Ni gu chos drug gi khrid yig mkhas btsun gzhon nu grub kyis mdzad pa

From Shangpa Resource Center








Resource ID SD1
Title ni gu chos drug gi khrid yig mkhas btsun gzhon nu grub kyis mdzad pa
Topics Six doctrines of Niguma
Sub-Topics Manual
Author Shönu Drup
Link BUDA MW2PD20238
Notes Possibly the older version of ni gu chos drug gi khrid yig. This text is probably one of the three manuals used by Taranatha to compile the Tangdelma.

To read back
༄༅། །ནི་གུ་ཆོས་དྲུག་གི་ཁྲིད་ཡིག་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་མཛད་པ་བཞུགས་སོ།།

།བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།བརྒྱུད་པ་གངས་རིའི་ཕྲེང་ལྟར་རྣམས་མཛེས་ཤིང་། །སྒྲུབ་རྒྱུད་ཆུ་བོའི་གཞུང་ལྟར་མ་ཆད་པ། །རྒྱུད་སྡེ་རྒྱ་མཚོའི་བཅུད་བསྡུས་མན་ངག་འདི། །འགྲོ་མགོན་ཤངས་པའི་ཞལ་གྱི་བདུད་རྩི་ལས། །ལེགས་འོངས་བླ་མ་དམ་པའི་གསུང་བཞིན་དུ། །སྒྲོ་བཀུར་རང་བཟོ་སྤངས་ཏེ་བྲི་བར་བྱ།
ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ལུགས་ཀྱི་ཆོས་དྲུག་ལ། སྔོན་འགྲོ་དང་། དངོས་གཞི་གཉིས་ལས།
དང་པོ་ལ་གསུམ་གྱི་དག་བྱེད་ཨའི་སྟོང་ར་ནི། ༼སྐྱབས་འགྲོ་དང་༽སེམས་བསྐྱེད་སྔོན་དུ་སོང་བས། རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་དམ་པ་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ་ལོ། །སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ་ལོ། །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ་ལོ། །ཞེས་གསོལ་བ་བཏབ་ལ། རང་གི་སྨིན་པྲག་ཏུ་ཆོས་འབྱུང་གྲུ་གསུམ་༼ཟུར་ཅིག་སྨིན་དཔྲག་༽དཀར་པོའི་ནང་དུ། ༼ཟུར་གཉིས་རྣ་ལྟག་གཡས་གཡོན་དུ་ཟུག་པ། རྩ་བ་ཕྲ་བ་ཐུར་དུ་ལྕེ་ཆུང་པར་ཟུག་པ། སྤང་རྒྱན་དཀར་པོའམ། དར་དཀར་གྱི་གླང་རུ་ལྟ་བུ། ཆོས་འབྱུང་དེའི་ནང་དུ་གཡས་གཡོན་གང་དུའང་མ་རེག་པའི།༽ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་བསམས་ལ། ངག་ཏུ། ཨ་ཨ་ཞེས་༼སྒྲ་དང་བཅས་པ་༽ཅི་རིགས་པར་བརྗོད་པས། ཨ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བྱུང་ཆོས་འབྱུང་ཁེངས། ལུས་ཀྱི་ནང་ཐམས་ཅད་ན་མར་སོང་བས། ནད་གདོན་སྡིག་སྒྲིབ་ཐམས་ཅད་བཤང་ལམ་ཆུ་སོ་སོར་མོ་དང་བ་སྤུའི་བུ་ག་ན་མར་ཐལ་བའི་རི་བོ་ལ་ཕུ་ཆུའི་རྒྱུན་ཆེན་པོ་བབ་པ་བཞིན་ནག་ནུ་རུ་རུ་ཐོན་པས་ལུས་ཕྱི་གསལ་ནང་གསལ་བ་ཁྲུ་མ་ཕུས་བཏབ་པའམ། ཤེལ་གོང་གཡའ་དང་བྲལ་བ་བཞིན་བསམ།
དེས་སྡིག་སྒྲིབ་དང་ཁྱད་པར་དུ། དཀོར། སྐུ་བླུད། དམ་ཚིག་འགལ་འཁྲུལ་ཐམས་ཅད་འདག་གསུང་། དག་པའི་རྟགས། འཁྲུ་སྐྱུག་དང་། འཕུར་བ་དང་། ལུས་ལ་རྔུལ་འཐོན་པ་དང་། གོས་དཀར་པོ་གྱོན་པ་ལ་སོགས་པ་འབྱུང་ངོ་།
།ནད་དོན་པའི་རྟགས་རྣག་ཁྲག་འཛག་པ་ལ་སོགས་པའམ། སྲོག་ཆགས་འཐོན་པ་ནི་གདོན་དག་པའི་རྟགས་ཏེ། དངོས་དང་རྨི་ལམ་ཅི་རིགས་སུ་འབྱུང་ངོ་།
།སྟོང་ར་ནད་གདོན་སེལ་བྱེད་ཀྱི་ཁ་བསྒྱུར་ནི། ནད་ཚད་པ་ལྟ་བུ་ལ་ངོ་བོ་བདུད་རྩིའི་རྣམ་པ་ག་པུར་གྱི་ཆུ་རྒྱུན་དུ་བསམ། གྲང་པ་ལ་ངོ་བོ་བདུད་རྩིའི་རྣམ་པ་ཞུན་མར་ཁ་དོག་དམར་ལ་རེག་བྱ་ཚ་བར་བསམ། ས་གདོན་ལ་སྲོག་ཆགས་འབུ་སྲིན་ལ་སོགས་འཐོན་པར་བསམ། མདོར་ན་ནད་གདོན་སྡིག་སྒྲིབ་གསུམ་ལ་རྩེ་གཅིག་ཏུ་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་དམིགས་པ་ནི་སྟོང་རའི་དམིགས་པའོ།

།གཉིས་པ་དངོས་གཞི་ལ་དྲུག་ལས། ཐབས་ལམ་བདེ་དྲོད་རང་འབར་ལ་གསུམ། སྔོན་འགྲོ་མེའི་སྟོང་ར་ནི། སེམས་བསྐྱེད་སྔོན་དུ་སོང་བས། རྐང་པ་བསྣོལ། སྒལ་ཚིགས་བསྲང་། མགྲིན་པ་དགུག །ལག་པ་སྤུས་འཁྱུད་བཙུད་དེ། བླ་མ་སྤྱི་བོར་བསྒོམས་ལ། བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་མཛད་དུ་གསོལ་ལོ། བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ་ལོ། ཞེས་གསོལ་བ་བཏབ། དེ་ནས་རང་ལུས་རྗེ་བཙུན་མའི་རྣམ་པ་ལ། ནང་མེ་དམར་མུའི་འོབས་ལྟ་བུ་ཁ་དོག་དམར་ལ་རེག་བྱ་ཚ་བ། ཁོང་པའི་ནང་ལྟེ་བའི་ཐད་ཀའི་ཕྱོགས་བཞི་མེ་ངང་པའི་སྒོ་ང་ཙམ་བཞི་འབར་ལ་ཁད་པར་བསྒོམས་ལ་རླུང་བཟུང་།
དངོས་གཞི་ལ་བཞི་ལས། རླུང་ཟས་སུ་ཟ་བ་ནི། རང་རྗེ་བཙུན་མར་བསྒོམས་པའི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། རྐང་ལག་བསྣོལ་ལ་རྐང་པའི་མཐེ་བོང་གཉིས་ལག་པས་བཟུང་། སྒལ་ཚིགས་བསྲང་། མགྲིན་པ་བཀུག་ལ། གསང་གནས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུའི་སྟེང་དུ་རཾ་དམར་པོ་གླ་བའི་རིལ་མ་ཙམ། མཚོན་གང་ཙམ་གང་བདེ་ཅིག་བསྒོམས་ནས་རླུང་གཉིས་ཁ་སྦྱར་བས། ཡཾ་ལས་རླུང་གཡོས། རཾ་ལས་མེ་འབར། རྣོ་བ། ཕྲ་བ། མྱུར་བ། མཚན་ཉིད་བཞི་ལྡན་འབར་ཏེ། ཁོང་པ་ཁེངས་པར་བསམས་ནས། ལུས་ཀྱི་ལས་སུ་དཀྲུག་འཁོར་བྱ། ངག་གི་ལས་སུ་རླུང་བཟུང་། ཡིད་ཀྱི་ལས་སུ་མེ་འབར་བཞིན་པ་ལ་དམིགས་པ་གཏོད་དོ།
།གཉིས་པ་གོས་སུ་གོན་པ་ནི། བདེ་བའི་མལ་དུ་པུས་བྲང་སྤྲད་ལ་ཉལ། ལྐོག་མ་པུས་མོ་ལ་བཀལ། ལག་པ་བསྣོལ་མཁལ་རྩ་ལ་དགབ། མེའི་དམིགས་པ་གོང་བཞིན་བྱས་ལ་རླུང་བཟུང་ངོ་།
།༼གསུམ་པ་༽སྟན་དུ་གདིང་བ༌ནི། རྐང་པ་སྟན་ལ་གཏད་ལ་གཡོན་པའི་བོལ་གོང་གཡས་པའི་རྒྱུ་མོ་ཁུ་བཀབ་ལ། གཡས་འོག་ཏུ་བཅུག་སྟེ། ཀུ་ཀུ་ར་ཇའི་འདུག་སྟངས་ཀྱིས་ཉལ། རླུང་དང་དམིགས་པ་གོང་བཞིན་ནོ།
།བཞི་པ་རྟར་ཞོན་པའི་མན་ངག་ནི། འགྲོ་བའི་ཚེ་ལག་གཉིས་ཁུ་ཚུར་བཅངས་ལ། ༼བསྣོལ་ནས་མཆན་འོག་གཉིས་སུ་བཅུག་ལ་གྲུ་མོ་གཉིས་ཐེབ་བྱས་ལ་བཤོག་པ་བཞིན་བྱ།༽ མཆན་འོག་གཉིས་སམ། རྐང་འོག་གཉིས་ནས་རླུང་གི་ལྷ་མོ་དཀར་ལྗང་བཤོག་པ་ཅན་གཉིས་ཀྱིས་བཏེག་ཏེ། ནམ་མཁའ་༼ལན་རེ་ཙམ་མེན་པ་དུས་རྒྱུན་དུ་བྱས་ན་སྤྲད་འཁོར་དུ་འགྲོ་བའི་ཉེན་ཡོད་གསུང་།༽ལ་ཁྱེར་བར་བསམས་ལ། རླུང་ཁུག་པ་ཅན་ཉེར་གཅིག་བཟུང་ནས་ཕྱིན་ན་རྟ་མཆོག་དང་མཉམ་པའི་འགྲོས་འབྱུང་ངོ་།
