Ni gu chos drug gi khrid yig thang brdal ma

From Shangpa Resource Center








Resource ID SCv3p335
Title zab lam ni gu chos drug gi khrid yig zab don thang mar brdal ba
Topics Six doctrines of Niguma
Sub-Topics Manual
Author Jetsün Taranatha
Associated Person Shönu Drup
Gyeltsen Bum
Serlingpa Tashi Pel
Link BDRC W23922
BDRC W23605
BDRC W1KG1286
BDRC W1KG5786 (p.32)
BDRC W8LS16295 (p.105)
Notes This text is based on ni gu chos drug gi khrid yig by Shönu Drup, chos drug gi 'grel pa bdud rtsi rgya mtsho by Gyeltsen Bum, and ? by Serlingpa Tashi Pel.

༄༅། །ཟབ་ལམ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཟབ་དོན་ཐང་མར་བརྡལ་བ་ཞེས་བྱ་བ་བཞུགས་སོ།།

།ན་མོ་གུ་རུ། ཕ་བླ་མ་ལ་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ། །སྐྱབས་སུ་མཆིའོ། །བྱིན་གྱིས་རློབས་ཤིག
།བླ་མ་དང་ནི་རྡོ་རྗེ་འཆང་། །ཐ་དད་ཉིད་དུ་མ་དམིགས་པས། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་ཡིད་དབྱེར་མེད་ངང་དུ་གནས།
།སངས་རྒྱས་ཆོས་དང་དགེ་འདུན་ལྷ་ཞེས་ཇོ་བོ་དཀོན་མཆོག་གསུམ། །གྲུབ་མཆོག་དབང་པོའི་ཚུལ་འཛིན་ཞུ་བདེའི་ཡེ་ཤེས་ཕྱོགས་བརྒྱར་འབར། །ཆོས་ཀྱི་སྐུ་ལས་མ་གཡོས་སྙན་པའི་གྲགས་པས་ས་གསུམ་ཁྱབ། །སྲིད་ཞི་ཀུན་དང་མཉམ་ཉིད་ཁྱེད་ལ་རྟག་པར་ཕྱག་བགྱིའོ།
།མན་ངག་ཟབ་མོ་མཐའ་ཡས་ཀྱང་། །ཡིད་ཆེས་མངོན་རྟགས་ཉམས་མྱོང་ཀུན། །དུས་མཐའ་འདིར་ཡང་འབྱུང་འགྱུར་བ། །མཁའ་འགྲོ་ནི་གུའི་ཞལ་གདམས་འདིའོ།
།དེ་ལ་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུའི་ཆོས་སྐོར་འདི་དག སྤྱིར་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་དོན་དགོངས་འདུས་ཡིན་ལ། ཁྱད་པར་དུ་ཡང་། མཐར་ཐུག་སྟོན་པ་རྣམ་པ་ལྔའི་རྒྱུད་ཅེས་བྱ་བ།
།གཏུམ་མོ་སྟོན་པའི་མཐར་ཐུག་དགྱེས་མཛད་དང་། །ལས་རྒྱ་སྟོན་པའི་མཐར་ཐུག་འཁོར་ལོ་སྡོམ། །སྒྱུ་ལུས་རྨི་ལམ་མཐར་ཐུག་གསང་འདུས་དང་། །འོད་གསལ་མཐར་ཐུག་མ་ཧཱ་མཱ་ཡ་དང་། །ཕྲིན་ལས་མཐར་ཐུག་རྡོ་རྗེ་འཇིགས་བྱེད་དོ།
།ཞེས་པ་ལྟར། རྒྱུད་སྡེ་ལྔའི་དོན་གྱི་བཅུད་ཕྱུང་བའི་རྫོགས་པའི་རིམ་པ་ཆེས་ཟབ་མོ་ཡིན་ལ། །དེ་ཡང་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ནས། ད་ལྟའི་བར་དུ་བརྒྱུད་པ་ལས། གདམས་ངག་ཟབ་མོའི་བརླན་དྲོད་མ་ཡལ། བྱིན་རླབས་ཆུ་བོའི་བཀའ་རྒྱུན་མ་ནུབ། གྲུབ་ཐོབ་བརྒྱུད་པའི་ཟམ་མ་ཆད། ཉམས་དང་རྟོགས་པའི་འཆར་སྒོ་མ་འགགས། ཆོས་བདག་མཁའ་འགྲོའི་བཀའ་རྒྱ་མ་ཉམས་པའི་མན་ངག་རྩོད་མེད་གྲགས་པ་ཀུན་ཁྱབ་དེ་ཡིན། དེ་ལྟ་བུ་ཡང་། དག་པའི་ས་ལ་བཞུགས་པ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས་ཤིང་། གསུང་གི་སྣང་བ་ལ་སྤྱོད་པ། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཞལ་ནས།
ཆོས་འདི་ཤེས་པ་ང་དང་། སློབ་དཔོན་ལྭ་བ་པ་མིན་པ་རྒྱ་གར་ན་ཡང་མེད། དེ་ལས་ཀྱང་གཉིད་ཐུན་གཅིག་ལ་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི། ཁྱོད་ཁོ་ན་ལས་གཞན་མེད་དོ་ཞེས་དབུགས་འབྱིན་པར་མཛད་པ།
གྲུབ་པའི་དབང་ཕྱུག་ཁྱུང་པོ་རྣལ་འབྱོར་པ། མཚན་གཞན་ལོ་ཙཱ་བ་ཚུལ་ཁྲིམས་མགོན་པོར་གྲགས་པ་དེ་ཉིད་སྐུ་གསང་བ་འདུས་པ། གསུང་མ་ཧཱ་མཱ་ཡ། ཐུགས་དགྱེས་མཛད་རྡོ་རྗེ། ཡོན་ཏན་འཁོར་ལོ་སྡོམ་པ། ཕྲིན་ལས་རྡོ་རྗེ་འཇིགས་བྱེད་དེ། ཡེ་ཤེས་དཀྱིལ་འཁོར་ལྔའི་ངོ་བོ་དང་གཉིས་སུ་མེད་པར་བཞུགས་ལ། དེ་ལྟར་ཡིན་པར་གྲུབ་ཐོབ་ཨ་མོ་གྷ་བཛྲ་ཆེན་པོས་ཀྱང་ལུང་བསྟན་པ། གཞན་ཡང་མཐར་ཐུག་ལྔ་དང་ལྡན་པ་ཞེས། མཚན་ཡོངས་སུ་གྲགས་པ་དེ་ནི་ཆོས་འདི་སྒྱུར་བ་པོ་ཡིན་ནོ། །ཆོས་གཞན་རྣམས་ཀྱི་ལོ་པཎ་གྱི་དོད་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་དང་། མཁས་གྲུབ་ཆེན་པོ་སྤྲུལ་པའི་སྐུ་དེ་ཡིན་ཅིང་། དེ་ཡང་རྡོ་རྗེ་འཆང་ཆེན་པོ་ཉིད་ནས་བརྩམས་ཏེ་བརྒྱུད་པ་བདུན་གྱི་བར་དུ་སྙན་བརྒྱུད་དང་ཆིག་བརྒྱུད་ཀྱི་བཀའ་རྒྱས་བཏབ། དེ་རྗེས་ནས་ཆོས་འདིས་ས་སྟེང་ཐམས་ཅད་ཁྱབ་འགྲོ་བར་ལུང་བསྟན་པ་ལྟར་དངོས་སུའང་དེ་ལྟར་བྱུང་བ་ཡིན། འདིར་བཀའ་རྒྱ་འགྲོལ་བ་པོ་འགྲོ་མགོན་སངས་རྒྱས་སྟོན་པའི་ཐུགས་ཀྱི་སྲས་ཐུ་བོ་རྣམ་པ་གསུམ་ལས། མཁས་གྲུབ་གཞོན་ནུ་གྲུབ་དངོས་ཀྱིས་ཁྲིད་ཡིག་མཛད་པ་དང་། མཁས་གྲུབ་ཤངས་སྟོན་ཚུལ་ཁྲིམས་མགོན་གྱི་གསུང་རྣམས། མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཁྲིད་ཡིག་ཏུ་མཛད་ནས་བླ་མ་ཉིད་ལ་སྤྱན་ལམ་དུ་ཕབ་པ་དང་། སློབ་དཔོན་གནས་རྙིང་པ་ཨའི་སེང་གེ་དང་། སྤྲུལ་སྐུ་རིན་ཆེན་བློ་གྲོས་ཀྱི་གསུང་ལས་བྱོན་པ་རྣམས། གསེར་གླིང་པ་བཀྲ་ཤིས་དཔལ་གྱིས་ཡིག་རིས་སུ་མཛད་པ་རྣམས་ཀྱང་། ཆོས་དྲུག་གི་ཁྲིད་ཡིག་སོགས་དམིགས་པ་རྣམས་ཞུས་དག་ཕེར་བ་ལྟ་བུར་ཡོད།
སྤྱིར་ཆོས་ཚུལ་འདིའི་སྐོར་ལ། སྙན་བརྒྱུད་ཡི་གེར་འགོད་པའི་བཀའ་དྲིན་ཆེ་བ་ནི། མཁས་བཙུན་རྒྱལ་མཚན་འབུམ་ཉིད་ཡིན་ཏེ། འདི་ཁོ་ནས་ཡི་གེར་མཛད་པ་མང་ངོ་། །དེ་ལྟར་ན། ལུགས་འདི་ལ་ཚད་མར་གྱུར་པའི་མཁས་གྲུབ་རྣམ་པ་གསུམ་གྱི་གདམས་ངག་གི་རྒྱུན་ཐམས་ཅད་རང་རེའི་ཆོས་བརྒྱུད་འདི་ལ་ཚང་བར་བཞུགས། ནང་གསེས་སོ་སོ་ནས་གྱེས་པའི་བརྒྱུད་ལུགས་མི་འདྲ་བ་ཉི་ཤུ་རྩ་བཞི་ཡང་འདིར་ཚང་བ་ལགས་སོ།
།སྐབས་འདིར་བླ་མའི་རྣམ་ཐར་རྒྱས་པ་ལུང་བཀླག་དགོས་པའི་དབང་དུ་བྱས་ན། རྣམ་ཐར་རྒྱས་པ་རང་ངག་ནས་བཤད་མི་དགོས་ཀྱང་། རིན་ཆེན་རྣམ་བདུན་གྱི་ལོ་རྒྱུས་ཆེ་བ་ཅི་རིགས་པ་བརྗོད་ན་ལེགས་སོ།
།འདིར་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ་དེས། རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ལོངས་པ་ཉིད་ཀྱི་ཕྱིར། མདོ་སྔགས་བཤད་སྒྲུབ་ཀྱི་ཆོས་མཐའ་ཡས་པ་ཞིག་མངའ་ཞིང་། གཞན་ལའང་གསུང་ཚུལ་རགས་རིམ་ཙམ་རྣམ་ཐར་ན་བཞུགས་པ་དེར་གདའ། དེ་རྣམས་ཀྱི་ནང་ནས་དེང་སང་མ་ནུབ་པར་བཞུགས་པ་རྣམས་གཞུང་བསྲངས། ཆ་ལག་གཞན་གྱིས་ཀྱང་ཅུང་ཟད་བརྒྱན་ཏེ། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དུ་ཡོངས་སུ་གྲགས་པ་ལྟར་ན། མཁས་གྲུབ་ཁྱུང་པོ་ཉིད་ལས་བྱུང་བའི་ཆོས་སྐོར་དང་། ཕྱིས་འཕེལ་བའི་ཆོས་སྐོར་གཉིས་ཡོད།
དང་པོ་ལ། ནི་གུའི་ཆོས་སྐོར། སུ་ཁའི་ཆོས་སྐོར། རྡོ་རྗེ་གདན་པའི་ཆོས་སྐོར། མཻ་ཏྲཱི་པའི་ཆོས་སྐོར། རཱ་ཧུ་ལའི་ཆོས་སྐོར། གཞན་མན་ངག་ཐོར་བུ་དང་བཅས་པ་རྣམས་ཡོད།
ཡང་ན་སྨིན་བྱེད་དབང་གི་སྐོར། གྲོལ་བྱེད་ལམ་གྱི་སྐོར། རྒྱབ་རྟེན་ལུང་གི་སྐོར། བཀའ་སྲུང་མགོན་པོའི་སྐོར།
ཞེས་དབྱེ་བ་བཞིར་མཛད་པ་ཡང་ཡོད་པ་ལས། ཡེ་ཤེས་མཁའ་འགྲོ་ནི་གུ་ནས་བརྒྱུད་པའི་གྲོལ་བྱེད་ལམ་གྱི་སྐོར་ལ།
