲེལ་ཡིན། ཤིང་ཐོག་བིལ་པ་ཡང་གཞན་ཕན་གྱི་འབྲས་བུ་བྱུང་བའི་རྟེན་འབྲེལ་ཡིན་གསུང་བས། འཇིག་རྟེན་ཁ་གཏམ་ལ་དགའ་ཆེ་ན་ངུ་བྲོ་བའི་དཔེར་སོང་བ་དང་། ལོ་གཞོན་པས་ཡིན་ནམ། ཡུས་མི་ཐུབ་པ་འདྲ་བ་ཅིག་ངུས་པས།སྐུ་མདུན་ན་མ་ཎི་བ་ཀ་བཞི་པ་དང་། ས་སྐྱ་པ་བཟོད་པ་གཉིས་འདུག་པ། ཁོང་ཚོ་གཉིས་ཀྱང་ངུ་ཡིན་འདུག་གོ
།དེ་ནས་རྒྱལ་ཟླའི་ཉི་ཤུ་དགུ་ལ་རང་ཡུལ་ནས་ཆས་ཏེ། མུ་ཟམ་བར་ཉེ་བར་འབྲེལ་པ་ཀུན་གྱིས་སྐྱེལ་ཐུང་གི་འཕྲེང་བ་མང་པོ་དང་བཅས་ཏེ་ཕྱིན་པས། ཞག་བཅོ་ལྔ་ཙམ་ལོན་པ་དང་། ལྷ་མཚོ་སྲིན་མཚོ་ཟེར་བའི་མཚོ་ཆེན་པོ་འཇིགས་སུ་རུང་བའི་རྦ་རླབས་གཡོ་བ་གཅིག་གི་འགྲམ་དུ་རྟོལ་པ་ན། འདི་ལྟ་སྟེ།
རྩོད་དུས་མཚོན་བྱེད་སྙིགས་མའི་བརྡ་སྟོན་མཁན། །མི་བསུན་བྱེད་པའི་སྤྲིན་ནག་སྤྲིན་ལྟར་སྟིབས། །མཆུ་བཅིང་ཡི་གེའི་ཀློག་དམར་ཀུན་ཏུ་འཁྲུག །སྔ་སྤྲོལ་ལོ་ཐོག་འཇོམས་བྱེད་སེར་ཆེན་བབས། །བསམ་རླག་ཆོས་པའི་རྐང་འདྲེན་མཐའ་དག་ནི། །བསམ་མེད་ཕོ་ཉའི་ངག་ན་ཕྲ་མའི་ཚིག །བསམ་བརྡུགས་དག་གིས་རྣ་བར་བསྐྱེད་པ་ལས། །བསམ་ཆུང་རྣམས་ཀྱིས་བདག་ཅག་ཕུང་ལ་བྱུགས། །མྱ་ངན་ཐང་ལ་མིངར་དཔུང་གི་ཚོགས། །མཚོན་ཆའི་ཚོགས་བཟུང་ལམ་རྣམས་བཀག་ནས་མཁོད། །བློ་གྲོས་ལྡན་པ་རྣམས་ཀྱི་བློ་གྲོས་ཀྱང་། །སྐབས་དེར་སྟབས་ཤིང་འཁྱོར་བ་ལྟ་བུར་སྣང་། །ཕ་རོལ་དམག་གི་དཔུང་ཚོགས་མཐའ་དག་ཀྱང་། །ལ་ལ་གོ་གྱོན་ལ་ལ་སྐུ་ཆས་སྒྲོན། །ལ་ལ་འཐབ་པ་ལྟ་བུར་གོ་འཐབ་བྱེད། །ཕལ་ཆེར་ཀུ་སྒྲ་ཧོ་སྒྲའི་ང་རོ་འབྱིན། །ཉེས་མེད་རི་དགས་ཐར་མེད་བྲག་རི་ལ། །བརྩེ་མེད་རྔོན་པའི་ཚོགས་ཀྱིས་སྐོར་བ་བཞིན། །ཐབས་མེད་རིག་རིག་མིག་གི་བལྟ་བ་ཡི། །སྐྱབས་མེད་ཚུལ་དེ་དྲན་ནའང་འཆི་མ་འཆོར། །རང་དོན་འབའ་ཞིག་སེམས་པའི་ཕྲ་ཅན་ཡང་། །རང་བཞིན་སངས་རྒྱས་ཉིད་དུ་གནས་གསུང་མོད། །རང་གཞན་ཕུང་དུ་འཛུད་པ་འདི་ཀུན་གྱིས། །རང་བཞིན་ཚུལ་ནི་རྒྱལ་བས་གཟིགས་པ་དཀའ། །གཞན་ལ་འཁྲོས་པའི་མེ་ཆེན་འབར་བ་ཡི། །གཞན་དག་དགྲ་རུ་འཛིན་པའི་འཁྲུལ་སྣང་བསྐྱེད། །གཞན་ལ་དམྱལ་རྒྱུ་སོགས་པ་འདི་དག་ཀུན། །གཞན་མིན་ཕ་མ་དྲིན་ཅན་ཤ་སྟག་ཡིན། །ཕ་མ་རྣམས་ཀྱི་འཁྲུལ་ལུགས་འདི་ལྟ་བུ། །བུ་ཡིས་ཇི་ལྟར་བགྱིས་ན་ལྡོག་པར་འགྱུར། །འགྱུར་མེད་ལས་ལ་སྤྱོད་པའི་སྡུག་བསྔལ་ཀུན། །ཀུན་མཁྱེན་སངས་རྒྱས་ཉིད་ཀྱིའང་བཟློག་མིན་གསུངས། །གསུམ་དེ་སྙིང་ལ་སེམས་པས་རང་གི་ཡིད། །ཡིད་ཀྱི་ཆ་ཤས་ཀུན་ནས་རྣམ་པར་ཞུམས། །ཞུམ་པའི་དབང་གིས་སྨྲ་ལའང་ཡོང་མ་ནུས། །ནུས་ཆུང་རང་དབང་ལོངས་སྤྱོད་འཇའ་ལྟར་གཡོ། །གཡོ་ཞིང་སྙིང་པོ་མེད་པ་སྒྱུ་མའི་ནོར། །ནོར་རྣམས་གཞན་གྱིས་བདག་གིར་བྱས་པ་བཞིན། །བཞིན་བཟང་རྣམས་ཀྱང་སྡུག་པའི་ངང་ཚུལ་གྱི། །གྱི་ནའི་ལྟས་ངན་ཁུར་དུ་ལེན་ལ་ཞུགས།དེནས་རིང་པོ་ཙམ་ཡང་མ་ལོན་པར། །སྡིག་པའི་ཚུལ་དང་ཅམ་བུའི་ཟོལ་སྦྱོར་གྱིས། །བདག་ཅག་རྣམས་ནི་ནོར་དང་བྲལ་བྱས་ཏེ། །ཆགས་མེད་སྤྲང་པོའི་ལམ་ལ་བཅུག་པར་གྱུར།
།དེ་དག་གི་སྐབས་སུ། བདག་རྣམས་ལ་ནི་གོས་གྱོན་པའི་གོས་ཕྲོགས། ལ་ལ་ནི་མགོའི་ཞྭ་དབྲལ། ཕལ་གྱི་རྐང་ཟོན་དག་དང་བྲལ་བར་བྱས་སོ།
།དེའི་སྐབས་སུ་སེམས་ཆུང་ཞིང་ཤེས་པའི་མདངས་ཞན་པ་ཕལ་ཆེར་ནི། རྩོལ་མེད་འཆི་མའི་ཆུ་རྒྱུན་གདོང་མ་འབེབས་ཅིང་ངུར་མོའི་སྒྲ་སྐད་འབྱིན། །འགའ་ཞིག་ནི་འོར་ཆེའི་ལམ་ནས་འདྲེན་བྱེད་ལག་པའི་པད་མོར་སྦྱོར་བར་བྱེད་པའི་འཁྲུལ་སྣང་ཟ་ཟི་གཅིག་ལ་ཉི་དྲོས་ཙམ་ནས་བཟུང་སྟེ། ཚ་བ་འཆི་འཆིའི་བར་དུ་སོང་ངོ་།
།དེར་ལེགས་པར་བལྟས་པས་ཁ་སང་གི་གནས་ལུགས་ལས་ཕྱིར་གཞོལ་སྟེ། སྙིང་པོ་མེད་པ་ཆུའི་སྦུ་བ་ལྟ་བུའི་ལོངས་སྤྱོད་ཀྱི་དངོས་པོ་དེ་དག་ནི་རྒྱུ་འབྲས་ལ་བལྟ་བར་བྱེད་པའི་མིག་དང་བྲལ་བའི་འབྲོག་པས་ཆེས་བླུན་པོའི་ཆ་ལུགས་དང་སྐད་ཀྱི་བརྗོད་ཚུལ་ཅན་ཤས་དག་ཏུ་གྱུར་པ་དེ་དག་གིས་བདག་གིར་བྱས་ནས། བདག་ཅག་བདག་པོ་རྣམས་ནི་དེ་ལ་བཀྲུ་བའི་སློང་མོ་བ་ལྟ་བུའི་གནས་སྐབས་དེ། དེང་སང་གི་དྲན་ཡུལ་དུ་བག་ཙམ་བྱུང་ན་ཡང་། སྐད་ཅིག་དང་པོ་ལ་བློ་ལ་མི་བཟོད་པའི་གདངས་དང་། ཤིན་ཏུ་སྐྱོ་བའི་རྣམ་འགྱུར་ཅིག་འབྱུང་གི་འདུག་ན། །དེའི་དུས་སུ་ནི་བདག་དེ་གོང་ཕ་མ་གཅེས་ཕྲུག་གྲྭ་མ་ཆག་ཟུར་མ་ཉམས་པ་བྱས། ལོ་ཡང་གཞོན་ནུ་སྔར་སྡུག་ཆེན་པོའི་ཁུར་ཆེན་པོ་ཁུར་མ་མྱོང་བའི་ཤུགས་དང་བསྟུན་སེམས་སྐྱོ་བ་ལ་བཟོད་བླགས་རང་མ་བྱུང་ངོ༌།
།དེར་ཆོས་འཇིག་རྟེན། །ཐ་ན་ནོར་ཙམ་གྱི་བླང་དོར་མི་ཤེས་པ་དེ་རྣམས་ཀྱིས། ཙན་དན་ལ་སོགས་པའི་ཤིང་རྣམས་མེ་ལ་བསྲེགས། གུ་གུལ་སོགས་དང་པོར་ཁོང་རང་གི་ཡུལ་གྱི་བུ་རམ་ནག་པོ་དེར་བཟུང་ནས་ཟོས་པས། རོ་ཁ་བར་གྱུར་པ་དང་། ཕྱིར་འཕངས་ཏེ། ཏིམ་བི་སྔོ་དམར་དེ་ལ་ནོར་གྱི་སྙིང་པོར་ཞེན་ནས་སྙིང་ལ་གཅེར། ངེད་རྣམས་ལ་ཁྱེད་གཞོན་པ་ཆོས་སློབ་ཏུ་འགྲོ་བ་དགའ་ཚད་ཡིན། ངེད་རང་རྣམས་ནོར་འདོད་པའི་མིག་ཉིད་ལ་གདུང་པ་རང་ཡང་མིན། ཡི་གེ་འདི་རྣམས་ལ་ལྟོས་ཟེར་རང་ཡུལ་ནས་བྱུང་བའི་ཡི་གེ་སྤར་མི་ཐག་པ་བསྟན་ནས། ད་ཁྱེད་རང་ལ་ཡང་ཟློགས་ཡང་ངག་ཅིག་ཀྱང་ཡོང་བ་བྱེད། ངེད་ལ་ཡང་མཐུན་ནན་གཏན་མི་བྱེད་པའི་མནའ་ཡང་སྟེར་དགོས་ཟེར་བྱུང་བས། ཁོང་རྣམས་བདེན་པར་འདུག་སྙམ་པ་ལས། ཞེ་སྡང་གི་བློ་མ་སྐྱེས་སོ། །ཁྱད་པར་ང་ལ་བལྟས་ནས་འདི་འདྲའི་ཆུང་བ་ལ་གཏོང་ཕོད་པའི་ཨ་མ་ཅི་འདྲ་ཅིག་ཡོད་ཟེར་ནས་རྩི་བར་བྱས་སོ།
།ཨེ་མ་འཁོར་བའི་ཆོས་ལ་བསམ་པ་ན། །གང་སྣང་ཅི་བྱས་སྐྱོ་བ་ཁོ་ནའི་གྲོགས། །ཁྲེལ་མེད་རྣམ་ཐར་འདི་འདྲ་བཤད་ཙམ་ན། །ཁྲེལ་ལྡན་མང་པོའི་མིག་ནས་འཆི་མ་འབྱིན། །ཟང་ཟིང་ནོར་ནི་ནམ་མཁའ་འཇའ་དང་འདྲ། །སྐད་ཅིག་མི་རྟག་ཡུད་ཙམ་ཉིད་ལ་ཡལ། །ནོར་འདི་བུད་མེད་ངན་དང་ཡུར་བའི་ཆུ། །གང་ཡིས་དྲངས་པའི་ཕྱོགས་སུ་རྒྱུག །ལེགས་པར་བསམ་ན་འགྲོ་བ་མི་ཉིད་ལས། །བསམ་ངན་སྦྱོར་རྩུབ་ཁྲེལ་གཞུང་ཆུང་བ་སུ། །རྟ་བོང་དྲིའུ་ཁྱི་སོགས་སྔར་འདྲིས་པའི། །སྤྱོད་ཚུལ་མ་ཉམས་བདག་པོ་ཉིད་ལ་འཁྲིད། །མི་ནི་མི་ཡི་འཚང་འབྲུ་མི་ལ་འགོད། །དཔོན་དང་སྲང་ཁའི་རྩ་གཉིས་མཉམ་པོར་འཛིན། །འཁོར་བ་འདི་འདྲ་ལགས་པས་ཞེན་པ་སྐྱུངས། །མཁོ་དགུ་རྒྱབ་ཏུ་གྲིམ་ལ་ཆོས་ལ་གཤེགས། །རི་ཁྲོད་དབེན་པ་བསྟེན་ལ་ཆིག་ཚུགས་བཟུང་། །གང་བྱུང་རྒྱུན་དུ་ཁྱེར་ལ་བློ་སྣ་བཏུངས། །འཇིག་རྟེན་དག་ན་ཕུན་ཚོགས་ཇི་སྙེད་པ། །དེ་སྙེད་ལས་དང་སྡུག་བསྔལ་ཇི་སྙེད་མྱོང་། །ལྟོས་པ་བཏང་ནས་ཐར་ལམ་བསྒྲུབ་པ་ལ། །མ་ཆགས་བློ་འདི་གཉེན་པོ་ཀུན་གྱི་མཆོག
།དེ་ནས་བོ་དོང་ཐམས་ཅད་མཁྱེན་པའི་བཞུགས་གནས། དབེན་གནས་དཔལ་མོ་ཆོས་སྡིངས་སུ་ཕྱིན་པས།འཇམ་རྡོར་གྱི་སྐུ་ཐུགས་ཀ་ན་དྲོད་བཞུགས་པ་དང་། གཟིམས་ཆུང་དཔལ་འཛོམ་ན་བཞུགས་པའི་ཐུགས་དམ་ལྷ་ལྔ་སོགས་རྟེན་མཐའ་དག་དང་མཇལ་ཞིང་། ཁྱད་པར་བསྒྲུབ་སྡེ་ལ་སྐོར་བ་ལ་ཕྱིན་པས། བསྒྲུབ་པ་འགའ་རེའི་སྒོ་གོང་ལ་ཡི་གེ་བྲིས་ནས། ཡ་ཐོད་འདིའི་འོག་ཏུ་བུག་སྒོ་འདི་ལ་མི་འདའ་བའི་སྤོང་པོ་བླ་མ་དཀོན་མཆོག་བཞུགས་ཟེར་བ་རེ་བཏབ། ཤོས་འདྲེན་པའི་བུགས་པ་མཐོ་གང་གྲུ་བཞི་པ་རེ་མ་གཏོགས། འདག་སྦྱར་ལ་གཟུགས་པ་མཐོང་བས་དད་པ་བསམ་གྱིས་མི་ཁྱབ་པ་སྐྱེས། བདག་རང་ཡང་མ་འོངས་པ་ན་འདི་ལྟར་རྩེ་གཅིག་ཏུ་བསྒྲུབ་པ་བྱེད་པའི་དུས་གཅིག་ནམ་ཡོང་ན་སྙམ་པའི་བློ་ཁ་ཙམ་མིན་པ་སྙིང་ཁོང་རུས་པའི་གཏིང་ནས་སྐྱེས་སོ།
།སྒྲིབ་མེད་གཟིགས་པའི་སྤྱན་ལྡན་མཐའ་ཡས་པས། །ལྟོག་གྱུར་ཆོས་རྣམས་མ་འདྲེས་ལེགས་པར་མཁྱེན། །ཐོས་ཆུང་དབེན་པའི་ཁང་བུར་བག་མེད་ཀྱི། །ལོག་སྤྱོད་རྒྱལ་བའི་ཐུགས་ལ་མི་འཛེར་ཏམ། །འདུས་བྱས་སྤྱིལ་པོའི་སྒོ་མོ་རབ་བསྡམས་ཀྱང་། །གནས་ལུགས་འགྱུ་བའི་འཕྲང་ཅིག་མ་ཁེགས་ན། །ཕྱི་རོལ་སྒོ་བརྩིགས་མཛེས་མཛེས་མིག་གི་རྒྱན། །ནང་དོན་སྒོ་གཅོད་ཁེ་བོའི་སྙིང་གཏམ་ཡིན། །འགྲོ་དོན་དགོངས་པའི་རྒྱལ་སྲས་གྲོང་འདབས་བརྟེན། །ཉན་རང་དམན་པ་གཅིག་པར་ཞི་བདེ་སྐྱོང་། །དོན་འདི་སྙིང་ལ་བཞག་ནས་ཁེངས་པ་ཡི། །འཛིན་བཏང་བཤིག་པ་གཅེས་པའི་བསླབ་བྱ་ཡིན།
།དེ་ནས་མི་ལ་བཞད་པ་རྡོ་རྗེས་ཞབས་ཀྱིས་བཅགས་པའི་གནས་དཔལ་བེར་རྩེ་འདོད་ཡོན་རྫོང་གི་མདུན་ལ་བདར་ནས། མཁྱེན་མཚོ་གད་རྫོང་དཀར་པོར་སླེབ་སྟེ། དེར་ཞག་འགའ་ཟུང་ཅིག་བསྡད། དེ་ནས་རིམ་གྱིས་ལ་སྟོད་དིང་རི་གླང་འཁོར་དམ་པ་རྒྱ་གར་གྱིས་བྱིན་གྱིས་བརླབས་པའི་བསྒྲུབ་གནས་ཁྱད་པར་ཅན་གྱི་འཕྲང་ལ་བརྒྱུད་དེ་སླར་ཡང་མི་ལ་བཞད་པ་རྡོ་རྗེས་ཐུགས་སྲས་དར་མ་དབང་ཕྱུག་རྗེས་སུ་བཟུང་བའི་གནས་ཆུ་མིག་དངུལ་འབུམ་མར་གནས་འབྲེལ་མཚོན་ཕྱིར་ནུབ་གཅིག་ཞག་ས་བཏབ་ནས་བསྡད་ཅིང་། དེར་ཡང་མགྲོན་པོ་ལམ་ཞུགས་ཀྱི་དཔེས་མྱུར་བར་བགྲོད་ནས། བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་ས་སྐྱའི་གནས་སུ་ཉེ་བར་བསྟེན་ཏེ། དེ་ན་བཞུགས་པའི་རྟེན་ཁྱད་པར་ཅན་རྣམས་ལ་ཕྱག་མཆོད་སྨོན་ལམ་བཏབ་པ་སོགས་མང་དུ་བྱས། དེ་དུས་སྒོ་རུམ་གྱི་རྡོ་རྗེ་ནག་པོ་ཆེན་པོ་གྷོ་ལི་མ་ཧཱ་ཀ་ལ་ནག་པོ་འགྲོ་ཤེས་སུ་གྲགས་པ་དེ་ལན་གཉིས་གསུམ་བར་དུ་མཇལ་བས། ལན་རེ་ལ་མཐོང་སྣང་མི་འདྲ་བ་རེ་རེ་བྱུང་། དེ་ནས་མར་ངོའི་ཚེས་བརྒྱད་ཅིག་ལ་ཁ་འུའི་བྲག་རྫོང་དུ་ཕྱིན། རྩ་བའི་བླ་མ་རིན་ཆེན་རྣམ་བཞི་ཡ་གྱལ་དུ་གྱུར་པ་དཔལ་སྟོབས་ཀྱི་མགོན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་ལ། དཔལ་མགོན་ཐིམ་པའི་བྲག་སྒོ་དེའི་ནང་དུ་ཞིང་སྐྱོང་འཁོར་དང་བཅས་པའི་རྗེས་གནང་ཅིག་ཐོབ་པས་ཤེས་པ་འདི་ཡ་ང་ཞིང་སྐྱི་ཟ་ལ། སིལ་བ་ཚལ་སོགས་ཆོས་སྐྱོང་གི་གནས་ཁྱད་པར་ཅན་རྣམས་ནས་དངོས་སུ་ལིང་ལིང་བྱོན་པའི་སྣང་བ་ཡེ་ཤེས་ཕབ་པའི་རིང་ལ་བྱུང་། དེ་ནུབ་ཀྱང་གནས་འབྲེལ་མཚོན་པའི་ཕྱིར་དུ་དེར་ཉལ་ལོ།