།གཉིས་པ་རྗེས་ལ་གཉིས་ལས། སྲིད་པའི་དབང་ཞུ་བ་ནི། སྤྱི་བོར་བླ་མ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན་བསྒོམས་ལ། མཆོད་པ་བཞི་རྫོགས་སུ་ཕུལ་ལ། བདག་ལ་དབང་བཞི་རྫོགས་སུ་བསྐུར་དུ་གསོལ། ཞེས་གསོལ་བ་གདབ། བླ་མའི་སྐུ་ལུས་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་ནས་སྤྱི་བོར་སླེབས་པ་བུམ་དབང་། མགྲིན་པར་གསང་དབང་། སྙིང་ཁར་གསུམ་པ། ལྟེ་བར་སླེབས་པས་བཞི་པའོ། །དེ་ནས་ལུས་ངག་ཡིད་གསུམ་ཀུན་གཞི་ལ་ཡོད་པའི་བག་ཆགས་དང་སྒྲིབ་པར་བཅས་པ་དག་ནས། དབང་བཞི་རྫོགས་དང་། སྐུ་བཞི་ཐོབ་པར་བསམ། དེ་ནས་དམ་ཚིག་དང་ཉམས་ཆགས་སྡིག་སྒྲིབ་དག་ནས་ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བ་ལ་བླ་མ་བསམས་ནས་ཚོགས་འཁོར་དབང་བསྐུར་སྔོན་འགྲོའི་ཆོ་ག་དང་འབྲེལ་བས། གོང་གི་དམིགས་པ་དེ་ཉིད་ཀྱིས་སློབ་མ་ལ་དབང་བསྐུར་ནས་ཐབས་ལམ་གྱི་དབང་བཀའ་ཡིན་པས་དེ་ཉིད་ཐབས་ལམ་བསྒོམས་པའི་རྗེས་སུའང་མ་ཆག་པར་བླང་ངོ་།
།གཉིས་པ་གེགས་རང་གྲོལ་ནི། དེ་ལྟར་ཐབས་ལམ་བསྒོམས་པའི་དུས་སུ། སྙིང་མི་དགའ་བ་དང་། ཤེས་པ་འཕྱོ་བ་དང་། རོ་སྟོད་ན་བ་ལ་སོགས་པ་བྱུང་ན། གང་ན་སར་བུག་པ་ལྕགས་ཚགས་ཀྱི་མིག་ལྟ་བུར་བསམ། ནང་ནས་ནད་གདོན་ཐམས་ཅད་དུད་པ་འཕྱུར་བ་ལྟར་སྔོ་བུན་ནུ་ནུ་ཐོན་པར་བསམ་མོ། །ལག་པ་གཉིས་སྤྲུག །རླུང་འབུད་པ་དང་། ༼ཧ་དམིགས་ནི། ལག་པ་ས་སྣོལ་དཔུས་མོ་ལ་དགབ། ཧ་ཞེས་༼དྲག་རླུང་ཉི་ཤུ་རྩ་གཅིག་ཙམ།༽དྲག་པོ་སྒྲ་དང་བཅས་པ་སྟོན་པས་ལུས་བཞི་ཚལ་དུ་ཤག་ཤག་སོང་པར་བསམ་མོ། ལུས་བཞི་ཚལ་དུ་སོང་པའི་དཀྱིལ་ན་ནད་གང་ཡིན་དེ་ཧྲིལ་ལེ་འདུག་པ་དེ་ཡལ་ཡལ་སོང་པར་བསམ། རྗེས་ལ་ཧ་ཞེས་དལ་ཤིག་པ་བྱ།༽ ཧས་དྲག་པོ་གདབ་པར་བྱའོ། །ཡང་ན་རིན་པོ་ཆེ་འབར་བ་ལྟ་བུའི་བུ་ག་སྒོམ། དེས་སྟོད་གེགས་སེལ་ལོ། །ཀུན་དའི་གེགས་ནི། རབ་དགག་སྒྲུབ་དང་བྲལ་བའི་བློས་བསལ། འབྲིང་དབང་བསྐུར། ཚོགས་འཁོར། ཐ་མ་དམིགས་པ་དང་༼འཆི་མེད་༽འཁྲུལ་འཁོར་གྱི་བསལ་གསུང་ངོ་།

།གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་གསུམ་ལས། དབང་པོ་རབ་གྲོགས་སུ་བླ་མ་དམ་པ་བསྟེན་པ་ལ་གཉིས་ཀྱི་དང་པོ་ནི། བླ་མ་ལ་གསོལ་བ་འདེབས། བླ་མའི་ལམ་ཁྱེར་ནི། དེ་ལ་ཅིའི་ཕྱིར་གྲོགས་ཤེ་ན། འདུ་འབྲལ་མེད་པའི་དོན་གྱིས་ན་གྲོགས། གོང་ནས་གོང་དུ་འཁྲིད་པར་བྱེད་པས་ན་གྲོགས། ཡོན་ཏན་ཐམས་ཅད་བསྐྱེད་པར་བྱེད་པའི་ལམ། ཚེ་གཅིག་གམ་ལོ་ཟླ་ཙམ་གྱིས་སངས་རྒྱས་ལ་འགོད་པས་ན་གྲོགས་ཡིན་གསུང་།
དེ་ལ་དང་པོ་སེམས་བསྐྱེད་དང་ལྡན་པས། གནས་དབེན་པར་ཕྱིན་ལ་འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་དེ། སྔར་སྐྱེས་པ་ཐམས་ཅད་ཀྱང་ཤི། ད་གཟོད་སྐྱེ་བ་ཐམས་ཅད་ཀྱང་འཆི། ད་ལྟ་གནས་པ་དགྲ་གཉེན་གྱི་སྣང་བ་ལ་སོགས་པ་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། ཤི་ནས་མེད་པར་ཡང་མི་འགྱུར་ཏེ། རིགས་དྲུག་གང་དུ་སྐྱེས་ཀྱང་སྐྱིད་མེད་སྙམ་དུ་བསམས་ལ། བདེ་བའི་སྟན་ལ་ལུས་གནད་བཅས་ལ། རང་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་གཉིས་སུ་མེད་པར་བསྒོམས་པའི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་ཞལ་འཛུམ་པའི་མདངས་དང་ལྡན་པ་ཅིག་བསམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་ཀ་ཁ་བསླབས་པ་ཡན་ཆད་ནས། ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་རྣམས་དེ་ལ་བསྟིམ་ནས། བླ་མ་དེ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་མཚན་ཐོས་པ་ཙམ་གྱིས་ཀྱང་ཕྱིར་མི་ལྡོག་པའི་ས་ལ་འགོད་ནུས་ན། གསོལ་བ་བཏབ་ན་སྨོས་མི་དགོས་པ་ཅིག་བསམས་ནས་མདུན་དུ་རང་ལ་གནོད་པར་བྱེད་པའི་གདོན། ཚེ་འདིའི་ཕ་མ། གཞི་བདག་རྣམས་ཀྱིས་གཙོ་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བསམས་ལ། རང་གི་ངག་ཏུ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ་བྱས་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཁུ་དི་རི་རི་གསོལ་བ་འདེབས་པར་བསམས་ནས། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་བྱིན་གྱིས་བརླབ་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་འབྱོངས་པར། རྨི་ལམ་འབྱོངས་པར། འོད་གསལ་ཕྱག་རྒྱ་ཆེན་པོ་ད་ལྟ་ཉིད་དུ་འདུག་ས་འདི་ཉིད་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ་པར་བྱའོ།
།ལྷ་སྐུ་མཚན་དཔེས་བརྒྱན་པ་བསྐལ་པ་སྟོང་དུ་བསྒོམས་པ་བས་བསོད་ནམས་ཆེ་བ་དང་། སངས་རྒྱས་སྟོང་གི་ཡོན་ཏན་འཛིན་པ་དང་། ས་བཅུ་ལམ་ལྔ་ཐམས་ཅད་མོས་གུས་གཅིག་པུས་བགྲོད་པ་ལ་སོགས་པའི་ཡིད་ཆེས་སུ་མདོ་རྒྱུད་ཐམས་ཅད་འཐུན་ཏེ།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། ཞེས་པ་དང་།
ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་ཀྱི་ཞལ་ནས། ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བསྒྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་སོ།
།ཨ་ཏི་བཀོད་པའི་རྒྱུད་ལས་ཀྱང་། གསང་བ་སྔགས་ལས་བྱུང་བ་ཡི། །བླ་མའི་དྲིན་དང་ལྡན་པ་ཉིད། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ལག་པའི་མཐིལ་དུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་སོ།
ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་གཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོ།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་སོ།
།མདོ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། །ཞེས་པ་ལ་སོགས་པ་དུ་མ་གསུངས།