རྩ་བ་ནི་གུ་ཆོས་དྲུག སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམས་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་དེ། གསེར་ཆོས་ལྔའམ། ཁྲིད་ཆེན་ལྔར་གྲགས་པ་དང་། ཁྲིད་ཆུང་བདུན་ལ་སོགས་པ་ཇི་སྙེད་ཅིག་ཡོད་པ་ལས།

དང་པོ་ཆོས་དྲུག་ལ།
ཐོག་མའི་སྔོན་འགྲོ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། ཆོས་ཀྱི་ཕན་ཡོན། འབྲས་བུའི་བཞུགས་ཚུལ་སོགས་བསྟན་པ་ལ་འཇུག་པའི་རིམ་པ་སོགས་དང་མཐུན་པར་གོ་བདེ་བར་བཤད་ནས་ཅུང་ཟད་བསྒོམ་དུ་གཞུག་གོ
།ཁྲིད་དངོས་ལ་དབྱེ་ན། སྔོན་འགྲོ་དང་། དངོས་གཞིའི་ཁྲིད་གཉིས་སོ།
།དང་པོ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་སོ།
།དང་པོ་ལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་གཉིས་སོ།
།དེའི་དང་པོ་སྐྱབས་འགྲོ་ནི། སློབ་དཔོན་གྱིས་སྤྱིར་སྐྱབས་འགྲོའི་གོ་བབ་རྒྱས་བསྡུས་འཚམས་པ་བཤད་ཅིང་། སྐབས་འདིར་དམིགས་པ་ལ། སྐྱབས་འགྲོ་བཞི་སྐོར་སྤྱི་དང་མཐུན་པ་འབོགས་པའི་ཕྱག་ལེན་ཡང་འདུག་མོད། སྤྲོས་པ་ལ་དགའ་བ་རྣམས་ཀྱི་ངོར། དེ་ཡང་མ་ལེགས་པ་མ་ཡིན་ཀྱང་། ཆོས་འདི་ཉིད་ཀྱི་ཁྱད་ཆོས་ཟབ་དོན་སྐྱབས་འགྲོ་ཆིག་འགྲིལ་མ་འདི་བྱིན་རླབས་དང་ལྡན་པའི་ཞལ་རྒྱུན་མ་ཆད་པ་ལགས་པས། ཕྱག་བཞེས་རྒྱུན་གྱི་ཉམས་ལེན་འདི་ལ་མཛད་པ་ཡིན་ནོ།
།དེ་ཡང་དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག །ལུས་གནད་སྤྱི་དང་མཐུན་པར་བཅས། སེམས་རྣལ་དུ་ཕབ། རང་གཞན་ཐམས་ཅད་ལ་གཞིག་འགྲེལ་ཞིག་བཅུག །ག་རེ་བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པ། དུས་མཐའ་མེད་པར་མྱོང་དགོས་པ་འདི་ཨ་ཙ་མ་ཅི་རང་དྲག་སྙམ་དུ་བསམ། ད་ནི་འདི་ལས་ངེས་པར་སྐྱོབ་ཐུབ་པའི་སྐྱབས་ཤིག་དགོས་པར་འདུག་ན། སྐྱབས་གནས་དཀོན་མཆོག་གསུམ་གཅིག་ཏུ་འདུས་པའི་ངོ་བོ་མཚན་ལྡན་བླ་མ་དམ་པ་ལས་གཞན་མི་འདུག་པས། རྩ་བའི་བླ་མ་ཁོ་ན་ལ་ཅིས་ཀྱང་སྐྱབས་ཞུ་དགོས་སྙམ་པས། རང་ཉིད་གང་དུ་གནས་པའི་ཡུལ་ཕྱོགས་ཁང་ཁྱིམ་ཀུན་ཡང་དག་པའི་ཞིང་དུ་མོས། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དམ་པ་ཉིད་སྐུ་དངོས་དེ་ཀ་ལ་བཀྲག་མདངས་གཟི་བརྗིད་འོད་དུ་འབར་བ། རང་ལ་དགྱེས་པའི་ཞལ་འཛུམ་བག་ཅན། སངས་རྒྱས་ཀུན་འདུས། ཆོས་ཀུན་འདུས། དགེ་འདུན་ཀུན་འདུས། དངོས་དང་བརྒྱུད་པའི་བླ་མ་ཀུན་འདུས། ཡི་དམ་ཞི་ཁྲོ་རབ་འབྱམས་ཀུན་འདུས། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཀུན་འདུས་པའི་བདག་ཉིད་ཅན་ཡིན། དྲིན་ཅན་རྩ་བའི་བླ་མ་མཁྱེན་སྙམ་པ་བྱ། དེ་ནས་རང་གི་ཚེ་འདིའི་དངོས་ཀྱི་ཕ་མ་དང་། རང་ལ་གནོད་པར་བྱེད་པའི་དགྲ་དང་བགེགས། རང་ཉིད་གང་དུ་གནས་པའི་ཡུལ་ཕྱོགས་དེའི་གཞི་བདག་རྣམས་ཀྱིས་གཙོར་བྱས་པའི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། ཉེ་འཁོར་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་འཁོད་ནས། རང་དང་ལྷན་ཅིག་ཏུ་སྐྱབས་འགྲོ་བྱེད་པར་མོས་ཏེ། ངག་ཏུ།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ཅི་ནུས་སུ་བརྗོད་ཅིང་།
བདག་དང་སེམས་ཅན་ཐམས་ཅད་སྔོན་ཆད་འཁོར་བའི་སྡུག་བསྔལ་སྣ་ཚོགས་པས་འཇིགས་པས། ད་ནི་ཁྱེད་ལ་སྐྱབས་ཞུ། སྐྱབས་བསླུ་བ་མེད་པ་ཁྱེད་ལ་བློ་ལིང་གིས་བཀལ་བ་ལགས། རེ་ས་མགོན་སྐྱབས་གཞན་ན་མེད་དོ།
།ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ་སྙམ་པའི་འདུན་པ་དྲག་པོ་དུང་དུང་པ་རྒྱུན་ཆགས་སུ་བྱ། ཐུན་འཇོག་ཁར་སྐྱབས་ཡུལ་བླ་མ་དེ་ལ་མོས་གུས་དུང་པ་བྱས་པས། དེ་ཉིད་འོད་དུ་ལྟེམ་སྟེ་ཞུ་ནས་རང་ལ་ཐིམ། བླ་མ་དང་རང་སེམས་དབྱེར་མེད་དུ་མོས། དེ་ཀའའི་ངང་དུ་ཅུང་ཟད་མཉམ་པར་བཞག །དེ་ཀ་ལ་ཐུན་མཚམས་བྱེད་ན། དགེ་བ་བྱང་ཆུབ་ཏུ་བསྔོ། །དམིགས་སྐོར་གཅིག་གོ
།གཉིས་པ་སེམས་བསྐྱེད་ནི། སྔར་ཇི་སྐད་བཤད་པའི་སྐྱབས་འགྲོ་དེ་སྔོན་དུ་བཏང་ནས། སླར་ཡང་རང་གཞན་སྣོད་བཅུད། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པ་རྣམས་ལ་བློས་གཞིག་འགྲེལ་བཅུག་སྟེ། ག་རེ་ནམ་མཁའ་འདིས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པར་འདུག །འདི་ཐམས་ཅད་རེ་རེ་ནས་ཕ་དང་མ་དང་མཛའ་འཤེས་སུ་མ་གྱུར་པ་ཅུང་ཟད་ཀྱང་མེད། དེ་ཡང་ལན་རེ་ཙམ་མ་ཡིན་གྱི་སྐྱེ་བ་དཔག་ཏུ་མེད་པར་ཕ་མ་སོགས་སུ་གྱུར་པ་ཡིན། འདི་རྣམས་འདོད་ནི་བདེ་བ་འདོད་ཀྱང་། མྱོང་ནི་སྡུག་བསྔལ་འབའ་ཞིག་མྱོང་བ་ཅིས་ཀྱང་སྙིང་རེ་རྗེ། དེ་བས་ན་འདི་རྣམས་སྡུག་བསྔལ་མེད་ཅིང་བདེ་བ་དམ་པ་ལ་བདག་གིས་འགོད་པར་བྱ། མཐར་ཐུག་པ་ན་འདི་རྣམས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ནས། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས་པར་འདུག །དེ་ཡང་ཐབས་གཞན་གྱིས་མི་ནུས་པས་བདག་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། སངས་རྒྱས་དེ་ཡང་དམ་པའི་ཆོས་ཀྱི་དོན་བསྒོམས་པ་ལས་འབྱུང་བའི་ཕྱིར། ད་རེས་ཟབ་ལམ་མཐུར་ཐུག་ཆོས་དྲུག་ཟབ་མོ་འདི་བསྒོམ་སྙམ་དུ་བསམ། ངག་ནས་འདི་སྐད་ཅེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ཟབ་ལམ་ནི་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ།
།ཞེས་བརྗོད་དེ། དོན་ཡིད་ལ་བསམ་དགོས་པས། ཚིག་དེ་ཡང་དལ་བུས་བརྗོད་ཅིང་ནན་ཏན་ཆེར་བྱ། ཐུན་གྱི་དངོས་གཞིའི་ཉམས་ལེན་དེ་ཁོ་ན་བསྐྱར་གྱིན་བསྒོམ་པ་ཡིན། ཐུན་གྱི་མཇུག་ཏུ་དགེ་བ་བྱང་ཆུབ་ཏུ་བསྔོ་བ་རེ་ཡང་དགོས་པ་ལགས། །དམིགས་སྐོར་གཉིས་པའོ།
།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། དག་བྱེད་ཨའི་སྟོང་ར་དང་། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་ཏེ། རྩིས་འགོ་གསུམ་དུ་དབྱེ་བ་ཡིན།
དང་པོ་ནི། དམིགས་ཆེན་ཡིན་ཏེ། དེ་ཡང་སྔར་བཤད་པའི་སྐྱབས་འགྲོ་དང་སེམས་བསྐྱེད་ལན་བདུན་བདུན་ཙམ་རེ་སྔོན་དུ་བཏང་ནས། སླར་ཡང་རང་གི་སྤྱི་བོར་གདན་བཞི་རྫོགས་སམ། ཇི་ལྟར་འོས་པའི་གདན་ལ། བླ་མ་སྐུ་དངོས་དེ་ཀ་གསལ་བཏབ་ནས། མོས་གུས་ཀྱི་གདུང་ཤུགས་དང་འབྲེལ་བས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་གསོལ་བ་དོས་དྲག་ལ་ཡུན་རིང་དུ་བཏབ། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། དེ་ཡན་ཆད་འདིའི་སྒོས་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཡིན། དེ་ཡང་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས། ཀླད་པ་གཏི་མུག་གི་རང་བཞིན་ཅན་དེ་ཡལ་བའི་ཚུལ་གྱིས་སྦྱངས། ཐོད་པ་དུང་ཁང་གི་གཞལ་ཡས་ཁང་ལྟ་བུར་གྱུར་གསུང་སྟེ། དོན་དངོས་ནི། རང་ཐ་མལ་དུ་གསལ་བའི་ལུས་མ་འདི། ད་ལྟའི་གདོས་བཅས་འདི་ཀ་ཡིན་པ་ལ། མགྲིན་པ་ཡན་ཆད་ཕྱི་དབྱིབས་རྣམ་པ་དེ་ཀ་ཡིན་ཀྱང་། ནང་ཤ་ཁྲག་རུས་གསུམ་སྤངས་པ་སྨོས་ཅི་དགོས། ཕྱི་པགས་པའི་སྐྱ་རི་ཡང་ཤིན་ཏུ་སྲབ་པ་ཆུའི་ལྦུ་བ་ལྟ་བུ་ཁ་དོག་དཀར་བ་ཞིག་ཏུ་བསམ། མགོ་བོའི་ནང་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ། ཁོང་སྟོང་དྭངས་གསལ་ཤེལ་གྱི་སྣོད་ལྟ་བུ། རྩ་བ་ཕྲ་བ་ཐུར་དུ་བསྟན་པ་མགྲིན་པའི་མཚམས་སུ་སླེབས། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་ལ་ཟུར་གསུམ་ཡོད་པའི་ཟུར་གཅིག་སྨིན་ཕྲག་གི་ཐད་དང་། ཟུར་གཞན་གཉིས་རྣ་མཆོག་གཡས་གཡོན་གྱི་ལྟག་ཙམ་དུ་ནང་ནས་པགས་པ་ལ་རེག་གེ་ཡོད་པའོ། །ཆོས་འབྱུང་དེའི་ནང་གཡས་གཡོན་མདུན་རྒྱབ་གང་ལ་ཡང་མ་ཡོ་བའི་དབུས་དྲང་ཐད་དུ། བླ་མ་དང་རང་སེམས་དབྱེར་མེད་སྤྲོས་བྲལ་སྐྱེ་མེད་མཚོན་པའི་ཨ་ཡིག་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་འོད་དཀར་པོ་ཤིན་ཏུ་འཚེར་བ་འཕྲོ་བ། ཆོས་འབྱུང་གི་ཁ་མཚམས་དང་ཨ་ཡིག་གི་མགྲིན་པའི་ཉེག་མཚམས་མཐོ་དམན་མཉམ་པ་ཙམ་བསྒོམ་གསུང་། གང་ལྟར་ཨ་ཡིག་གི་མགོ་བོ་ཆོས་འབྱུང་གི་ཁ་མཚམས་ལས་མཐོ་ངེས་པ་བསྒོམ། ཐོག་མར་དེ་ལྟ་བུར་བསྒྲིམས་ཏེ་འབད་པས་གསལ་བཏབ་ནས། དེ་རྗེས་ཤེས་པ་གྲིམ་ལྷོད་རན་པོ་གཅིག་གིས་ཨ་ཡིག་ཆོས་འབྱུང་དང་བཅས་པར་ཅུང་ཟད་སེམས་འཛིན། དེ་རྗེས་ཨ་ཐུང་གི་བཟླས་པ་ལན་ཉེར་གཅིག་ཙམ་ཤུབ་ཤུབ་པོར་བཟླས་པས། ཨ་ལས་བདུད་རྩིའི་རྒྱུན་སྦོམ་པོ་དཀར་ལ་དྭངས་པ་འོད་འཕྲོ་བ་ཤུགས་དང་ལྡན་པ་བབས། སྐད་ཅིག་ལ་ཆོས་འབྱུང་མེར་གྱིས་ཁེངས་ནས་ཆོས་འབྱུང་གི་ཁའི་ཕྱོགས་ཐམས་ཅད་ནས་ཞམ་ཞམ་བྱུང་། ལུས་ཀྱི་དབུས་ཐོག་ཐག་ཏུ་ཤུགས་དང་ལྡན་པར་སོང་། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། གནས་སྐབས་ཀྱི་འགལ་རྐྱེན་ནད་གདོན་བར་ཆད་དཀོར་སྐུ་གླུད་དམ་ཚིག་འགལ་འཁྲུལ་ལ་སོགས་པ་ཐམས་ཅད་ཕྱིར་བདས་པར་བསམ་དགོས། སྡིག་སྒྲིབ་ལ་དངོས་སུ་ཁ་དོག་མེད་ཀྱང་དམིགས་པ་གསལ་བའི་ཕྱིར་དང་། རྟེན་འབྲེལ་ནུས་པ་སྣ་ཚོགས་པའི་ཁྱད་པར་གྱི་ཕྱིར། སྡིག་སྒྲིབ་སོགས་དེ་དག་ཐམས་ཅད་དུད་ཁུའམ་སོལ་ཁུ་ལྟ་བུའི་རྣམ་པས། རྒྱུན་སྦོམ་པ་རྣམས་བུ་ག་དགུ་ནས་མི་ཤོང་ཚད་པར་འགྲོ་བ་དང་། འབྲིང་པོ་རྣམས་རྐང་ལག་གི་སེན་མོའི་ཕྲག་དང་། ཕྲ་བ་རྣམས་སྐྲའི་རྩེ་མོ་དང་བ་སྤུའི་ཁུང་བུ་ཚུན་ཆད་ནས་ཀྱང་ནག་ནུ་རུ་རུ་ཐོན་འགྲོ་བར་བསམ། དེ་ཡང་བདུད་རྩི་དྭངས་གསལ་གྱི་རྒྱུན་གང་དུ་སླེབས་པའི་མཚམས་དེ་ནས། ནད་གདོན་སྡིག་སྒྲིབ་རྣམས་སྡོད་དབང་མེད་པར་སྟེང་ནས་འོག་ཏུ་བདས་འགྲོ་བ་དང་། དབུས་ནས་མཐའ་ལ་བདས་འགྲོ་བར་བསམ། ལུས་ཀྱི་ཤ་ཁྲག་རུས་པ་སོགས་མི་གཙང་བའི་རྫས་ཐམས་ཅད་ཀྱང་ཞུ་བ་ལྟར་སོང་ནས། སྡིག་སྒྲིབ་རྣམས་དང་ལྷན་ཅིག་ཏུ་གར་སོང་ཆ་མེད་ཚུལ་གྱིས་དག །དེ་ལྟར་ལུས་ཀྱི་ནང་ཐམས་ཅད་བཀྲུས། ཡང་བདུད་རྩིའི་ཆུ་རྒྱུན་སྐྲ་དང་བ་སྤུའི་རྩ་བ་ནས་ཕྱིར་སོང་བ་རྣམས་ཀྱིས་ལུས་ཀྱི་ཕྱི་ནས་ཀྱང་བཀྲུས། ལུས་དྭངས་གསལ་དཀར་བ་པགས་པའི་སྐྱ་རི་ཙམ་ལ་ཤེལ་སྣོད་སྲབ་མོ་འདྲ་བ། ནང་བདུད་རྩི་དྭངས་གསལ་གྱིས་གང་བའམ། ཡང་ན་འཇའ་འོད་དཀར་པོ་ལས་གྲུབ་པ་ལྟ་བུར་སོང་བར་བསམ། ཕྱི་ལ་བདས་པའི་ནད་གདོན་སྡིག་སྒྲིབ་རྣམས་ནག་བུན་ནུ་ནུ་ས་འོག་ཐག་རིང་པོར་སོང་ཞིང་། དེ་ཡང་ཡལ་བར་བསམ། དེ་དག་དམིགས་པ་འཇུར་པོ་བར་མ་ཆད་པར་བསྒོམས་པའི་རྗེས་ལ། ངལ་གསོ་བའི་ཚུལ་གྱིས་ཤེས་པ་དར་ཅིག་གློད་ལ་བཞག །དེ་ཡན་ཆད་དམིགས་པ་ཚར་གཅིག་ཡིན། བླ་མའི་རྣལ་འབྱོར་ཐུན་མགོའི་དེ་ཀས་ཆོག་པས་ཐུན་དེའི་ནང་དུ་སླར་སྐྱོར་མི་དགོས། དམིགས་པ་དངོས་གཞི་དེ་ཡང་ཡང་བསྐྱར་གྱིན་བསྒོམ། དེ་ཡང་དཔེར་ན་ཐུན་རེའི་ནང་དུ་དམིགས་པ་ལན་བརྒྱ་རྩ་ཙམ། ཐུན་ཡང་བཞི་ལྔ་དྲུག་ཙམ་བསྒོམ་ཐུབ་ན། ཞག་བདུན་སོགས་ལ་རྟགས་མྱུར་བར་འོང་། དེས་མཚོན་ཏེ་རང་གི་རྩོལ་བ་རབ་འབྲིང་ཐ་གསུམ་དང་སྦྱར་བའི་རྟགས་མྱུར་བུལ་གྱི་ཁྱད་པར་འབྱུང་བ་ཡིན་ནོ།
།འདིའི་སྡིག་སྒྲིབ་དག་པར་བསམ་པའི་སྐབས། ལུས་ཐོགས་མེད་འཇའ་ཚོན་ལྟ་བུར་སྒོམ་ན་གསལ་ཉམས་འཆར་རིག་པ་དྭངས། བདུད་རྩིས་གང་བར་སྒོམ་ན་ལུས་ཟུངས་བཟང་། ཤེལ་གོང་གཡའ་དག་པ་ལྟ་བུར་སྒོམ་ན། རྨི་ལམ་གསལ་སྣང་སྐྱེ་བ་ཡིན་གསུང་ངོ་། །དམིགས་སྐོར་གསུམ་པའོ།
།གཉིས་པ་སྟོང་ར་ནད་གདོན་སེལ་བྱེད་ལ།
ནད་སེལ་བ་དང་། གདོན་སེལ་བ་གཉིས་ཡོད། དེ་རེ་རེ་ལ་ཡང་དབྱེ་བ་དུ་མ་ཡོད་མོད་ཀྱི། སོ་སོར་ན་དམིགས་ཕྲན་ཡང་ཡིན། སྤྱིར་ནས་དག་བྱེས་ཨའི་སྟོང་རའི་ལས་ཚོགས་ཙམ་ཡིན་པས། ཡོངས་བསྡོམས་ནས་དམིགས་ཆེན་གཅིག་གི་དོད་དུ་བརྩི་དགོས།
དེ་ཡང་ནད་ཚད་པ་ལྟ་བུ་ལ། ཨ་ལས་བདུད་རྩིས་རྒྱུན་ཁ་དོག་དཀར་བ། རེག་བྱ་དང་ནུས་པ་གཉིས་ཀར་བསིལ་བའི་རྒྱུན་བབས་ཏེ། ཚ་བའི་གནས་སྟོད་ཀྱི་ཡུལ་ལམ། གང་ན་ས་དེ་ཀ་ནས་བུ་ག་ཧར་རེ་བྱུང་སྒོ་དེ་ཀ་ནས་ནད་ཚ་བ་དེ་ཡང་དམར་འདུར་འདུར་ཕྱིར་བདས་པར་བསམ། དེ་བཞིན་དུ་ནད་གྲང་བ་ལ། བདུད་རྩི་ཁ་དོག་དམར་པོ་རེག་བྱ་དང་ནུས་པ་གཉིས་ཀ་ཚ་བ་བབས་ཏེ། གྲང་བའི་ཡུལ་རོ་སྨད་ཀྱི་ཆའམ། གང་ན་ས་ནས་བརྡོལ་ཏེ་ནད་ཐམས་ཅད་དཀར་འདུར་འདུར་ཐོན་པར་བསམ། རླུང་གི་ནད་ལ་བདུད་རྩི་ཁ་དོག་སེར་བ་མར་ཁུ་ལྟར་བཅུད་དང་ལྡན་པ་བབས། ལུས་ཀྱི་ཆ་ཐམས་ཅད་དམ། འོག་སྒོ་གཉིས་སམ། གང་ན་སར་བུ་ག་བྱུང་སྟེ། ནད་རྣམས་སྔོ་འདུར་བའམ་ནག་འདུར་གྱིས་ཐོན་པར་བསམ། ཡང་ན་རླུང་འཚུབ་མའམ་དུ་བ་ལྟ་བུར་བུན་བུན་ཐུར་དུ་འགྲོ་བར་བསམ། སྙིང་རླུང་ལ་སྙིང་གི་ཐད་ཀ་ནས་བུ་ག་བྱུང་སྟེ། དེ་ནས་འགྲོ་བར་བསམ། དེས་མཚོན་ནས་ནད་གཞན་ཐམས་ཅད་ལ་ཡང་རིགས་འགྲེ།
ཡང་དམིགས་པའི་གཞི་དག་བྱེད་སྟོང་ར་བཞིན་བསྒོམས་ནས། ཨ་ལས་ཁྲོ་བོ་སོ་སོའི་སྐུའི་རྣམ་པ་ཅན་གྱི་བདུད་རྩི་སེར་བ་དྲག་པོ་ལྟར་འབེབས་པ་དང་། ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པས་ལུས་ཀྱི་ནང་གོ་མཚམས་མེད་པར་གཏམས། མེ་ལྕེ་ཡང་སྤྲོས་ཏེ་ཐུར་དང་ཕྱོགས་མཚམས་སུ་འབར་བ་དང་། བདུད་རྩི་ཁྲོ་ཆུ་བཞུ་བའི་རྒྱུན་ལྟ་བུ་ཡང་འབེབས་ཏེ། སྔགས་ཀྱི་སྒྲས་སྐྲག་པ་དང་། མཚོན་ཆ་བརྡེག་པ་དང་། མེ་རིས་སྲེག་པ་སོགས་ཀྱིས་གདོན་གྱི་རིས་སྲོག་ཆགས་སྣ་ཚོགས་པའི་གཟུགས་ཅན་དེ་རྣམས་ལུས་ཀྱི་ནང་དུ་སྡོད་དབང་མེད་པར་ཕྱིར་བསྐྲད་ཏེ། ཕྱི་རོལ་དེ་ཉིད་དུ་ཚར་བཅད་ཅིང་། ལྷག་མ་ཙམ་ཡང་མ་ལུས་པར་བསམ་མོ། །གདོན་སོ་སོའི་གཉེན་པོར་ཁྲོ་བོ་གང་དགོས་པ་ནི། འོག་གང་འདུལ་གྱི་སྐབས་དང་འདྲའོ། །ཁྲོ་བོ་དང་མེ་དང་ཁྲོ་ཆུ་ལྟ་བུ་སྟེ་སྤྲོ་བ་གསུམ་པོ་དུས་གཅིག་ཏུ་མི་ཡོང་བས་རིམ་ཅན་དུ་བྱའོ། །དམིགས་སྐོར་བཞི་པའོ།
།གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི།
དག་བྱེད་ཨའི་སྟོང་ར་བསྒོམས་པས་སྡིག་སྒྲིབ་དག་པའི་རྟགས། རབ་དངོས་སུ་ཤར་བ་ནི། འདི་བསྒོམས་པ་ཁོ་ནས་ལུས་ལྡང་བ་ཡང་བ་དང་། ཤེས་པ་གསལ་བ་དང་། རྒྱུད་འཇམ་ཞིང་བློ་ཁུག་པར་འོང་། ཆགས་སྡང་སོགས་ཉོན་མོངས་ཆུང་དུ་འགྲོ་བ་དང་། དད་པ་སྙིང་རྗེ་ཤེས་རབ་སོགས་རང་ཤུགས་ཀྱིས་ཆེར་སོང་ནའང་ཡིན།
།འབྲིང་གཉིད་སད་དུས་འཁྲུལ་སྣང་ཉམས་ཀྱི་ཚུལ་དུ་འཆར་བ་དང་།
ཐ་མ་རྨི་ལམ་གསལ་པོར་འཆར་བ་ལ་ཁྲུས་བྱས་པ་དང་། ནམ་མཁའ་ལ་འཕུར་བ་དང་། གོས་དཀར་པོ་གྱོན་པ་ལ་སོགས་པའོ།