དེ་ནས་སླར་ཡང་དཔལ་ས་སྐྱར་ཕྱིན་ཏེ། བླ་བྲང་གུ་ར་ན་བཞུགས་པའི་མཁའ་འགྲོ་མ་རྣམས་ཀྱིས་དྲིལ་ཐགས་སུ་བསྒྲུབས་པའི་འཁོར་ལོ་བདེ་མཆོག་གི་ཐགས་སྐུ་ཁྱད་པར་ཅན་དང་། བླ་མ་གནམ་ཁའུ་པས་ཞལ་གཟིགས་དུས། ཤང་མཚལ་གྱིས་བྲིས་པའི་དཔལ་མགོན་ཞལ་བཞི་ཡོངས་རྫོགས་ཀྱི་བྲིས་སྐུ། རྒྱལ་པོ་འོད་ཟེར་གོ་ཆའི་གདུང་རུས་ལས་བསྒྲུབ་པའི་རྒྱན་དྲུག །བྲམ་ཟེ་སྐྱེ་བ་བདུན་པའི་ཐོད་པ་མཚན་ལྡན་བླ་མ་དེ་ནས་ཡོངས་སུ་བལྟམས་པ་ལ། བླ་མ་ཆེན་པོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བསྒྲུབས་པའི་བདུད་རྩི་རིལ་བུས་ལེགས་པར་བརླན་ཏེ། དེའང་དབུས་ན་དར་ཟབ་ཀྱི་རྡོ་ལི་ཆེན་པོ་ཅིག་གི་སྟེངས་སུ་དཔལ་འཁོར་ལོ་བདེ་མཆོག་གི་ཐང་སྐུ་དེ་བཞུགས་སུ་གསོལ་བའི་རི་མོའི་ཆ་ཤས་རེ་རེ་ལ་བལྟས་ཀྱང་ངོམ་པར་གྱུར་པ་ཅུང་ཟད་ཙམ་ཡང་མི་སྣང་ཞིང་། གོང་དུ་སྨོས་པའི་རྒྱལ་པོའི་འོད་ཟེར་གོ་ཆའི་གདུང་རུས་ལས་བསྒྲུབས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་རང་བཞིན་ཅན་རིང་བསྲེལ་གྱི་གང་བུར་གྱུར་པ་དེས་ནི། བདག་ཅག་སོ་སོའི་ལུས་ལ་རིམ་གྱིས་བརྒྱན། ཀ་པ་ལ་མཚན་ལྡན་བདུད་རྩིས་གཏམས་པ་དེ། ལྷ་ལྕམ་མཛེས་མས་ལག་བདེ་བ་བྱས། ཧུབ་སྐོར་དུ་འཐུང་བའི་དུས་དེ་ཙམ་ན། ད་ལྟའི་སྣང་བ་ཨ་མཐས་པོ་དབྱིངས་སུ་དག་ནས། སྨྲ་བརྗོད་དང་བྲལ་བའི་ཉམས་ཁྱད་པར་ཅན་ཨེན་ཙམ་ཅིག་རྒྱུད་ལ་སྐྱེས་པ་ནི་འདི་ལྟ་སྟེ།
ཨ་ཧོ་ས་ལ་སྤྱོད་པའི་འོག་མིན་གྱི། །ཞིང་ཁམས་གནས་མཆོག་དཔལ་ལྡན་ས་སྐྱའི་དན། །དཔའ་བོ་མཁའ་འགྲོའི་མདུན་ས་ཉམས་དགའ་དེར། །རྣལ་འབྱོར་ང་ལ་གཏད་མེད་ཉམས་འདི་ཤར། །བཀོད་ལེགས་ཡིད་འོངས་ལྷ་ཡི་གཞལ་ཡས་ཀྱི། །དབུས་ན་ཟ་འོག་དར་གྱི་གུར་འཁྱམས་ཕུབ། །ལྟ་བས་མི་ངོམས་བདེ་སྟོང་ལྷ་ཡི་སྐུ། །དྲུག་ཅུ་རྩ་གཉིས་མ་འདྲེས་སོ་སོར་གསལ། །རབ་དཀར་མུ་ཏིག་ཆུན་པོའི་མདངས་འཕྲོག་པའི། །ལུས་རྒྱན་བཏུང་བའི་སྣོད་སོགས་དཔལ་གྱིས་ཆས། །སྣ་ཚོགས་སྒྱུ་མའི་ངོ་མཚར་རོལ་རྩེད་མཁན། །སྔོན་མེད་ཡིད་ཀྱི་གར་མཁན་གནས་དེར་བྱོན། །དཔལ་ཆེན་ཁྲོ་བོ་གད་རྒྱངས་ཁྲལ་མ་ཁྲོལ། །ཤེས་རབ་དཔའ་མོའི་འཛུམ་དཀར་ཤག་མ་ཤིག །ཐ་མལ་སྣང་བའི་ཚོགས་ནི་བན་མ་བུན། །རང་འབྱུང་འགག་མེད་རྩོལ་ཅིག་འར་མ་འུར། ཅེས་སོ།
།གཞན་ཡང་ལྷ་ཁང་ཆེན་མོ་ན་བཞུགས་པའི་རྗེ་ས་ཆེན་གྱི་ཡིན་ཐང་ཁྱད་པར་ཅན་དང་། འཕན་ནག་ཏུ་གྲགས་པའི་གོས་ཐང་ལས་སྟོན་པའི་སྐུ་མི་ཁུར་བཅོ་བརྒྱད་དང་། ཙན་དན་དཀར་པོའི་གྷནྡྷོ་ལ་ན་བཞུགས་པའི་གསེར་ག་ར་ལུགས་ལ་བསྒྲུབས་པའི་སྟོན་པའི་སྐུ་འཁྱུད་གང་པ། དངུལ་ལས་བསྒྲུབས་པའི་བྱང་སེམས་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ན་བཟའི་གོང་བར་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ཚུར་བྱོན་པ་དང་། སངས་རྒྱས་ཀྱི་འཕེལ་གདུང་སོགས་ངོ་མཚར་བའི་རྟེན་དུ་མ་སོགས་ས་སྐྱ་དན་གྱི་རྟེན་མཇལ་ཞིབ་རྒྱས་བྱེད་པ་ལ་ཟླ་བ་བྱེད་ཙམ་ཅིག་བསྡད། དེ་ནས་སེང་གེ་རྩེར་ཕྱིན་པས། དབུས་གཙང་བདག་པོ་སྒྲོལ་མར་རབ་བརྟན་པས་ཀྱང་། བདག་ཅག་རྣམས་ལ་ཐུགས་བརྩེ་བ་ཚད་མེད་དང་། ཁྱེད་ཅག་རྣམས་ལམ་དུ་ལ་སྟོད་སྨན་ཁབ་པས་བརྡུངས་ཟེར་བ་ཐོས། འདི་འདྲའི་རིགས་ཀྱི་མི་ངན་འདི་རྣམས་ལ། ངེད་དབུས་གཙང་པའི་སྡེ་བདག་ཆེན་པོ་ཀུན་གྱིས་ཀྱང་དྲག་པོའི་བརྡ་སྤྲོད་གོ་ངེས་བྱེད་དགོས་པའི་བཤིས་ཡིན་ཞིང་། སྤྱིར་ཁྱད་མངའ་རས་པ་འདི་ས་ཐག་རིང་ནས་བསྙགས་ནས་སྤྲིན་དཀར་པོ་ལ་ཚད་བཙུགས། གངས་དཀར་པོ་ལ་སྣ་གཏང་ནས་སློབ་གཉེར་ལ་ཡོངས་པ་འདི། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བསམ་ནས་ཡིན་པས་བསྟན་པའི་སྦྱིན་བདག་ཀུན་གྱིས་ཀྱང་གྲོགས་ལྡན་དུ་འགྱུར་བ་བྱེད་དགོས་པའི་སྐབས་བབ་ཡོད་གསུང་པའི་བཀའ་ལུང་ཡིད་ཡུལ་དུ་འབབ་ངེས་པའི་ཚུལ་ཞིབ་རྒྱས་ནང་པ་ལྷ་བ་བརྒྱུད་ནས་ཕེབས་མཇལ་འཕྲད་སོགས་གང་དོགས་བདེ་བླག་ཏུ་བྱུང་བྱུང་ངོ་།
།དེའི་དུས་སུ་ནི། སྡེ་བདག་ཆེན་པོ་སྒྲོལ་མ་རབ་བརྟན་པ་གསེར་ག་མཐོ་གང་གཡུ་དྲུག་དཀར་དྲུག་དམར་གྱིས་ཡོངས་སུ་སྤུད་པའི་གའུ་འཛམ་གླིང་གཡས་བཞག་དེ་ནི་དར་དམར་པོའི་ལུང་བཟང་པོ་ལ་རྒྱུས་ནས་མགུལ་དུ་མཛེས་པར་བརྒྱན། ན་བཟའ་ནང་དམར་མཆིན་གོས་ཕུར་མའི་ཕྱི་ལ། གཟན་དར་ཆག་མ་ངུར་ཁ་གཅིག་གིས་གཡོགས། དབུ་སྐྲ་པ་ལོ་དཔུང་སྟེང་དུ་སླེབ་པ་འདྲའི་འཛུམ་ཤིག་པ་ཅིག་གིས་སྐུ་སྟོད་ཁེབས་པར་བྱས། སྙན་ཤལ་སོག་རྣ་བཞིན་རས་ཀྱི་མདངས་འཕྲོག་པ་ཅིག་ནི་ཕར་གཡོ་ཚུར་གཡོ། གཞོན་པ་ལྷ་ཕྲུག་འདྲ་བ་གཅིག་ལས་གཅིག་ཡིད་དུ་འོང་བདུ་མ་ནི། ཞབས་འབྲིང་གི་ཚུལ་དུ་འཁོད། དཔོན་རྣམ་པ་ཁྱོད་ལས་ལྷག་སྙམ་པའི་མངོན་པའི་ང་རྒྱལ་མང་པོས་མཐའ་སྐོར་ནས་བཞུགས་འདུག་པ་ལས། རིང་པོར་མ་ལོན་པར་མི་རྟག་པའི་ཚུལ་སྟོན་པའི། །སྔོ་སྐྱ་བ་མོའི་སད་ཀྱིས་བཏབ་པའི་ཚུལ་ཅུང་ཞིག་བརྗོད་ན། ད་ལྟ་མི་རྟག་རྟག་ཕྱིས་མཁན་འགའི་ཡིད་ལ་ངེས་འབྱུང་སྐད་ཅིག་མ་གཅིག་ཀྱང་སྐྱེས་ན་ཅི་མ་རུང་སྙམ་པས་བརྗོད་པ་ནི།
།གང་ལ་སྐྱབས་ན་སླུ་མེད་དཀོན་མཆོག་གསུམ། །འགྲོ་དྲུག་ལམ་སྣ་བསླུ་མེད་ཆོས་ལ་དྲོངས། །ལྟར་སྣང་བློ་ཁྲིད་ཚེ་འདིའི་འཁྲུལ་སྣང་ལ། །བསླུ་བྱེད་སེམས་འདི་ཁུགས་པར་བྱིན་གྱིས་རློབས། །ཀྱེ་མ་སྣ་ཚོགས་ལས་ཀྱི་ཚོགས་ཁང་ན། །མི་རྟག་འགྱུར་བའི་རྟ་མཆོག་བང་འགྲོས་ལྡན། །མི་ཤེས་ཟོང་གིས་ཉེས་པས་ཡིད་སྐྱོ་བའི། །ཁང་རུལ་མྱ་ངན་གནས་ཀྱི་སྒོ་ནས་འདུག །ཉེར་འབྲེལ་རྩ་ནས་ལངས་པའི་རླུང་དམར་འདིས། །བདེ་སྐྱིད་ཕྱོགས་མཐར་བསྐྱོད་པའི་སྣ་འདྲེན་བྱེད། །རེ་སའི་གནས་ནས་བསླུས་པའི་མགོ་སྐོར་འདིས། །སྔ་སྲོལ་རྣམ་དག་བཟང་པོའི་རི་མོ་ནུབ། །གླེན་པར་རང་རྒྱགས་ཁྱེར་བའི་ང་རྒྱལ་གྱིས། །བཙན་པོ་དྲེགས་པའི་སྙིང་ལ་ཁོང་སྲན་འཇུག །མི་ཤེས་བྱ་བ་ཕྲ་མོ་ཙམ་གྱིས་ཀྱང་། །འབྲས་བུ་སྡུག་བསྔལ་མི་བཟད་བསྐྱེད་པའི་རྒྱུ། །ཕུང་མོ་ཁ་དོག་ལེགས་པའི་སྒེག་འཆོར་འདིས། །མངའ་ཐང་ཕུང་ལ་བྱུགས་པའི་ངོས་རྒྱུ་བྱེད། །ཁ་ཡན་རང་དགར་ཤོར་བའི་བཅོས་ལོག་འདིས། །ཞེན་ཅན་ཀུན་གྱི་ཞེན་ལོག་སྐྱུག་སྨན་སྦྱོར། །དམངས་མ་མཐོན་པོར་འདེགས་པའི་ཟོལ་འགྲོགས་འདིས། །འཇིགས་རུང་གཡང་སར་སྐྱེལ་བའི་འདུན་གྲོས་བྱེད། རང་གཡོག་ཡིད་ཆད་འཇུག་པའི་ཁྲེལ་མེད་འདིས། །རང་ཉིད་དཔོན་ལ་འབབ་པའི་རྒྱུན་རྐྱེན་སྒྲིབ། །ཡུད་ཙམ་བདེ་ལ་ཆགས་པའི་བློ་ཆུང་འདིས། །བརྟན་བདེ་མཐའ་ལ་འབུད་པའི་གྲོས་ཉེས་བྱེད། །བརྟགས་དཔྱད་གང་ལའང་མེད་པའི་བསྙོན་ཏོལ་འདིས། །རང་གཞན་ཕུང་དུ་འཇུག་པའི་དོར་ཀུན་བྱེད། །མདོར་ན་མི་ངན་ངན་སྤྱོད་སྐྱོང་བ་འདིས། །འཇིག་རྟེན་གཞུང་ལུགས་བཤིག་པའི་སྟེ་པོ་བྱེད། །རང་ལ་རྒྱགས་པའི་བྱ་ངན་སྣ་ཚོགས་ཀྱིས། །རང་ཉིད་ཕུང་སྒྱུར་ཟུང་ལ་བག་ཡོད་བསྟེན། །འཛམ་བུ་གླིང་པ་དུས་མིན་འཆི་འགྱུར་ཞིང་། །ངེས་པ་ཅན་ཡང་ཟད་པར་འགྱུར་ཡིན་ན། །ཡང་ནས་ཡང་དུ་འཆི་བར་ངེས་སོ་ཞེས། །བསམ་པར་རིགས་སོ་ཀ་ཡེ་བཞིན་བཟང་དག
།དེ་ནས་གོང་གི་འཕྲོས་བཞིན་དུ་རིམ་གྱིས་ཐོག་མར་ཐུབ་བསྟན་གསེར་མདོག་ཅན་དུ་ཕྱིན། རྩ་བའི་བླ་མ་པཎ་ཆེན་རྣམ་གཉིས་ཀྱི་ཡ་གྱལ་དུ་གྱུར་པ། ལུང་རིགས་ཀྱི་མངའ་བདག་དོན་ཡོད་གྲུབ་པ་དང་མཇལ་ཞིང་། དེར་ཟླ་བ་འགའ་གཅིག་བསྡད་ནས། ཐུན་མོང་བའི་ཟིན་ཐུན་དང་། བསྡུས་སྦྱོར་སྟོང་ཁ་ཡར་སོང་བའི་སྐབས་སུ། ཨ་ཇོ་ཨའུ་ལ་འབྲུམ་པའི་ནད་ཀྱིས་བཏབ་པས། ངེད་སྡུག་སྤུན་གཉིས་ཀྱིས་སོན་བྲལ་བྱས་ནས། ངས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕྱིན་ནས། དེའི་དུས་སུ་དྲུག་པ་རྡོ་རྗེ་འཆང་གི་མི་འཇིགས་སེང་གེའི་ཁྲི་ལ། རྩ་བའི་བླ་མ་རིན་ཆེན་རྣམ་བཞིའི་ཡ་གྱལ་དུ་གྱུར་པ་ངོར་ཆེན་རྡོ་རྗེ་འཆང་ལྷ་མཆོག་སེང་གེ་པ་བཞུགས་པའི་དུས་སུ་སླེབས། བདག་གིས་ཡང་ཆོས་འབྲེལ་གྱི་ཐོག་མར་བསྲུངས་ལ་རྗེས་སུ་བསྔགས་པའི་སྣ་ཚོགས་ཡུམ་གྱི་བསྒོམ་ལུང་དང་། གཞར་ཡང་གདམས་པའི་གནད་ཕྲ་མོ་བདག་རེ་བཞུས་ཤིང་། གཙོ་བོར་སྣ་ཚོགས་ཡུམ་གྱི་བསྙེན་པ་གཅིག་དང་། ཁྱད་པར་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་གསོལ་བ་བརྩེ་གཅིག་ཏུ་བཏབ་པས། རྨི་ལམ་དུ་མཇལ་བའི་སྣང་བ་བྱུང་ཞིང་། ཕྱག་གཉིས་བདག་གི་སྤྱི་བོར་བཞག་ནས།འབྲུམ་པ་མི་ཡོང་གསུངས་ནས་ལུང་བསྟན་ཅིང་དབུགས་དབྱུང་བར་མཛད་དོ།
།མི་བཟད་ནད་ཀྱིས་ཉེན་ནས་རྩེ་གཅིག་ཏུ། །གསོལ་བ་བཏབ་པས་ལུང་བསྟན་དབུགས་དབྱུང་མཛད། །ད་དུང་སྐྱབས་མགོན་གཞན་ན་མ་མཆིས་པས། །ཐུགས་རྗེས་ཟུང་དང་རྗེ་བཙུན་བཟང་པོའི་མཚན།
།དེ་ནས་དབྱུག་པ་ཟླ་བའི་ཡར་ངོའི་ཚེས་བཅུ་བཞིའི་ཉིན། ས་མཆོད་ཀྱི་སྟེང་དུ་བདག་གིས་ཨེ་ཝཾ་དུ་སླེབ་པའི་ཚེས་གྲངས་བཅུ་བདུན་ལ། ཨ་ཇོ་ཨའུ་པ་སྐུ་ཚེའི་འདུ་བྱེད་བཏང་པ་ཡིན་ཚོད་དུ་འདུག་ཅིང་། དེ་དང་དུས་མཉམ་དུ་དཔལ་བརྩེ་བ་ཆེན་པོ་ཀུན་དགའམཆོག་གྲུབ་པའི་རྣལ་ལམ་གྱི་ཚུལ་གྱི་ལེགས་པར་དགོངས་ནས་ས་སྐྱ་པ་བཟོད་པ་སོགས་ཞབས་འབྲིང་པ་ཀུན་ལ་ལེགས་པ་བཀའ་བསྩལ་ཏོ། །གཞན་ཡང་འབྲུམ་པས་བདག་དང་ཡུལ་ནས་མཉམ་དུ་ཕྱིན་པའི་གྲྭ་པ་འགའ་ཞིག་ཀྱང་གྲོན། བདག་པ་རྣམས་ལ་ཨེ་ཝཾ་ན་ཡང་འབྲུམ་པའི་ནད་སྡུག་པོ་རང་འདུག་སྟེ་མ་བྱུང་། དེ་ནས་ནི་རྒྱལ་བྲག་དམར་བ་ཀུན་དགའ་ཚེ་འཕེལ་བའི་བཞུགས་ནས། ཡང་དགོན་རྩེའི་མཐའ་ཙར་སླར་ཡང་གྲོས་ཕྱིན་ནོ།