ཕལ་པོ་ཆེ་ལས། ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་དབྱངས་ལ་གསོལ་པ། ཁྱེད་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་ལྟ་བུ་འདི་གང་ལས་བྱུང་། བཀའ་སྩལ་པ། ངས་སྔོན་དགེ་བའི་བཤེས་གཉེན་བསྟེན་པ་ལས། གཉེན་པ་དང་རིམ་གྲོ་དང་ཕུད་དུད་བྱས་པ་ལས་བྱུང་ངོ་། ཁྱོད་ཀྱིས་ཀྱང་དགེ་བའི་བཤེས་གཉེན་ལ་དེ་ལྟར་བྱོས་ཤིག་ཅེས་སོ།
བླ་མ་རྨོག་ཅོག་པའི་ཞལ་ནས། ཚེ་གཅིག་གིས་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས་གསུང་།
ཁོང་གི་ཐག་ཆོད་ཀྱི་གསུང་གཅིག་ལ། ཐུགས་རྗེ་ཆེན་པོ་རང་ཤེས་དཀར་ན་ཡང་དཀར། དགྱེས་རྡོར། བདེ་མཆོག་རང་ཤེས། ནག་ན་ཡང་ནག །ང་ལ་རེ་ས་བླ་མ་ལས་མེད། ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་པས་ཚེ་གཅིག་ལུས་གཅིག་གི་སངས་རྒྱས་སམ་དེ་ད་འོང་འོང་འདྲ་གསུང་།
བླ་མ་སྐྱེར་སྒང་པའི་ཞལ་ནས། བླ་མའི་མོས་གུས་ལ་མ་བུ་གཅིག་པོ་ཤི་བ་ལྟ་བུ་ཅིག་དགོས་གསུང་།
གཉན་སྟོན་རི་གོང་པའི་ཞལ་ནས། བླ་མའི་མོས་གུས་ལ་ཞེ་ཐག་པ་སྙིང་ཁོང་རུས་པའི་གཏིང་ནས་མཆི་མ་རང་དབང་མེད་པར་གསོལ་བ་འདེབས་པ་ཅིག་དགོས་གསུང་།
རིན་པོ་ཆེ་སངས་རྒྱས་སྟོན་པའི་ཞལ་ནས། བླ་མའི་མོས་གུས་ལ་བརྗེད་ངས་ལོག་ལྟར་མ་སོང་པ་ཅིག་དགོས་གསུང་། ཡང་ན་བླ་མ་བརྗེད། ཡང་ན་ལོག་ལྟ་བྱེད་པ་ལ་བྱིན་བརླབས་མི་འཇུག་གསུང་།
གཞན་ཡང་བླ་མ་གཉན་གྱི་ཞལ་ནས། བླ་མ་རྗེ་བཙུན་ཆེན་པོ། རིན་པོ་ཆེ་འབྲི་ཁུང་པ། ཞང་རིན་པོ་ཆེ། དུས་གསུམ་མཁྱེན་པ། གརྩང་པ་རྒྱ་རས་ལ་སོགས་པ་ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས། བླ་མའི་མོས་གུས་ཅིག་པུས་ལམ་བསྒྲོད་པ་ཀུན་འཐུན་པར་འདུག་གོ་གསུང་ངོ་།
།གཉིས་པ་ཅི་སྣང་བདེན་མེད་ལམ་ཁྱེར་ནི། གོང་བཞིན་དུ་གསོལ་བ་བཏབ་པས། སྣང་བ་ཐམས་ཅད་བདེན་མེད་དུ་ཕྱམ་སོང་བ་དང་། རང་བདེ་མཆོག་ཏུ་བསྒོམས་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་པ་བཞུགས་ཚུལ་དང་བཅས་པ་འདི། ང་རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་ཅིག་ཀྱང་མི་འདུག །འདི་སྣང་གིན་འདུག་ཀྱང་བདེན་མེད་ཅིག་ཡིན་ཨང་སྙམ་དུ་བསམ། དེ་བཞིན་དུ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས། དགྲ་སྡང་བ། གཉེན་བྱམས་པ། བདག་གཞན་སྣོད་བཅུད་དང་བཅས་པ་འདི་རྣམས་ཐམས་ཅད་ང་རང་གི་བློས་བྱས་པ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མི་འདུག་པས། སྣང་ཞིང་འདུག་ཀྱང་བདེན་མེད་ཅིག་ཡིན་ཨང་སྙམ་དུ་སྒོམ། གཤིས་བདེན་མེད་ཅིག་ཡིན་པ་ལ་དེ་ལྟར་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་སྙམ་དུ་བསམ། དེ་ལྟར་རྩེ་གཅིག་ཏུ་སྒོམ་པ་དེ་མཉམ་བཞག་གོ
།རྗེས་ཤེས་ནི། འགྲོ་བ་འཆག་པ། ཉལ་བ། ཟ་བ། འདུག་པ། གོས་གོན་པ། གཏམ་སྨྲ་བ་ལ་སོགས་པ་སྤྱོད་ལམ་ཐམས་ཅད་ཀྱི་དུས་སུ། དོ་ནུབ་འཆི་ནང་པར་འཆི་ཅིས་ཀྱང་ཅི་བྱེད་སྙམ་པ་དང་། བླ་མའི་མོས་གུས་དུངས་དུངས་པ་དང་། ངེས་པར་བདེན་མེད་ཡིན་སྙམ་པའི་འདུན་པ་དྲག་པོ་དང་གསུམ་རྩེ་གཅིག་ཏུ་མ་ཡེངས་པར་ཉམས་སུ་བླང་། འགྲོ་འཆག་ཉལ་དང་འདུག་པ་ཤེས་བཞིན་རབ་ཏུ་ལྡན། །ཞེས་པའི་དོན་ཏོ།
།དེ་ལྟར་བསྒོམས་པས་གཡས་ནས་བསྟོད་པ་དང་། གཡོན་ནས་སྨོད་པ་ལ་དགག་སྒྲུབ་མེད། གཡས་ནས་ཙན་དན་གྱིས་ལྡེ་གུས་བྱུགས་པ་དང་། གཡོན་ནས་ཁྱི་ལུད་ཀྱིས་བྱུགས་པ་ལ་དགག་སྒྲུབ་དང་ཆགས་སྡང་རང་གྲོལ་བས་སྒྱུ་ལུས་ཆགས་སྡང་རང་གྲོལ་བྱ་བ་འབྱུང་ངོ་། གསུང་ངོ་།
།དེས་ཉིན་པར་གྱི་དུས་འདའ། མཚན་མོ་ཡང་བདེ་བའི་སྟན་ལ་འདུག་སྟེ། སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་གོང་བཞིན་དུ་བྱས་ནས་གསོལ་བ་བཏབ་ཏེ། གཉིད་ལོག་པས་ཕྱམ་ཆེན་པོ་ལ་ཤོར་བའམ་མིའམ་ཁྱིས་དེད་པ་ལ་སོགས་པ་རྨི་ལམ་མི་འཚམ་པ་ཅིག་རྨིས། དེ་རྨི་ལམ་དུ་ཤེས། རྨི་ལམ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་དང་བྲལ་ནས། འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་དེ་ལ། དབང་པོ་རབ་བླ་མ་དམ་པ་བསྟེན་པས་ས་བཅུའམ་ལམ་ལྔ་བསྒྲོད་པ་བྱ་བ་ཡིན་གསུང་ངོ་། །དེས་མ་བསྒྲོད་ན་བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས་ཤིང་མོས་གུས་རྩོལ་བ་ཞན་པའི་སྟོབས་ཀྱིས་དབང་པོ་འབྲིང་དུ་སོང་བ་ཡིན་ནོ།
།དེ་ལ་གཉིས་པ་དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་ནི། དེ་ལ་ཅིའི་ཕྱིར་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་ཟེར་ན། ཐ་མལ་གྱི་ལོང་གཏམ་ལྟ་ཅི་སྨོས་ཏེ། མདོ་འདོན་པ་དང་སྔགས་བཟློས་པ་ཐམས་ཅད་ཀྱང་རེ་ཤིག་ལ་བཞག་ནས་ཡིད་ལའང་སྒྱུ་མ་རྨི་ལམ། ངག་ཏུ་འང་སྒྱུ་མ་རྨི་ལམ་རྟག་ཏུ་བརྗོད་གསུང་ངོ་།
།ཁྱེའུ་རབ་སྣང་གིས་ཞུས་པའི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་པ། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་སངས་རྒྱས་ངེས། །ཤེས་སོ།
།འདིའི་ལག་ལེན་ནི། གནས་དབེན་པར་ཕྱིན་ལ། འཁོར་བའི་སྐྱོ་ཤས་དང་། བླ་མའི་མོས་གུས་གོང་བཞིན་བསྒོམས་ནས་གསོལ་བ་བཏབ་པས། སྣང་བ་བདེན་མེད་དུ་ཕྱམ་སོང་བ་དང་རང་བདེ་མཆོག་ཏུ་བསྒོམས་པའི་སྐུ་མདོག་ཕྱག་མཚན་ལ་སོགས་པ་འདི་རྣམས། ང་རང་གི་བློས་བཀོད་པ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་ཅིག་ཀྱང་མི་འདུག །འདི་སྣང་ནི་སྣང་བདེན་ནི་མི་བདེན། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་སྒོམ།
དེ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན། ས་རྡོ་རི་བྲག །ནང་བཅུད་ཀྱི་སེམས་ཅན་སྐྱེས་པ་བུད་མེད་དགྲ་གཉེན་རྟ་གླང་ལ་སོགས་པ་སྣང་ཞིང་སྲིད་པས་བསྡུས་པ་འདི་རྣམས་ཐམས་ཅད་ང་རང་གི་བློས་བཀོད་པ་མ་གཏོགས་པ་ཕྱི་རོལ་གྱི་དོན་ལོགས་སུ་གྲུབ་པ་ཅིག་ཀྱང་མི་འདུག །འདི་རྣམས་སྣང་ནི་སྣང་བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་རྩེ་གཅིག་ཏུ་ཉམས་སུ་བླང་ངོ་།