།སྟོང་ར་ནད་སེལ་བྱེད་བསྒོམས་པས་ནད་ཐོན་པའི་རྟགས། རབ་ནི་ནད་དངོས་སུ་སངས་པ་ཡིན། འབྲིང་ཉམས་དང་། །ཐ་མ་རྨི་ལམ་ལ་འཁྲུ་སྐྱུག་དང་། ལུས་ལས་རྣག་ཁྲག་ཐོན་པ་སོགས་བྱུང་ན་ཡིན།
སྟོང་ར་གདོན་སེལ་བྱེད་བསྒོམས་པས། གདོན་གྱི་གནོད་པ་སེལ་བའི་རྟགས་རབ། དངོས་སུ་ཉེར་འཚེ་ཞི། ལུས་སེམས་དགའ་བདེ་སྐྱེ། བག་དྲོ་འུ་རེ་བ་ཡོང་། འབྲིང་ཉམས་དང་། ཐ་མ་རྨི་ལམ་ལ་སྲོགས་ཆགས་གདུག་པ་ཅན་བཅོམ་པ་དང་། རང་ཉིད་དགྲ་ལས་རྒྱལ་བ་དང་། ལུས་ལས་སྲོག་ཆགས་ཐོན་པ་ལ་སོགས་པ་འབྱུང་ངོ་།
།དེ་ལ་རྟགས་གསུམ་ནི་སྡིག་སྒྲིབ་དག་པའི་རྟགས། །ནད་སེལ་བའི་རྟགས། གདོན་སེལ་བའི་རྟགས་ཏེ་གསུམ་པོ་དེ་ཡིན་ལ། དེ་རེ་རེ་ལ་ཡང་དངོས་དང་། ཉམས་དང་། རྨི་ལམ་གྱི་དབྱེ་བ་གསུམ་གསུམ་སྟེ། ནད་སེལ་རྟགས་ཀྱི་དབྱེ་བ་དགུར་འབྱུང་བ་ཡིན་ནོ།
།དེ་ལ་དང་པོར་རྟགས་ཡོང་དུ་རེ་བ་མི་བྱ། རྩིས་བཏབ་མེད་པར་འཇོག་དགོས། རྟགས་བྱུང་ན་ཞེན་པ་དང་། རློམ་སེམས་དང་། དགའ་མི་དགའ་བྱེད་དུ་མི་རུང་། འདི་ལྟ་བུ་རྟེན་འབྲེལ་སྣང་བ་མ་འགགས་པའི་འཆར་སྒོ་ཙམ་ཡིན་གྱི། དོན་གང་དུའང་མ་གྲུབ་པ་སྒྱུ་མ་ལྟ་བུའོ། །ཞེས་རེ་དོགས་སྤངས་ཏེ་བཞག་པས། སླད་ཀྱི་བར་ཆད་མི་འབྱུང་ཞིང་ལམ་དུ་འགྲོ་བ་ཡིན་ནོ། །དངོས་ཀྱི་རྟགས་རྣམས་བྱུང་ན་དེས་ཁྱབ། སད་དུས་ཀྱི་ཉམས་ལ་གསལ་སྣང་དུ་ཤར་བ་ཡིན་ནོ། །ལན་ཅིག་ཤར་བ་ཁོ་ནས་རྟགས་སུ་བྱེད།
རྨི་ལམ་ཙམ་ལ་ངེས་པ་མེད་པས། ཤིན་ཏུ་གསལ་བ་དང་། ལན་མང་དུ་བྱུང་བ་དང་། སད་ནས་ཀྱང་བློའི་མདངས་འགྱུར་ཚབས་ཆེ་བར་བྱུང་ན་རྟགས་སུ་བྱེད་པ་ལགས་སོ།
།རྟགས་ཀྱི་རྣམ་གཞག་རྒྱས་པར་ཡིག་རྙིང་ན་གསལ།
འདི་ལ་དམིགས་ཐུན་བཅད་པའི་དམིགས་པ་མེད་ཀྱང་། རྟགས་ཤར་བ་ལམ་དུ་སྲོལ་ཚུལ་དེ་ཀ་དམིགས་པ་ཡིན་པས། དམིགས་སྐོར་ལྔ་པའོ།
།གཉིས་པ་དངོས་གཞི་ལ། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་སྟེ་དྲུག་ཡིན་ལ། དེ་དག་ཀྱང་རང་རང་གི་བྱེད་ལས་ཆེ་བ་དང་བཅས་པ་བརྗོད་ན།
ཐམས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ།

དེ་ལ་དང་པོ་ཐབས་ལམ་བདེ་དྲོད་རང་འབར་ལ།
གཏུམ་མོ་ཉིད་ཀྱི་སྔོན་འགྲོ་དང་། དངོས་གཞི་དང་། རྗེས་གསུམ་མོ།
།དང་པོ་ནི། སྤྱིར་ཁྲིད་ཀྱི་དངོས་གཞི་ཡིན་ཀྱང་། གཏུམ་མོ་རང་གི་དངོས་གཞི་ལ་སྟོས་པའི་སྔོན་འགྲོར་འགྱུར་བས། སྔོན་འགྲོ་ལུས་གནད་མེའི་སྟོང་ར་ཞེས་བྱ། དྲོད་ཤིན་ཏུ་མྱུར་བས་གཏུམ་མོ་མེ་རྒོད་ཀྱི་དམིགས་པ་ཞེས་ཀྱང་བྱ་སྟེ།
དེ་ལ་ཡང་སྐྱབས་སེམས་སྔོན་དུ་བཏང་ནས། ཐོག་མའི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཞིག་དགོས་པས། རང་ལྷ་སྐུར་སྒོམ་པའམ། རེ་ཞིག་ཐ་མལ་པའི་ང་རྒྱལ་གྱིས་ཀྱང་རུང་སྟེ། སྤྱི་བོར་གདན་བཞི་རྫོགས་སུ་བསྒོམས་པ་ལ། གཏུམ་མོའི་སྐབས་འདིར་སྣ་ཚོགས་པདྨ་མི་བྱེད། པདྨ་དཀར་པོར་བསྒོམ། དེར་བཞུགས་པའི་བླ་མ་ཡང་སྐུ་དངོས་སུ་སྒོམ་ན་ཡང་སྐུ་མདོག་དཀར་བ། འོད་ཟེར་དཀར་པོ་འཕྲོ་བར་བསྒོམ། རྡོ་ཇེ་འཆང་དུ་སྒོམ་ན་ཡང་། སྐུ་མདོག་སྟོན་ཟླ་ལྟར་དཀར་བར་བསྒོམ་མོ། ཆོས་དྲུག་གི་སྐབས་ཐམས་ཅད་དུ། བླ་མ་སྐུ་དངོས་སུ་བསྒོམ་པ་ཉིད་གཙོ་ཆེ་བ་ཡིན་གསུངས་ནས་ཕྱག་ལེན་འདེབས་པར་མཛད། ལར་སྐུ་དངོས་ཀྱི་རྣམ་པ་ལ་མོས་སམ་རྡོ་རྗེ་འཆང་གི་རྣམ་པ་ལ་མོས། གང་ལ་མོས་པ་དེ་ཉིད་སྐུ་བདེ་བའི་ཉམས་རྒྱས་ཤིང་ཞལ་འཛུམ་བག་དང་ལྡན་པ། རང་ལ་བྱིན་གྱིས་རློབ་རློབ་འདྲ་བ་ཞིག་བསྒོམ།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ།
ཅེས་གསོལ་བ་དྲག་ཏུ་བཏབ། མཐར་བླ་མ་བདུད་རྩིའི་ངོ་བོར་ཞུ། རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ། རང་གི་ཐ་མལ་རྣམ་སྨིན་གྱི་ལུས་ངག་ཡིད་གསུམ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སང་སྟེ་དག །ཡེ་ཤེས་ལྷའི་སྐུ་གསུང་ཐུགས་སུ་གྱུར་པ་ནི།
རང་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཕྱག་གཡས་རྡོ་རྗེ་ཐུར་དུ་ཅུང་ཟད་བསྡིགས་པ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། གཅེར་བུ་རུས་པའི་རྒྱན་ལྔ་དང་། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་ཅན། པད་ཉི་མི་རོ་མགོ་བོ་གཡས་སུ་བསྟན་པའི་སྟེང་ན། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། མེ་དཔུང་འབར་བའི་དབུས་ན་གནས་པ། སྤྱན་གསུམ་དབུ་སྐྲ་གྲོལ་བ་སོགས་ཆ་བྱད་སྤྱི་དང་མཐུན། གང་ལྟར་ཡང་རང་རྡོ་རྗེ་ཕག་མོ་སྐུ་མདོག་ཕྱག་མཚན་རྣམ་པ་གང་གསལ་གསལ་ཞིག་ཅི་ནུས་སུ་གསལ་བཏབ་སྟེ་ཅུང་ཟད་སེམས་བཟུང་། དེ་ཕྱིའི་དམིགས་པ་ཡིན།
དེ་ནས་རང་ལྷ་སྐུར་གསལ་བའི་ལུས་ནང་ལ་སེམས་གཏད་པས། ལུས་ཀྱི་ནང་ཤ་ཁྲག་རུས་གསུམ་སོགས་གང་ཡང་མེད་པའི་སྟོང་སང་ངེ་བ། ཕྱི་པགས་པའི་རྣམ་པ་ཡང་ཤིན་ཏུ་སྲབ་པ། ནང་ཁོང་སྟོང་དེ་ཡང་འོད་དམར་པོ་དྲོད་ཀྱི་རང་བཞིན་ན་གྱིས་ཁྱབ་པ།
དཔེ་དར་དམར་གྱི་གུར་རམ། ཕྲུས་མ་ཕུས་བཏབ་པ་ལྟ་བུ་ཟེར་བ་དེ་ཡིན། སྐྲའི་རྩ་བ་དང་བ་སྤུའི་རྩ་བ་ཚུན་ཆད་ཀྱང་སྦུབས་སྟོང་དུ་སྦུ་གུ་སག་གེ་བསྒོམ་དགོས་གསུང་། གང་ལྟར་ནའང་རང་ལུས་རྡོ་རྗེ་ཕག་མོའི་སྐུར་གསལ་བ་དེའི་ལུས་ནང་སྟོང་སང་ངེ་བ། སྤྱི་བོ་ནས་ཞབས་མཐིལ་གྱི་བར་དང་། ཞབས་མཐིལ་ནས་སྤྱི་བོའི་བར་དང་། ཕྱག་ཞབས་ཀྱི་སོར་མོའི་རྩེ་མོའི་བར་ཀུན་ཏུ་རིམ་པས་གསལ་བཏབ་ཅིང་ནང་སྟོང་སང་ངེ་བ་ལ་སེམས་གཏད། ནང་གི་དམིགས་པའོ། །ཉམས་ཁྲིད་རང་བྱེད་ན། ཕྱི་ནང་གཉིས་པོ་འདི་ལའང་སོ་སོར་ཞག་ཤས་རེ་བསྐྱངས་ན་ཤིན་ཏུ་ལེགས།
དེ་ནས་མེ་རྒོད་ཀྱི་དམིགས་པ་དངོས་ནི། སྐབས་དེ་ནས་ལུས་གནད་མེ་ཐབ་དྲུག་ཆིངས་བྱ་སྟེ། རྐང་པ་གཉིས་རེ་མིག་ལྟར་བསྣོལ་ལ་ཙོག་པུ་བྱ། རྐང་ངར་གཡས་པ་ནང་དང་གཡོན་པ་ཕྱི་ལ་ཡོང་བ་བྱེད། ལག་པ་གཡས་གཡོན་བར་ལྷུ་གཡས་གཡོན་ལ་བསྣོལ་མར་འཇུས། གྲུ་མོ་གཉིས་པུས་མོའི་སྟེང་དུ་ཡོང་བར་བྱས་ལ་སྒལ་ཚིགས་བསྲང་། ལྟ་སྟངས་སོགས་ལུས་གནད་ལྷག་མ་སྤྱི་དང་འདྲ། དེ་ནས་ཐུན་གྱི་དང་པོ་ལ་རླུང་རོ་དལ་ལ་རིང་བ་ལན་གསུམ་བུས།
རླུང་སྦྱོར་དངོས་ནོ། །དེ་རྗེས་སྟེང་རླུང་རན་པར་བརྔུབས་ཏེ་ལྟེ་འོག་ཏུ་མནན། འོག་རླུང་རང་གནས་སུ་བཅིང་། ཡར་འཐེན་པ་མི་དགོས།
དམིགས་པ་ནི་རང་གི་ལྟེ་བའི་ཐད་དང་། དེའི་ཐད་ཀྱི་རྒྱབ་དང་། མཁལ་ཁུང་གཡས་གཡོན་གཉིས་ཏེ་གནས་བཞིར་མེའི་གོང་བུ་དབྱིབས་ཟླུམ་པོ། །ཁ་དོག་དམར་བ། རེག་བྱ་ཚ་བ། མེ་ལྕེ་ལྷབ་ལྷབ་འབར་བ་རང་མ་ཡིན་པ་ལ། འབར་ཚད་ཚད་པ་སོལ་མེ་ངར་མ་བུས་པའམ། ལྕགས་བསྲེགས་ཀྱི་གོང་བུ་དམར་ལྷང་བ་ལྟ་བུ་བཞི་སྒྲོམ་དུ་གསལ་བཏབ། རླུང་འཇམ་རླུང་བཟུང་བའི་ངོས་ནས་ལྟོ་བ་གཡས་སུ་བསྐོར་བ་གཅིག་དང་། གཡོན་དུ་བསྐོར་བ་གཅིག་བྱས་པས། མེ་གོང་བཞི་པོ་དེ་དྲག་ཏུ་འཐབས་ནས་མེ་ལྕགས་གཙུབས་པ་ལྟ་བུའི་མེ་སྟག་དམར་སྐྱས་ལུས་ཀྱི་ནང་ཐམས་ཅད་འོད་དམར་ཆེམ་ཆེམ་ཁྱབ་པས། ལུས་ཚ་འུ་རུ་རུ་བྱུང་བ་བསམ། དེ་ལྟར་མི་བདེ་བ་མེད་མེད་དུ་རླུང་བཟུང་ནས་ཅུང་ཟད་མི་བདེ་བ་སྙམ་བྱེད་ན། དང་པོར་ཤུགས་ཆུང་བ། བར་དུ་ཤུགས་ཆེ་བ། མཐར་སང་སྟེ་རླུང་བུས། རླུང་ཐེངས་གཅིག་གོ།