།ཚེ་འདིའི་སྤུན་དང་དམ་པ་ཆོས་ཀྱི་སྤུན། །ཕ་ཇོའི་ཕོ་རྒོད་མཁའ་དབྱིངས་ཀློང་དུ་གཤེགས། །མགོན་མེད་གྱི་ནར་འཁྱམས་པའི་ཡིད་སྐྱོ་བ། །མི་ཡུལ་སྐྱ་མོའི་གནས་སུ་བོར་བར་གྱུར། །འཇིག་རྟེན་ལས་ཀྱི་བསྡུས་པའི་སྡུག་སྤུན་གཉིས། །གནས་སྐབས་བྱེད་པས་ལུང་པའི་ཆུ་བཞིན་གྱིས། །འཇིག་རྟེན་འདི་དང་ཕྱི་མས་བར་དུ་སྐལ། །ཡུད་ཙམ་ཅིག་ཀྱང་འཕྲད་པའི་སྐལ་བས་དབེན། །ད་ལྟ་ཡོད་དུས་དགའ་བར་མི་འཛིན་པར། །ཤི་ཚེ་འགྱོད་དལ་བྱེད་པ་ཕལ་པའི་ལུགས། །ཨ་ཇོ་ཆོས་ཕྱིར་གཤེགས་ལ་ཆ་ཐད་པ། །བདག་འདྲས་མྱ་ངན་བྱ་བའི་གོ་སྐབས་ཅི། །ཐོག་མེད་དག་ནས་ཁམས་གསུམ་འཁོར་བ་འདིར། །རེས་འགའ་ཞེ་སྡང་རེས་འགའ་འདོད་ཆགས་སོགས། །ཉོན་མོང་དོན་དུ་སྲོག་ནི་སོང་བ་ལས། །ཆོས་ཕྱིར་སྲོག་ནི་སོང་བ་རེ་རེ་ཙམ། །འཁོར་བམཐའ་མེད་འཇིགས་པའི་བཙོན་ར་འདིར། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྒྱུན་མི་འཆད། །འཆི་བ་བས་ཀྱང་སྐྱེ་བ་ལྷག་པར་འཇིགས། །སྐྱེ་བ་འདི་ནི་ལས་ཀྱི་རྗེས་སུ་འབྲེང་། །བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ཡོང་ངེས་ཤེས་པ་འདི་ནི་འཆི་བ་ཡིན། །གང་ལྟར་བྱས་ཀྱང་འཆི་བ་འབབ་པ་ལས། །དམ་པའི་ཆོས་ཕྱིར་ཤི་ན་ཤི་གོ་ཆོད། །སྙམ་པའི་རང་བློ་འགྱུར་མེད་རྒྱུན་ཆགས་པ། །ཁ་ཙམ་མ་ཡིན་སྙིང་ཁོང་རུས་པའི་གཏིང་། །བ་སྤུའི་ཁུང་བུ་ན་ཡང་དྲན་པ་ན། །མི་རྟག་འཆི་བ་དྲན་པ་གོར་མ་ཆགས། །ད་ནི་གངས་ཁྲོད་རི་སུལ་ནགས་འདབས་ཀྱི། །མི་ཁྱིས་དབེན་པའི་གནས་སུ་འཆི་བ་སྙོགས། །འཆི་བ་མི་ཡིས་མ་ཚོར་བྱ་བཏང་གི །སྨོན་པའི་གནས་དེ་བདག་གིས་འགྲུབ་པར་ཤོག
།དེ་ནས་གནས་ཡང་དགོན་རྩེའི་ཡང་དབེན་དུ་འབྲུམ་པ་ལ་འཛེམ་སྟབས་ཀྱི་སྔ་པོར་ཟླ་བ་བརྒྱད། རྟིང་པོར་ཟླ་བ་བཞི་ལོ་གཅིག་བསྡད་པ་ལས། ལྷོ་ན་སེར་སྡིངས་ཀྱི་སྤང་རི་དེ་ནི་མདུན་ན་ཚུར་ལ་ཕུལ་བ་བཞིན་དུ་བྱས་པའི་སྐྱོ་སངས་ལ་ཕྱིན་བལྟས་ཙ་ན། ཚོང་འདུས་འགུར་མོ་ཚུན་གྱི་གཞུང་ཆེན་པོ་དེ་ནི། ལག་མཐིལ་གྱི་སྤུ་ཉག་བཞིན་དུ་གསལ་བར་མཐོང་། མདུན་ངོས་ན་མྱང་ཆབ་ཀྱི་གཙང་པོ་དེ་ནི་ཉིན་མཚན་སྐད་ཅིག་ཀྱང་མི་སྡོད་པར་རང་གནས་རྒྱ་མཚོ་ཆེན་པོའི་ངོགས་སུ་སྙོག །གཡས་ཕྱོགས་ན་རྡོར་གླིང་རྙིང་པའི་ཁང་རོ་དེ་རྣམས་ནི། མི་རྟག་སྐྱོ་ཤས་སྟོན་པའི་ཕུང་ཤུལ་འདྲ་བ་ཅིག་བྱས། དེ་ནས་མཐུར་ལ་ཨེན་ཙམ་ཅིག་ཕྱིན་པ་ན། ད་ལྟའི་རྡོ་རྗེ་གླིང་ཁོ་ནི་བྱ་ཇོ་ལང་ལོང་རྒན་རྒོན་གྱག་གྱོག་མོ་རེང་མ་འདྲ་བ་འགས་བཟུང་ནས། དང་པོ་ཤེད་དགོན་པ་འདིར་བླ་མ་བཟང་པོ་ཅིག་བྱོན་པ་ཡིན་ཟེར་བའི་གཏམ་སྙིང་པ་ཅིག་ལ་ངོ་སོར་བྱེད། གཡོན་ཕྱོགས་ན། ཟང་མཁར་སྤེའུ་ལག་ངར་ཙམ་དེ་ན། ངེད་རང་དང་ཆ་མཚུངས་པའི་ཉི་མ་མ་འཁྱོལ་བའི་རྫོང་བསྲུང་པ་འདྲ་ནི་རྫོང་རྩེ་བ་ལོང་ལོང་ཕྱོགས་ཀུན་ཏུ་བལྟ། ཟླ་ཁོངས་སུའང་འགྲོ་བ་མིར་གྱུར་པ་རེ་རེ་ཙམ་དང་ཡང་མི་འཕྲད་པ་ཙམ་དུ་སྦས་ཤིང་རྒྱ་ལ་རེ་ཙམ་ཕྲད་ན་ཡང་། ངེད་ཅག་སེམས་སྐྱོ་གཏམ་གྱིས་ཕོངས་པས་གཏམ་ཚིག་རེ་བྲིས་ན་ཡང་ལན་མི་མཇལ། ཆ་ལུགས་ལ་བལྟས་ན་འཇིགས་འཇིགས་འདྲ་བ། བཤིས་ལ་བལྟས་ན་གྱོང་གྱོང་འདྲ་བ། འཕྲལ་སྤྱོད་ལ་བལྟས་ན་རྩུབ་རྩུབ་འདྲ་བ། གཏམ་ཚིག་ཙམ་སྨྲ་བ་དེའང་དོན་དང་མ་འགྲེལ་བའི་རྔམ་བག་རྒོད་བག་ཅག་འབའ་ཞིག་ཏུ་ཕྱིན། སྐྲ་རུལ་དེ་ནི་སྤྱི་བོར་བཅིངས་ཐག་ཁྲ་རེ་ནི་ལག་ཏུ་ཁྱེར།རྩཕད་རེ་ནི་ཕྲག་ལ་བཀལ། ཏོག་སྤུ་རེ་ནི་སྐྱེད་ལ་གཟེར། དོར་མ་རེ་དཔྱི་རྗེས་སུ་བྱས་ནས་ཧད་ཧད་འགྲོ་བ་ཤ་སྟག་གི་ངང་ཚུལ་མཐོང་བས་སེམས་ལ་སྐྱོ་བ་བཟོད་བླགས་མེད་པ་བྱུང་ཞིང་། དེའི་དུས་སུ་ན་ཚ་ཤི་ཆད་ཅི་བྱུང་ནའང་གཏམ་ཙམ་རེ་ཡང་ཡུལ་དུ་འཁྱོལ་པའི་སྐབས་ནི་མེད། ཡུལ་གྱི་བྱས་ཚུལ་བྱུང་ཚོར་རེ་ཙམ་གྱི་གཏམ་ཐོས་ཙ་ན་ཡང་། སྙིང་གི་སྐྱོ་བ་བསངས་འགྲོ་སྙམ་བྱེད་པའི་དུས་ཅིག་བྱུང་བ་ཡིན་ནོ་ཨང་གེ།
སྒྱུ་མས་རྨོངས་པའི་འགྲོ་བ་དྲུག་པོ་ལ། །དངོས་འཛིན་འཁྲུལ་པའི་བག་ཆགས་ཨ་མཐས་པ། །ལས་ཀྱི་སྤྲུལ་པའི་མ་དག་སྣང་བ་ལ། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །གང་སྣང་འཁྲུལ་པར་ཤར་བའི་མཁོས་མེད་པོ། །འཁྲུལ་རྟོགས་ཡན་པར་གཏོང་བའི་སྙོམས་ལས་མཁན། །འཁྲུལ་སྣང་ལས་ལ་སྤྱོད་པའི་བདག་ཅག་ལ། །འཁྲུལ་ཟད་བླ་མ་རྣམས་ཀྱིས་ཐུགས་རྗེས་གཟིགས། །ཕོ་བྲང་བསམ་རྩེ་བྱ་བའི་ཤར་ཕྱོགས་ན། །ཡ་དབེན་བླ་མའི་གདན་སའི་རི་ཁྲོད་འདུག །རི་ཁྲོད་དེ་ལས་ལྷོ་ངོས་ཕྱིན་ཙ་ན། །ནགས་རི་གསེར་སྟིངས་མདུན་ནས་བསུས་པ་འདྲ། །སྐྱོ་སངས་རི་དེའི་རྩེ་མོར་བྱས་ཙ་ན། །མདུན་ན་མྱང་ཆབ་གཙང་པོ་གྱ་མ་གྱུ། །མི་རྟག་ངང་ཚུལ་སྟོན་པའི་སློབ་དཔོན་བཞུགས། །ཡིད་སྐྱོའི་སློབ་མས་དེ་ལ་གཏུགས་ཙ་ན། །ཆོས་སུ་མི་རྟག་སྟོན་པའི་སྡོམ་འདི་ཞུས། །རབ་མཐོ་སྟོང་ཉིད་རི་བོའི་རྩེ་ནས་འོངས། །འགག་མེད་སེམས་ཀྱི་རྒྱ་མཚོའི་ཀློང་དུ་བབས། །སྐྱེ་མེད་རང་སྒྲ་སྟོན་པའི་ཅ་ཅོ་ཅན། །འདུས་བྱས་མི་རྟག་དཔེ་རུ་རིང་པར་རྒྱུག །རང་ཡུལ་སྐྱོ་མེད་གནས་ནས་ཉེར་འོངས་པའི། །སྐྱོ་གཏམ་ཕྲིན་དུ་བསྒྱུར་བའི་ཟློས་གར་མཁན། །སྤྲིན་དཀར་མཛེས་པའི་བུ་མོ་སྐྱོ་ལྡན་མ། །ཡིད་སྐྱོའི་མཁའ་ལ་ངེས་པར་འོངས་པར་གྱུར། །རང་ཡུལ་དྲན་པའི་གདུང་ཤུགས་ཡིད་འོངས་མ། །གང་གི་སྙིང་གི་ལམ་དུ་ཞུགས་པའི་ཚེ། །ལུས་སྐྱེས་བ་སྤུའི་ཚོགས་རྣམས་གཡོ་ལྡན་པའི། །ཡིད་ཀྱི་གཞོན་ནུ་འདོད་པའི་མིག་ཆུ་རྒྱས། །དུས་དེར་མ་ཡི་ཞལ་རས་དྲན་པ་ནི། །བརྩེ་སེམས་སྙིང་ལ་ཤར་བས་འབོད་པ་བཞིན། །སྤྲིན་དཀར་དེའང་གཡོ་ལྡིང་ཚུལ་གྱིས་ནི། །རང་གནས་ཡོངས་པའི་ཕྱོགས་དེར་ཉེ་བར་སིམ། །སྔོན་ཆད་རང་ལ་འདྲས་འདྲིས་མེད་པའི་མི། །ཆགས་སྡང་གཉིས་ཀས་དབེན་པའི་སྐྱེ་བོས་ཀྱང་། །བདག་ཅག་སྐྱོ་བའི་ཚུལ་དེ་མཐོང་ཙ་ན། །རྩོལ་མེད་འཆི་མའི་ཆུ་རྒྱུན་ཤམ་ཤམ་ཤམ། །ཁྱོ་བྲལ་ངང་མོ་མཚོ་མཐར་སྒྲ་སྒྲོག་ཅིང་། །གྲོགས་མེད་རི་དྭགས་ཡར་བ་གསོ་བྱེད་དང་། །ཡུག་ས་གྲིབ་མར་ཉལ་བ་ལོ་བརྒྱ་པས། །བདག་ཅག་སེམས་ནི་ལྷག་པར་སྐྱོ་བར་གྱུར། །དམ་པའི་གསུང་གི་བདུད་རྩིས་རྒྱུད་གཏམས་ནས། །དབེན་པའི་རི་ཁྲོད་བསྟེན་པའི་སྐལ་བ་ཅན། །དེ་དག་དོན་ལ་ཕྱིར་གཞོལ་རྟོག་གེ་པ། །མཚན་ནི་མན་པའི་ཆོས་ཀྱིས་རི་མི་ཟིན། །གཞུང་ལུགས་དོན་ལ་ཡོངས་སུ་བྱང་གྱུར་ཀྱང་། །དངོས་འཛིན་དུག་དང་སྦགས་པས་བཟང་པོའི་ཟས། །ཐར་པའི་སྲོག་འཕྲོག་གྱི་ནའི་བསླབ་སྦྱངས་དེས། །བདག་ཅག་ལུས་སེམས་སྡུག་པའི་ཁུར་དུ་མནན། །རྒྱུན་ནད་མེད་པར་ཐལ་ཕྱིར་བུད་གསུམ་གྱིས། །རོ་ཟློས་དབྱངས་སུ་ལེན་པའི་ཁ་དོན་ཅན། །ཐ་སྙད་རྟོག་གེའི་རྗེས་སུ་འབྲེང་བྱེད་པའི། །ཨ་ན་བདག་འདྲའི་ལས་ངན་སྡིག་པོ་ཆེ། །བུ་རུམ་ཤིང་ཐུན་སྙིང་པོ་ཕྱི་ན་མེད། །དགའ་བར་བྱེད་པའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མི་ཡི་བུ་རམ་རོ། །ཞིམ་པོ་རྙེད་པར་གྱུར་པ་མ་ཡིན་ནམ།
།དེ་ནས་སྟོན་ཟླ་གཉིས་པའི་ཚེས་ལ་གཉན་ཡོད་གསེར་མདོག་ཅན་དུ་ཕྱིན། །དེར་སྔར་རང་ཡུལ་ནས་ཡོངས་དུས་ཚད་མ་རྣམ་འགྲེལ་དང་རིགས་གཏེར་གཉིས། འགྲེལ་པ་དོན་གསལ། སྡོམ་གསུམ་རབ་དབྱེ། མངོན་པ་མཛོད། འདུལ་བ་མདོ་རྩའི་ཕྱེད་ཙམ། འབྱེད་རྣམ་གཉིས་རྣམས་བློ་ལ་འཁྲུལ་མེད་དུ་ཡོད་པ། པཎ་ཆེན་དོན་ཡོད་གྲུབ་པའི་དྲུང་དུ། ཕྲག་ནོན་ཕུལ་བས་ཐུགས་ལྷག་པར་མཉེས་ཏེ། གཞུང་ལུགས་འདི་ཙམ་གྱི་ཚིག་ཚོགས་དགེ་བཤེས་ཆེན་པོར་གྲགས་པ་རྣམས་ལའང་དཀའ། ཁྱད་པར་ཟླ་བ་གསུམ་བཞི་ཅིག་གི་བར་ཤར་སྦྱང་ཡེ་མ་བྱས་པ་ལ་ཚིག་འབྲུ་ཕྱེད་ཀྱང་མི་འཁྲུལ་བར་འབྱུང་བ་མི་བརྗེད་པའི་གཟུངས་ཐོབ་པར་འདུག་གསུངས། མཁས་པ་མང་པོའི་དབུས་སུ་བདག་ལ་ཆེ་བསྟོད་མང་དུ་མཛད་ཅིང་། ཁྱེད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་པ་ཅིག་ཡོང་ངེས་པས་སློབ་གཉེར་ལ་འབུང་དགོས། དེ་ཡང་ཚད་མ་འདི་བསྟན་བཅོས་ཀུན་བལྟ་བའི་མིག་ཡིན་པས་དང་པོར་བསླབ་འཚལ་གསུངས་ནས། བདག་གིས་རིགས་གཏེར་དང་འགྲེལ་བའི་དབུས་ནས་བག་ཙམ་གཟུང་། སྡེ་བདུན་དང་བཅས་པའི་དགོངས་འགྲེལ་རྟོག་གེའི་སྙིང་པོ་ཡང་ཕྱེད་ལྷག་པར་ཟིན། གསུང་རྒྱུན་ལ། རྟག་རིགས། བློ་རིགས་གཉིས་ཀ་ཚར་རེ་སོང་བའི་སྐབས་སུ། འབྲུལ་བུའི་སྟབས་ནས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕྱིན་པས། བསྙེན་ཆུང་འདྲ་དང་། ཆོས་ཞུ་བས་གཡེངས། ཁྱད་པར་མཚན་ཉིད་ཀྱི་ཤར་སྦྱང་བྱེད་པ་རོལ། ཁོང་ངོར་པའི་བྱིན་དེ་སྡང་པོ་བྱེད་ཀྱི་འདུག་པས། ཚད་མའི་རང་ཡུལ་དུ་བཟུང་པའི་རྣམ་འགྲེལ་དང་། རིགས་གཏེར་གཉིས་བློ་ལ་ལུས་འདུག །གཞན་རྣམས་ནི་བརྗེད་ནས་ཚིག་ཟུར་སྤྱིས་ཕྱིན་པར་མི་ཐོག་འདུག་པ་དང་། རང་ལ་དབང་བྱུང་ན། ཨ་ཇོ་མཆེད་གྲོགས་ཐམས་ཅད་ཤི་བ་འདིས་དཔེ་མཚོན། འཆི་བ་ལས་མ་འདས་འདུག་པས། བསྒོམ་ཆོས་གཅིག་ཞུས་ནས། ད་ལྟ་གཞོན་དུས་ཀྱི་རྩ་རླུང་མ་ཉམས་པའི་སྐབས་འདིར་བསྒོམ་རང་ཅིག་བྱས། ཚེ་འདི་ལ་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་བྱ་དགོས་སྙམ་པ་བྱུང་བ་ལ། ཡང་དབེན་དུ་སླེབ་ནས་ཟླ་བ་གཉིས་ཙམ་སློབ་གཉེར་ཆེར་མ་བྱུང་བར། བྱ་ཆ་ཆོས་སྤྱོད་འདྲ་དང་འཕྲལ་གྱི་ཉེར་མཁོའི་སན་སུན་འདྲ་ལས།གཞུང་ཆེན་བཞི་ལ་བལྟ་བའི་སྤྲོས་པ་སྐྱུངས་ཡོད་པའི་ཚེ། པཎ་ཆེན་དོན་ཡོད་གྲུབ་པས། སློབ་གཉེར་ལ་འབུང་དགོས་ལུགས། ངེས་འབྱུང་ཕྲན་བུ་བས་གཏན་གྱི་མདུན་མ་སྐྱེལ་བས། སྔར་གྱི་སློབ་གཉེར་གྱི་འཕྲོ་རྣམས་ཀྱིས་གསུངས་ནས། རིགས་གཏེར་རང་འགྲེལ་ཧོར་པར་མ་ཅིག་དང་། རྟོག་གེའི་སྙིང་པོ་ཅིག །ཤངས་སྟོན་རིག་པའི་རལ་གྲིས་མཛད་པའི་ཚད་མའི་སྤྱི་མ་ཐལ་རྣམས་གནང་བྱུང་པ་ལ། ངས་སྤྱིར་ཐ་སྙད་ཆེར་ཤེས་པ་ཡང་དཀའ་བར་མཆིས། ཁྱད་པར་དུ་ད་ལོའི་སེམས་ཅན་ཤི་ལུགས་འདི་ལ་དཔགས་ཙ་ན། ཆོས་སློབ་འཕྲོ་ལ་ཤི་ན་བསྒོམ་ཐུན་ཅིག་ཀྱང་མེད་པར་དལ་འབྱོར་སྟོང་ལོག་ཏུ་འགྱུར་བར་མཆིས་པས། བདག་རང་རི་ཁྲོད་དབེན་པ་ལ་བསྒོམ་ཆོས་ཅིག་ཞུ་རུ་ཕྱིན་པས་ཆོག་པའི་བཀའ་ལུང་བཟང་གསལ་ཆེ་བར་མཁྱེན་མཁྱེན། ཟེར་བའི་ཞུ་བ་ནན་ཅན་ཕུལ་བའི་ལན་དུ་གནང་བྱུང་བ་དོན་རྣམས་ཚིགས་བཅད་ཀྱི་ཕྲེང་བར་ཅུང་ཟད་སྡེབས་ཏེ་སྙད་ན།