མདོར་ན་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་དོ་ནུབ་འཆིའམ་ནང་པར་འཆི་ཅིས་ཀྱང་ཅི་བྱེད་སྙམ་པ་དང་། །བླ་མའི་སྣང་བ་དང་མི་འབྲལ་བ་དང་། ཁྱད་པར་དུ་འགྲོ་འཆག་ཉལ་འདུག་ཟས་གོས་གཏམ་སྙན་མི་སྙན་ལ་སོགས་ཆགས་སྡང་གི་ཡུལ་དང་ཕྲད་པའི་ཚེ་འདི་རྨི་ལམ་གྱི་ཆགས་སྡང་ལ་སོགས་པར་འདུག་སྙམ་དུ་ཉམས་སུ་བླང་ངོ་། །ངག་དུ་སྒྱུ་མ་རྨི་ལམ། སེམས་ཀྱིས་ཀྱང་སྒྱུ་མ་རྨི་ལམ་གྱི་རྩིས་ཟིན་པར་བྱས་པས་ཅི་བྱས་དགེ་སྦྱོར་དུ་འགྲོ་བ་ཡིན་གསུང་།
ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས། ཅི་སྣང་སྒོམ་དུ་མ་ཤེས་ན། །གཉེན་པོ་བསྟེན་གྱིས་ག་ན་ལང་། །ཡུལ་ངན་སྤངས་པས་ག་ན་སྤོངས། །སྒྱུ་མར་རྟོགས་པས་རང་སར་གྲོལ། །ཞེས་སོ།
།ཡེ་ཤེས་རྒྱ་མཚོ་ལས། རང་ལུས་སྒྱུ་མའི་རྣམ་པར་རབ་ཤེས་པས། །འགྲོ་ཀུན་སྐྱེས་པ་བུད་མེད་སྣ་ཚོགས་པ། །ཐམས་ཅད་གཟུགས་ནི་སྒྱུ་མའི་རྣམ་པ་ལས། །མཁས་པ་སུ་དག་དེ་ལས་གཞན་དུ་བརྗོད། །ཅེས་པས་སྣང་བ་ཐམས་ཅད་རང་གི་སེམས། སེམས་ལྷའི་སྐུ། ལྷ་སྐུ་སྒྱུ་མ་ལྟ་བུ་སྟེ། དེ་ཡང་སྣང་བ་སེམས་སུ་གོ་དགོས་ཏེ།
ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་པ་དང་།
རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ།
སློབ་དཔོན་ཞི་བའི་ལྷས། ལྕགས་བསྲེགས་ས་གཞི་སུ་ཡི་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཤེས་སོ།
བྱམས་པས། སྣང་བ་རང་སེམས་ཡིན་པའི་ཕྱིར། །ཐལ་ཚན་ཆུ་བོ་རབ་མེད་ཀྱང་། །རྫིང་བུ་དལ་གྱིས་འབབ་དང་བདུད་རྩིར་འགྱུར། །ཞེས་སོ།
།ཡང་མདོ་གཞན་དང་བསྟུན་ན། སྣང་བ་མ་ངེས་པས་ཀྱང་རང་གི་སེམས་ཡིན་ཏེ། ཆུ་འགྲམ་ཅིག་ཏུ་འགྲོ་བ་རིགས་དྲུག་པོ་གྲལ་བྱས་ན། ལྷ་ལ་བདུད་རྩི། ལྷ་མིན་ལ་གོ་མཚོན། མི་ལ་ཆུ། ཡི་དགས་ལ་རྣག་ཁྲག །དུད་འགྲོ་ལ་ཤ་ཁྲག །དམྱལ་བ་ལ་ཁྲོ་ཆུ་ཁོལ་མར་སྣང་སྟེ།
ལང་ཀར་གཤེགས་པ་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། དོན་མ་གྲུབ་པར་འདོད་པ་ཡིན། ཞེས་པ་དང་།
བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པའོ། །ཞེས་སོ།
།ཡང་ལྷའི་བུ་པདྨ་རྣམ་པར་རོལ་པས་ཞུས་པའི་མདོ་ལས། གསོལ་པ། འཕགས་པ་སྣང་བ་འདི་ཇི་ལྟར་ལྟ་བར་བགྱི། བཀའ་བསྩལ་པ། ལྷའི་བུ་དག་སྣང་བ་འདི་མ་ངེས་པ། མི་བདེན་པ། རྫུན་པ། རྨི་ལམ་སྒྱུ་མ་ལྟ་བུར་ལྟ་བར་བྱའོ།
།གསོལ་པ། སྣང་བ་མ་ངེས་པ་ཇི་ལྟར་ལགས། བཀའ་བསྩལ་པ། སྲིན་བྱ་དང་། འུག་པའི་གཏམ་རྒྱུད་གསུང་ངོ་།
།སྣང་བ་སྒྱུ་མ་རྨི་ལམ་དུ་ཇི་ལྟར་ལྟ་བར་བགྱི། ཞུས་པས། ཡུལ་དབུས་ཀྱི་རྒྱལ་པོ་དང་། ལྷོ་ཕྱོགས་ཀྱི་རྒྱལ་པོ་ཟླ་བའི་གཏམ་རྒྱུད་གསུངས་ངོ་།
།དེ་ལྟར་ཆགས་སྡང་ལ་སོགས་པ་ཐམས་ཅད་ལ་གཉེན་པོ་བརྟེན་ཅིང་བསྒོམས་པས། སྣང་བ་བདེན་མེད་དུ་སྒྱུ་མ་རང་ཤར་ནས། གཡས་ནས་བསྟོད་པ་དང་། གཡོན་ནས་སྨོད་པ་ལ། ཆགས་སྡང་རང་གྲོལ་ནས། སྒྱུ་ལུས་ཆགས་སྡང་རང་གྲོལ་འབྱུང་གསུང་ངོ་།
།རྗེས་སྤྱོད་ལམ་ཐམས་ཅད་དུ་ཉམས་སུ་བླངས་པས། ནུབ་མོ་རྨི་ལམ་ཟིན། དེ་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་ཙམ་པོ་དང་བྲལ་ནས། འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་དེ་ལ་དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པས་ལམ་ལྔ་དང་། ས་བཅུ་བསྒྲོད་པ་ཡིན་གསུང་ངོ་། །དེ་ལྟར་ཉམས་སུ་ལེན་པ་ལ་ཚེ་བློས་མ་ཐོངས་ན་ཅི་བྱས་འདིའི་རྒྱན་དུ་འགྲོ་བས། ཚེ་བློས་ཐོངས་པའི་ཐབས། ཇོ་བོ་རྗེ། ལོ་ཙཱ་བ་རིན་ཆེན་བཟང་པོ། ཁ་རག་སྒོམ་པ། རྣལ་འབྱོར་ཆོས་གཡུང་ལ་སོགས་པའི་ལོ་རྒྱུས་ཞིན་ཏུ་གསུངས་པ་ནི། སངས་རྒྱས་སྟོན་པའི་གསུང་ངོ་།
།དབང་པོ་རབ་འབྲིང་གཉིས་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས་མོས་གུས་འདུན་པ་ཞན་པས་དབང་པོ་ཐ་མར་སོང་བ་ཡིན་པས།
གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེས་པ་ནི། སད་བཞིས་མ་ཁྱེར་བར་ཉམས་སུ་བླང་གསུང་། དེ་ལ་འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། འཕོ་སྐྱས། བློ་སྣ། ལོག་ལྟ་མང་པོ་དང་བཞི་སྟེ་དགེ་སྦྱོར་གྱི་སད་ཡིན་པས། དེ་རྣམས་སྤངས་ལ་བླ་མའི་རྣལ་འབྱོར་གོང་བཞིན་དུ་བསྒོམས་ལ།
བདག་འཛིན་བློས་ཐོངས་པ། དགོས་མེད་རྒྱུད་ལ་སྐྱེ་བ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ལ།
རང་ཡི་དམ་དུ་བསྒོམས་པའི་ལྟེ་འོག་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ནང་དུ། འགྲོ་དྲུག་སེམས་ཅན་དམྱལ་བ་ཚ་གྲང་ལ་སོགས་འོད་དུ་ལྟེམ་ལྟེམ་བསམས་ལ། འོག་རླུང་བསྐུམ་བདག་གིས་གཙོ་བྱས་པའི་འགྲོ་དྲུག་སེམས་ཅན་འདི་རྣམས་མི་བདེན་པ་ལ་བདེན་པར་བཟུང་བས་འཁོར་བ་འབའ་ཞིག་ཏུ་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་ཐམས་ཅད་ཀྱང་སྣང་ནི་སྣང་། བདེན་ནི་མི་བདེན། རྨི་ལམ་སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་དང་། བླ་མའི་མོས་གུས་རྩེ་གཅིག་ཏུ་ཉམས་སུ་བླང་ངོ་། །དེས་སྒྱུ་མ་རང་ཤར་མི་འབྱུང་མི་སྲིད་དོ།
།ནད་ལྟ་བུ་ལ་ནད་ཀྱི་ངོ་བོ་བླ་མར་སྒོམ། ནད་དང་བླ་མ་དབྱེར་མེད་བདེན་མེད་སྒྱུ་མར་སྒོམ། གདོན་ལ་གང་གནོད་པ་དེ་སྣ་བུག་གཡས་ནས་ལྟེ་འོག་གི་ཆོས་འབྱུང་གི་ནང་དུ་བསྡུས་ལ། དཀྲུག་འཁོར་བྱ། གསོལ་བ་གདབ་གདོན་སྒྱུ་མར་བསྒོམས་ལ་གནོད་བྱེད་དེས་འགྲོ་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་ཞིང་དྲན་པས་འགྱོད་པ་སྐྱེས། གནོད་སེམས་ཞི་ནས་མདུན་དུ་དོན་པ་ལ་ཆུ་གཏོར་དང་ལན་ཆགས་གཏོར་མ་བྱིན་ལ་མི་དམིགས་པར་བྱའོ།
།གསུམ་པ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ནི། ལྟེ་འོག་གི་ཆོས་འབྱུང་ནང་དུ་འགྲོ་དྲུག་གི་སེམས་ཅན་བསྒོམས་ལ། འོག་རླུང་བསྐུམ་ལ་འདུན་པ་རྩེ་གཅིག་ཏུ་བཏང་པས་དྲོད་སྐྱེ་བ། ཐིག་ལེ་ཐུབ་པ། རྨི་ལམ་འབྱོངས་པ། འགྲོ་དྲུག་གི་ཡུལ་སྣང་སེམས་ཅན་སྨིན་གྲོལ། སྒྱུ་མ་རང་ཤར། རྨི་ལམ་རང་ཟིན་ཏེ། ཡོན་ཏན་དྲུག་འཆར་རོ།