།ཡང་སྔ་མ་ལྟར་བཟུང་ཞིང་དམིགས་པ་ཡང་སྔ་མ་ལྟར་བསྒོམ། ཐུན་མཇུག་ཏུ་དགེ་བ་བསྔོའོ།
།དེ་ལྟར་ཞག་ཤས་རླུང་ཐེངས་རེ་ལ་དམིགས་པ་དང་གཡས་གཡོན་དུ་སྐོར་བ་ཚར་རེ་རེ་ཁོ་ན་སྦྱངས། དེ་ནས་རིམ་པས་ཞག་ཤས་ནས་གཡས་སྐོར་གཡོན་སྐོར་རེ་རེ་བསྣན། གྲངས་ཀྱི་ཐ་མ་གྲངས་ལ་ངེས་བཟུང་རང་མེད་ཀྱང་། གཡས་སྐོར་བཅུ་གཉིས་དང་གཡོན་སྐོར་བཅུ་གཉིས་ཙམ་དུ་ལོངས་སོང་ཙ་ན་མེའི་ནུས་པ་རྙེད་པར་འགྱུར་རོ་གསུང་།
ཐུན་མཚམས་སུ་ཡན་ལག་ལྔ་སྦྱོངས་རེ་སྔོན་དུ་འགྲོ་བས། གཙུབ་ཤིང་དང་གཙུབ་སྟན་མའི་འཁྲུལ་འཁོར་ཅི་ནུས་སུ་སྦྱང་ངོ་། །དམིགས་སྐོར་དྲུག་པའོ།
།གཉིས་པ་གཏུམ་མོའི་དངོས་བཞི་ལ། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིང་བ། རྟར་ཞོན་པ་སྟེ་བཞི་ལས།
དང་པོ་ནི། གཏུམ་མོ་ཟས་སུ་ཟ་བ་སྟེ། ཆོས་འདིའི་ལུགས་ཀྱི་གཏུམ་མོའི་དམིགས་པའི་གཙོ་བོ་ཡིན་ཏེ། འདི་ལ་ཡང་ཤེས་རབ་དང་། མོས་པའི་ཁྱད་པར་གྱིས་དམིགས་པ་རྒྱས་འབྲིང་བསྡུས་གསུམ་ཡོད་དོ།
།དེ་ལ་དང་པོར་རྒྱས་པ་ནི། སྔར་བཞིན་སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་རྣམས་སྔོན་དུ་བཏང་། རང་ལྷར་གསལ་བ་དང་ལུས་ནང་སྟོང་ར་བཅའ་བ་ཡང་སྔར་བཞིན་བྱས་ཏེ། དེ་རྗེས་ལུས་གནད་རྐང་པ་སེམས་དཔའི་སྐྱིལ་ཀྲུང་ལྷོད་ཀྱིས་བྱས་ཏེ་རྒྱ་ཆེ་བར་བཅས། ལག་མཐིལ་པུས་མོའི་སྟེང་དུ་བཀབ་སྟེ་ལག་ངར་བསྲང་། ལྷག་མ་ལུས་གནད་སྤྱི་དང་འདྲ། ཐུན་གྱི་མགོ་འདིར་རླུང་རོ་དགུ་སྤྲུགས་སུ་འབུད་དེ། དང་པོར་དལ་ལ་རིང་བ་གསུམ། བར་དུ་དྲག་ལ་ཐུང་བ་གསུམ། ཐ་མར་རོ་སྟོད་གཅུད་ཅིང་འབུད་པ་གསུམ། དེ་རྣམས་ལག་ལེན་བལྟས་པས་གསལ། དེ་ནས་རང་གི་ལུས་ལ་རྩ་གསུམ་འཁོར་ལོ་བཞི་ཡི་གེ་གཉིས་དང་བཅས་པ་གསལ་འདེབས། དེ་ཡང་ལུས་ཀྱི་གཡས་གཡོན་གང་ལ་ཡང་མ་ཡོ་བའི་དབུས་དྲང་ཐད། མདུན་རྒྱབ་ཀྱི་དབང་དུ་བྱས་ན་རྒྱབ་ཕྱོགས་ལ་ཅུང་ཟད་ཉེ་བར། རྩ་དབུ་མ་ཨ་ཝ་དྷཱུ་ཏི་ཆོས་བཞི་ལྡན་དུ་གསལ་འདེབས། དེ་ཡང་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ་སྟེ། ཡ་ཡོ་ཁྱར་ཁྱོར་ཁྱག་ཁྱོག་མེད་པ། ཏིལ་གྱི་མར་མེ་ལྟར་གསལ་བ་སྟེ་རང་འོད་འཕྲོ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ་སྟེ་རྒྱ་ཚོས་ཀྱིས་བཙོས་པའི་མདོག་ལྟ་བུ། པདྨའི་སྣལ་མ་ལྟར་ཕྲ་བ་སྟེ་ཤིན་ཏུ་སྲབ་པའོ།
།ཡོངས་ཀྱི་ཕྱི་དབྱིབས་སྦོམ་ཕྲ་ནི། མདའ་སྨྱུག་འབྲིང་པོ་ཙམ་སྟེ། དབུ་མ་དེའི་ཡས་སྣ་སྤྱི་བོ་ཚངས་བུག་ལ་ཟུག་ཅེས་གསུངས་ཏེ། དེ་ཡང་དངོས་སུ་རུས་པའི་ཚངས་བུག་གི་ཐད་མི་སྒོམ་སྟེ། འོན་ཀྱང་ཚངས་བུག་གི་ཐད་སྤྱི་གཙུག་གི་ཡས་མཐའ་ནས་མར་སོར་གཉིས་ཙམ་གཞལ་བའི་སར་སླེབ་པ་ཡིན། མས་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཟུག་པར་བསྒོམ། དབུ་མ་དེ་ཁོང་སྟོང་ཡས་སྣ་མས་སྣ་གཉིས་ཀ་བཅད་ཁར་ཡོད་ཅིང་། དེའི་གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་རྐྱང་མ་དཀར་པོ་སྟེ། གཉིས་པོ་དབུ་མ་བཞི་གཤགས་སུ་བཏང་བ་ཙམ་གྱི་ཚད་དམ། ཡང་ན་གྲོ་སོག་ཙམ་ཡན་ཡང་གསུངས་ཏེ་གང་ལྟར་བསྒོམས་ཀྱང་འདྲ། དེ་གཉིས་སྤྱི་བོ་ནས་ལྟེ་འོག་སོར་བཞིའི་བར་དབུ་མ་དང་ལྷན་ཅིག་ཏུ་གསུམ་གཤིབས་ལྟར་ཡོད་པ། ཡས་མས་ཀྱི་སྣེ་ནི་རོ་རྐྱང་གཉིས་རིང་བ་ལས། འོག་ཏུ་རོ་རྐྱང་གཉིས་དབུ་མ་ལས་སོར་བཞི་ཙམ་གྱི་རིང་བའི་རོ་རྐྱང་གི་སྣེ་དེ་གཉིས་ཡར་ལོག་སྟེ། དབུ་མའི་མས་སྣའི་ནང་དུ་ཆུག་ཙམ་བྱས་པ། ཡས་སྣ་གཉིས་པོ་དབུ་མའི་ཡས་སྣེའི་རྒྱབ་ཕྱོགས་མཐེབ་སོར་གཅིག་ཙམ་གྱི་ཐད་དུ་སོང་། དེ་མཚམས་ནས་གཉིས་གཤིབས་སུ་བྱས་པ་དབུ་མའི་ཡས་སྣའི་སྟེང་ནས་བཀབ་ཅིང་། དེ་ནས་མདུན་དུ་འཁྱོགས་ཏེ། རོ་མའི་སྣེ་སྣ་བུག་གཡས་དང་། རྐྱང་མའི་སྣེ་སྣ་བུག་གཡོན་དུ་ཟུག་པའོ། །དེ་ལྟར་རོ་རྐྱང་དབུ་མ་གསུམ་པོ་གསུམ་གཤིབས་སུ་ཡོད་པ་ལས། ལྟེ་བའི་ཐད་དང་། སྙིང་གའི་ཐད་དང་། མགྲིན་པའི་སྦོམ་སའི་ཐད་དང་། སྤྱི་བོའི་དབུ་མའི་ཡས་སྣ་ནས་མར་རྩེ་སོར་གཉིས་ཙམ་གཞལ་བའི་ཐད་དེ་བཞི་པོ་དེ་རྣམས་སུ་རྩ་འཁོར་གྱི་ལྟེ་བ་ཟླུམ་པོ་ཨ་ལོང་ཁོང་སེང་ཅན་ལྟ་བུ། རོ་རྐྱང་དབུ་མ་གསུམ་དབུས་ཀྱི་སྲོག་ཤིང་འདྲ་བ་ལ། དེས་སྐེད་དཀྲིས་བྱས་པ་ལྟ་བུ་སྟེ། དེ་ལྟ་བུའི་ལྟེ་བ་ལས་རྩ་འདབ་རྣམས་རྩ་སྦུབས་ཅན་གྱི་རྣམ་པ་གདུགས་ཀྱི་རྩིབས་མ་བཞིན་དུ་སྐྱེས་པར་གྱུར་བ་ལས།
ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རེ་བཞི་གདུགས་རྩིབས་མ་ཅན་གན་རྐྱལ་དུ་བཞག་པ་ལྟ་བུ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་གདུགས་རྩིབས་མ་ཅན་ཉིད་ལྟ་བུ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གདུགས་འདེགས་ལྟ་བུ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་གདུགས་ཀྱི་རྩིབས་མ་ལྟ་བུ།
འཁོར་ལོ་བཞི་ཀར་ཕྱི་རིམ་ནང་རིམ་གྱི་དབྱེ་བ་མེད། གྲངས་དེ་རྣམས་མུ་དེད་ཡིན་ཐམས་ཅད་ཀྱང་ཁ་དོག་དམར་པོ། ལྕགས་བསྲེགས་ལྟར་འོད་དམར་ལྷམ་མེ་བ་བསྒོམ།
རྩ་དབུ་མའི་ནང་ཡས་སྣའི་ཕྱོགས་སུ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། ཐིག་ལེའི་རང་བཞིན་ཉམས་བདེ་ཞིང་བསིལ་བ་ཞུ་ལ་ཁད་ཁད་པ་བསྒོམ། དབུ་མའི་མས་སྣེའི་ནང་རྩ་གསུམ་འདུས་མདོར། རཾ་ཡིག་དམར་པོ་མགོ་བོ་གྱེན་དུ་ལྟ་བ། མེའི་རང་བཞིན་ཤིན་ཏུ་ཚ་བ། དབུ་མའི་མས་སྣ་ནས་སོར་བཞི་གཞལ་བ་ཙམ་གྱི་ཐད་བཤང་སྒོའི་ཕྱོགས་སུ་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་གཡོ་བའི་རང་བཞིན་གདན་ཐབས་སུ་ཡོད་པ། བཅད་ཁ་མདུན་ལ་བསྟན་པ་རྣམས་སྒོམ་མོ།
།དམིགས་པའི་གཞི་དེ་ལྟར་གསལ་ཐོབས་ནས། ཡང་རླུང་རོ་ཞིག་དལ་བུས་བསལ། དེ་ནས་སྟེང་རླུང་ཤར་ཏེ་བརྔུབས་པ་ལྟེ་འོག་ཏུ་བསྐྱུར་སྟབས་སུ་མནན། དེ་དང་མཉམ་དུ་འོག་རླུང་བསྐུམ་སྟེ། ལྟེ་བར་ཁ་སྦྱོར་དུ་བཟུང་།
ཅུང་ཟད་མི་བདེ་བ་སྙམ་བྱེད་ན་གཞིལ་བར་བྱ་སྟེ། དེ་ཡང་སྔར་རླུང་བཟུང་བ་དེ་ཉིད་ཅུང་ཟད་ཀྱང་ཕྱིར་མ་བཏང་བར་སླར་ཡང་བརྔུབས་ཆུང་གང་ནུས་བྱ་སྟེ། ལྟེ་བའི་གནས་སུ་གཡས་གཡོན་དབུས་གསུམ་དུ་འཐེན་གནོན་བྱས་ནས་ཀྱང་གང་ཐུབ་བཟུང་།
ཡང་མི་བདེ་བ་སྙམ་བྱེད་ན། དང་པོར་ཤུགས་ཆུང་བ། བར་དུ་ཤུགས་ཆེ་བ། མཐར་སང་གིས་བཏང་བ་རྣམས་ལ་བསླབ། དེ་མ་ཐག་ཏུ་ཡང་བརྔུབས་ཏེ་སྔར་བཞིན་བསྒོམ། མ་གོམས་གོང་དུ་ངལ་ན་རླུང་ཐེངས་བཞིའི་མཚམས་སམ། བརྒྱས་དང་། བཅུ་གཉིས་སམ། བཅུ་དྲུག་གམ། ཉི་ཤུའམ། ཉེར་བཞིའམ། ཉེར་བརྒྱད་དམ། སོ་གཉིས་ཀྱི་མཚམས་སུ་ངལ་གསོ་ཡི། གང་འདོད་འདོད་དུ་བཞག་ཏུ་མི་རུང་ངོ་།