དོན་ཡོད་མཁྱེན་བརྩེའི་འོད་སྟོང་བྱེད་པོ་ཡིས། །རང་གཞན་གྲུབ་མཐའི་དེ་ཉིད་ཀུན་གཟིགས་ནས། །གདུལ་བྱའི་མི་ཤེས་མུན་པ་སེལ་མཛད་པའི། །ཡོངས་རྫོགས་བསྟན་པའི་ཉི་མས་བདག་སྐྱོངས་ཤིག །བློ་ཆུང་རིག་པའི་རྟ་རྒོད་འདུལ་དཀའ་བ། །བརྩེ་ལྡན་ལྕག་གི་ཁ་ལོ་ལེགས་བསྒྱུར་ནས། །ཡབ་ཆེན་ཐུབ་པའི་གཤེགས་ཤུལ་ཉམས་དགའ་བར། །འཁྲིད་མཛད་དགེ་བའི་བཤེས་དེ་བདག་དྲན་ནོ། །རང་ཡུལ་ལྷ་ཡི་དཔལ་འབྱོར་ཉེར་བཏང་ནས། །ཕྱོགས་འདིར་ཡོངས་པའི་དགོས་པ་གང་ཡིན་སོམས། །རྒྱ་མཚོའི་གླིང་ནས་ནོར་བུ་མ་ལོན་པར། །ལྡོག་བྱེད་དེད་དཔོན་འདི་ན་སྲིད་དམ་ཅི། །མི་ཡུལ་དཀའ་སྤྱད་སྣ་ཚོགས་གྲངས་མེད་པ། །མྱོང་བའི་ངལ་བ་ཐམས་ཅད་རྒྱང་སྲིངས་ནས། །སྡུག་བསྔལ་སྐྱིད་དུ་བསམ་པའི་ལྷག་བསམ་འདིས། །ཆོས་ཕྱིར་མིན་པ་ཇི་ལྟར་བཟོད་པར་ནུས། །ཁྱོད་ལ་འདི་ན་བརྩེ་བའི་མ་མེད་ཅིང་། །སྐྱོང་བྱེད་ཉེ་འབྲེལ་ཀུན་ཀྱང་མི་སྣང་ན། །སུ་ཞིག་གིས་ནི་ཆོས་ཀྱི་བསྐུལ་མ་འདེབས། །ལེགས་པ་སོམས་ལ་གཞིག་པ་གཏིང་ནས་ཆུག །རང་དབང་གྱུར་པའི་འཁོར་དང་ལོངས་སྤྱོད་སོགས། །ཇི་སྙེད་སྤངས་ནས་དམན་པའི་སྒོར་ཞུགས་པ། །ཡང་དག་རྒྱལ་བའི་བསྟན་འདི་བསྒྲུབ་པ་ལས། །ཅི་སླད་དོན་དུ་བགྱིས་འདི་སླར་ཡང་སོམས། །འགྲོ་དོན་བགྱི་བའི་དུས་ལ་བབས་པ་ན། །གདུལ་བྱ་རང་དང་སྐལ་བར་ཆོས་སྟོན་པར། །ཁྱོད་རང་འདོད་པའི་ཚིག་སྡོམ་ཞི་བདེ་ཡིས། །སྒྲུབ་པར་ནུས་སམ་རང་ལ་རང་གིས་དྲིས། །རང་ཡུལ་སླེབ་ཚེ་ཐ་སྙད་གཞུང་ལུགས་ལ། །བརྩོད་པའི་ཆོས་ཀྱི་གོ་བའི་ལན་འདོན་པ། །མི་ཤེས་ཟེར་རམ་ཡང་ན་བཟང་རྫུས་ལས། །གཞན་དུ་བྱེད་རྒྱུ་ཁྱོད་ལ་ཅི་འདུག་སོགས། །ཐོས་པས་ཕྱི་མ་ཕན་པའི་དཔེར་མཚོན་ནམ། །ནོར་བཅོལ་ལེན་པ་ཡིས་ཀྱང་དཔེར་མི་བཟོད། །དེ་ཕྱིར་མཁས་པ་འགས་ཀྱང་རིག་པ་སློབ། །ཚུལ་འདི་ཁྱེད་ཀྱི་སྙན་དུ་མ་ཐོས་སམ། །རྒྱ་ཆེན་ཐོས་པ་མ་བྱས་དོན་བསྒོམ་པ། །སྡེར་ནང་བཅུག་ནས་ཁྱི་ལ་སྟེར་དང་མཚུངས། །ཐོས་པས་དོན་རྣམས་འབྱེད་པའི་བློ་ཡང་ཐོབ། །རྣམ་འབྱེད་བློ་འདི་ཉོན་མོངས་སྤོང་བའི་ལམ། །མདོར་ན་བསམ་ཆུང་གོ་ཆ་དེ་དོར་ལ། །སྔར་བཞིན་ཐོས་པ་བསྒྲུབ་ལ་ནན་ཏན་ཞུ། །ཞུ་བ་འདི་ལ་རང་འདོད་བློ་མེད་པས། །རྣམ་དཔྱོད་ལྡན་པས་བདེ་བླག་དགོངས་པ་མཁྱེན།
།ཅེས་པའི་དོན་དང་རྗེས་སུ་མཐུན་པའི་བཀའ་ལུང་གནང་བྱུང་བས། །ངེད་རང་འདོད་པའི་རི་ཁྲོད་ལ་འགྲོ་བའི་བློ་དེའི་ལོག་ཆོས་སུ་གྱུར་པས་ཅུང་ཟད་སེམས་མི་བདེ་བར་གྱུར་ཀྱང་། །ཚེ་འདི་དང་བསྟུན་ན་འདིར་ཡང་འདུག་སྙམ་ནས་ལན་དུ། འོ་ན་སྤྱིར་བདག་རང་ཚེ་འདི་བློ་ཡིས་བཏང་པ་ན་སྡུག་བསྔལ་མེད་ཀྱི་ཆོས་འཇིག་རྟེན་བྱིན་འགལ་བ་རྟག་སྤྲོད་དུ་འགྲོ་བའི་བློ་མུན་ལས་བསམ་རྒྱུ་མ་མཆིས་ཀྱང་། ད་ལན་བཀའ་བཞིན་དུ་བསྒྲུབ། དེ་ལ་རྟོག་གེ་ཁ་སྐྱ་པ་དེ་ནིང་ཅི་ལ་ཐུགས་ཀྱང་མི་སློབ། ཕར་ཕྱིར་འདི་ས་ལམ་སོགས་ནང་དོན་དང་མཐུན་ཤས་ཆེ་བ་མཆིས་པས་སློབ་པར་ཞུ་ཕུལ་ནས། འགྲེལ་པ་དོན་གསལ་སྔར་བློ་ལ་ཡོད་པའི་སྟེངས་སུ། ལུང་ཆོས་རྒྱ་མཚོའི་སྙིང་པོ་ཕྱེད་ཙམ་དང་།ཕར་ཕྱིན་དཀའ་འགྲེལ་རྒྱ་མཚོ་རླབས་ཀྱི་ཕྲེང་བ། ཡན་ལག་རྒྱས་པ་དོན་བདུན་ཅུ། ཤངས་སྟོན་རིག་པའི་རལ་གྲིའི་སྤྱི་མ་ཐལ་གྱི་གཞུང་ཆེ་བ་འགའ་ཞིག་གི་ཐད་དང་། སྦྱོར་ཊིཀ་གནད་ཀྱི་སྒྲོན་མེ་རྣམས་དང་། སྣར་ཐང་པའི་དགེ་བའི་བཤེས་གཉེན་གྲགས་པ་རྣམ་རྒྱལ་བ་རྩེ་བར་བཞག་ནས། བསྡུས་སྦྱོར་མང་དུ་རྩིས་པའི་ཕལ་ཆེར་ཀོང་སྟོན་དབང་ཕྱུག་གྲུབ་པས་མཛད་པའི་སྟེང་ནས་ཡིན་ཞིང་། ཡང་དབེན་དུ་ཟླ་བ་བདུན་པོ་བགྱིས་པའི་སློབ་གཉེར་གྱི་ཚུལ་རྣམས་ཕུལ་བས། པཎ་ཆེན་དོན་ཡོད་པ་ཡང་དགེས་པ་ཡར་ངོ་ལྟར་གྱུར་ཏོ།
།དེ་ནས་གསུང་རྒྱུན་ལས་ཕར་ཕྱིན་སྤྱི་དོན་ཚར་བ་དང་། ཐལ་ཕྲེང་སོགས་ཉིན་རེ་ལ་ཆོས་ཐུན་གཏོང་ཐེབས་གཉིས་སུ་བྱས་པའི་རེ་རེ་ལའང་ཆོས་ཐུན་ཆུང་བ་ལྔ་ལྔ་བཏང་པས། ལོ་དེ་རང་གི་ལོ་མགོ་ལ་ལུང་ཆུང་གི་བསྒྲིགས་པ་སྐྱུར་བ་དེ། ལོ་རྟིང་མའི་དཔྱིད་ཆོས་དང་པོ་ལ་ལུང་ཆེན་གྱི་བསྒྲིགས་ལ་ཕྱིན་ནས། ལུང་ར་ན་དགེ་འདུན་ཉི་ཤུ་རྟེན་འབྲེལ་བསམ་གཟུགས་སེམས་སེམས་བྱུང་སོགས་ཟུར་བཀོལ་པན་སྤུན་ལ་གོང་དུ་འགྲོ་བ་འདྲ་འདུག །གཞུང་གི་བློ་རྫོགས་ང་རང་གི་གོང་དུ་འགྲོ་བ་གཅིག་ཀྱང་མི་འདུག་སྟེ། དེ་དུས་ཀྱི་ཐོག་མཉམ་པའི་གྲྭ་པ་ཀུན་ལ་དྲིས་པས་གསལ་ལོ། །ཕར་ཕྱིན་གཞུང་ཊིཀ་ལས་སློབ་དཔོན་པ་ཊིཀྐ་རབ་གང་བ་ལ་ཐུགས་ཞེན་ཆེ་བར་འདུག་པས། མོས་པ་བསྒོམ་ལམ་ཡན་དེ་ཐོག་ནས་བཏང་། དེ་མིན་རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པའི་གཞུང་ཆོས་ཀྱི་འབྲུ་རྣམས་བློ་ཡུལ་དུ་ངེས་པར་བྱས་སོ། །གཞན་འདུལ་བའི་བསླབ་བྱ་དང་སྒྲ་མཚམས་སྦྱོར་ལྔ་པ་སོགས་ཉེར་མཁོ་ཅུང་ཟད་ཀྱང་ཞུས། །དེའི་དུས་སུ་གངས་ཅན་གྱི་སྙན་ངག་མཁན་གཅིག་པུ་པ་ངག་གི་དབང་ཕྱུག་དབོན་སྟོན་ཤཱཀྱ་རྒྱལ་མཚན་པ་དང་མཇལ་ནས་རྡོ་རྗེ་དབྱངས་ཅན་མ་དཀར་མོའི་སྒྲུབ་སྐོར་ཡིག་སྙིང་བྲམ་ཟེར་འཕུར་བུའི་གཞུང་སོགས་དང་། ཁྱད་པར་བོ་དོང་ཐམས་ཅད་མཁྱེན་པའི་ཞལ་གཟིགས་ཉེ་རྒྱུད་རྣམས་ཞུས་ནས། ཉི་ཟླ་གཟའ་འཛིན་ལ་བྲྀགྱི་བཟླས་བརྗོད་བག་རེ་བྱས་ལ། སྐྱེས་སྟོབས་ཀྱི་ཤེས་རབ་འདི་དེ་མན་རང་ཆེར་སོང་པའི་ངེས་ཤེས་ཁྱད་པར་ཅན་སྐྱེས་ཤིང་། སྙན་ངག་མེ་ལོང་དང་སྡེབས་སྦྱོར་རིན་ཆེན་འབྱུང་གནས་གཉིས་ལ་ལུང་བཤད་བག་རེ་ཐོབ་པས། སྙན་ངག་གི་མཁན་པོ་སྔོན་བྱོན་པ་དང་། ད་ལྟར་སུ་ལའང་འགྲམ་ཆུ་མི་ལྡང་བ་འདི་འབད་མེད་དུ་ཤེས་སོ།
།དེའི་དུས་སུ་ཤིང་ཁ་གཅིག་ན་འདབ་ཆགས་གཅིག་འདུག་ནའང་། ངའི་སྙན་ངག་གི་དཔེར་འགྲོ་བའི་ཡིད་རྩེ་གཅིག་པའི་གསལ་སྣང་ཉེ་བར་ཐོབ་ལ། དབོན་སྲས་ཆེན་པོའི་གསུང་ལས།རང་རེ་སྙན་ངག་མཁན་པའི་གཞུང་ལུགས་ན། །རང་བཞིན་གྱིས་གྲུབ་སྤོབས་པ་དང་མང་དུ་ཐོས་པ་དྲི་མེད་དང་། མངོན་པར་སྦྱོར་བ་མི་དམན་པ། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །ཟེར་བའི་དང་པོ་དེ་ཁྱེད་ལ་ཚང་འདུག་གསུང་། དགེས་པའི་འཛུམ་ཞལ་གྱི་པད་མོ་ཚེམས་དཀར་གྱི་ཟེ་འབྲུ་སྤྲས་པ་ཡང་དང་ཡང་དུ་བཞད་པའི་དགེས་པ་བསྐྱེད་པར་བྱས་སོ། །དེ་ལ་སྤྱིར།
།སྐྱེ་བའི་ཆུ་གཏེར་སྡུག་བསྔལ་རླབས་ཕྲེང་ཅན། །ཉེས་མང་ཆུ་སྲིན་བརྒྱ་ཡིས་གང་མཐོང་ན། །མཁས་པ་སུ་ཞིག་ཐ་སྙད་ལྷུར་ལེན་བགྱིད། །རང་གི་སེམས་ནི་ཞི་ལ་སྦྱོར་མི་བྱེད།
སྙམ་པའི་བློ་འདི་བག་ཙམ་ཐ་སྙད་ཆུའི་སྦུ་བ་ལྟ་བུ་ལ་ཞེན་ཀྱང་། རི་དྭགས་མིག་རྒྱུ་ལ་སྙོག་པ་འདྲ་བའི་དཔེར་སྣང་བས། སྒྲ་སྙན་ངག་སྡེབ་སྦྱོར་ལ་སོགས་པའི་གཞུང་ལུགས་ལ་སྤྲོས་པའི་ཚོགས་དེ་ཙམ་ལས་རྒྱ་ཆེར་མ་བགྱིས་སོ།
།སྔོན་གོམས་དབང་གིས་ཐ་སྙད་སྲད་བུ་ཡིས། །མ་བཅིངས་ངེས་དོན་བཅུད་ཀྱིས་ཉེར་འཚོ་བ། །སྤྲོས་ཚོགས་ལན་ཚྭའི་ཆུ་དང་མི་འགྲོག་པའི། །ཡན་ལག་བརྒྱད་ལྡན་གདམས་པའི་རྒྱ་མཚོར་ཞུགས། །ཁྱིམ་གྱི་འཆིང་བ་དུག་ཅན་ཟས་དང་ནི། །འདུ་འཛིན་གློག་གི་བྲོ་གར་ལྟར་མཐོང་ཡང་། །རྒྱལ་བའི་སྲས་ཀྱི་གདུང་རྒྱུད་བསྲུང་བྱེད་པའི། །དད་ལྡན་སྲེད་པའི་ན་ཆུང་དག་དང་འཁྱུད། །བརྩེ་ལྡན་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བདག །ཕྱོགས་ཚུལ་གང་ལའང་ཆ་ཙམ་ཏོལ་མེད་པའི། །སྨྲ་བའི་ཁ་ལྟ་ཙམ་ཞིག་དོན་གཉེར་བ། །དུད་འགྲོ་རྣམས་ཀྱིས་སྨད་པའི་འོས་མ་ཡིན། །དབོན་སྲས་མཁྱེན་པ་རབས་ཡངས་སྤྲིན་གྱི་རྔ། །སྙན་པར་བསྒྲགས་པས་རྨ་བྱ་གཞོན་ནུའི་ཡིད། །དགའ་བའི་མདངས་གསལ་རྒྱས་པ་ངོམ་བྱེད་ཅིང་། །ངོ༌མཚར་གར་གྱི་རྣམ་འགྱུར་ཅི་ཡང་འཛིན། །སྙན་ངག་མཛེས་པའི་བུ་མོ་ཡིད་འོངས་མ། །མངོན་བརྗོད་རིགས་ཀྱི་གང་རི་མཐོ་ནས་འོངས། །སྡེབ་སྦྱོར་ལང་ཚོ་རྒྱས་པའི་རི་དྭགས་མིག །ཤེས་ལྡན་མཛའ་བོའི་སྙིང་ལ་ཉེ་བར་འབབ། །ཁུངས་མེད་རྡོལ་པའི་བུ་མོ་སྒེག་འཆོར་ཅན། །མགལ་སྡུམ་རྒྱན་གྱིས་སྤྲས་པའི་བྱི་དོར་མཁན། །རིག་གནས་རང་ཡུལ་གནས་ནས་ཉེར་བྱོལ་ནས། །བསྙོན་ཏོལ་བླུན་པོའི་འདབས་སུ་ཉེ་བར་འཇུག །རིགས་གཞན་ཐོད་དུ་རྐང་པའི་སྟེགས་འཆའ་ཡང་། །ལྷུན་པོའི་སྤོ་ལ་ཁེངས་པས་མི་སྙབ་པ། །གསེར་གྱི་ཆར་ཡང་བབས་པའི་མདངས་གསལ་ཅན། །གཉའ་ཤིང་འཛིན་རིའི་རྩེ་ནས་ལེགས་བཤད་ཀྱི། །སྔོན་མེད་ཉི་མ་ལན་བརྒྱར་ཤར་བ་ན། །གླིང་ཆེན་རྣམ་བཞིའི་མུན་པ་སེལ་རློམས་པས། །རང་ཡུལ་རྣམ་གཡེངས་རྒྱས་པའི་སྤྲིན་རུམ་འདིར། །ཕྱོགས་འཛིན་གྱ་གྱུའི་ལམ་དུ་མཚོན་མ་ནུས།