།བཞི་པ་མཉམ་བཞག་གོང་བཞིན་བྱས་ལ། རྗེས་སྤྱོད་ལམ་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཁྱེར་བས། ཅི་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རང་ཤར་ནས། ཆགས་སྡང་རང་གྲོལ་དུ་འཆར་རོ།

།གསུམ་པ་རྨི་ལམ་ལ་ཆོས་དྲུག་ལས། དང་པོ་ནི། མཚན་མོ་མལ་བདེ་བར་ལུས་ཡི་དམ་དུ་བསྐྱེད་པའི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ་པ་ནི།
བདག་འཛིན། དགོས་མེད། སྒྱུ་ལུས་རྨི་ལམ་ཟིན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ལ། སྤྱི་བོར་ཧཾ་ལས་ཐིག་ལེ་དཀར་པོ་ཆད། སྙིང་གར་བྱུང་བས་གཏི་མུག་དག །གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དམར་པོ་ཆད། སྙིང་གར་བྱུང་འདོད་ཆགས་དག །ཞེ་སྡང་རང་དག་ཡིན་གསུང་། ཐིག་ལེ་གཉིས་པོ་སྒོ་ར་ར་འཁོར་བ་ནི་བུམ་དབང་། རེག་པ་གཉིས་པ། རེག་པའི་བདེ་བ་བྱུང་བ་གསུམ་པ། གཅིག་ལ་གཅིག་ཐིམ། འོད་དུ་ཡལ་སོང་བ་དེ་བཞི་པ་ཡིན་ནོ། །འཁོར་བ་ལ་དམིགས་ལ། རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་བྱ། གཉིད་དུ་འགྲོ་ཁར་ཐིག་ལེ་གཅིག་ལ་གཅིག་ཐིམ་ནས། མཐར་འོད་དུ་ཡལ་བའི་ངང་ལ་མི་རྟོག་པ་ལ་གཞག་ལ་རྨི་ལམ་བཟུང་ངོ་། །ཟིན་པའི་རྟགས་རྨི་ལམ་དུ་འདུག་སྙམ་པ་དང་། གཉིད་ཐུམ་ཕྲས་མང་པོ་འབྱུང་ངོ་། །དེས་མཚན་མོ་རྨི་ལམ་རང་ཟིན་དུ་མི་འབྱུང་མི་སྲིད་པའི་གནད་དོ།
།དེས་ཀྱང་མ་ཟིན་ན་གནད་འཆུག་པ་མེད་པ་ལས། དུས་ཀྱི་གནད་གསུམ་ནི། ཐོ་རངས། ནམ་ལངས། ཉི་མ་རྩེ་ཤར་རོ། དཀྱིལ་དཀྲུང་། ཙོག་པུ། སེང་གེའི་ཉལ་ཐབས་དང་གསུམ་ལུས་ཀྱིའོ།
།དམིགས་པའི་གནད་གསུམ་གྱི་དང་པོ་རྟོག་མེད་ལ་འཛིན་པ་གཉིས་ཀྱི་དང་པོ་ནི། གསོལ་བ་གོང་ལྟར་བཏབ་ལ། སྟེང་རླུང་ཐིག་ལེ་དཀར་པོ་དང་འགྲོགས། འོག་རླུང་ཐིག་ལེ་དམར་པོ་དང་འགྲོགས། དེ་གཉིས་སྙིང་གར་འཁོར་བ་ལ་རླུང་གཉིས་སྦྱར་ལ། སྒྱུ་མ་རྨི་ལམ་གྱི་དྲན་འདུན་རྩེ་གཅིག་ཏུ་བྱ། གཉིད་དུ་འགྲོ་ཁར་ཐིག་ལེ་དཀར་པོ་སྣ་བུག་གཡས་ནས་འཐོན། དམར་པོ་གཡོན་ནས་འཐོན། སྨིན་ཕྲག་ཏུ་འཁོར་བ་ལ་དྲན་འདུན་བྱ། དེ་ནས་དེ་གཉིས་བདེ་མཆོག་ཡབ་ཡུམ་དུ་གྱུར། མདུན་ཏུ་གསལ་བར་དམིགས་ལ་དྲན་འདུན་བྱ། །དེ་ནས་ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཡལ་སོང་བ་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་།
།དེས་ཀྱང་མ་ཟིན་ན་གཉིས་པ་ནི། རང་བདེ་མཆོག་ཏུ་བསྐྱེད་པའི་ཐུགས་ཀར་བླ་མ། དེའི་ཐུགས་ཀར་ཧཱུྃ་དཀར་པོ་གཅིག་བསམས་ལ། གསོལ་བ་བཏབ་པས། ཧཱུྃ་གིས་བླ་མ་གསལ། བླ་མ་ཡི་དམ་གསལ་བ་ལ་དམིགས་ལ། འདུན་པ་རྩེ་གཅིག་ཏུ་བཏང་ངོ་། །གཉིད་དུ་འགྲོ་ཁར་བདེ་མཆོག་བླ་མ་ལ་ཐིམ། བླ་མ་ཧཱུྃ་ལ་ཐིམ། ཧཱུྃ་འོད་ཏུ་ཡལ་སོང་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་།
།གསུམ་པ་རྟོག་བཅས་ལམ་དུ་འཁྱེར་བ་ནི། ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱི་མགྲིན་པར་སྐྱེས། །ཡི་གེ་ཨཾ་དང་བཅས་པ་ཉིད། །ཅེས་གསུངས་པས།
རྨི་ལམ་གྱི་གནས་མགྲིན་པ། རྒྱུ་ཡི་གེ་ཨཾ། རྨི་ལམ་ཟིན་པར་བྱེད་པའི་རྒྱུ་གཉིད་དང་རྨི་ལམ་གྱི་རྟོག་པ་ཡིན་པས། གོང་གི་དམིགས་པ་གཉིས་པོ་གང་རུང་གཅིག་ལ་སེམས་གཏད་ནས་གཉིད་ལོག་པས་གཉིད་དུ་མ་སོང་བའི་རྟོག་པ་འགགས། རྨི་ལམ་རགས་པ་མ་ཤར་བའི་བར་དེར་མིའམ་ཆུ་ལ་སོགས་པའི་རྟོག་པ་རིབ་རིབ་འབྱུང་བའི་དུས་སུ། དེ་རྨི་ལམ་དུ་ངོས་ཟིན་པར་བྱས་ལ། མིག་མི་འབྱེད་པར་འོག་རླུང་བསྐུམ་ལ་གང་ཟིན་པ་དེ་དཔག་ཏུ་མེད་པར་སྤྲུལ་ལོ། །དེས་རྨི་ལམ་རྨིས་ཚད་ཟིན། ཟིན་ཚད་སྦྱོང་སྤེལ་དུ་འབྱུང་གསུང་ངོ་།
།རིན་པོ་ཆེ་རྨོག་ལྕོག་པའི་ཞལ་ནས། རྨི་ལམ་ཉམས་སུ་ལེན་པ་ལ་རི་དགས་ཀླུངས་སུ་ཕེབས་པ་འདྲ་བ་ཅིག་དགོས། རྟ་ཆགས་བྱེད་པ་འདྲ་བ་ཅིག་དགོས། བདེ་བའི་སྣ་སྡུག་བསྔལ་གྱིས་འདྲེན་པ་ཞིང་པའི་སོ་ནམ་ལྟ་བུ་ཅིག་ཡིན་གསུང་ངོ་།
།ཡང་རྨི་ལམ་ཁོ་ན་ལ་འཇུན་པ་འདི་མཁའ་འགྲོ་སྡེ་ལྔའི་ལུང་པར་སླེབས་པ་དང་འདྲ། དབང་པོ་བརྒྱ་བྱིན་གྱི་ཚིག་དང་འདྲ་གསུང་ངོ་།
།གཉིས་པ་སྦྱང་བ་ལ་བཞི་ལས། དང་པོ་ལུས་ཀྱིས་སེམས་སྦྱང་བ་ནི། འོག་ན་ཕྱམ་ཆེན་པོ་ཡོད་པའི་སྟེང་དུ་ལུས་གནད་བཅས་ལ། བླ་མའི་རྣལ་འབྱོར་དང་ལྡན་པས། རྨི་ལམ་འབྱོངས་པ་ལ་སོགས་པའི་གསོལ་བ་བཏབ་ལ། ཕྱམ་ཆེན་པོ་དེའི་མདའ་གང་འདོམ་གང་ཙམ་གྱི་ནམ་མཁའ་ལ། རང་གི་ལུས་བདེ་མཆོག་ཏུ་བསྒོམས་པས། ཡ་ང་ཏིང་གི་བྱུང་བ་དང་། བདེ་མཆོག་འདི་ཀ་ངའི་ལུས། ངའི་ལུས་འདི་ཁོ་ན་བདེ་མཆོག་ཡིན་སྙམ་དུ་བསམས་ནས། བདེ་མཆོག་ས་ལ་ལྷུང་འོད་དུ་ཡལ་སོང་བ་དང་། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བྱའོ། །དེ་ཁོ་ན་ལྟར་ཡང་ནས་ཡང་དུ་རྩེ་གཅིག་ཏུ་སྒོམ་མོ།
།གཉིས་པ་སེམས་ཀྱིས་ལུས་སྦྱང་བ་ནི། བུ་ག་དགུ་དང་ཚིགས་ཐམས་ཅད་དང་། བ་སྤུའི་བུ་ག་ཐམས་ཅད་དུ་ཧཱུྃ་སྔོན་པོ་རེ་བསམ། དེ་རྣམས་འོད་དུ་ཞུ་ནས་ཁོང་པའི་ནང་དུ་སོང་བ་དང་། ཤ་རུས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས། ཐིག་ལེ་སྔོན་པོ་ཅིག་ཏུ་སྒོམ། དེ་སྔོ་ཡལ་ལ་ལུས་སྟོང་སང་གིས་སོང་བར་བསམས་ནས། གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་གྱི་ངང་ལ་བཞག་གོ
།གསུམ་པ་བདག་མེད་མས་སྦྱང་བ་ནི། གསོལ་འདེབས་བླ་མའི་རྣལ་འབྱོར་གོང་དང་འདྲ་བ་ལ། རང་གི་མདུན་དུ་བདག་མེད་མ་སྔོན་མོ་གྲི་ཐོད་ཅན་གྱི་གསང་གནས་སུ། ཨོཾ་ཨ་སྭཱ་ཧཱ་ཁ་དོག་སྔོན་པོ་ལ་དམིགས་ནས་བཟླས་པ་བྱས་པས། སྔགས་ལས་འོད་ཟེར་སྔོན་པོ་བྱུང་ནས་རང་གི་གསང་གནས་ནས་ཡར་སོང་བར་བསམ་ལ་དྲན་འདུན་དྲག་པོ་བྱའོ། །བདག་མེད་མ་འོད་དུ་ཞུ་ནས་རང་གི་གསང་གནས་ནས་ཡར་ཞུགས་པས་ལུས་སྔོ་ཡལ་སྟོང་སང་གིས་སོང་སྟེ། གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་ལ་གཞག་གོ