།དམིགས་པ་ནི། རླུང་རྣམས་སྣ་སྒོ་ནས་ཞུགས། རོ་རྐྱང་གི་ལམ་བརྒྱུད་དེ། ལྟེ་འོག་རྩ་གསུམ་འདུས་མདོར་སླེབ། འོག་རླུང་བསྐུམས་པས་བཤང་སྒོའི་རླུང་གི་དཀྱིལ་འཁོར་ལས་རླུང་པོ་ཁ་དོག་སྔོན་པོ་ཤིན་ཏུ་ཕྲ་བ་ཞིག་མདུང་ཚུགས་སུ་ལངས་ཏེ་དབུ་མའི་མས་སྣར་ཚུད། དེ་ལྟར་རོ་རྐྱང་དང་ཐུར་སེལ་གྱི་རླུང་གསུམ་པོ་གཅིག་ཏུ་འདུས་པས་རཾ་ཡིག་ལ་བུས་པས། རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྷག་སྟེ་འབར། མར་མེ་འབར་བ་ལྟ་བུ་དེའི་རྩེ་མོ་ཤིན་ཏུ་ཕྲ་ཞིང་རྣོ་བ་སྤུ་ཤད་དམར་པོ་ལྟ་བུ། ཕྲ་བ། གསལ་བ། འཚེར་བ་ཞིག་ཇེ་རིང་ཇེ་རིང་ལ་འབར། རླུང་ཐེངས་འགའ་རེ་སོང་བ་ན། སྤྱི་བོའི་ཧཾ་ལ་རེག་རེག་འདུག་པར་བསམ། དེ་ནས་རིམ་པས་ཧཾ་ཞུ་བ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དར་དཀར་པོའི་སྣལ་མ་བརྐྱང་བ་ཙམ་བབས། ཇེ་རིང་ཇེ་རིང་ལ་ལྟེ་བའི་རཾ་ལ་ཐིམ་པར་བསམ།
།སྤྱིར་གཏུམ་མོ་ལ། མེ་ཁོ་ན་ལ་དམིགས་པ། ཐིག་ལེ་ལ་དམིགས་པ། འབར་འཛག་ལ་དམིགས་པ་གསུམ་ཡོད་པ་ལས་འདི་ཕྱི་མ་ཡིན། དེ་ལའང་འགྲོས་འདེད་དང་། སྐྲ་ཤད་འཛིངས་པ་ལྟ་བུ་དང་། ཕྱེད་མར་ཁྱབ་པ་ལ་སོགས་པའི་ལུགས་སྣ་ཚོགས་ཡོད་ཀྱང་། འདི་བར་པ་ཡིན། དེ་ཡང་དབུ་མའི་དབུས་སུ་འབར་འཛག་གཉིས་ཀ་རྒྱུན་མི་འཆད་པ་ལ་ཟེར་ཏེ། དེ་ལས་ཀྱང་དབུ་མའི་དབུས་ཀྱི་ནང་གཞིར་བཞགས་པ་ལས། མདུན་གྱི་ཕྱོགས་སུ་མེ་འབར་བ་དང་། རྒྱབ་ཀྱི་ཕྱོགས་སུ་བྱང་ཆུབ་ཀྱི་སེམས་འབབ་པ་བསྒོམ་དགོས་གསུངས། གཏུམ་མོ་འབར་བའི་མེ་འོད་གང་དུ་སླེབས་པ་དེས་ལུས་ནང་དུ་ཚ་འུར་གྱིས་བྱུང་བ་དང་། བྱང་ཆུབ་ཀྱི་སེམས་འབབ་པའི་འོད་སྐྱ་ལམ་བྱུང་བ་ན། ལུས་ཐམས་ཅད་བདེ་ཆམ་གྱིས་བྱུང་བར་མོས་པ་གཉིས་རེ་མོས་སུ་ཡིད་ལ་བྱའོ། །ཐུན་མཚམས་སུ་དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ལྟར་ན་དམིགས་པ་རྒྱས་པ་སྟེ། དམིགས་སྐོར་བདུན་པའོ།
།དབང་རྟུལ་ལ་འདི་སྤོད་སྒོམ་དུ་བྱེད་ན། རྩ་གསུམ་དང་འཁོར་ལོ་བཞི་དང་ཡིག་འབྲུ་དང་རླུང་སྦྱོར་དང་འབར་འཛག་རྣམས་ལ་ཐུན་རེ་རེ་བྱས་ནའང་འོང་བ་ལགས།
གཏུམ་མོ་ཟས་སུ་ཟ་བའི་དམིགས་པ་འབྲིང་པོ་ནི། རྩ་འཁོར་ལོ་བཞི་ལྟེ་བ་སྐེད་དཀྲིས་འདྲ་བ་དང་བཅས་པའི་སྐོར་དེ་རྣམས་བོར་ནས། ལྷག་མ་སྔར་ལྟར་བསྒོམ་པ་ཁོ་ནའོ།
དམིགས་པ་བསྡུས་པ་ནི། དེའི་སྟེང་དུ་རོ་རྐྱང་གཉིས་ཀྱང་སྤངས་པ་སྟེ། འདི་ལ་མི་འདྲ་བའི་ཁྱད་རླུང་སྣ་སྒོ་ནས་བརྔུབས་པ་གཉིས་དབུ་མའི་གཡས་གཡོན་ནས་མར་མདུང་ཚུགས་སུ་སོང་། ལྟེ་འོག་ནས་སོར་དྲུག་གམ་བརྒྱད་ཙམ་དུ་མར་སླེབ་པ་དེ། འོག་རླུང་ཡར་བསྐུམ་པའི་རླུང་དང་ཕྲད་པ་ན། དེ་ལ་བརྡབས་པ་ལྟར་ཡར་ཐབས་སུ་ཡར་ལོག་སྟེ་ཐམས་ཅད་དབུ་མའི་མས་སྣར་ཞུགས། རཾ་ལ་བསྐུལ་བར་བསམ་དགོས། གཞན་འདྲ།
།དེ་ལྟར་ན་དམིགས་པ་འབྲིང་བསྡུས་གཉིས་པོ་དམིགས་པ་རྒྱས་པའི་ནང་དུ་ཚུད་པ་ཡིན་པས་ལོགས་སུ་མི་འདྲེན། དམིགས་སྐོར་བདུན་པ་ཉིད་དུ་འདུས། དེའི་རྒྱུ་མཚན་རྒྱས་འབྲིང་བསྡུས་གསུམ་ཀར་བླ་མ་ལས་ཐོབ་པར་བྱས་ནས། རང་གི་མོས་པ་དང་མཐུན་པར་གང་རུང་གཅིག་ཁོ་ན་བསྒོམ་རྒྱུ་ཡིན་པའི་ཕྱིར་རོ། །དམིགས་སྐོར་གཅིག་ཡིན་ཀྱང་འཆད་པའི་ཚེ་ཆོས་ཐུན་སོ་སོར་བྱེད་པ་ནི་མི་འགལ་ལོ།
།འདིར་མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ་སོགས་ཁྲིད་ཡིག་རྙིང་པ་རྣམས་ན། སྔོན་འགྲོ་མེའི་སྟོང་ར་ལ་རྐང་པ་སྐྱིལ་ཀྲུང་དང་། དངོས་གཞི་གཏུམ་མོ་ཟས་ཟ་ལ་མེ་ཐབ་དྲུག་ཆིངས་བྱེད་པར་བཤད་ནའང་། བླ་མའི་ཞལ་ལ་ལྟོས་པའི་ཕྱིར་མན་ངག་དཀྲུགས་ཏེ་བཤད་པ་ཡིན། ལག་ལེན་གོང་དུ་བཤད་པ་ཁ་ོན་བྱེད་དགོས་སོ།
།གཏུམ་མོ་ཟས་སུ་ཟ་བ་འདི་གཏུམ་མོའི་དངོས་གཞི་ཡིན། གཞུང་ལས། རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། ཅེས་གསུངས་པའི་བསྟན་དོན་དངོས་ཡིན་ནོ།
།རཾ་ཡིག་བསྒོམས་པ་ལ་ལྟེ་བའི་ཨ་ཐུང་སྒོམ་པའི་དོན་ཚང་བ་དང་། དམིགས་པ་འབྲིང་བསྡུས་གཉིས་ལ་འཁོར་ལོ་བཞི་དངོས་སུ་མ་བསྒོམས་ཀྱང་། རྩ་དབུ་མ་ཡོངས་རྫོགས་བསྒོམས་པའི་ཕྱིར། དབུ་མ་ཉིད་འཁོར་ལོ་བཞི་ཀར་གྱི་ལྟེ་བ་ཡིན་པས། དོན་འཁོར་ལོ་བཞི་ཅར་ཚང་བ་ཡིན་ནོ།
།གཉིས་པ་གཏུམ་མོ་གོས་སུ་གོན་པ་ནི། དམིགས་པའི་རྩ་བ་གཏུམ་མོ་ཟས་སུ་ཟ་བ་ཅུང་ཟད་གོམས་པ་ཞིག་གིས་བྱ་སྟེ།
འདི་ལ་ཕྱིའི་དམིགས་པ་གྲང་བ་ཡིད་ལ་མི་བྱེད། གནས་ཁང་རྡོ་རྗེའི་རང་བཞིན་ནམ་ལྕགས་བསྲེགས་ཀྱི་ས་གཞི་དང་། རྭ་གུར་ལ་མེ་འུར་འུར་འབར་བར་བསྒོམ། རང་ལྷ་སྐུ་དང་། རྒྱན་ཕྱག་རྒྱ་ལྔ། ན་བཟའ་སྟག་ལྤགས་མི་ལྤགས། ཐམས་ཅད་ཀྱང་མེ་ལྕེ་ཡལ་ལ་ལ་འབར་བར་བསམ།
ནང་གི་དམིགས་པ་ལྟེ་འོག་སོར་བཞིར་རཾ་ལས་འབར་བའི་མེས་ལུས་ནང་ཐམས་ཅད་གང་བར་བསམ། ལུས་གནད་ཙོག་པུ། ལག་གཉིས་པུས་མོའི་ཕྱི་ནས་འཁྱུད་དབུགས་ཤད་དབྲག་ལ་འགྲོ་བར་བྱེད་ཅེས་བཤད་ནའང་། མན་ངག་གབ་པ་ཡིན་པས། ལག་པ་གཉིས་ནང་དུ་བསྣོལ་ཏེ། གཡས་ཀྱི་ལག་མཐིལ་གཡོན་གྱི་མཁལ་ཁུང་དང་། གཡོན་གྱི་ལག་མཐིལ་གཡས་ཀྱི་མཁལ་ཁུང་ལ་བཀབ། ཕྱི་ནས་པུས་འཁྱུད་ཀྱིས་བསྡོམས་པ་ཡིན། རླུང་གི་གནད་གཞིལ་བ་ལན་གཉིས་རེའམ་གསུམ་རེ་ལུས་སྟོབས་དང་བསྟུན་ནས་བྱ། ཐུན་མཚམས་སུ་གཙུབ་ཤིང་གཙུབ་སྟན་གྱི་འཁྲུལ་འཁོར་ལ་འབད། འདིས་དྲོད་འཕྲལ་དུ་སྐྱེད། ལུས་རྔུལ་ན་གོས་སྲབ་ཏུ་བཏང་ཞིང་། ལུས་ལ་དྲིལ་ཕྱིས་བྱའོ། །ཡང་དངོས་གཞི་ཟས་སུ་ཟ་བ་མ་བསྒོམས་པར་མེའི་སྟོང་ར་ཡུན་རིང་དུ་བསྒོམས་པས་ཀྱང་འདི་བསྒོམ་དུ་རུང་ངོ་། །དམིགས་སྐོར་བརྒྱད་པའོ།
།གསུམ་པ་སྟན་དུ་འདིང་བ་ནི།
ཕྱིའི་དམིགས་པ་གོས་སུ་གྱོན་པ་དང་འདྲ་བ་ལས། ལྷག་པར་གདན་ལྕགས་བསྲེགས་ཀྱི་པདྨ་དང་ཉི་མའི་དཀྱིལ་འཁོར་མེ་ལྕེ་འུ་རུ་རུ་འབར་བ་ལ་རང་ཉིད་གནས་པ་ལྷག་པོར་བསྒོམ།
ནང་གི་དམིགས་པ་ལྟེ་བའི་ཐད་དུ་རཾ་དམར་པོ་འོད་ལྷག་གེ་བ་ལ་སེམས་གཏད། རླུང་གནད་འཇམ་རླུང་རྒྱུན་ཆགས་སུ་བཟུང་།
ཉིན་པར་དང་ནམ་སྟོད་དེ་ལྟར་བྱས་ནས་གཉིས་ལོག་ཁར། རབ་སྐྱིལ་ཀྲུང་། འབྲིང་ཙོག་པུ། ཐ་མ་སྔས་མཐོ་རུ་བཅུག །གློ་གཡས་པ་འོག་ཏུ་བཅུག །པུས་བྲང་སྦྱར། ལུས་སུམ་ལྟབ་ཏུ་ཉལ། སེམས་ལྟེ་བའི་རཾ་ལ་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། འདིའི་དགོས་པ་ནི། གཏུམ་མོ་བསྒོམས་པས་གཉིད་ཀྱི་འོད་གསལ་ཟིན་པ་དང་། ཉིན་པར་བསྒོམས་པའི་དྲོད་ཀྱི་རྒྱུན་དེ་མཚན་མོ་མི་ཡལ་བའི་ཕྱིར་ཡིན། འདི་ཡང་མེའི་སྟོང་རའམ། ཟས་སུ་ཟ་བ་གང་རུང་གཅིག་ཅུང་ཟད་འབྱོངས་པས་བསྒོམས་ན་དོན་སྟོན་པར་ཐེ་ཚོམ་མེད་པ་ཡིན་ནོ། །དམིགས་སྐོར་དགུ་པའོ།
།བཞི་པ་རླུང་རྟར་ཞོན་པ་ནི། རྩ་བའི་དམིགས་པ་དང་རླུང་འབྱོངས་པ་ཞིག་གིས་ཡུན་རིང་དུ་སྒོམ་ན། རྟ་མཆོག་དང་མཉམ་པའི་འགྲོས་འབྱུང་ངོ་ཞེས་པ་ལྟ་བུ་རྟགས་དང་ཡོན་ཏན་གྱི་ཚུལ་དུ་འབྱུང་བ་ཡིན། ད་ལྟ་ལག་ཏུ་ལོངས་ངེས་ལ་ཟླ་བ་གཅིག་གཉིས་ཙམ་རླུང་སྦྱངས་པའི་ལས་དང་པོ་བས་སྒོམ་ན། ལམ་གྱི་འགྲོ་འདུག་གིས་རྩ་རླུང་འཁྲུགས་པ་དང་། ཁམས་རྙོགས་པར་མི་འགྱུར་ཞིང་། འགྲོ་འདུག་ཉིད་ལུས་སྦྱོངས་སུ་འགྲོ་བའི་ཕན་ཡོན་ཡོད་དོ།