།དེ་ནས་ཀྱང་སྔར་གུམ་པའི་འབྲུམ་རོ་འགའ་ཡར་བསྲེག་གིན་འདུག་པས། དེ་སྐབས་སུ་དྲུང་ནས་ཡོན་ཏན་རིན་ཆེན་པ་དང་། བདག་གཉིས་ལ་རྩ་བའི་བླ་མ་དོན་ཡོད་མཚན་ཅན་གྱིས་དོ་ཧ་སྐོར་གསུམ་རྣམས་བཤད་པ་མཛད། །གསང་བུ་བ་བློ་གྲོས་སེང་གེས་མཛད་པའི་ཊིཀྐའི་སྟེང་ནས་ལུང་བཤད་ཞིབ་རྒྱས་མཛད་པའི་སྐབས་ཀྱི་འཇུག་བབ་ཙམ་མ་རྫོགས་པ་ལ། །དབེན་གནས་དཀར་པོ་བྲག་ཏུ་ཕྱིན་ཉིན་པར་དབེན་དགོན་དེའི་འགྲམ་ན་རྫོང་བུ་ཞིག་འདུག་པའི་འཁྲིས་སུ། །དོ་ཧ་སྐོར་གསུམ་གྱི་ལྷག་དེ་ཡོངས་སུ་རྫོགས་པར་ཞུས་ནས། སླར་ཡང་དགོན་པར་ཡོངས་པའི་སྐབས་སུ། གྲུབ་པའི་འཁོར་ལོ་བསྒྱུར་བ་པོ་ལྡུམ་པ་རིན་ཆེན་ཆོས་དར་དཔལ་བཟང་པོའི་ཞལ་སྔ་ནས་ལ་ཤར་མི་ཉག་གི་སྤྱི་ཁང་དུ་སྲོད་ཀྱི་ཆ་ལ། རས་ཆུང་སྙན་བརྒྱུད་ནས་བྱུང་པའི་བླ་མའི་རྣལ་འབྱོར་དང་། རྟིང་སོར་སངས་རྒྱས་མཁའ་འགྲོའི་བསྒོམ་ལུང་དང་འགྲེལ་བའི་རྡེའུ་ཟ་བའི་མན་ངག་ཞུས་སོ།
།དེ་ནས་ཤངས་རིན་ཆེན་སྒང་པའི་གྲྭ་པ་འགའ་རེ་ལ་འབྲུམ་ནད་ཀྱིས་བཏབ་ཏེ། དེ་སྟབས་ནས་སླར་ཡང་དགོན་དབྱེན་རི་ཁྲོད་དུ་ཕྱིན། ཟླ་བ་བཞི་ཙམ་བསྡད། དེའི་དུས་སུ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་དང་། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞུ་ཕྱིན། །ཆག་ལོ། ཞང་ལོ། གློ་ལོ་སོགས་ཀྱི་དྲིས་ལན་དང་སྒྲ་ཉེར་མཁོ་བསྡུས་པ། གསོ་བ་རིག་པའི་བསྟན་བཅོས། སྙན་ངག་མཁས་པའི་ཁ་རྒྱན། སྡེབ་སྦྱོར་མེ་ཏོག་ཆུན་པོ་མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གཏེར། ཟློས་གར་གྱི་བསྟན་བཅོས་རབ་དགའི་འཇུག་པ། ལུགས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ། ང་བརྒྱད་རྩ་འགྲེལ་གཉིས་སོགས་ས་སྐྱ་པཎ་ཆེན་གྱི་བཀའ་འབུམ་འཐོར་བུ་རྣམས་བློ་ལ་ཆགས་པའི་སྤོབས་པ་དགེ་བ་དང་བཅས་གསེར་མདོག་འཛིན་པའི་ནགས་ཁྲོད་དུ་ཡོངས་པས། རྒྱ་བར་ནང་པོའི་ནང་ན། རྩ་བའི་བླ་མ་དཔལ་སྟོབས་ཀྱི་མགོན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་བཞུགས་པ་དང་སླར་ཡང་མཇལ་ཞིང་། ཐོག་མར་མཁའ་འགྲོ་མ་སུ་ཁ་སིདྷིའི་ཆོས་དྲུག་ཅིག་ཞུས། དེ་ནས་ཆོས་གྲྭ་ཆེན་པོར་ཕྱག་ཕེབས་མཚམས། གཞུང་ལུགས་རབ་འབྱམས་སྨྲ་བའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་ལ་ནང་དོན་ཟབ་མོ་དང་རྗེས་སུ་འབྲེལ་བའི་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་སུ། ངས་ཀྱང་རྩ་བའི་བླ་མ་དོན་ཡོད་མཚན་ཅན་གྱི་ཕྱག་ཕྱིར་ཡང་ཆོས་མང་དུ་ཞུས་ཤིང་། བདག་རང་གི་དགོས་སུ་ཡང་མགོན་པོ་ཆེ་ཆུང་གཉིས་ཀའི་ནང་ཁྲིད། ཚེ་ཁྲིད། ཐུགས་རྗེ་ཆེན་པོའི་སྨར་ཁྱེད་སྐྱེར་སྒང་པ་ནས་བརྒྱུད་པ་དང་། ནི་གུའི་ལུང་ཁྲིད། མུས་ཆེན་གྱིས་བསྒྲིགས་པའི་གཅོད་སྐོར་པོད་ཆུང་གི་ལུང་དང༌། བྱིན་རླབས། ནམ་མཁའ་སྒོ་འབྱེད་འཐོབ་པས། སྔར་གྱི་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་སྟོན་པ་ལུང་ཆོས་རྣམས་ལ། གོ་ཡུལ་རེ་རེ་ཙམ་ཡོད་པ་དང༌། ཁྱད་པར་རོང་སྟོན་སྨྲ་བའི་སེང་གེའི་ཕར་ཕྱིན་གྱི་ཁྲིད་ཡིག་སྐབས་བརྒྱད་གདན་ཐོག་གཅིག་ཏུ་བསྒོམ་པའི་མན་ངག །དེའི་ལུང་དང་ཞིབ་རྒྱས་ཅིག་ཐོབ་པའི་ཉེ་བར་བྱེད་པའི་རྐྱེན་སྔར་དུས་ཡོད་པ་དང་། བླ་མའི་བྱིན་རླབས་ལ་བརྟེན། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་སྟོན་པའི་ཡུམ་དོན་ཟབ་མོའི་དོན་ལ། ནང་དོན་རིག་པའི་འཆར་སྐོ་ཨེན་ཙམ་ཡང་བྱུང་ངོ་།
།ཡབ་ཆེན་ཀུན་ཏུ་བཟང་པོ་ཆོས་དབྱིངས་ཀྱི། །བདེ་ཆེན་ཡུམ་དང་དགའ་མགུར་རོལ་པ་ལས། །ལེགས་པར་འཁྲུངས་པའི་འོད་གསལ་ཉི་མའི་རིགས། །འཁོར་ལོ་བསྒྱུར་རྒྱལ་ཉེ་བར་བལྟམས་ཚུལ་བསྟན། །ཁྱབ་བདག་ཡངས་པའི་རྒྱལ་ཁམས་ཆེན་པོ་ལ། །མངའ་མཛད་ཡབ་རྗེའི་ཁྲི་ལ་དབང་སྒྱུར་ཏེ། །རོ་གཅིག་མངོན་གྱུར་རྟོག་པའི་ཅོད་པཎ་ཡང་། །ལྷ་སྲས་དབུ་ལ་ཆེད་དུ་བཞག་པ་བཞིན། །གདོད་ནས་སྐྱེ་འགག་གནས་བྲལ་སྟོང་པའི་གཤིས། །སྐྱེ་མེད་ཀློངས་ནས་འགག་མེད་རང་རྩལ་ཅན། །ཨ་སངས་གཉུག་མའི་སེམས་ཀྱི་རང་ཞལ་གྱི། །ཐ་མལ་ཤེས་པའི་རྒྱལ་སྲིད་ཆེན་པོ་མཐོང་། །མངའ་འབངས་ངོས་བཟུང་མེད་པ་སྟོང་པའི་དབྱིངས། །རང་འཁོར་སྣ་ཚོགས་སྣང་བ་རིག་པའི་གོ །བློ་བྲལ་གསལ་སྟོང་བརྗེན་པའི་བཅའ་ཁྲིམས་ཀྱི། །ལྷག་མཐོང་ཤེས་རབ་ཆེན་པོའི་རྒྱལ་རྔ་བརྡུང་། །ཡེ་དག་ཆོས་སྐུའི་རང་ཞལ་མ་ཉམས་པའི། །སྔ་སྲོལ་ཉམས་བྱེད་སེམས་ཆུང་བློ་བུར་མཁན། །རང་གནས་མལ་ལས་གཞན་དུ་འདའ་བ་ན། །ཨར་གཏད་རིག་པའི་བརྡ་སྤྲོད་དྲག་པོ་འབྱུང༌། །འཛིན་བྲལ་ཕྲ་མོ་འགྱུ་བ་གནས་ལུགས་སྒོ། །རང་ངོ་ཤེས་པའི་དྲན་པ་བཅའ་བའི་ཁྲིམས། །རང་གནས་ལམ་ལས་གཞན་དུ་མ་འཁྱལ་བའི། །བཀའ་མཆིད་འདི་ནི་ཕྱོགས་རྣམས་ཀུན་ཏུ་བསྒྲགས།
།དེ་ནས་རང་ཡུལ་ནས་དཔལ་བརྩེ་བ་ཆེན་པོས་ཡར་ཡོང་དགོས་པའི་བཀའ་ལུང་ཕྱག་རྟགས་དང་བཅས་པའི་འགྲུལ་པ་ཅིག་སླེབ་བྱུང་པས། བདག་རང་གི་བསམ་པ་ལ། ཅིར་ནི་ཉོན་མོངས་དུག་ལྔ་རྒྱས་པའི་ཕཡུལ་དུ་ཕྱིན་ཀྱང་དགོས་པ་མེད་ཀྱང་། ད་ལན་བླ་མའི་བཀའ་བཞིན་བསྒྲུབ་སྙམ་པའི་བློས་བསྐུལ་ནས་འགྲོ་བ་ཆས་སོ།
།རང་ཡུལ་ཐར་པའི་སྲོག་འཕྲོག་བཙན་དུག་ནགས། །དགྲ་གཉེན་གཉིས་མེད་བསྲེ་བ་ཟབ་མོའི་སྔགས། །ཉོན་མོངས་ལམ་དུ་འགྱུར་བའི་མདངས་གསལ་ཅན། །རིག་གནས་གཙུག་ཕུད་ལྡན་པའི་ཤོག་སྒྲོ་གཡོ། །རྐྱེན་ངན་སྣ་ཚོགས་འདུས་པའི་ཤིང་དྲུང་ན། །གང་བྱུང་ལམ་དུ་འཁྱེར་བའི་རྨ་བྱ་དེ། །དུག་གིས་སྨིན་པས་སྨན་ལ་དགར་མི་ཚོར། །བྱང་སེམས་མཛེས་པའི་སྤུ་ལེགས་དུག་གིས་བསྐྱེད། ཉོན་མོངས་མི་གཙང་ལྗན་ལྗིན་འདུས་པ་འདི། །བྱང་ཆུབ་སེམས་ཀྱི་ས་བོན་སྤེལ་བའི་གྲོགས། །ཟས་མཆོག་མཁའ་ལ་འབབ་པའི་ཟིམ་ཆར་འདི། །སྒྱུ་མ་ལུས་ཀྱི་ལོ་ཐོག་བསྐྱེད་པའི་རྐྱེན། །མ་རྒན་དགེས་པའི་འཛུམ་དཀར་གཡོ་བ་འདི། །ཕན་སེམས་ལྷག་བསམ་གོང་དུ་སྤེལ་བའི་རྒྱུད། །བླ་མའི་བཀའ་ཡིག་མི་འགྱུར་རྡོ་རྗེ་འདི། །འདའ་མེད་དམ་ཚིག་སྡོམ་པ་ཀུན་གྱི་མཆོག །རང་བློ་ཅུང་ཟད་ཤེས་པའི་བསླབ་སྦྱངས་འདི། །གཟུར་གནས་དུ་མས་རྗེས་སུ་བསྔགས་པའི་གཞི། །སྔོན་མེད་རང་འབྱུང་ཡོན་ཏན་རི་མོ་འདི། །འགྲན་འདོད་སྙིང་ལ་ཟུག་རྡུ་སློང་བའི་སྨན། །དེ་ལྟར་ལགས་པས་ཁོ་བོ་རང་ཡུལ་འགྲོ། །མི་ཡུལ་སྐྱ་མོ་སྲང་ཁའི་རྩ་བཞིན་གཏོང་། །ཅོལ་ཆུང་རིག་པའི་བྱ་དེ་འཕུར་ལ་ཉེ། །དཔག་བསམ་ཤིང་གི་རྩེ་ནས་ཚེར་ནགས་སྙོག
།དེ་ལྟར་རང་སྡུག་རང་གིས་མྱོས་པའི་ཟོ་ཆུན་གྱི་འཁྱུད་མོ་ལས་ངན་ཤིང་རྟའི་འཁོར་ལོས་ཉེ་བར་དྲངས་ནས། ལུང་པའི་ཚུལ་གྱིས་མིའི་བཤིས་མཚོན་པ་ཀོ་ལོང་དུ་ཚེ་ལ་བཟོད་སྲན་དུ་ཆུང་པ། གསར་འགྲོགས་སུ་ཆེ་ལ་ཕྱི་ཐག་ཏུ་ཐུང་པ། དྲན་པའི་མོད་ལ་ཡིད་སྐྱོ་བའི་རྣམ་འགྱུར་བརྗོད་ལས་འདས་པ་སྟོན་ནུས་པའི་ལས་ངན་གྱི་ཁུང་བུ་དེར་འཇུག་པར་ཉེ་བར་བརྩམས་སོ།
།དེའི་སྐབས་སུ་། བླ་མ་སློབ་དཔོན་མཆེད་གྲོགས་ཀུན་གྱིས་བརྩེ་བའི་བསླབ་བྱ་ཅི་མཛད་ཀྱང་རྣ་བའི་དབང་པོ་བཀག་པ་བཞིན་དུ་གྱུར།སྔར་ཆོས་གྲྭ་ཆེན་པོ་བློ་གསལ་དུ་མའི་བསྟི་གནས་སུ་གྱུར་པ་དགའ་ལྡན་ལྷའི་མདུན་ས་ལྟ་བུ་དེ་ནི་སྐྱ་སེང་སེང་པོར་གྱུར། ཉི་མ་རེ་ལའང་སྔར་གྱི་ཟླ་བ་རེ་ཙམ་གྱི་ཡུན་དང་བཅས་ནས། ཙབ་ཙོབ་གྱི་བློ་གྱི་ནའི་ངང་དུ་གནས་པར་གྱུར་ཏོ།
།ཀྱི་མ་བྱ་བ་ནོངས་པ་བཅོས་པ་བཀའ། །དེ་ལྟ་ན་ཡང་འཇིག་རྟེན་ལས་ཀྱི་མཐུ། །བློ་ཆུང་རང་སྐྱིད་འདོད་པའི་མདུན་གྲོས་འདི། །བརྟན་གྱི་བདེ་སྐྱིད་འཇོམས་པ་དངོས་པོའི་བཤིས། །ཆུ་ནི་འབད་དེ་གྱེན་དུ་གྲངས་གྱུར་ཀྱང་། །རང་གི་ངང་གི་ཐུར་དུ་འབབ་ཏུ་ཉེ། །ཕན་བྱེད་སློབ་པའི་ངག་ལ་གཞོལ་བ་ན། །ལས་འབྲས་དབང་གིས་སྡུག་བསྔལ་སྤུ་མེད་མྱོང་། །སྐྱིད་ལ་མི་ཚུགས་སྡུག་བསྔལ་དང་ལེན་པ། །བློ་ཆུང་བྱ་བ་ཉེས་པ་ཕལ་ལའང་འབྱུང་། །བདག་ཀྱང་དེ་ཡི་ཚུལ་ལ་བཞུགས་མོད་ཀྱི། །འགྱོད་པ་རྙིང་ནས་སྐྱེ་བ་བླུན་པོའི་སྲོལ། །བརྩེ་ལྡན་བླ་མའི་བཀའ་ནི་རྡོ་རྗེའི་ཚིག །སྙིང་ལ་སོན་པ་ལྡོག་པ་མེད་གྱུར་ནས། །གང་གསུང་སྒྲུབ་ལ་གཞོལ་བར་གྱུར་པའི་ཚེ། །སྙིང་གྲོགས་བློ་གསལ་གཞོན་ནུའི་ཚོགས་རྣམས་ནི། །ལ་ལ་བློ་ཁྲིད་གཏམ་གྱི་སེམས་སྣང་འཛིན། །འགའ་ཞིག་བརྩེ་བས་རང་འཆང་རྣམ་པར་ཤིག །འགའ་ཞིག་བསླབ་བྱའི་གནས་ཀྱིས་རྣམ་པར་སྐྱོངས། །ཕལ་ཆེར་བརྩེ་བའི་མཆི་མས་གདོང་ལ་ཁྱབ།
།དེ་ནས་རྩ་བའི་བླ་མ་དོན་ཡོད་མཚན་ཅན་ལ་ཕྱི་ཕྱག་ཏུ་ཟང་ཟིང་གི་དངོས་པོ་ཅུང་ཞིག་དང་། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། ཞབས་སྤྱི་བོར་བླངས། འབྲལ་མི་ཕོད་པའི་བསམ་པས། ཕྱིས་ཡོང་པའི་ནེམ་ནུར་ཅིག་ཕུལ་ནས། རང་གི་ཡུལ་ཕྱོགས་སུ་ཉེ་བར་ཆས་ཤིང་། དེ་མཐུན་དབོན་སྲས་ཆེན་པོ་ལའང་བཟོ་ཁྱད་ཕུལ་དུ་ཕྱིན་པའི་བདུག་སྤོས་ཀྱི་སྣོད་ཅིག་ཕྱི་ཕྱག་མཆོན་བྱེད་དུ་ཕུལ་ནས་ལམ་དུ་ཞུགས་པ་ན། གྲྭ་རོགས་རྒན་གཞོན་དུ་མས་པན་སྟོད་ཐུབ་སྐྱེལ་ཐུང་བྱས། དེར་ཁོང་རྣམས་བཞག །ངེད་དཔོན་སློབ་རྣམས་ཀྱིས་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྣེར་ཕྱིན། དེ་ནུབ་ལྷ་རིགས་ཀྱི་བཙུན་པ་བློ་བཟང་བསྟན་པའི་དྲུང་གི་བདག་ཅག་རྣམས་ལ། གཞི་ལེན་བཟང་པོ་ཟང་ཟིང་གི་ནོར་གྱི་རྫོང་བ་དང་བཅས་སང་དགོངས་དཔལ་སྣར་ཐང་གི་ཆོས་གྲྭ་ཆེན་པོར་ཕྱིན། དེར་སྟོན་མཇལ་སོགས་རགས་རིམ་ཅིག་བྱས་ནས། དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕྱིན། ཞག་འགའ་ཟུང་ཅིག་བསྡད། སླར་ཡང་བོ་དོང་ཨེར་ཉིན་ཞག་གཅིག་གི་གནས་མལ་བཅས། དེར་བཞུགས་པའི་རྟེན་མཇལ་དང་། ཁྱད་པར་ཨ་ཕྱི་མ་ལ་གཏོར་བསྔོ་བཟབ་པར་བགྱིས་ནས། བཅུ་ཁ་རོང་ལ་བརྒྱུད། ལྷ་རྩེ་འཕྲུལ་གྱི་ཕོ་བྲང་དུ་སོན་ཏེ། ཇོ་བོ་ག་ཡ་དྷ་རའི་སྒྲུབ་ཕུག་དང་། མགོན་ཁང་ཆེ་ཆུང་གཉིས་སོགས་ལ་རྟེན་མཇལ་ཞུ་བར་འོས་པ་རྣམས་ཞུས་ནས་རིམ་གྱི་ངམ་རིང་ཏའི་སི་ཏུ་རིགས་ལྡན་ཆོས་ཀྱི་རྒྱལ་པོས་ཉེ་བར་བསྐྱངས་པའི་མངའ་འོག་ཏུ་སླེབ་པས། དེའི་དུས་སྨོན་ལམ་དག་པའི་སྟོབས་ཀྱིས་རྩ་བའི་བླ་མ་རིན་ཆེན་རྣམ་བཞིའི་ཡ་གྱལ་དུ་གྱུར་པ་མུས་ཆེན་འཁོར་ལོ་སྡོམ་པ་སངས་རྒྱས་རིན་ཆེན་དང་བཅོ་ལྔའི་ལྷ་བབས་ཀྱི་དུས་ཆེན་ཁྱད་པར་ཅན་ལ་མཇལ་ཁ་བྱས་ནས། སྐུ་མཐོང་བ་ཙམ་ན་ཐ་མལ་གྱི་སྣང་བ་འགག་ཅིང་། ཆོས་འབྲེལ་གྱི་ཐོག་མར་བླ་མའི་རྣལ་འབྱོར་ཅིག་གནང་བའི་ཆོས་ཕྱག་ལ་ཧོར་ཀོང་མར་གྱིས་གང་བའི་སྣང་གསལ་ཅིག་ཕུལ་བས་ཞལ་འཛུམ་པད་མཛད་ནས།