།བཞི་པ་འདུན་པས་སྦྱང་བ་ནི། བླ་མའི་རྣལ་འབྱོར་བསྒོམས་ནས་གསོལ་བ་ཡུན་རིང་ལ་དས་དྲག་པར་བཏབ་པས། སྣང་བ་བདེན་མེད་དུ་ཕྱམ་སོང་པ་དང་། ང་གཉིད་དུ་སོང་འདུག །ངའི་རྣམ་སྨིན་གྱི་ལུས་ན་ཚ་སྡུག་བསྔལ་བསྐྱེད་པ་དེ་མལ་ན་ཡོད་པ་ཡིན། འདི་ཡིད་ཀྱི་ལུས་སུ་འདུག །སྣང་བ་འདི་ཐམས་ཅད་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་སྣང་བ་དང་། ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱང་སྦྱང་ཡིན་སྙམ་དུ་བསམས་ནས། འབྱུང་བཞི་ཕྲ་རགས་དང་སེམས་ཅན་ཕྲ་རགས་ཐམས་ཅད་ལ་ཕར་ཐལ་ཚུར་ཐལ་དུ་སྦྱང་ངོ་། ཁྱད་པར་དུ་རགས་པ་དང་ཕྲ་བ་ལ་སྦྱང་བ་གལ་ཆེ་གསུང་ངོ་།
།གཉིས་པ་སྤེལ་བ་ལ་གཉིས་ཏེ། སེམས་ཅན་ཕྲ་རགས་སུ་སྤེལ་བ་ནི། གསོལ་བ་བཏབ་པས་སྣང་པ་བདེན་མེད་དུ་སོང་བ་དང་། ང་གཉིད་དུ་སོང་འདུག་ཡིད་ལུས་དང་རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་སྤེལ་སྤེལ་ཡིན་སྙམ་དུ་བསམས་ནས་སེམས་ཅན་ཕྲ་རགས་གང་ཡིན་གཅིག་ལས་བཅུ། བཅུ་ལས་བརྒྱ་སྟོང་ལ་སོགས་པ་ས་གཞི་དང་བར་སྣང་ཁེངས་པར་བསམས་ཞིང་སྤེལ་ལོ།
།གསུམ་པ་དང་བཞི་པ་འབྱུང་བཞི་ཕྲ་རགས་ཀྱང་དེ་བཞིན་ནོ།
།གཉིས་པ་གང་འདུལ་དུ་སྤེལ་བ་ནི། གསོལ་འདེབས་ལ་སོགས་གོང་དང་འཐུན་པས། བྱི་བ་དང་། བྱི་ལ་ལྟ་བུའམ། བྱེའུ་དང་། ཁྱི་དང་སྤྱང་ཀི་སྟག་ལ་སེང་གེའམ། མི་ལ་སྲིན་པོ་ལ་སོགས་པ་གང་འདུལ་དུ་སྤྲུལ་བ་ནི། དེ་སྤེལ་ནས་མིད་པ་དང་། ཟ་བ་ལ་སོགས་པའི་སྒོ་ནས་གདུལ་བར་བྱའོ།
།གཉིས་པ་འདས་པའི་ལུགས་སུ་གང་འདུལ་དུ་སྤེལ་ན་ནི། ཀླུ་འདུལ་བ་ལ་ཁྱུང་། རྒྱལ་པོ་ལ་རྟ་མགྲིན། ཀླུ་བདུད་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། ཀླུ་སྲིན་དང་གནོད་སྦྱིན་ལ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཁྲོ་བོར་སྤྲུལ་ཞིང་བརྟུལ་ན་སྲོག་སྔགས་འབུལ་ཞིང་བཀའ་འབངས་བྱེད་པ་དང་ལྡན་པར་འགྱུར་རོ།
།བཞི་པ་སྤྲུལ་བ་ལ་ཡང་དེ་བཞིན་དུ་བྱའོ།
།ལྔ་པ་བསྒྱུར་བ་ལའང་བཞི་ལས། དང་པོ་འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ་ནི། གསོལ་འདེབས་ལ་སོགས་གོང་བཞིན་བྱས་ལ། ཆུ་ལས་མེ། མེ་ལས་རླུང་དུ་བསྒྱུར་དེ་རྣམས་ཀྱང་རགས་པ་ལས་ཕྲ་བ། ཕྲ་བ་ལས་རགས་པར་བསྒྱུར་རོ།
།གཉིས་པ་སེམས་ཅན་ཕྲ་རགས་ལ་ཡང་དེ་བཞིན་ནོ།
།གསུམ་པ་ལྷའི་དམར་བ་ལས་སེར་བ་ལ་སོགས་པ་དང་། ཞལ་མང་ཉུང་དུ་བསྒྱུར་བར་བྱའོ།
།བཞི་པ་ལྷ་སྐུ་དེ་རྣམས་ཅིག་ལ་ཅིག་གིས་མ་སྒྲིབས་པས། གཟུང་འཛིན་བློ་དང་བྲལ་བ། སྣང་ལ་རང་བཞིན་མེད་པས་གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་དུ་རྟོགས་པར་བྱའོ།
།དྲུག་པ་ཡུལ་སྣང་ལ་བཞི་སྟེ། དང་པོ་དམིགས་མེད་གསལ་མཁྱེན་ནི།
།གཉིས་པ་གང་བསམས་གསལ་སྟོང་ནི།
༼།གསུམ་པ་༽ཐ་མ་ཡིད་ལུས་མཁའ་ལྡིང་ནི།
༼བཞི་པ་༽དབང་པོ་ཐ་མའི་ཐ་མ་དམིགས་པའི་ཡུལ་སྣང་ལ་གསུམ་ལས། ཡུལ་སྣང་གཏན་ལ་ཕེབས་པ་ལ་སོགས་པར་གསོལ་བ་བཏབ་ལ། ལུས་ཡི་དམ་དུ་བསྐྱེད་པའི་ལྟེ་བར་ཐོད་པའི་ནང་དུ། ཨོཾ་ཨ་སྭཱཧཱ། ཁ་དོག་སྣ་ཚོགས་སུ་བསམས་ལ་བཟླས་པ་བྱས་པས་སྔགས་ལས་འོད་ཟེར་སྣ་ཚོགས་བྱུང་སྟེ། སྣ་བུག་གཡས་ནས་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ལྷ་དང་ལྷ་མོར་བསམ།
ཡང་སྔགས་ལས་འོད་ཟེར་སྣ་བུག་གཡོན་ནས་འཕྲོས་པས་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པར་གྱུར། ཡི་དམ་དེ་རྣམས་ལ་མཆོད་པར་བསམ། དེ་ནས་གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་གྱི་ལྷ། སྒྲ་གྲག་པ་ཐམས་ཅད་སྔགས་དྲན་རིག །དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་སྒོམ་པ་ནི་ཉིན་པར་གྱི་ཉམས་ལེན་ནོ།
།མཚན་མོ་ཡང་གསོལ་འདེབས་གོང་བཞིན་བྱས་ལ། ལྟེ་བར་ཐོད་པའི་ནང་དུ་བདག་མེད་མ་བསམ། དེར་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་གང་ལྟ་བར་འདོད་པ་དེ་མེ་ལོང་གི་ནང་དུ་བཞིན་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་ཤར་བ་བཞིན་བཀྲ་ལམ་བསྒོམས་ལ། ཡི་དམ་གྱི་ལྷ་ཁྱེད་ཀྱིས་དོ་ནུབ་ཀྱི་སྐབས་སུ་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པའི་ཡུལ་སྣང་ཐམས་ཅད་མཐོང་བ་དང་། མཆོད་པ་རྒྱ་ཆེན་པོ་གྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ་གཉིད་ལོག་པར་བྱའོ། །དེ་མི་འཆར་མི་སྲིད་དོ།
།གཉིས་པ་ནི་ལྟེ་འོག་ཏུ་རྩ་དབུ་མ་ཁྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་དུ་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་གྱིས་དབུ་མ་ཁེངས་པ་ཉིན་མཚན་མེད་པ་རྩེ་གཅིག་ཏུ་སྒོམ་མོ།
།གསུམ་པ་སྤྱི་བོའི་ཐིག་ལེ་དཀར་པོ་དང་། གསང་གནས་ཀྱི་ཐིག་ལེ་དམར་པོ་གཉིས་སྙིང་གར་འདྲེས་པའི་འོད་བ་ཐག་ལྟ་བུ་དེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་གཉིད་ལོགས་པར་བྱའོ། །དེ་རྣམས་ཀྱིས་ཡུལ་ཇི་ལྟ་བ་བཞིན་གཏན་ལ་ཕེབས་གསུང་ངོ་།

།བཞི་པ་འོད་གསལ་ལ་གསུམ་སྟེ། དང་པོ་སྔོན་འགྲོ་ལ་བཞི་ལས། འཆི་བ་རྒྱུད་ལ་མ་སྐྱེས་ཤིང་། །ཚེ་འདི་བློ་ཡིས་མ་ཐེངས་ན། །བསྒོམས་ཚད་ངལ་བ་དོན་མེད་ཡིན། །རི་ལ་བསྡད་ཀྱང་རི་དགས་འདྲ། །འཆི་བ་རྒྱུད་སྐྱེས་འོད་གསལ་འཆར། །ཞེས་གསུངས་པས། སྐྱོ་ཤས་བསྐྱེད་པ་ནི་རྩ་བའོ།
།གཉིས་པ་ཡལ་ག །སྤྱོད་ལམ་དལ་ལ་ཁ་ཟས་སྣུམ། །རྔུལ་ཐོན་ལས་རྣམས་སྤང་བར་བྱ། །ཅེས་སོ། །དམ་རྫས་ནི། ཚོགས་དང་གཏོར་མ་བཟང་དུ་བཤམ། གུ་གུལ་དང་ཚིལ་ཆེན་གྱི་དུད་པ་བཏང་། ཐོད་པ་མཚན་ལྡན་དུམ་བུ་གཅིག་པ་རྔས་འོག་ཏུ་གཞུག་པར་བྱའོ།
།ཟས་སྐོམ་བཅུད་ཅན་དང་། ཐབས་ལམ་གྱིས་ཐིག་ལེ་རྒྱས་པར་བྱའོ། །ཐིག་ལེའི་གེགས་བྱུང་ན་རབ་དགག་སྒྲུབ་དང་བྲལ་བའི་བློས་བསལ། འབྲིང་དབང་བསྐུར་ཚོགས་འཁོར། ཐ་མ་དམིགས་པ་དང་འགྲུལ་འཁོར་གྱིས་བསལ་ལོ།