།དེ་ཡང་ལམ་དུ་འཇུག་པའི་སྔོན་དུ་རླུང་ཁུག་པ་ཉེར་གཅིག་ཙམ་བཟུང་། དེ་སྐབས་དངོས་གཞིའི་དམིགས་པའམ། ཡང་ན་མི་རྟོག་པ་རྐྱག་པ་བསྒོམས་ཀྱང་བཏུབ། དངོས་ནི་ལམ་དུ་འགྲོ་བའི་ཚེ། ལག་པ་སྟོད་སྐྱིལ་བཅས། རླུང་འཇམ་རླུང་བཟུང་། དམིགས་པ་ནི་རླུང་གི་ལྷ་མོ་དཀར་ལྗང་གཤོག་པ་ཅན་གཉིས་ཀྱིས་མཆན་ཁུང་ནས་བཏེགས་ཏེ། གང་འདོད་པའི་གནས་སུ་ཕྱིན་པར་བསམ་གསུངས། འདིར་རླུང་ཁུག་པ་ཞེས་པ་ནི། གོང་དུ་བཤད་པའི་རླུང་ཐེངས་བཞི་བཞི་པ་དེ་ལ་ཟེར་བ་ཡིན། དེ་ཉེར་གཅིག་ལ་རླུང་ཐེངས་བརྒྱད་ཅུ་གྱ་བཞི་ཡོད། དེ་ཡང་ལས་དང་པོ་བུམ་ཅན་མ་འགྲུབ་པ་རྣམས་ཀྱི་དབང་དུ་བྱས་པར་འདུག །ཡུན་རིང་བཟུང་ནུས་པ་རྣམས་ལ་གྲངས་དེ་ཙམ་མི་དགོས། ཁྲིད་ཡིག་རྣམས་ན་མི་གསལ་ཡང་སྐབས་དེར་བར་ལྷུ་འཇུས་པའི་སྟོད་སྐྱིལ་ཙམ་པོས་མི་ཆོག །ཁུ་ཚུར་མཆན་ཁུང་དུ་བཅུག་པའི་སྟོད་སྐྱིལ་བཅས་ནས། རླུང་གི་ལྷ་མོས་བཏེག་པ་སྒོམ་དགོས་ཞེས། སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་གསུང་ངོ་། །དམིགས་སྐོར་བཅུ་པའོ།
།གསུམ་པ་རྗེས་ཀྱི་ཁྲིད་ལ།
སྲིད་པའི་དབང་ཞུ་བ་དང་། བགེགས་རང་གྲོལ་གཉིས་སོ།
།དང་པོ་ནི། མན་ངག་འདི་ཐོབ་ཕྱིན་ཆད་ནས། གཏུམ་མོ་བསྒོམས་པའི་མཇུག་ཐུན་མཚམས་ལ་འཇུག་ཁར་འདི་ཚར་གཅིག་ངེས་པར་བསྒོམ་དགོས་ཏེ། དེ་ཡང་རང་གི་སྤྱི་བོར་སེང་ཁྲི་པད་དཀར་ཉི་ཟླའི་གདན་ལ། རྩ་བའི་བླ་མ་སྐུ་དངོས་སམ། རྡོ་རྗེ་འཆང་གང་དུ་བསྒོམས་ཀྱང་རུང་མོད་ཀྱི། རྩ་བའི་བླ་མ་ཉིད་བསྒོམ་པ་ཟབ་པར་བཞེད། གང་ལྟར་ཡང་སྐུ་མདོག་དཀར་ལ་འོད་ཟེར་འཕྲོ་བ། དེ་ཉིད་སྐྱབས་གནས་ཀུན་འདུས་སུ་ཤེས།
མཆོད་ཡོན་དང་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་དང་། ཁང་བཟང་། བཞུགས་ཁྲི། ན་བཟའ། རིན་པོ་ཆེའི་གཏེར་དང་། དཔག་བསམ་གྱི་ཤིང་དང་། འདོད་འཇོའི་བ་དང་། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ། མདོར་ན་ཕྱོགས་དུས་ཀུན་གྱི་མཆོད་པ་བཟང་དགུ་ཐམས་ཅད་འབུལ་བ་ནི། ཕྱིའི་མཆོད་པའོ།
།དེ་ནས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་དམ་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ་བ་ནི་ནང་གི་མཆོད་པའོ།
།བདེ་བ་སྐྱེད་བྱེད་རིགས་ཀྱི་ཡུམ་འབུལ་བ་ནི་གསང་བའི་མཆོད་པའོ།
།དེ་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་ཤེས་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ།
།དེ་ལྟར་མཆོད་པ་བཞི་རྫོགས་སུ་ཕུལ་ནས། འདི་སྐད་ཅེས།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། ཕྱི་མེ་ཏོག་འདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནེས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཅེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཀར་ལ་དྭངས་པ་ཉམས་བདེ་བ་དང་ལྡན་པ་དྲག་ཏུ་བབས། སྤྱི་བོ་ནས་ཞུགས། སྨིན་མཚམས་ཡན་ཆད་གང་། བུམ་དབང་ཐོབ། སྐུའི་དངོས་གྲུབ་སྩལ། ཡང་བདུད་རྩིའི་ཆུ་རྒྱུན་གྱིས་མགྲིན་པ་ཡན་ཆད་གང་། གསང་དབང་ཐོབ། གསུང་གི་དངོས་གྲུབ་སྩལ། ཡང་སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དངོས་གྲུབ་སྩལ། ཡང་བདུད་རྩིའི་ཆུ་རྒྱུན་ལྟེ་བ་སོགས་ནས་བརྒྱུད་རྐང་མཐིལ་ཡན་ཆད་ལུས་ཀྱི་ནང་ཐམས་ཅད་གང་། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྩལ། བླ་མ་ཉིད་ཀྱང་འོད་དུ་ལྟེམ་སྟེ་ཞུ་ནས་རང་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཏུ་གྱུར་པ་ལ་མཉམ་པར་བཞག
།དེ་རྗེས་དགེ་བ་བསྔོས་ནས་ཐུན་མཚམས་ལ་འཇུག་པ་ཡིན།
དམིགས་པ་འདི་བླ་མ་ལས་མ་ཐོབ་གོང་དུ་དེར་ཟད། ཐོབ་ཕྱིན་ཆད་གདམས་ངག་འདིའི་ལུགས་ཀྱི་གཏུམ་མོའི་དམིགས་པའི་རིགས་བསྒོམ་པ་ཐམས་ཅད་ལ། ཐུན་གྱི་མཇུག་ཏུ་འདི་ཚར་རེ་ངེས་པར་བསྒོམ་དགོས་པས། གཏུམ་མོའི་དམིགས་པའི་རྗེས་ཆོག་ལྟ་བུར་འགྱུར་བའི་ཕྱིར། རྗེས་ཀྱི་ཁྲིད་དུ་བསྡུས་པ་ཡིན་ལ། སྤྱིར་འདི་ཉིད་དམིགས་པ་གཞན་དང་མ་སྦྲེལ་བར་ལོགས་སུ་བསྒོམ་པའི་སྲོལ་ཡང་ཡོད་ཅིང་།
བླ་མའི་སྐུ་ལས་དབང་བཞི་ལེན་པའི་གནད་དོན་ཐམས་ཅད་ཚང་ཞིང་། སྤྲོས་པའི་བསྲེ་བསླད་མེད་པས། བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེའོ། །སྐབས་འགར་ཞག་གསུམ་མམ། ལྔའམ། བདུན་སོགས་འདི་ཁོ་ན་ལ་དྲིལ་ཏེ་བསྒོམས་ན། སྒོམ་གང་ལ་ཡང་བོགས་བླ་ན་མེད་པར་ཕྱིན་པར་འགྱུར་རོ།
།གཏུམ་མོའི་མཇུག་ཏུ་ངེས་པར་བསྒོམ་དགོས་པའི་རྒྱུ་མཚན་ནི། གཏུམ་མོ་དངོས་གཞི་བསྒོམས་པའི་བདེ་དྲོད་ཀྱི་ཉམས་མྱོང་བརྟན་པར་བྱེད་པ་དང་། རླུང་སྟོད་དུ་འཚངས་པ་ཐུར་དུ་འབེབས་པ་དང་། རྩོལ་བ་དྲག་པོས་ལུས་ཟུངས་ལ། གནོད་པའི་རིགས་ལ། འདིས་ལུས་ཟུངས་གསོ་བ་ཏིང་ངེ་འཛིན་གྱི་བཅུད་ལེན་དུ་འགྱུར་བ་དང་། ཐུན་མཚམས་སུ་གྲིབ་སོགས་བར་ཆད་སྲུང་བ་དང་། གཙོ་བོར་བྱིན་རླབས་བརྟན་པའི་སྒོ་ནས་ཡེ་ཤེས་སྐྱེད་པའོ། །དམིགས་སྐོར་བཅུ་གཅིག་པའོ།
།གཉིས་པ་གེགས་རང་གྲོལ་ནི། སྤྱིར་གེགས་སེལ་རྒྱས་པ་གཞན་དུ་ཤེས་དགོས་ཀྱང་། ཁྲིད་ཀྱི་དཀྱུས་ལ་འདི་ཙམ་འབྱུང་སྟེ། གཏུམ་མོ་བསྒོམ་པ་ཕལ་ཆེར་ལ་རླུང་སྟོད་དུ་འཚངས་བ་དང་། འོག་ཏུ་ཀུནྡའི་གེགས་འབྱུང་བ་ཡིན། དེ་ཡང་འགའ་ཞིག་ལ་གཉིས་ཀར་འབྱུང་བའང་ཡོད། ཕལ་ཆེར་ལ་གང་རུང་རེ་འབྱུང་བ་ཤས་ཆེ། གེགས་ཀྱི་རྣམ་པ་གཞན་རྣམས་ནི་རེ་རེ་ཙམ་མ་གཏོགས་འབྱུང་བ་དཀོན་ནོ།
།དེ་ལ་སྟོད་གེགས་བསལ་བ་ནི། ཐབས་ལམ་གཏུམ་མོ་བསྒོམ་པའི་སྐབས་སུ་རོ་སྟོད་ན་བ་དང་། མགོ་ལ་ཟུག་གཟེར་སྐྱེ་བ་དང་། ཤེས་པ་འཕྱོ་བ་སོགས་བྱུང་ན། སྔོན་འགྲོ་ཉམས་སུ་བླངས་པའི་རྗེས་སུ། རང་ལུས་སྟོང་སང་ངེ་བ་གསལ་བཏབ་སྟེ། རླུང་ཐེངས་གཅིག་གཉིས་ཤིག་སྔོན་དུ་བཏང་། གང་ན་སར་བུ་ག་ཟླུམ་པོ་གསུམ་ཚོམས་ནོར་བུ་མིག་གསུམ་འདྲ་བ་གསལ་བཏབ། ལག་གཉིས་ཁུ་ཚུར་མདུན་དུ་བརྐྱངས་ཏེ། སླར་ཁུ་ཚུར་གྱི་རྒྱབ་ནུ་སྟེང་དང་། ལག་ངར་རྩིབ་ལོགས་ལ་ཐེབ་པར་བྱེད་པ་དང་མཉམ་པོར་ཁ་ནས་ཧ་ཐུང་དྲག་ཏུ་འདོན། ནད་རྣམས་བུ་ག་ནས་དུད་པའམ་རླུང་ཚུབ་ཀྱི་རྣམ་པས་ཕྱུར་ཕྱུར་ཕྱིར་རྒྱང་རིང་དུ་འགྲོ་བ་དང་། ལུས་ཀྱི་ནང་སྟོང་སང་སང་སོང་བར་མོས། ལུས་ཐམས་ཅད་ན་ན་ལུས་ཁྲོལ་ཚགས་ལྟ་བུར་སྒོམ་པ་ཁྱད་པར་ཡིན། ལུས་ཀྱི་ཆ་ཤས་འདི་རང་ན་བའི་ངོས་གཟུང་མེད་པར་ཤེས་པ་འཕྱོ་བ་སོགས་བྱུང་ན་སྙིང་རླུང་གི་བྱེད་ལས་ཡིན་པས། སྙིང་དཀར་ནག་གི་མཚམས་སུ་བུ་ག་སྒོམ་ན་ལེགས་གསུང་ངོ་། །དམིགས་སྐོར་བཅུ་གཉིས་པའོ།
།སྨད་ཀུནྡའི་གེགས་བསལ་བ་ནི། རབ་དགག་སྒྲུབ་དང་བྲལ་བའི་བློས་སེལ། འབྲིང་དབང་བསྐུར་དང་ཚོགས་འཁོར་གྱིས་སེལ། ཐ་མ་དམིགས་པ་དང་འཁྲུལ་འཁོར་གྱིས་སེལ་གསུང་།
ཡང་ཆགས་སྲིད་དང་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་དགག་སྒྲུབ་དང་བྲལ་བས་སེལ། གྲིབ་དང་དམ་སེལ་ཡིན་ན་དབང་བསྐུར་དང་ཚོགས་འཁོར་གྱིས་སེལ། གང་འཛག་དང་ནད་གཞི་ཡིན་ན་དམིགས་པ་དང་འཁྲུལ་འཁོར་གྱིས་སེལ་ཡང་གསུང་ངོ་།
།འདིར་འཛག་སྲུང་བཀའ་རྒྱ་མའི་དམིགས་པ་སྦྱོར་རྒྱུ་ཡིན་ནའང་། བཀའ་རྒྱ་མ་ཡིན་པའི་ཕྱིར་མང་པོ་འཚོགས་པའི་ནང་དུ་མི་འཆད་པས་ཟུར་ཙམ་སྨོས་པ་དེ་ཀས་ཆོག
།དེ་ལ་ཐུན་གཅིག་བྱེད་དམ་མི་བྱེད་བློ་དང་སྦྱར་རོ། །ཡང་སློབ་མ་གལ་ཆེ་ཉུང་ངུ་ལ་དམིགས་པ་དེ་འབོགས་ནས། དེ་ཉིད་དམིགས་སྐོར་བཅུ་གསུམ་པར་འགྱུར་བ་ཡང་ཤེས་པར་བྱའོ།