སེམས་ཅན་སྡུག་བསྔལ་མུན་ཐོམ་ལ། །ཆོས་ཀྱི་སྒྲོན་མེ་སྦར་ཏུ་གསོལ། །ཅེས་གསུང་ངོ་།
།དེ་ནས་དཔལ་ནཱ་རོ་པ་ནས་བརྒྱུད་པའི་ནཱ་རོ་ཏ་པའི་སློབ་བཤད་འཁོར་ལོ་སྡོམ་པའི་མན་ངག་ཡོངས་རྫོགས་དང་། གཞན་ཡང་ཤིན་ཏུ་ཟབ་པའི་གདམས་པའི་གནད་མང་དུ་གནང་། ཉིད་ཀྱི་བསྒྲུབ་པ་རྙིང་མ་མཛད་པའི་དུས་ཀྱི་བདུད་རྩི་རིལ་བུ་བརྒྱ་རྡོ་ཅིག་དང་བསིལ་མ་མང་དུ་གནང་ཞིང་། གཞན་ཡང་ཟང་ཟིང་གི་གནང་ཆ་དུ་མ་དང་། བཀའ་ཞལ་གྱི་བསླབ་བྱ་ཞིབ་རྒྱས་གནང་བ་སོགས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་བཀའ་དྲིན་ཚད་མེད་པས་བསྐྱངས་ཤིང་། རང་གིས་ཀྱང་སྐྱེ་བ་སྔ་མ་ནས་དགེ་བའི་བཤེས་གཉེན་ཡིན་ཞིང་། འབྲེལ་ཚད་དོན་ལྡན་གྱི་བླ་མ་ཡིན་པའི་ངེས་ཤེས་སྐྱེས་སོ། །སྔ་གོང་དམ་པ་དེ་ཉིད་ཀྱི་མཚན་ཐོས་པའི་མོད་ལ་མཆི་མ་སྣ་རྩེར་ཤུན་པའི་མོས་གུས་འདུ་ཤེས་ཚད་མེད་པ་སྐྱེ་བ་བྱུང་ནའང་། སྔོན་གྱི་ལས་ངན་ཅིག་གི་སྒྲིབ་པ་ཨེན་ཙམ་ཅིག་ཡོད་པ་ཡིན་པ་འདྲ། ཡུན་རིང་དུ་ཞལ་མ་མཇལ་ནའང་། མོས་གུས་ལ་སྐྱོ་དུབ་མེད་པར་ཆོས་འབྲེལ་མ་ཐོབ་པའི་གོང་ཉིད་དུ། རྗེ་རང་གིས་མཛད་པའི་བསྟོད་པ་ཤོ་ལོ་ཀ་གཅིག་པོ་དེ། དུས་རྒྱུན་དུ་བརྒྱ་རྩ་རེ་འདོན་པ་མ་ཆག་པར་བྱས་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ཨེ་ཝཾ་ན་ཡོད་པའི་ཉིན་ཅིག་རྨི་ལམ་ན། ཞལ་མཇལ་ནས་ཞབས་གཉིས་སྤྱི་བོར་བླངས། ཁྲོ་བོ་འདོད་པའི་རྒྱལ་པོའི་རྗེས་གནང་ཅིག་ཐོབ་པའི་སྣང་བ་བྱུང་ཞིང་། གཞན་ཡང་ཡང་དབོན་དང་གསེར་མདོག་ཅན་སོགས་སུ་རྨི་ལམ་དུ་ཡང་ཡང་མཇལ་བའི་དུས་ཀྱི་རྣམ་པ་ཇི་ལྟ་བ་ཉིད་ཁོ་ན་དངོས་སུ་མཇལ་བའི་དུས་སུ་ཡང་སྣང་ངོ༌།
།སངས་རྒྱས་ཀུན་འདུས་བླ་མ་རིན་ཆེན་འདི། །མཚན་ཙམ་ཐོས་པས་སྙིང་གི་སྤུ་ལོང་གཡོ། །མཐོང་ཚེ་ཐ་མལ་སྣང་ཞེན་དབྱིངས་སུ་དག །ད་ལྟ་དྲན་ཚེའང་འཁྲུལ་སྣང་མོས་གུས་འཇིག །སྐྱེ་བ་སྔ་མར་ཁྱེད་ཀྱི་རྗེས་བཟུང་པས། །ཚེ་འདིར་ཐོས་པའི་མོད་ལ་གདུང་ཤུགས་རྒྱས། །ཕྱི་མར་སྐྱེས་ཆེན་དམ་པ་ཁྱེད་ཉིད་ཀྱི། །འཁོར་གྱི་ཐོག་མ་ཉིད་དུ་སྐྱེ་བར་སྨོན། །གང་གི་སློབ་བུ་ནམ་མཁའི་སྐར་ཚོགས་ལྟར། །འཛམ་གླིང་ཡངས་པའི་མཁའ་ལ་ཆེས་བཀྲ་ཡང་། །བདག་བློའི་མུན་སེལ་ཐུགས་རྗེའི་འོད་དཀར་ཅན། །དད་པའི་ཟེ་འབྲུ་གཡོ་བའི་ཀུ་མུཏྟ།
།དེ་ནས་རྩ་བའི་བླ་མ་ངོར་ཆེན་ལྷ་མཆོག་སེང་གེའི་ཕྱག་ཕྱིར་འབྲེང་ནས་ཡར་ལམ་ཡོངས་པས། བྲག་ནག་པོ་རྫོང་རོང་དུམ་ཙམ་ཡོད་པའི་འགྲམ་དུ་ཕྱིན་པས། ཕུ་སེ་དཀར་ཡུ་མ་ཅིག་ལ་ཁྲའི་སྒོང་ཕོག་ནས།མིག་དང་སྣ་བ་སོགས་གནད་པ་སྡུག་བསྔལ་གྱིས་ཉེན་པ་ཅིག་རྙེད་པས་རྐྱེན་བྱས། སྙིང་རྗེའི་ཏིང་ངེ་འཛིན་མཐའ་དབུས་མེད་པ་རྒྱུད་ལ་སྐྱེས་པ་ནི་འདི་ལྟ་སྟེ།
ཕན་དགོངས་ཐུགས་རྗེ་མངའ་བ་ལྷ་ཡི་ལྷ། །སྤྱན་རས་གཟིགས་ལ་གུས་པས་བཏུད་བྱས་ནས། །མུ་མཐའ་མེད་པ་སྙིང་རྗེའི་ཏིང་འཛིན་ནི། །རྩོལ་མེད་རྒྱུད་ལ་ཤར་ཚུལ་ཅུང་ཟད་གླེང་། །བརྩེ་མེད་ཁྲ་ཡི་ཤུགས་དྲག་སྤར་མོ་ཡིས། །བརྩེ་མོས་མ་རུང་ཉིད་དུ་བྱས་གྱུར་པ། །བརྩེ་ལྡན་མིག་གི་འཆི་མ་བསྐྱེད་བྱེད་པའི། །བརྩེ་བའི་ངང་ཚུལ་དེ་ནི་འདི་ལྟར་སྣང་། །སྤང་ཤོད་ཅིག་ན་རང་གནས་ཁུང་བུའི་སྒོར། །ས་རྡུལ་གོས་ཀྱི་གཡོགས་པའི་སྡུག་བསྔལ་ཅན། །འཇིགས་རུང་ཁྲག་གིས་བཞིན་རས་རྣམས་གཡོགས་པའི། །བཟོད་མེད་སྡུག་བསྔལ་ཁུར་གྱིས་ཉེན་པ་གཏོང་། །ཀྱེ་མ་ལྡང་སྔོན་མྱུ་གུའི་སྔོ་རྩེ་ཡིས། །ཉེ་བར་བསྐྱོད་པའི་སྤུ་སྡུག་གོས་གྱོན་པའི། །ཉམ་ཆུང་སྡུག་ལ་བཀོད་པའི་ཁྲེལ་མེད་པོ། །འདབ་ཆགས་ཁྲ་ལ་ལ་ཡོགས་ཅི་མི་སྡིག །ཨ་ཕ་འདི་འདྲའི་འཁོར་བའི་སྣང་ཚུལ་ལ། །ཡིད་སྐྱོ་ཙམ་ཡང་མེད་པའི་ཨ་མཐས་པོ། །མ་ཡི་ཚུལ་འདི་ཁྱོད་ཀྱིས་མ་མཐོང་ངམ། །ད་དུང་འོན་ཏེ་དྲེད་པོ་ཐེ་ཚོམ་ཟ། །བདག་གི་ཚེར་མའི་ཟུག་རྔུ་ཅུང་ཟད་ལའང་། །ད་ལྟ་དངོས་སུ་བཟོདཔའི་སྐབས་མེད་ན། །འཆི་བའི་ནད་ཀྱིས་བཏབ་པ་འདི་ལྟ་བུ། །ཇི་ལྟར་བྱས་ན་བདག་གི་སེམས་ཀྱིས་བཟོད། །ལུས་ཀྱང་འདར་འདར་ཤིག་ཤིག་གཡོ་ཞིང་སྤྲུག །ཁྲག་གི་རྒྱུན་གྱིས་གདོང་ལ་བྱིལ་མོར་བྱས། །རྒྱུ་སྐར་མཁའ་ལ་རྫོགས་ཚེ་ཉམ་ཆུང་དེ། །འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་སོང་། །རྒྱལ་བའི་མཚན་དང་གཟུངས་སྔགས་མཐའ་དག་རྣམས། །རྣ་བའི་ཁུང་བུར་བསྒྲགས་ཤིང་རྩེ་གཅིག་བློས། །མ་འོངས་བདག་ནི་མངོན་པར་སངས་རྒྱས་ཚེ། །འཁོར་གྱི་དང་པོར་འགྱུར་བར་སྨོན་ལམ་བཏབ། །དེ་ཡི་ནང་པར་ཡེ་ཤེས་མེ་ཆེན་ལ། །སྒྱུ་མ་ལུས་ཀྱི་ཕུང་པོ་རྣམ་པར་སྦྱངས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྒྱ་ཆེན་བཏབ། །འདི་ནི་གཞན་ཕན་བྱེད་པའི་དང་པོ་ཡིན།
།དེ་ནས་ཡར་ལམ་ཟླ་བ་ཕྱེད་དང་གཉིས་ཙམ་སོང་བ་ན། རྫོང་ཞ་མའི་འགྲམ་དུ་སླེབ་པས་གློ་བོ་ནས་རྗེ་ངོར་ཆེན་པའི་བསུན་དམག་ལ་དམིགས་པའི་ཁྲི་དམག་འཚོགས་འདུག་པ་ལ། ངེད་ཅག་དཔོན་སློབ་རྣམས་མ་ཕེབས་ཙམ་གྱི་གོང་དུ། ཁབ་རུ་པའི་མི་ངན་བཅུ་གཅིག་ཙམ་ཟིན་འདུག་པའི་བཅུའི་མིག་གཉིས་ཀ་སྟོན། གཅིག་གི་མིག་ཡ་བ་གཅིག་བཞག་ནས། ཁོས་ལོང་ཁྲིད་བྱས་སྡུག་གེ་དེ་ཀུན་ལོང་གད་ངས་བྱས། ཁྱོམ་ཁྱོམ་འགྲོ་བ་མཐོང་བའི་མོད་ལ།བདག་གི་ལུས་ཟུངས་མི་ཐུབ་པ་འདྲ་བའི་སྐྱི་ཟ་བའི་ངེས་འབྱུང་ཆེན་པོ་སྐྱེས་པ་ནི་འདི་ལྟར་བྱུང་སྟེ།
ཨེ་མ་ལས་འབྲས་བརྗེད་པའི་མིག་ལོང་བས། །རྐུན་ཆེན་ལས་ལ་ཞུགས་པའི་སྨྱོན་ཏོལ་ཅན། །བསླུ་མེད་ལས་ཀྱིས་མནར་བའི་རྒྱལ་ཁྲིམས་ཀྱིས། །བཅའ་དམ་པོ་ཡི་འཕྲང་མ་ཤར་བར་གྱུར། །གཟུགས་འཛིན་དབང་པོའི་རྩ་བ་དྲུང་ནས་ཕྱུང་། །རྩ་ཀུན་དག་ནས་མི་ཟད་ཁྲག་རྒྱུན་འབབ། །འཇིག་རྟེན་དམན་པའི་སྙིང་ཚིམ་འདྲེན་པའི་གནས། །དེ་མཐོང་མོད་ལ་མཆི་མའི་བསུ་བ་བཏང་། །ཀྱི་ཧུད་མི་ཤེས་བྱས་པའི་འབྲས་སྨིན་པ། །ཁྱེད་ཅག་ཅུང་ཞིག་ཐུགས་ལ་ཆུང་བར་མཛོད། །ལས་ནི་མྱོང་བས་མཛད་པ་རྫུན་མེད་པའི། །འདྲེན་མཆོག་མི་བསླུ་སངས་རྒྱས་ཉིད་ཀྱིས་གསུངས། །པདྨ་མེད་པའི་པདྨོའི་མཚོ་བཞིན་གདོང་། །ཨུཏྤལ་མིག་གི་གེ་སར་དང་བྲལ་བ། །མཐོང་བའི་ཚེ་ན་རང་གི་མིག་གཉིས་ཀྱང་། །འབྱིན་པའི་སྡུག་བསྔལ་འཕྲལ་དུ་མྱོང་བ་བཞིན། །རང་ཡུལ་གནས་སུ་ཕྱིན་ཚེ་དམན་པའི་ལས། །སྤྱད་ན་འདི་ཕྱི་ཀུན་ཏུ་ལོང་ངོ་ཞེས། །དཔེ་མཚོན་བྱ་ཕྱིར་སྐྱབས་བྲལ་དེ་དག་ཀྱང་། །སྟབས་ཤིང་འགྱེལ་བ་དང་བཅས་སླར་ཡང་སོང་།
།དེ་ནས་དེར་ཞག་བདུན་བརྒྱད་ཙམ་བསྡད་པའི་རིང་ལ། ཉིན་མོ་ནི་སྐྱེ་བོའི་འགྲུལ་གྱིས་མི་དབེན་པའི་ཟུག་རྔུ་དང༌། མཚན་མོ་ཡང་སྒྲའི་གླེང་སྦྱོར་གྱིས་མི་བཟོད་པའི་ཟུག་རྔུ་དུ་མས་སེམས་ཤིན་ཏུ་མི་དགའ་བའི་ངང་ཚུལ་སྟོན་པས་དུས་འདའ་བར་གྱུར་ལ། ཉིན་མོ་ཅུང་ཟད་དམག་སྡེའི་ཕྱོགས་གང་དུ་ནེམ་ནུར་ལ་ཕྱིན་ཀྱང་།
གཤིན་རྗེའི་སྐྱེས་བུའི་གྲོང་ལྟར་རབ་འཇིགས་པའི། །རྡུལ་ཅན་བཞིན་རས་ཁྲོས་པའི་གདངས་མིག་བགྲད། །བརྩེ་མེད་ཤན་པའི་ཚོགས་ཀྱི་ཉེས་མེད་པའི། །ལུག་ཁྱུའི་ནང་ནས་བཟུང་སྟེ་གསོད་པར་བྱེད། །རིག་རིག་མིག་གིས་གདོང་ལ་ཆེར་ཅེར་ལྟ། །གུམ་པར་སྔོན་དུ་ཕྱོགས་ནས་སྨྲ་བ་ཡང་། །སྐད་ཅིག་དེ་ལ་སྙུང་བསྣུན་དེ་མ་ཐག །ལྤགས་པ་བཤུས་ནས་ཤ་ཁྲག་ཚོམ་བུར་བཀོད། །གཅེས་པའི་དོན་སྙིང་ནང་རོལ་རྒྱུ་མ་སོགས། །མགོ་བོ་ཡན་ལག་ལྷུ་ཚིགས་སོ་སོར་ཕྱེ། །ཤ་ཁྲག་དྲོན་མོ་ཁ་རུ་འཇུག་བྱེད་པའི། །སྲིན་པོའི་གྲོང་གི་མཐའ་སྐོར་ཁོ་ནར་མཐོང་། །སྐྲག་དང་ངེས་འབྱུང་ཕན་ཚུན་འགྲན་ཚུལ་གྱིས། །རིང་པར་ཕྱིན་ནས་པུས་བཙུགས་ཐལ་སྦྱར་ཏེ། །བཞིན་རས་མཆི་མས་རླན་ནས་དེ་མ་ཐག །ཤ་མི་ཟ་བའི་དམ་བཅའ་དྲག་པོ་བླངས།
དེ་ནས་ཞག་ལྔ་ཙམ་ནས་རང་ཡུལ་སྨོན་ཐང་རྒྱལ་པོའི་ཁབ་ཏུ་དང་པོར་ཕྱིན་ནས། དེ་ནུབ་རང་གི་སྐྱེ་ཡུལ་གྱི་བཤགས་བསམ་གྲུབ་དགེ་འཕེལ་དུ་ཉལ་བས།མ་མ་རྒན་མོ་ཡང་སྔས་མགོར་འོངས་ནས་དགའ་དགའ་ལྟར་བྱས། མཆི་མ་ཞིག་ཀྱང་བཏང་ནས་སོང་། བདག་རང་ཡང་དེ་ནུབ་དགའ་བ་དང་སྐྱོ་བ་ཟུང་འབྲེལ་དུ་གྱུར་པའི་ངང་ནས་གཉིད་སད་པར་གྱུར་ཅིང་། སང་སྔ་བ་རང་དགོན་གནས་ཕུན་ཚོགས་བསམ་གཏན་གླིང་དུ་ཕྱིན། དེའང་རྩ་བའི་བླ་མ་དཔལ་རྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་ཞལ་སྔ་ནས་དང་ནི་མདང་མུ་བསམ་དུ་རྗེ་ངོར་པའི་བསུ་མ་ལ་ཕེབས་བྱུང་པས་མཇལ། གཞན་དགོན་པའི་གཞིར་བཞུགས་ཀྱི་འཕགས་པའི་དགེ་འདུན་རྣམས། ཆོས་གོས་རྣམ་གསུམ་གསོལ། གདུགས་དང་རྒྱལ་མཚན་དང་། བ་དན་རོལ་མོའི་སྒྲ་དབྱངས་བཀོད་པ་ཁྱད་པར་དུ་འཕགས་པའི་བསུ་བས་མདུན་བརྟར་ཏེ་ཕྱིན་པས། སྔར་རང་གི་བྱིས་པའི་དུས་ཀྱི་རྩེད་རོགས་རྣམས་ལ་འགའ་ཞིག་ནི་ཤི། འགའ་ཞིག་ནི་བཙུན་པ་ལོག །ཕལ་ཆེར་ནི་དགུན་དུས་ཀྱི་ཤིང་སྡོང་རེངས་པ་ལྟ་བུར་གྱུར་ཏོ། །སྔོན་དུས་དང་པོ་བཅུ་ཛི་བ་ཀའི།