འོད་གསལ་མོས་གུས་ཀྱི་གནད་ཡིན་པས་བླ་མའི་རྣལ་འབྱོར་གོང་བཞིན་དུ་བསྒོམས་ལ། འོད་གསལ་འབྱོངས་པ་ལ་སོགས་པའི་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མོས་གུས་རབ་འབྲིང་དང་སྦྱར་ནས་རྟོགས་པ་འཆར་བར་འགྱུར་རོ།
།གཉིས་པ་དངོས་གཞི་ལ་གསུམ་སྟེ། བཟུང་བ། བསྲེ་བ། ལམ་ཁྱེར་རོ།
།དང་པོ་ནི་ལུས་ཐམས་ཅད་རྩ་དབུ་མར་བསྒོམས་པའི་ལྟེ་འོག་ཏུ་ཨ་དཀར་པོ་སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་འོད་ཀྱིས་ཁོང་པ་ཁེངས་པར་བསམས་ལ། ཉིན་མཚན་མེད་པར་དམིགས་པ་རྩེ་གཅིག་ཏུ་གཏད་ལ། ཆོས་ཐམས་ཅད་སྐྱེ་མེད་དུ་ཉམས་སུ་བླང་ངོ་། །གཉིད་དུ་འགྲོ་ཁར་ཨ་འོད་ཀྱི་རང་བཞིན་གསལ་ལ་རྟོག་མེད་ལ་བཞག་གོ
།གཉིས་པ་ནི། གླད་པའི་སྟེང་ཐོད་པའི་འོག་ཏུ་བདག་མེད་མ་སྔོན་མོ་སྐུ་ཆུང་ལ་ཡན་ལག་དོད་པ་ཅིག་བསམ། དེའི་ཐུགས་ཀར་ཨ་དཀར་པོ་ཅིག་བསམ། དེ་ལས་འོད་འཕྲོས་པས་གླད་པ་དང་། གཏི་མུག་ཐམས་ཅད་རང་བཞིན་མེད་པར་སྦྱངས་ནས། འོད་ཀྱི་གཞལ་ཡས་ཁང་དུ་སྒོམ། ཐུགས་ཀའི་ཨ་ལས་ཉིན་མཚན་དང་གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་ཏུ་གཏད་པར་བྱའོ།
ཡང་རང་བདེ་མཆོག་ཏུ་ྦསྒོམས་པའི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་བྱང་སེམས་ཐིག་ལེ་དཀར་པོ་འོད་དང་བདེ་བའི་རང་བཞིན་ཏུ་སྒོམ། དེའི་ཐུགས་ཀར་བླ་མ་ཐིག་ལེའི་ངོ་བོ་འོད་ཀྱི་རང་བཞིན་ཉི་མ་འབུམ་གྱི་གཟི་བརྗིད་ལྟ་བུའི་ཐུགས་ཀར་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་བདེ་བའི་རང་བཞིན་ཅིག་བསམ། ཁོང་པའི་ཐིག་ལེ་ལས་འོད་འཕྲོས་བླ་མ་གསལ། བླ་མ་ལས་འོད་འཕྲོས་ཧཱུྃ་གསལ་བ་དེ་ཉིད་ལ་ཉིན་མཚན་དང་གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་ཏུ་གཏད་པས། མི་ཟིན་མི་སྲིད་ནས་མི་འཆར་མི་སྲིད་གསུང་ངོ་།
།གཉིས་པ་བསྲེ་བ་ནི། ཉིན་མོའི་སྣང་བ་སྣ་ཚོགས་དང་། མཚན་མོའི་འོད་གསལ་དང་། ཉིན་མོའི་སྣང་པ་ལ་སོགས་པ་བསྲེ་བར་བྱའོ། སུ་ཤར་བ་སྣང་སྟོང་འོད་གསལ་དང་སྲེ་བ་སྟེ་མ་ཡེངས་པར་སྒོམ་པའོ།
།ལམ་ཁྱེར་ནི། ཅི་སྣང་ཐམས་ཅད་ལ་གླང་པོའི་ལྟ་སྟངས་ཀྱིས་གསལ་སྟོང་འཛིན་མེད་བདེ་ཆེན་གྱི་ལམ་དུ་འཁྱེར་བར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་སྒྱུ་འཛིན་ཙམ་པོ་ཤེས་བྱའི་སྒྲིབ་པ་དག་ནས། དག་པ་གཉིས་ལྡན་གྱི་འོད་གསལ་ཟབ་ཞི་སྤྲོས་དང་བྲལ་བ། རང་བཞིན་གྱི་འོད་གསལ་བ་འདུས་མ་བྱས་པ། ལྷུན་གྱིས་གྲུབ་པ་དེའི་ངོ་བོ་ཆོས་སྐུ། གསལ་བ་གཟུགས་སྐུ། དབྱེར་མི་ཕྱེད་པ་བདེ་བ་ཆེན་པོ་ནི་མཐར་ཐུག་མངོན་གྱུར་གྱི་འོད་གསལ་ལོ།
།གསུམ་པ་རྗེས་ནི། བླ་མ་ལ་ལོག་ལྟ་སྤངས་ཏེ་དག་སྣང་ཕྱོགས་མེད་ཀྱི་མོས་གུས་རྩེ་གཅིག་༌ཏུ་བྱ་བ་དང་། འོད་གསལ་གྱི་དམིགས་པ་ལ་སྐས་ཅིག་ཀྱང་མ་ཡེངས་ཤིང་མི་འདའ་བ་ནི་དམ་ཚིག་གོ
།ཉམས་རྟོགས་ཀྱི་ཁྱད་པར་ནི། ཞིག་ཅིང་ཡལ་ནས་འགྲོ་བ་ཉམས། མི་འགྱུར་ཞིང་བརྟན་པས་རྟོགས་པའོ།
།ཉིན་མཚན་གྱི་ཁྱད་པར་ནི། ཉིན་པར་གྱི་སྣང་བ་ཐམས་ཅད་རང་གི་སེམས། སེམས་ནི་སེམས་མ་མཆིས་པ་སྟེ། སྟོང་པ་དེའི་ངོ་བོ་གསལ་བ། དེ་རང་བཞིན་གྱིས་སྟོང་པ། སྣང་བ་ཐམས་ཅད་གསལ་སྟོང་ཞེལ་བྲལ་དུ་རང་ཤར་བ་དེ་ཉིན་པར་གྱི་འོད་གསལ་ལོ། །མཚན་མོའི་སྣང་བ་ཐམས་ཅད་སྐྱེ་ཤི་ཡོད་མེད་མཐའ་དབུས་དགག་སྒྲུབ་དང་བྲལ་བར་རང་ཤར་བར་རྟོགས་པ་དེ་མཚན་མོའི་འོད་གསལ་ལོ། །གཉིད་ཀྱི་འོད་གསལ་འཆར་སྒོ་སྣ་ཚོགས་པའི་ངོས་འཛིན་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ།

།ལྔ་པ་འཕོ་བ་ནི། རབ་འཕོ་བྱ་འཕོ་བྱེད་དང་བྲལ་བར་རྟོགས་པའོ། །འབྲིང་ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་བརླབས་བླ་མའི་འཕོ་བ། དག་པ་མཁའ་སྤྱོད་ཀྱི་འཕོ་བ་ལ་སོགས་པ་གསུངས་ཀྱང་། ཕྱག་ལེན་ནི་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ་འཕོ་བ་ཡེ་ཤེས་སྐར་ཁུང་མ་ལ་མཛད་དེ། དེ་ཡང་བླ་མའི་རྣལ་འབྱོར་དང་། བར་དོར་སངས་རྒྱ་བ་ལ་སོགས་པ་གསོལ་བ་བཏབ་ལ། རང་ཡི་དམ་དུ་གནས་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཡར་རྩེ་ཚངས་པའི་བུ་གར་སླེབས་པ། མར་རྩེ་གསང་གནས་སུ་སླེབས་པ། སྟོང་སང་ངེ་ཡོད་པའི་ལྟེ་བའི་ཐད་ཀར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན་ཟུར་གཅིག་མདུན་དུ་བསྟན་པ། གཉིས་རྩིབས་ལོགས་གཡས་གཡོན་ལ་ཟུག་པ། དེའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་འོད་དུ་མ་འཕྲོ་བ་དང་བཅས་པ་ཡེད་ཡེད་པ་འཕུར་ལ་ཁད་པ་ཅིག་སྒོམ། རླུང་རོ་ལན་གསུམ་ཕྱིར་བསལ་ལ་རྐེད་པ་ཉེག་ཉེག་པ་ལན་གསུམ་བྱ་སྟེ། སྟེང་འོག་གི་རླུང་ནར་གྱིས་དྲངས་ལ་དྲག་ཏུ་བཟུང་། ཁྱད་པར་དུ་འོག་རླུང་དྲག་པོ་དྲངས་ཏེ། ལྟེ་བ་རྒལ་པ་ལ་ཆར་གྱིས་སྦྱར་བས་ལྟེ་བའི་ཆོས་འབྱུང་ཁ་ནང་དུ་ཆར་གྱིས་སོང་བ་དང་། ལྟེ་བའི་ནང་གི་ཨ་དེ་རང་དབང་མེད་པར་དྷུ་ཏི་ན་ཡར་རྒྱུངས་ཀྱིས་དོན་ནས་ནམ་མཁའ་ལ་འོད་ཏུ་ཡལ་སོང་བར་སྒོམ། ཐུན་རེ་ལ་དེ་ལྟ་བུ་ཁོར་བདུན་ནམ། ཉི་ཤུ་གཅིག་ལ་སོགས་པ་བསྒོས་ལ་ཐུན་འཇོག་ཁར་ཨ་དེ་བདུད་རྩིའི་རང་བཞིན་དུ་ཞུ་ནས་ཐོད་པའི་རྒྱ་བསྲུབས་དམ་དུ་བརྩེམས་དབུ་མའི་ནང་དུ་སོང་བས་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་སིང་གིས་བཞག་གོ
།འཕོ་བ་ཟབ་ན་ཚེ་ཐུང་བྱ་བ་ཡིན་པས། ཚེ་སྒྲུབ་ཀྱི་གནད་ཡིན་གསུང་། དེ་ལྟ་བུའི་རྣལ་འབྱོར་ནུས་ཚད་བྱ།
དེ་ལྟར་བསྒོམས་པས་འབྱོངས་པའི་རྟགས། རབ་འབྲིང་ཐ་མ་གསུམ་འབྱུང་སྟེ། རབ་ལ་སྤྱི་བོ་རྡོལ་ནས་ཁྲག་དང་ཆུ་སེར་ཡོང་། འབྲིང་ལ་སྤྱི་བོ་སྐྲངས་ནས་འོང་། ཐ་མ་ཡང་སྤྱི་བོ་ཟ་བ་དང་འཕྲིག་པ་དང་། འགུལ་བ་འོང་ངོ་། །དེ་རྣམས་འབྱོངས་པའི་རྟགས་ཡིན་ནོ། །སྒོམ་པའི་དུས་སུ་ཐལ་གྱིས་དོགས་པ་ལ། རིན་པོ་ཆེའི་སྣོད་ལ་སོགས་པ་བྱང་མས་མགོ་མནན། དེས་ཐུབ་གསུང་། སྦྱང་བའོ།