།མེ་ཏོག་མདངས་འཕྲོག་གོས་གྱོན་གཞོན་ནུའི་ཚོགས། །རྫོགས་ལྡན་དུས་ཀྱི་ཆུ་འཛིན་ཇི་བཞིན་དུ། །མི་སྣང་གྱུར་པས་བདག་སེམས་ལྷག་པར་སྐྱོ། །བརྩོད་པའི་དུས་ཀྱི་བརྡ་དོན་མཚོན་བྱེད་པའི། །མི་སྲུན་བྱིས་པའི་ཚོགས་རྣམས་དེ་དག་ནི། །སད་ཁྱེར་མེ་ཏོག་གདང་ལ་རྒྱུས་པ་བཞིན། །མཐོང་བས་སེམས་ཉིད་འཆགས་པའི་གོ་སྐབས་ཅི། །འོན་ཀྱང་འདུས་བྱས་སྣང་ཚུལ་འདི་འདྲ་སྟེ། །རྣམ་པར་བསམ་ན་སྐྱོ་བ་འཕེལ་བར་འགྱུར། །འཛིན་མེད་གཉུག་མའི་སེམས་ཀྱི་རང་བཞིན་དུ། །བཞག་པའི་མོད་ལ་སྐྱོ་བ་སངས་པར་གྱུར།
།དེ་ནས་རང་ལོ་བཅོ་བརྒྱད་མངལ་དང་ཤོལ་གྱི་ལོ་རྩིས་པའི་རང་ལོ་ཉི་ཤུ་ལོན་པ་ན། སྨོན་ཐང་རྒྱལ་པོའི་ཁབ་ཀྱི་ཐུབ་ཆེན་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། གཙུག་རྒྱན་གྱི་ནོར་བུ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་མཁན་པོའི་བཀའ་དྲིན་སྩལ། ངོར་ཆེན་ལྷ་མཆོག་སེང་གེས་ལས་ཀྱི་སློབ་དཔོན་མཛད་སྙིང་རྗེ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱིས་གསང་སྟེ་སྟོན་པའི་སློབ་དཔོན་མཛད། མང་ཐོས་སྡོམ་བརྩོན་རྡོ་རྗེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་དུས་བསྒོ་བ་མཛད་ཅིང་། གཞན་ཡང་གྲོགས་ལྡན་པ་དང་ཁ་སྐོང་གི་དགེ་འདུན་སོགས་མ་ཚང་བ་མེད་པའི་འཕགས་པའི་དབུས་སུ། ས་ག་ཟླ་བའི་ཉེར་ལྔའི་ཉིན། སྐྱེས་བུ་གཅིག་དང་རྐང་གཉིས་ཀྱི་དུས་སུ། གསོལ་བ་དང་བཞིའི་ལས་ཀྱི་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བླངས་ཤིང་། མཁན་སློབ་ལས་ཀྱི་ཚོགས་དང་བཅས་པ་རྣམས་ཀྱི། བདག་སྙིང་རྗེ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བའི་ཤིས་བརྗོད་ཀྱི་མེ་ཏོག་ཕྲེང་བ་ཡང་། རྒྱལ་ཕུར་འཛོམ་པའི་དུས་སྦྱོར་བཟང་པོ་དེ་ཉིད་ཀྱི་ཉིན་པར་ལེགས་པར་གྲུབ་པར་མཛད་ལ། དེའི་དུས་སུ། བདག་ལ་བཀྲ་ཤིས་རྫས་བརྒྱུད་མཁན་ཆེན་རིན་པོ་ཆེས་ལག་ཏུ་གནང་ཞིང་། ལས་སློབ་གསང་སྟོན་སོགས་ཀྱིས་འཕགས་པའི་དགེ་འདུན་དེ་རྣམས་མགྲིན་གཅིག་ཚིགས་སུ་བཅད་པའི་ཕྲེང་བྱེད་ངག་གི་དབྱངས་སྙན་པའི་སྲད་བུ་ལ་རྒྱུས་ནས། མེ་ཏོག་སིལ་མའི་ཚོགས་སོ་སོའི་སྙིམ་པས་བདག་ལ་ཕྱོགས་ཀུན་ཏུ་གཏོར་བའི་ངོ་མཚར་བའི་དགའ་སྟོན་གྱི་མཛད་པ་དེ་ནི། །ས་བཅུ་རྒྱུན་མཐའི་བྱང་སེམས་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་འོད་ཟེར་ཆེན་པོའི་དབང་བསྐུར་བ་མཛད་པའམ། དཔལ་རྒྱལ་བ་ཤཱཀྱ་ཐུབ་པས། རྒྱལ་བའི་ཡུམ་གྱི་གླེང་གཞི་གསུངས་པའི་དུས་སུ། །རབ་འབྱམས་ཞིང་གི་རྒྱལ་དང་རྒྱལ་བ་སྲས་བཅས་རྣམས་ཀྱི་ཨུཏྤལ་གསར་པའི་གེ་སར་མཐོར་བ་ལྟ་བུའི་སྣང་བ། དེར་འདུས་ཕལ་ལ་བྱུང་ཞེས་ཟེར་རོ། མདོར་ན། །རྗེ་བླ་མ་ཡབ་སྲས་དེ་གསུམ་གྱིས་རྒྱལ་ཚབ་ཏུ་བདག་མངོན་པར་དབང་བསྐུར་བར་མཛད་པ་ཡིན་ནོ།
།མངའ་རིས་སྨད་ཀྱི་ཐིག་ལེ་སྨོན་ཐང་གི །ཐུབ་ཆེན་རྣམ་པར་རྒྱལ་བཙུག་ལྷ་ཁང་དུ། །ས་གའི་ཉེར་ལྔ་རྒྱལ་བུར་འཛོམ་པ་ཡི། །དུས་དེར་འབད་མེད་རྟེན་འབྲེལ་འདི་ལྟར་བྱུང་། །འཇམ་པའི་དབྱངས་དང་གསང་བདག་རྡོ་རྗེ་ནི། །སྙིང་རྗེ་ཆེན་པོ་རིགས་གསུམ་བླ་མ་ཡིས། །སྐུ་གསུང་ཐུགས་ཀྱི་རྒྱལ་མཚན་དམ་པ་རུ། །བློ་གསལ་གཞོན་ནུ་མ་གསོལ་དགེ་བར་མཛད། །ཕྱི་ལྟར་ས་བཅུའི་བྱང་སེམས་རྒྱུན་མཐའ་ལ། །རྒྱལ་བ་འོད་ཟེར་ཆེན་པོའི་དབང་བསྐུར་རམ། །ནང་དོན་འབྲས་བུའི་དབང་གིས་ཆོས་མཐུན་ཉིད། །མ་ནོར་རྟེན་ཅིང་འབྲེལ་འབྱུང་ཟབ་མོ་འགྲིག །གཞན་ཡང་ཁྱད་འཕགས་བཀྲ་ཤིས་རྫས་བརྒྱད་ནི། །མ་འདྲེས་ལག་གི་པད་མཚོར་རྣམ་པར་བཀྲ། །ལྷར་བཅས་འགྲོ་བའི་འདྲེན་པར་བདག་གྱུར་བའི། །ཡབ་སྲས་བླ་མའི་ཚོགས་ཀྱི་ཤིས་བརྗོད་མཛད།
།དེ་ལྟར་རྗེ་བླ་མ་ཡབ་སྲས་རྣམས་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་སྤྱི་དང་ཁྱད་པར་གྱི་མན་ངག་གི་བཅུད་བསན་པའི་སྙིམ་པས་ངོམས་པར་ནོས་པའི་ཚུལ་རྒྱས་པར་ནི་གཞན་དུ་གསལ་ལ། མདོ་ཙམ་གཅིག་བརྗོད་ན། དང་པོར་བཀའ་དྲིན་མཉམ་མེད་ཕ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་རྩ་བ། སྡོམ་པ་གསུམ་གྱི་སྐལ་བ་བཟང་པོར་བགྱིས་པའི་བཀའ་དྲིན་གཙོ་བོར་གྱུར་པའི་རྒྱལ་བའི་བཀའ་དགོངས་འབྲེལ་དང་བཅས་པའི་དབང་རྒྱུད། མན་ངག་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་དུ་དབང་གི་ཆུ་བོ་མ་ནུབ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས།གདམ་ངག་གི་སརྒ་མ་ལོག །མོས་གུས་ཀྱི་བསམ་པ་ཚིམ་པ་སྟེ། སྙད་རྒྱུད་བཞིའི་སྒོ་ནས་རྗེས་སུ་གདམས་ཤིང་། གཞན་ཡང་ཟབ་མོ་འཁོར་ལོ་བདེ་མཆོག་སོགས་ཐུགས་ཀྱི་ཉིང་ཁུ་མཐའ་དག་དགེས་པ་ཆེན་པོས་ཉེ་བར་སྩལ་ལ། འདས་པ་དང་། མ་འོངས་པའི་ལུང་བསྟན་དབུགས་དབྱུང་དཔག་ཏུ་མེད་པར་མཛད་ཅིང་། ཐུགས་ཡིད་གཅིག་ཏུ་འདྲེས་པའི་བཀའ་དྲིན་བསབ་པར་དཀའ་བས་རྗེས་སུ་འཛིན་པར་མཛད་དོ།
།བདག་གིས་ཇི་ལྟར་འབད་ཀྱང་ཁྱོད་ཀྱི་དྲིན། །ཆ་ཤས་ཙམ་ཡང་ལོན་པའི་སྐབས་མེད་ན། །ལེགས་པར་བསམས་ན་བཟོད་བླགས་མེད་པ་ཡི། །བཀའ་དྲིན་དྲན་ནས་དད་པའི་མཆི་མ་ལྷུང་། །གསང་གསུམ་མི་ཕྱེད་རྒྱལ་བའི་རྒྱལ་བའི་ཐུགས་རྗེ་ཡི། །མ་རིག་མུན་པ་དྲུང་ནས་འབྱིན་པའི་ལྷ། །ཐུབ་པའི་བླ་མ་འཇམ་དཔལ་གཞོན་ནུ་ཉིད། །གངས་ཁྲོད་མུན་སེལ་ས་སྐྱའི་དཔའ་བོར་བསྟན། །འཇིགས་མེད་ས་སྐྱའི་པཎ་ཆེན་གང་དེ་ཡི། །ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་ཚུལ། །སྔོན་བྱོན་རྒྱལ་བའི་བཀའ་དང་དགོངས་འགྲེལ་ལྟར། །བསྟན་པ་རིན་ཆེན་བྱི་དོར་ལེགས་པརབཤད། །གང་ཁྱོད་བགྲང་ཡས་སྨོན་ལམ་མཐུ་གྲུབ་པས། །ཆོས་མིན་མུན་པས་ཁྱབ་པའི་ཀླ་ཀློ་འདིར། ཡང་དག་ཆོས་ཀྱི་སྣང་བ་ཤེས་སླད་དུ། །བསྟན་པའི་ཉི་མ་སླར་ཡང་ཤར་བ་སྙམ། །དུས་རྣམས་ཀུན་ཏུ་བསྟོད་བསྐུར་བསྔགས་གསུམ་གྱི། །ས་སྐྱའི་པཎ་ཆེན་རིང་ལུགས་ཉེར་བཟུང་ནས། །ལ་ལར་གང་དེས་ཁྱོད་ཐུགས་རྗེས་བཟུང་ཅེས། །རྣམ་གྲངས་དུ་མས་གསུངས་པ་ད་བཟོད་གོ །དེ་ལྟར་འཕྲལ་དང་ཡུན་དུ་ཡོངས་འཛིན་གྱི། །ཞབས་པད་བསྟེན་པས་སྦས་པའི་གསང་མཛོད་རྣམས། །མ་འདྲེས་བདག་བློས་འདོམས་ཤིང་སྔ་སོར་ཡང་། །གཟུར་གནས་སྐྱེས་ཆེན་འགའ་ཡི་ངག་ལས་རྙེད། །གང་གིས་ཡོན་ཏན་ཡིད་ཆེས་གཏམ་གྱིས་ནི། །སྦྲང་རྩི་དད་ལྡན་རྣ་བའི་བུང་བས་འཐུང་། །དམ་པའི་ཞབས་སེན་པདྨའི་མགུལ་པར་ཡང་། །རིང་ནས་འཕུར་བ་བདག་ནི་སྐལ་བཟང་ཐོབ། །འདྲེན་མཆོག་ཞལ་གྱི་བདུད་རྩིའི་བུམ་བཟང་ལས། །སངས་རྒྱས་བསྟན་པའི་རྩ་བ་སྡོམ་པ་གསུམ། །དབང་བསྐུར་རྒྱུད་དང་མན་ངག་བདུད་རྩིའི་བཅུད། །རྣ་བའི་སྣོད་དུ་ལྟུང་བས་སྙིང་ཁའི་དབུས། །བློ་གྲོས་འདབ་མའི་དགའ་ཚལ་ཅི་ཡང་རྒྱས། །རྒྱལ་བའི་མྱུ་གུ་བསྐྱེད་མཛད་གང་དེ་ཡི། །བཀའ་དྲིན་དྲན་ནས་སླར་ཡང་སྲིད་མཐའི་བར། །ལན་གཅིག་མིན་པར་ཡང་ཡང་ཕྱག་བགྱིའོ། །གང་ལ་རབ་མཁས་མཁས་པ་ཀུན་གྱི་མཆོག །སྐུ་གསུང་རབ་བཙུན་བཙུན་པ་ཡོངས་ཀྱི་རྗེ། །ཉིད་ཐུགས་བཟང་པོ་བཟང་པོའི་ཕྲིན་ལས་ཅན། །དཔལ་ལྡན་ཆོས་རྗེ་རྗེ་བཙུན་དམ་པའི་ཞབས། །ཞབས་ཟུང་གུས་པས་བསྟེན་པའི་ཉམ་ཐག་ཡིད། །ཡིད་སྐྱོའི་ཁང་བུ་འདི་ལས་རང་སོང་ཞིང་། །ཞིང་མཆོག་དག་ཏུ་བླ་མ་རྗེ་དྲུང་དུ། །དུ་མའི་འཁོར་གྱི་ཐོག་མརསྐྱེ་བར་སྨོན། །སྨོན་ལམ་དམ་པ་ཉིད་ལ་དངོས་སུ་བཏབ། །བཏབ་པའི་དོན་དེ་ད་ནི་བརྩེ་དགོངས་ལ། །ལ་ལའི་བསམ་དོན་འགྲུབ་པར་བྱེད་པའི་མཆོག །མཆོག་གྱུར་རྗེ་དང་མྱུར་དུ་མཇལ་གྱུར་ཅིག
།ལས་ཀྱི་སློབ་དཔོན་ངོར་ཆེན་ལྷ་མཆོག་སེང་གེའི་ཞལ་སྔ་ནས་ཀྱང་། གསུང་ངག་ཆ་ལག་ཡོངས་རྫོགས་སོགས་དམ་པ་ཆོས་ཀྱི་བཀའ་དྲིན་ཁྱད་པར་ཅན་གྱི་བརྒྱུད་ཉེ་བར་གང་བར་བགྱིས་ཤིང་། ཁྱད་པར་དབང་བསྐུར་བའི་ཆོ་ག །རབ་གནས། སྦྱིན་སྲེག །རོ་སྲེག །ཆོས་སྐྱོང་གི་གཏོར་མ་ཕྲིན་ལས་བགྱི་བ་སོགས་རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་ལ་ནོར་འཁྲུལ་ཐེ་ཚོམ་གྱི་དྲི་མས་མ་གོས་པའི་བདར་ཤ་ཆོད་པའི་ནན་ཏན་ཡང་དག་བགྱིས་སོ།
།ལྷ་མིའི་སྐྱབས་མཆོག་རྗེ་བཙུན་རྡོ་རྗེ་འཆང་། །གང་དེའི་སེང་གེའི་ཁྲི་ལ་རྣམ་རོལ་ཞིང་། །ཟབ་ལམ་དུ་མས་དད་ལྡན་གདུལ་བྱ་རྣམས། །སྨིན་མཛད་གང་དེའི་དྲིན་ལ་བདག་གི་བློ། །རྒྱུད་སྡེའི་སྦས་དོན་ལག་ལེན་རྒྱ་མཚོ་རྣམས། །ནོར་འཁྲུལ་ཐེ་ཚོམ་འཁྱོག་པོས་མ་སླད་པའི། །མ་ནོར་གྲུབ་པའི་དབང་པོའི་བཞེད་སྲོལ་བཞིན། །མ་ཚང་མེད་པར་འདོམས་པའང་གང་དེའི་དྲིན།
རྗེ་ཡབ་སྲས་གཉིས་ཀྱི་ཁོངས་སུ། གསེར་རྐྱང་རང་ཡང་གློ་ཞོ་བརྒྱ་སུམ་ཅུ་ཙམ་གྱི་མགོ་བྱས། དར་གོས། མཆོད་ཆ་སོགས་བསམ་གྱིས་མི་ཁྱབ་པའི་ཟང་ཟིང་གི་ཞབས་ཏོག་ཡང་དག་བགྱིས་སོ། །གསང་སྟེ་སྟོན་པའི་སློབ་དཔོན་ལ་ཡང་སྔ་གོང་དབུས་གཙང་དུ་མ་ཕྱིན་གོང་དུ་ཞུས་ཚུལ་རྣམས་སྔར་བསྟན་ཟིན་ལ། རང་ཡུལ་དུ་སླེབ་མཚམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་ལུང་དང༌། ཁྱད་པར་གཉན་སྟོན་ཚོམ་བུ་པ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་འཛུབ་ཚུགས་སུ་བཏབ་པའི་ཉམས་ཁྲིད་ཅིག་ཞུས་ཤིང་། དག་པའི་ཞིང་དུ་གཤེགས་པ་ན། དགོངས་རྫོགས་སུ་བགྱི་བའི་རིམ་པ་མཐའ་དག་དང་བཅས། སྐུ་གདུང་རིན་པོ་ཆེ་ལ་ཞུགས་འབུལ་བ། ཆོས་སྐུའི་རང་བཞིན་དུ་བསྒྲུབ་པ། དེ་དག་བཞུགས་པའི་གདུང་རྟེན་གསེར་ཟངས་ལས་གྲུབ་པ། དུས་མཆོད་ཀྱི་སྐབས་སུ། རྒྱུད་སྡེ་རིན་པོ་ཆེའི་དཀྱིལ་འཁོར་དུ་མ་ཞལ་འབྱེད་པ། ཟླ་བ་བྱུང་ངོ་ཅོག་གི་མཆོད་པ་རྒྱུན་ལྡན་སོགས་དངོས་ནས་ཁུར་མི་ཆུང་བའི་ཞབས་ཏོག་ཡང་དག་བགྱིས་སོ།
།སྙིང་རྗེའི་པད་དཀར་བཞད་པའི་ཀུནྡའི་གཉེན། །སྨོན་ལམ་དག་པའི་དགའ་ཚལ་འདིར་འཕོས་ནས། །རྨད་བྱུང་ངོ་མཚར་མཆོག་གིས་མཛད་པ་ཡིས། །གྲུབ་པའི་འཁོར་ལོ་བསྒྱུར་ཁྱོད་ཕྱག་གི་གནས། །སྙིང་རྗེའི་ཡུལ་གྱུར་རྨུ་རྒོད་འདུལ་དཀའི་ཞིང་། །སྙིང་རྗེའི་ཐུགས་མངའ་ཁྱོད་ཀྱིས་ཉེར་དགོངས་ནས། །སྙིང་རྗེའི་དབང་གིས་གངས་ཁྲོད་ཀླ་ཀློ་འདིར། །སྙིང་རྗེ་ཆེན་པོ་སླར་ཡང་བྱོན་པ་སྙམ། །གྲུ་འཛིན་གནས་ནས་སྤྱན་རས་གཟིགས་དབང་པོ། །དངུལ་ཆུའི་གནས་ན་ཐོགས་མེད་སྤྲུལ་པའི་སྐུ། །དུས་འདིར་ཀུན་དགའི་མཚན་ཅན་གྲུབ་པའི་རྗེ། །གཅིག་ཉིད་དུ་མའི་རོལ་པར་རྩེན་པར་མཛད། །དོན་དམ་ལྟ་བའི་དགོངས་དོན་མཐོ་ལ་ཡངས། །ཀུན་རྫོབ་ལས་འབྲས་ཕྲ་ཞིབ་མ་འདྲེས་འབྱེད། །བདེན་གཉིས་འཁྲུལ་མེད་ལམ་དུ་འདྲེན་མཁས་པའི། །སྔོན་མེད་ཐར་པའི་དེད་དཔོན་ཁྱོད་ཁོ་ན། །གང་གི་དང་པོར་བསྟན་པའི་སྒོར་བཅུག་ཅིང་། །ཁྲིམས་ཀྱི་བསླབ་པ་མཐའ་དག་ཉེར་བར་གནང་། །ཀུན་དགའ་གྲོལ་མཆོག་མིང་གི་དགའ་སྟོན་ཡང་། །བརྫུན་བྲལ་བདེན་གསུང་ལམ་ནས་དགེས་པར་སྩལ།
།ཡང་རྩ་བའི་བླ་མ་པཎ་ཆེན་རྣམ་གཉིས་ཀྱི་ཡ་གྱལ་དུ་གྱུར་པ། མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ལྡན་ཚུལ་ཁྲིམས་པའི་ཞལ་སྔ་ནས་ལ་ཤར་ཕྱོགས་སུ་འགྲོ་དུས། དཔལ་བྱམས་གླིང་དུ་ཕྱི་ཕྱག་ལ་ཕྱིན་དུས་ཀྱི་རྫོང་ཆོས་ལ་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས་དང་། ལུང་རྣམས་ཀྱི་སྐོར་རྣམས་ངེད་ཅག་སྤུན་ཚོགས་གྲྭ་པ་སློབ་གཉེར་བ་ཀུན་གྱི་རྫོང་ཆོས་སུ་ཞུས་ལ། རྟིང་སོར་བདེ་མཆོག་དྲིལ་བུ་ཞབས་ལུགས་དང་། འཇིགས་བྱེད་ས་སྐྱ་པའི་ལུགས་ཀྱི་ཆོས་བསྐོར་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པར་ཞུས་སོ། །དེའི་དུས་ཀྱི་སྐབས་ཅིག་བདག་གི་འཁྲུལ་སྣང་དུ་བྱུང་པའི་དོན་ཅུང་ཞིག་ཅི་ཏོལ་བསྐྱེད་ནས་ཞུ་འཕྲིན་དུ་ཕུལ་བ་ནི།
གང་ཐུགས་དཔལ་གྱི་བེའུའི་སྒོ་ཕྱེ་ནས། །གང་གསུང་ངེས་ཚིག་ལྡན་པས་དབུགས་དབྱུངས་ཏེ། །གང་སྐུ་ཚུལ་ཁྲིམས་རྒྱན་གྱིས་སྤྲས་པ་དེ། །གང་དག་མོས་པའི་སྣང་ངོ་འདི་ལྟར་བསྟན། །བཀོད་ལེགས་ཡིད་འོངས་ལྷ་ཡི་གཞལ་ཡས་ན། །འོད་དཔག་མེད་མགོན་མདུན་ན་ཁྱེད་བཞུགས་པའི། །གཡས་དང་གཡོན་ན་བུད་མེད་མཛེས་མ་གཉིས། །དྲི་ཞིམ་བདུག་སྤོས་ཐོགས་ནས་འདི་སྐད་འཛེར། །གུ་རུ་འདི་ལ་གསུང་གི་རྡོ་རྗེ་ཟེར། །ད་ནི་བདེ་ཆེན་ཞིང་དུ་སྤྱན་འདྲེན་ན། །བླུན་པོ་ཧ་རེ་ལོང་ལ་ཅི་བྱར་ཡོད། །ཟེར་བའི་མོད་ལས་འཁྲུལ་པའི་གཉིད་ལས་སངས། །དམ་པ་གང་ཁྱོད་དམན་མོས་བདག་ཅག་རྣམས། །ཡལ་བར་དོར་ནས་དགོངས་པ་བསྐྱེད་མིན་ནམ། །ཅི་སྟེ་འདི་འདྲའི་སྣང་བ་ཡ་མཚན་ཅན། །འདི་དོན་འབྲས་བུ་སྨིན་པར་མ་གྱུར་ཅིག །ཀྱེ་མ་འདོད་པའི་དཔག་བསམ་དགེ་བའི་བཤེས། །ཕན་དགོངས་ལྡན་པའི་སྐྱབས་ཅིག་བདག་ལ་གསོན། །སྲིད་མཐའི་བར་དུ་ཁྱོད་ཞབས་བརྟན་གྱུར་ཞེས། །ཉམ་ཐག་ཉིན་མཚན་ཀུན་ཏུ་གསོལ་བ་འདེབས། །འདབ་ཤོག་མ་རྫོགས་བྱེའུའི་ཚང་བོར་ནས། །མ་ནིང་མཁའ་ལ་བསྐྱོད་པར་བྱེད་དམ་ཅི། །དེ་ལྟ་ན་ནི་ཐུགས་རྗེ་ལྡན་པ་ཡི། །ལྷག་བསམ་མཆོག་ཀྱང་མིང་གི་ལྷག་མར་བབས། །དེ་སྐད་སློབ་བུ་གདུང་ཤུགས་ཆེ་ལྡན་ངས། །རབ་ཞུས་ཨུཏྤལ་འདབ་འདྲའི་མིག་ཡངས་ལས། །མ་བཟོད་སེམས་ཀྱིས་བསྐྱོད་པའི་མཆི་མ་ཡིས། །མུ་ཏིག་ཕྲེང་མཛེས་འདིའང་རྟེན་དུ་བཞེས། །ད་ནི་ཁྱོད་ཀྱི་ཐུགས་རྗེའི་རླབས་གཡོས་ནས། །སྐལ་དམན་རེ་བའི་འབྲས་རབ་སྩོལ་བ་དང་། །སྐུ་གསུང་ཐུགས་མཆོག་མི་འགྱུར་རྡོ་རྗེའི་ཁྲིར། །སྲིད་མཐའི་བར་དུ་རྟག་པར་བཞུགས་སུ་གསོལ།
།ཅེས་ཕུལ་བའི་ལན་དུ། བཀའ་མཆིད་ཀྱི་ཕྱག་རྟགས་འདི་ཕེབས་ཏེ།
རྒྱལ་བ་ཀུན་དངོས་བླ་མའི་ལེགས་བཤད་ཀྱི། །པད་མའི་ཚལ་ཀུན་དགའ་བའི་འདབ་རྒྱས་ཤིས། །སྲིད་གསུམ་སྒྲོལ་མཛད་བདུད་རྩི་མཆོག་གི་གཏེར། བློ་གྲོས་མཁའ་ལྟར་ཡངས་པ་གང་དེའི་དྲུང་།
ཞུ་བ། གང་གིས་གཞལ་བར་དཀའ་བའི་ཕྲ་མོའི་དོན། །ངང་ཚུལ་བདེ་བླག་གཟིགས་པའི་པཎྜི་ཏ། །གཞན་སེམས་ཤེས་པའི་གྲུབ་བརྙེས་རྣལ་འབྱོར་པ། །མཛད་པའི་ཆ་ཤས་འདི་འདྲ་ངོ་མཚར་གནས། །གསུང་གི་རྡོ་རྗེ་བདག་གི་གསང་མཚན་དུ། །ཀུན་དགའ་དབང་ཕྱུག་ཞབས་ཀྱི་དང་པོར་གནང་། །མནལ་ལམ་ཚུལ་དེ་དེ་ཡི་ཚུལ་ལ་ཞུགས། །སྒུམ་ཟད་མར་མེའི་དཔེ་འདི་རྗེས་སུ་དགོངས། །སྐྲ་དཀར་སོ་མགུལ་བཞིན་རས་གཉེར་མས་ཁྱབ། །འཆི་བའི་ཕོ་ཉས་ཉེ་བར་རྟོལ་གྱུར་ན། །མཁྱེན་དགོངས་ལྡན་པའི་བཀའ་ཡང་ནུས་མེད་པའི། །ཞལ་དུ་བཏབ་ལ་དགོངས་དབྱིངས་འགལ་མེད་ཞུ། །བདག་འདྲ་རྒས་པའི་དབང་གིས་སྔར་ཤེས་པའི། །ཆོས་རྣམས་ཕལ་ཆེར་དྲན་མེད་དབྱིངས་སུ་ཐིམས། །སྔོན་མེད་གསར་དུ་ཤར་བའི་ཉིན་བྱེད་ཁྱོད། །གདུང་བྱ་གླིང་བཞིའི་པད་ཚལ་འབྱེད་པར་སྨོན།
།ཅེས་པའི་ནང་ལྟར། བདག་གདུལ་བྱ་རྣམས་ཀྱི་སྐལ་བ་ལ་བརྟེན། །ཇི་ལྟ་བའི་གསོལ་བ་བཏབ་ཀྱང་། ཞིང་འདིའི་སྐུ་ངོས་ཀྱི་གདུལ་བྱའི་དོན་རྣམས་ཉེ་བར་བསྡུས་ནས། །རིང་པོར་མ་ལོན་པར་བདེ་བ་ཅན་དུ་གཤེགས་པར་གྱུར་ཏོ།
།དེ་ནས་བདག་གིས། རྗེ་དེ་ཉིད་ཀྱི་དགོངས་པ་བསབ་པའི་ཕྱིར། དཔལ་ལྡན་བྱམས་གླིང་གི་ཆོས་གྲྭར་ལོ་གཅིག་དང་ཟླ་བ་འགའ་ཟུང་བསྡད་དེ། མདོ་སྔགས་ཀྱི་གཞུང་ལུགས་ལ་ལེགས་པར་སྦྱངས་པའི་དགེ་བའི་བཤེས་གཉེན་དུ་མས་དབུ་མཛད། དོན་གཉེར་འགའ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཞིབ་བཤད་མཐའ་ཆོད་པ་ཅིག་བགྱིས་ཤིང་། དེའི་ཡོན་དུ་བྱུང་བའི་རྙེད་པ་རྣམས་ཀྱང་། རྗེ་ཉིད་ཀྱི་ཉེར་བརྒྱད་ལ་བཙུགས།དབྱར་ཅིག་རྟ་མངས་སུ་ཕྱིན་པས། ནས་ཀྱི་རྙེད་པ་ཡང་མང་དུ་བྱུང་བ་ཀུན་ལྷན་ཅིག་ཏུ་བྱས་ནས། བློ་ཁལ་སུམ་བརྒྱ་ལྷག་པ་བྱུང་བ་ཡང་། འབྲུ་ཅིག་ཀྱང་མ་ཉམས་པར། རྗེ་དམ་པ་ཉིད་ཀྱི་ཕྱོགས་སུ་བཏང་ངོ༌།
།ཡང་རྩ་བའི་བླ་མ་སྦས་པའི་རྣལ་འབྱོར་གཉིས་ཀྱི་ཡ་གྱལ་དུ་གྱུར་པ། འཕགས་མཆོག་མ་ཎི་པ་ཤེས་རབ་དཔལ་འབྱོར་གྱིས། །བདག་མའི་ལྟོ་བ་ན་ཡོད་དུས། །དབང་བྱིན་རླབས་དུ་མས་བསྐྱངས་ཤིང་། ནར་སོན་པ་ན་ཡང་། རྒྱལ་པོ་བཀའ་འབུམ།མ་ཅིག་ལེ་བརྒྱད། སྦས་དོན་ཀུན་གསལ་རྣམས་ཞུས། ཡང་རྩ་བའི་བླ་མ་སྦས་པའི་རྣལ་འབྱོར་གཉིས་ཀྱི་ཡ་གྱལ་ཁམས་སྟོན་བསོད་ནམས་རྒྱལ་མཚན་ཏེ་སེ་ཤེལ་གྱི་ཕོ་བྲང་གནས་ཉེར་བཞིའི་ཡ་གྱལ། ཧི་མ་ལ་ཡ་ཌཱ་ཀི་ཁ་ཁ་ན་སེ་གནས་པའི་ཕྱོགས་དེ་ཉིད་སྐོར་བ་ལ་བྱོན་དུས། བདག་གིས་ཕྱག་ཆེན་གའུ་མ། །འཆི་མེད་འཆུག་མེད། འཆི་མེད་འཕྲུལ་འཁོར་སོ་གཉིས་དང་། ཁྱད་པར་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ནི་གུའི་ཞལ་ཤེས་འགའ་ཞུས་ཤིང་། བདག་གིས་ཀྱང་ཁོང་དཔོན་སློབ་དྲུག་ཅུ་རེ་ལྔ་ཙམ་འདུག་པ་ཀུན་ལ་སྤྱི་འགྲོར་གྲུབ་རྒྱལ་མ་དང་། སྤྱན་རས་གཟིགས་བསྐོར། དགོས་སུ་ཁོང་པ་རང་ལ་སུ་ཁ་ཆོས་དྲུག་ཅིག་ཕུལ་ལོ།
།དེ་ལྟར་བླ་མའི་ཚོགས་རྣམ་སལ་གནད་ཀྱི་གདམས་ངག་མང་དུ་ཞུས་ཤིང་། དེ་དག་གི་སྐབས་རྣམས་སུ་སྒྲུབ་གནས་ཀྱི་དམ་པ་དཔལ་ལྡན་འཕྲེད་མཁར་དང་། བྲག་སྟེངས་རྡོ་རྗེ་བྲག་རྫོང་། དགོན་པ་གཉིས་པོ་སོགས་སུ་བསྙེན་སྒྲུབ་བྱས་དུས་དང་། ཁམས་དྭངས་པའི་སྐབས་འགའ་ཞིག་ལ།མ་དག་པ་ལས་སྣང་། མ་ངེས་པའི་འཁྲུལ་སྣང་། ངེས་པ་གསལ་སྣང་གི་ཉམས་མྱོང་ཅུང་ཟད་བྱུང་བ་རྣམས་ནི་ཕལ་ཆེར་བརྗེད་ནས་དྲན་ཡུལ་དུ་མི་སྣང་ལ། ཅུང་ཟད་སྣང་བ་རྣམས་ཀྱང་། སྐལ་མེད་རྣམས་ལོག་ལྟ་ལ་སྦྱོར་ཞིང་། སྒྲོ་འདོགས་སྐུར་འདེབས་ཀྱི་གཞི་ལས་མི་འདུག་པས་ཡི་གེར་མ་བྲིས་སོ།
།དེ་ལྟར་ཁོ་བོའི་མྱོང་བ་བགྲང་ཡས་པ། །མཐའ་དག་ཡི་གེར་འདྲི་བའི་ངལ་བས་ཅི། །ཆ་ཤས་ཙམ་ཞིག་བཀོད་པའི་དགེ་བ་ཡིས། །དོན་རྒྱུད་སློབ་མའི་སྙིང་ལ་འཕོ་བར་ཤོག །གཙུག་རྒྱན་ནོར་བུས་ལུང་བསྟན་དབུགས་དབྱུང་མཛད། །རིན་ཆེན་རྣམ་བཞིས་གདམས་པའི་གནད་རྣམས་གནང་། །པཎ་ཆེན་གཉིས་ཀྱི་ཐེ་ཚོམ་དྲ་བ་བསལ། །བྱ་བཏང་གཉིས་ཀྱི་རྟོགས་པའི་བོགས་དབྱུང་མཛད། །ངག་གི་དབང་པོས་ཐ་སྙད་སྤྲོ་བ་བསྐྱེད། །དེ་ལྟར་འདྲེན་མཆོག་བླ་མའི་ཚོགས་རྣམས་ཀྱིས། །རྗེས་སུ་བཟུང་ཞིང་ཁྱད་པར་དྲིན་ཅན་རྗེས། །འདི་དང་ཕྱི་མ་ཕན་བདེའི་ལམ་ལ་བཀོད། །གང་སྣང་སྒྱུ་མའི་རྣམ་རོལ་དུ་ཤར་ནས། །འཛིན་མེད་རང་གྲོལ་མ་བཅོས་ཞེན་བྲལ་བློས། །མ་ཆགས་བུ་ཆུང་སྤྱོད་པའི་ངང་ཚུལ་གྱིས། །བྱས་ཚད་ཆོས་སུ་འགྲོ་བའི་ཡོ་ལང་ཅན། །བདག་གི་བླ་མ་རྣམས་ཀྱིས་རྗེས་བཟུང་ཞིང་། །ཡི་དམ་ལྷ་ལས་ཅུང་ཟད་སྣང་བ་ཐོབ། །མཐོང་ཐོས་དྲན་རེག་ངན་འགྲོའི་གནས་སྤོང་བའི། །འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་བུ་ཡིན། །དེ་ལྟ་ན་ཡང་བླ་མའི་མཛད་པ་ལ། །མ་དད་དྲི་མའི་ལོག་ལྟ་ཀུན་སྤངས་ནས། །ལྷག་བསམ་གདུང་བའི་ཤུགས་ཀྱིས་གསོལ་བཏབ་ན། །འཕྲུལ་དང་ཡུན་དུ་བདེ་དགེ་མ་ལུས་འབྱུང་། །འདི་བྲིས་པ་ལས་བྱུང་བའི་དགེ་བ་ཡིས། །ཉི་འོད་གང་དེས་ལོག་ལྟའི་མུན་བསལ་ནས། །སྐལ་མེད་རྣམས་ཀྱི་སྙིང་གི་པད་མོའི་ཚལ། །དད་པའི་ཟེ་འབྲུ་རྒྱས་པའི་རྒྱུར་གྱུར་ཅིག།
།ཅེས་བློ་གསལ་གྱི་ལྡོམ་བུ་པ་ཀུན་དགའ་གྲོལ་མཆོག་གིས་རང་གི་མྱོང་བ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་འདི་ནི། རང་རིགས་དང་རྗེས་སུ་མཐུན་པའི་སྐལ་པ་དང་ལྡན་པའི་གདུལ་བྱ་མང་པོ་ལ་ཕན་པར་གྱུར་ཅིག་པའི་བསམ་པ་ཉེ་བར་བཞག་ནས། སྒྲོ་བསྐུར་རང་བཟོའི་དྲི་མ་སྤངས་ཏེ་བྱུང་རྒྱལ་གྱི་ཉམས་ཅུང་ཞིག་ཡི་གེར་བཀོད་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །།མངྒ་ལཾ།། །།