།ལས་སྦྱོར་ནི་དེ་ལྟར་སྒོམ་པའི་གང་ཟག་དེ་ལ་ངེས་པའི་འཆི་ལྟས་བླ་མ་རཱ་ཧུ་ལའི་ཞལ་ནས་རླུང་གཉིས་མཉམ་དུ་རྒྱུ་ན་རྣལ་འབྱོར་འཆི། །གསུང་བས།
སྲོག་རླུང་དབུ་མར་འདུས་པའི་རྟགས་ཁ་སྣ་གཉིས་ནས་དུས་གཅིག་ལ་རླུང་མཉམ་ཤྭ་ཤྭ་བྱུང་ན་དེའི་ཉི་མ་ཕྱེད་ནས་འཆི་ངེས་པ་ཡིན་པས། རང་གི་ལུས་ལོངས་སྤྱོད་ཉེ་འབྲེལ་ལ་སོགས་པ་གང་ལ་ཡང་མ་ཆགས་པར། སྣང་སྲིད་འཁོར་འདས་ཐམས་ཅད་སྒྱུ་མར་ཤེས་པར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་བྱ། ལུས་ལྷ་སྐུར་དྲན་པའི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། གཞན་དོན་གྱི་སྨོན་ལམ་རྣམ་པར་དག་པ་གདབ། འདུ་འཛི་དང་གཡེང་བ་ཐམས་ཅད་སྤངས་ལ། རང་ཉིད་གཅིག་པུར་བསྡད་ལ་འཕོ་བར་བྱ་སྟེ།
དེ་ཡང་སྔོན་ཏུ་རྩ་ཁ་འབྱེད་པའི་མན་ངག་ནི། རྒྱུད་ལས། རང་དང་བུད་མེད་ཐིག་ལེ་ཡིས། །རླུང་སེམས་གཉིས་པོ་ཡར་ལ་འདྲེན། །ཚ་ལས་རྩ་ཁ་འབྱེད་པར་བྱེད། །མིའི་གླད་པས་བར་ཆད་བསྲུང་། །ཞེས་བཤད་པས།
དེ་ལྟར་རྫས་སྣ་བཞི་པོ་དེ་ལག་མཐིལ་དུ་སྲིན་ལག་གཡོན་པས་མཉེས་ལ་ཡི་དམ་ལྷའི་སྔགས་བཏབ་སྟེ། སྤྱི་བོར་བྱུགས་ལ་རླུང་མི་བཟུང་བར་རང་སར་བཞག་གོ
།དམིགས་པ་ནི་ཆོས་འབྱུང་གི་ཨ་ཡར་རྒྱངས་རྒྱངས་བཏང་ནས་སྐྱེ་མེད་ཀྱི་ངང་ལ་བཞག་ལ་འཕོ་བར་བྱའོ།

།བར་དོ་ལོངས་སྤྱོད་རྫོགས་སྐུ་ནི། ཡེ་ཤེས་རྒྱ་མཚོ་ལས། བར་དོའི་འཇིགས་པ་ཆེན་པོ་ལ། །རྟོགས་པ་བརྟན་པོའི་མན་ངག་གཅེས། །བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་མན་ངག་གཅེས། །གསུང་བས།
བར་དོ་ལ་བཞི་ལས། དབང་པོ་རབ་བར་དོ་དང་པོའི་འོད་གསལ་ནི། གཞན་དུ་ཤེས་སོ།
འབྲིང་རྒྱལ་བ་ལོངས་སྐུ་ནི། བར་དོར་སངས་རྒྱ་བ་དང་། གཞན་དོན་རྒྱ་ཆེན་པོ་འབྱུང་བ་ལ་སོགས་པའི་གསོལ་བ་བཏབ་པའི་རྗེས་ལ། ང་ནི་ཤི་ནས་འདུག་པས་བླ་མས་ངོ་སྤྲད་པའི་བར་དོ་རྒྱལ་བ་ལོངས་སྐུ་ཉམས་སུ་བླང་དགོས་སྙམ་དུ་བསམས་ལ། མདུན་དུ་ཆོས་འབྱུང་སྔོན་པོ་ཅིག་བསམས་ཏེ། འདི་མ་རྟོགས་པ་རྣམས་ལ་མའི་མངལ། རྟོགས་པ་རྣམས་ལ་འོག་མིན་ཆོས་ཀྱི་ཕོ་བྲང་ཡིན་སྙམ་དུ་བསམ། ཆོས་འབྱུང་གི་ནང་དུ་རང་གི་སེམས་ཉིད་ཡི་གེ་ཧཱུྃ་སྔོན་པོར་བསམས་པ་ལས་འོད་འཕྲོས་འདས་པའི་མའི་མངལ་གྱི་ལན་ཆགས་སྦྱངས། ད་ལྟར་གྱི་མངལ་དང་ལན་ཆགས་དང་དྲི་མ་སྦྱངས། མ་འོངས་པའི་མངལ་སྒོ་བཀག་པར་བསམ། འདི་གཅིག་པུས་ཆོག་གསུང་། །དེ་ནས་ཧཱུྃ་དེ་བདེ་མཆོག་ཏུ་བསྐྱེད་པའི་སྤྱི་བོར་རྗེ་བཙུན་མ། དེའི་སྤྱི་བོར་བླ་མ་བསྒོམས་ལ། བླ་མའི་སྐུ་ལས་ལས་འོད་ཟེར་བདེ་བའི་རང་བཞིན་ཅན་བྱུང་། རྗེ་བཙུན་མ་ལ་ཕོག །དེ་ལས་འོད་དེ་ལྟ་བུ་བྱུང་ནས་རང་བདེ་མཆོག་ཏུ་གསལ་བ་ལ་ཕོག །ལྷ་སྐུ་འོད་ཀྱི་རང་བཞིན་ཅན་ལ་ཉིན་མོ་རྩེ་གཅིག་ཏུ་བསྒོམས་པས། རྨི་ལམ་དུ་སྐུ་ཡོངས་སུ་རྫོགས་པའམ། ཐ་ན་སྤྱན་ཙམ་ཅིག་བྱུང་ཡང་བར་དོར་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་བར་འགྱུར་རོ།
འབྲིང་ལམ་ཁྱེར་ནི། མངལ་སྦྱང་བ་དང་། གསོལ་འདེབས་གོང་བཞིན་བྱས་ལ། བྲང་ཟླ་སོགས་པ་དངོས་པོ་འགའ་གསལ་ཞིང་བརྟན་པར་བསྐྱེད་ལ། ང་ཤི་ནས་འདུག་བྲང་ཟླ་དང་དངོས་པོ་འདི་རྣམས་ཐམས་ཅད་བར་དོའི་བྲང་ཟླ་ལ་སོགས་པར་འདུག་པས།
བླ་མས་ངོ་སྤྲད་པའི་ལོངས་སྐུ་ཉམས་སུ་བླང་དགོས་སྙམ་དུ་བསམས་ལ། གཟུགས་སུ་སྣང་བ་ཐམས་ཅད་ལྷ་སྐུ། སྒྲ་གྲག་ཚད་སྔགས་ཀྱི་རང་སྒྲ། དྲན་རིག་དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཁྱེར་ན་བར་དོར་གཤིན་རྗེའི་གཟུགས་ཐམས་ཅད་ཡི་དམ། སོད་ཅིག་ཆོམ་ཅིག་པའི་སྒྲ་ཐམས་ཅད་སྔགས་ཀྱི་རང་སྒྲ། རྔངས་སྐྲག་དང་དྲན་རྟོག་ཐམས་ཅད་ཆིག་ཆོད་དུ་རང་གྲོལ་ནས་རྒྱལ་བ་ལོངས་སྐུར་སངས་རྒྱ་བར་འགྱུར་རོ།
ཐ་མ་སྤྱི་གནད་འཆུག་མེད་ནི། མངལ་སྦྱང་བ་དང་། གསོལ་འདེབས་པ་གོང་བཞིན་བྱས་ལ། ལམ་ཁྱེར་ཡང་འཐུན་པ་ལ་སྤྱིར་ཕོ་ཐམས་ཅད་། ཁྱད་པར་དུ་ཞེ་སྡང་སྐྱེ་བའི་ཡུལ་དེ་ཆོས་འབྱུང་གི་གཡོན་ཟུར་དུ། བདེ་མཆོག་ཏུ་བསྐྱེད་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དབུལ་ཞིང་གསོལ་བ་གདབ་པར་བྱའོ། །སྤྱིར་མོ་ཆགས་ཐམས་ཅད་ཁྱད་པར་དུ་འདོད་ཆགས་སྐྱེ་བའི་ཡུལ་དེ་རྗེ་བཙུན་མར་གཡས་ཟུར་དུ་བསྒོམས་ཏེ། མཆོད་པ་དབུལ་ཞིང་གསོལ་བ་བཏབ་ལ། ཕྲག་དོག་མིག་སེར་ཐམས་ཅད་སྒྱུ་མ་རྨི་ལམ་དུ་སྦྱང་བར་བྱའོ། །བར་དོར་ཆགས་སྡང་དང་ཕྲག་དོག་དང་མིག་སེར་མ་བྱུང་ན་རབ། བྱུང་ན་གནད་འདིས་རང་དག་ནས་ལོངས་སྐུར་སངས་རྒྱ་བར་འགྱུར་རོ། །རབ་ཀྱིས་ཉམས་ལེན་ཐམས་ཅད་ཀྱི་དུས་སུ་ཨ་པ་ང་ཤི་ནས་འདུག་སྣང་བ་འདི་བར་དོའི་སྣང་བ། ལུས་འདི་ཡིད་ཀྱི་ལུས། གྲོགས་ཐམས་ཅད་བར་དོའི་གྲོགས། ཟས་གོས་ཐམས་ཅད་བར་དོའི་ཟས་གོས་སུ་འདུག་སྙམ་དུ་བསམ་ཞིང་། ངག་ཏུའང་བརྗོད་པས་བར་དོར་འཆར་རྒྱུ་ཐམས་ཅད་འདིར་འཆར། དེར་ཤར་བ་དང་། བར་དོའི་འཇིགས་པ་ཆེན་པོ་ལ། འཆུག་པ་མེད་པའི་མན་ངག་གཅེས། གསུངས་པས། བླ་མས་ངོ་སྤྲད་པའི་རྒྱལ་བ་ལོངས་སྐུ་ཉམས་སུ་བླང་དགོས་སྙམ་དུ་བསམ། དེ་རྣམས་ཉམས་སུ་བླངས་པས་བར་དོར་སངས་མི་རྒྱ་མི་སྲིད་དོ་། །ཨི་ཏི།

ཡང་དག་པའི་གདམས་པ་འདི་ནི། སྙན་ནས་སྙན་དུ་བརྒྱུད་པས་བྱིན་རླབས་ཀྱི་བཀའ་བབས་ཆེན་པོ་དང་ལྡན་པའི་ཕྱིར། ཡི་གེར་མི་གྲི་ཞེས་རིན་པོ་ཆེ་པ་ཉིད་ཡང་དང་ཡང་དུ་གསུང་ཞིང་། བདག་ཉིད་ཀྱིས་ཀྱང་བླ་མའི་གསུང་ལ་ཡང་དང་ཡང་དུ་ཐོས་པ་ནན་ཏན་གྱིས་བློ་ལ་ཟིན་པར་བྱས་པས། ཅུང་ཟད་ཉམས་སུ་མྱོང་པའི་ཕྱིར་བརྗེད་ཐོ་དགོས་པ་མ་ཡིན་མོད་ཀྱིས། འགའ་ཞིག་གིས་ཅི་ཟིན་ཟིན་གྱི་ཡི་གེ་བྱས་ནས། རང་དགའི་དྲི་མས་སླད་པར་མཐོང་བ་དང་། ལ་ལ་དག་ཆོས་འདི་ལ་མི་ཕྱེད་པའི་དད་པ་ཡོད་ཀྱང་། རྗོད་བྱེད་ཀྱི་ཚིག་ལ་རྨོངས་པས། བརྗོད་བྱའི་དོན་རྟོགས་པའི་གེགས་སུ་གྱུར་པའི་བློ་དམན་པ་འགའ་ལ་ཕན་པར་བསམས་ནས། སྨོན་དཀར་རྨོག་ཅོག་ཅེས་བྱ་བའི་རི་ཁྲོད་དུ། བླ་མའི་གསུང་ཇི་ལྟ་བ་བཞིན་ཏུ། ཀུ་སུ་ལུའི་སྒོམ་ཆེན་གཞོན་ནུ་གྲུབ་ཀྱིས་ཡིག་གེར་བྲིས་པའོ།། །།