།ཡང་དཀྱུས་ལྟར་ན། གཏུམ་མོ་ལ་གཞུང་ཚིག་གིས་ཟིན་པ་དམིགས་པ་བདུན་ཡོད།
རྩ་ཚིག་གིས་དངོས་སུ་མ་ཟིན་ཀྱང་གཏུམ་མོའི་ཐོན་ཆོས་སམ། བདེ་དྲོད་ཀྱི་བོགས་འདོན་ཁྱད་པར་ཅན་བྱིན་རླབས་བླ་མའི་གཏུམ་མོ་འདི་ཡིན། ཅེས་མཚམས་སྦྱར་ནས། བྱིན་རླབས་བླ་མའི་གཏུམ་མོ་སྐབས་འདིར་སྟོན་ཏེ། དེའི་དམིགས་པ་ཡང་ལོགས་སུ་ཤེས་པར་བྱའོ།
།དེ་ལྟར་ན་དེ་རྣམས་ཀྱིས་ནི་རང་ལུས་ཐབས་ལྡན་གྱི་གཏུམ་མོ་རྒྱས་པར་བསྟན་པ་ཡིན་ལ། འདིའི་ཡན་ལག་ཏུ་གཏུམ་མོའི་གཞུང་ཁྲིད་ཀྱི་མན་ངག་འཁྲུལ་འཁོར་རྣམས་ཀྱང་ལག་ལེན་དུ་འདེབས་པ་ཤིན་ཏུ་གལ་ཆེའོ།
།གཞན་ལུས་ཤེས་རབ་ཀྱི་གཏུམ་མོའི་སྐོར་ནི་མན་ངག་རྣོ་ལ་ཟབ་པ་ཡོད་ཀྱང་རེ་ཞིག་གླེང་བརྗོད་མེད་པར་འཇོག །མཁས་གྲུབ་གཞོན་ནུ་གྲུབ་ཀྱི་ཞལ་ན་རེ།
དཔལ་ལྡན་ཤངས་པའི་བཀའ་བརྒྱུད་འདི་རྒྱ་གར་གྱི་རྡོ་རྗེ་གདན་པ་དང་། བོད་ཡུལ་གྱི་སངས་རྒྱས་གླང་རི་པའི་རྣམ་ཐར་སྐྱོང་དགོས། གཙང་སྒོམ་གྱི་བརྒྱུད་འཛིན་ཡིན། འཇོལ་ཉོག་གི་བརྒྱུད་འཛིན་མིན་གསུང་ངོ་།

གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་གྱི་གདམས་ངག་ལ།
དབག་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ། དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ།
།དང་པོ་ལ། མོས་གུས་བླ་མའི་ལམ་ཁྱེར་དང་། ཅིར་སྣང་བདེན་མེད་ལམ་ཁྱེར་གཉིས་སོ།
།དང་པོ་མོས་གུས་བླ་མའི་ལམ་ཁྱེར་ནི། དབང་པོ་རབ་ཀྱི་སྐབས་འདིར་སྒྱུ་ལུས་ཀྱི་དམིགས་པའི་རྐང་ཆེན་གཅིག་ཏུ་ཡང་བྱེད་ལ། སྤྱིར་སྒྱུ་ལུས་ལ་སོགས་པ་ཆོས་ལྔ་པོ་ཐམས་ཅད་ཀྱི་དམིགས་པའི་གཞི་མ་ཡང་འདི་ཡིན་ནོ།
།དེ་ཡང་འདི་ལྟར་སྐྱབས་འགྲོ་སེམས་བསྐྱེད་ངེས་པར་སྔོན་དུ་བཏང་། དག་བྱེད་སྟོང་ར་སྒོམ་མི་སྒོམ་ཉམས་དང་སྦྱར། དེ་ནས་རང་གཞན་ཐམས་ཅད་ལ་གཞིག་འགྲེལ་ཞིག་བཅུག་སྟེ། ག་རེ་ལར་འདུས་བྱས་ཐམས་ཅད་ལ་རྟག་པའི་གོ་སྐབས་མེད། སྒོས་སུ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཆི་བ་ལས་མ་འདས། དེ་ཡང་མྱུར་དུ་འཆི། ནམ་འཆི་ཆ་མེད། འཆི་བ་ལ་དམ་པའི་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན། དེ་ཕྱིན་ཆད་ད་ནི་ཟས་གོས་ལོངས་སྤྱོད་ཁ་དྲག་དབང་ཐང་གཏམ་སྙན་མི་སྙན་དགྲ་འདུལ་གཉེན་སྐྱོང་སོགས་གང་གིས་ཀྱང་དགོས་པ་མི་འདུག །ཅིས་ཀྱང་ཕན་པ་མི་འདུག །ད་ཕྱིན་ཆད་གང་དགའ་ཅི་དགར་ཐོང་སྙམ་པ།
ནམ་འཆི་ཆ་མེད་དང་། ཅིས་ཀྱང་དགོས་མེད་ཀྱི་འདུན་པ་དུང་དུང་བ་སྦྱངས། དེ་ཀ་ལ་ཅུང་ཟད་ངལ་གསོ། དེ་ནས་རང་སྐད་ཅིག་གིས་ཡི་དམ་ལྷར་གསལ་འདེབས་ཏེ། དེ་ཡང་ནི་གུའི་ཆོས་དྲུག་འདི་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་པ་ཡིན་པས་ལྷག་པའི་ལྷ་གང་དུ་བསྒོམས་ཀྱང་རུང་བ་ཡིན། དེའི་ནང་ནས་ཀྱང་རྒྱུད་སྡེ་ལྔའི་དོན་གྱི་བཅུད་བསྡུས་པ་ཡིན་པས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་གཙོ་བོ་གང་བློ་ལ་འཐད་པ་ཞིག་ཏུ་བསྒོམས་ཀྱང་ལེགས་མོད། མཉམ་མེད་རིན་ཆེན་བརྩོན་འགྲུས་མན་ཆད་བརྒྱུད་པ་ནས་བརྒྱུད་པའི་ཕྱག་ལེན་དུ། བདེ་མཆོག་ལྷན་སྐྱེས་ཉིད་དུ་བསྒོམ་པར་མཛད་པ་ཉིད་བྱིན་རླབས་ཀྱི་རྒྱུན་དང་ལྡན་པའི་རིམ་པ་ཡིན་པས། རང་ཉིད་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ལྷན་སྐྱེས་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་དང་། གཡས་བརྐྱངས་པས་དུས་མཚན་དམར་མོ་མནན་པ། སྟག་ལྤགས་ཀྱི་སྨད་དཀྲིས། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རུས་པའི་རྒྱན་དྲུག །ཐོར་ཚུགས་ལ་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེ་ལ་སོགས་པས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པ་སྦྱོར་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསྒོམ། དེ་ཡང་དང་པོར་བསྒྲིམས་ཏེ་གསལ་བཏབ། དེ་ནས་ལྷ་སྐུ་སྣང་སྟོང་ཙམ་སྒྱུ་མ་ལྟ་བུ་དེ་ལ་ཅུང་ཟད་སེམས་བཏད་དེ་རིག་པ་ཁོང་ལྷོད་ཀྱིས་བཞག །དེ་མ་ཐག་ཏུ་བླ་མ་བསྒོམ་སྟེ། དེ་ཡང་རང་གི་རིགས་བདག་གི་ཚུལ་དུ་སྤྱི་བོ་ཉིད་དུ་བསྒོམ་པ་ཐོད་ཐང་ཡིན། འོན་ཀྱང་རྣམ་པ་མི་བདེ་ན་རང་གི་སྤྱི་བོའི་སྟེང་གི་ནམ་མཁའ་དྲང་ཐད་ལ་བསྒོམ། དེ་ཡང་རྣམ་པ་མི་བདེ་ན། མདུན་གྱི་ཕྱོགས་སྟེང་གི་ནམ་མཁའ་ལ་ཞལ་ཚུར་བསྟན་པ་བསྒོམས་ཀྱང་རུང་སྟེ། གང་ལྟར་ནའང་སེང་ཁྲི་སྣ་ཚོགས་པདྨ་ཉི་ཟླ་རྣམས་བརྩེགས་པའི་གདན་ལ། རང་གི་རྩ་བའི་བླ་མ་སྐུ་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པར་བསྒོམས་ཏེ།
སྒྱུ་ལུས་ལ་སོགས་པ་ཆོས་ཕྱི་མ་ལྔ་པོ་འདི་རྣམས་ཀྱི་སྐབས། རྡོ་རྗེ་འཆང་དུ་སྒོམ་ན། སྐུ་མདོག་སྔོན་པོར་བྱེད། འོན་ཀྱང་ལག་ལེན་བླ་མ་སྐུ་དངོས་ཉིད་སྒོམ་པར་མཛད་པ་དེ་ཀ་གཙོ་ཆེའོ།
།དེ་ནས་དམིགས་པ་སྤྲོས་པའི་དབང་དུ་བྱས་ནས། །རྩ་བའི་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་ཐམས་ཅད་སྤྱན་དྲངས་ཏེ་རྩ་བའི་བླ་མ་ལ་ཐིམ། བླ་མ་ཀུན་འདུས་སུ་གྱུར། དེ་བཞིན་དུ་ཡི་དམ་ཞི་ཁྲོ་རབ་འབྱམས་ཐམས་ཅད་སྤྱན་དྲངས་ཐིམ་ཡི་དམ་ཀུན་འདུས་སུ་གྱུར། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཐིམ་སངས་རྒྱས་ཀུན་འདུས་སུ་གྱུར། ལུང་རྟོགས་ཀྱི་དམ་ཆོས་རྣམས་ཡི་གེའི་གཟུགས་ཀྱི་རྣམ་པར་སྤྱན་དྲངས་ཐིམ་དམ་ཆོས་ཀུན་འདུས་སུ་གྱུར། ཐེག་པ་ཆེ་ཆུང་གི་འཕགས་པའི་དགེ་འདུན་ཐམས་ཅད་སྤྱན་དྲངས་ཐིམ་དགེ་འདུན་ཀུན་འདུས་སུ་གྱུར། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྱན་དྲངས་ཏེ་རྩ་བའི་བླ་མའི་སྐུ་ལ་བསྟིམ་ཆོས་སྐྱོང་ཀུན་འདུས་སུ་གྱུར། དེ་ལྟར་ན་རྩ་བའི་བླ་མ་ཉིད་བླ་མ་ཀུན་འདུས། ཡི་དམ། སངས་རྒྱས། ཆོས། དགེ་འདུན་ཆོས་སྐྱོང་ཀུན་འདུས་མཚན་ཐོས་པ་ཙམ་གྱིས་འཁོར་བ་ངན་སོང་ཐམས་ཅད་ལས་སྒྲོལ་བར་མཛད་ན། །གསོལ་བ་བཏབ་ན་ལྟ་སྨོས་ཀྱང་ཅི་དགོས་སྙམ་པ་དང་། གཞན་ཡང་སྒོ་དུ་མ་ནས་མོས་གུས་དྲག་ཏུ་བསྒོམ། དེ་ནས་གསོལ་བ་འདེབས་དགོས་ཏེ། །རང་གི་ཚེ་འདིའི་དངོས་ཀྱི་ཕ་མ་དང་། རང་ལ་གནོད་པར་བྱེད་པའི་དྲག་དང་གདོན་བགེགས། རང་ཉིད་གང་དུ་གནས་པའི་གཞི་བདག་རྣམས་གཙོ་བོར་གྱུར་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་གནས་འདི་ཉིད་དུ་འདུས་ཏེ། དྲིན་ཅན་རྩ་བའི་བླ་མ་དམ་པ་ལ་ལུས་གུས་པས་ཕྱག་དང་སྐོར་བ་བྱེད། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྩེ་གཅིག་ཏུ་བྱེད་པར་བསམ། དེ་ནས་རང་གིས་གསོལ་འདེབས་ངག་ཏུ་གྱེར་བ་ན། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་རམ་བུ་བཏེག་པའི་ཚུལ་གྱིས་ཀུ་དི་རི་རི་གསོལ་བ་འདེབས་པར་བསམ་ཞིང་། ངག་ཏུ།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།
ཅེས་མོས་གུས་དྲག་པོ་ཕར་ལ་ཐིམ་ཕོད་དང་། ཚུར་ལ་སིམ་ཕོད་ཀྱི་ཚུལ་གྱིས་གསོལ་བ་འདེབས། དམིགས་པ་རྒྱ་ཆེ་ན་འབྱུང་བཞི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སྣོད་བཅུད་ཐམས་ཅད་ལས་གསོལ་འདེབས་ཀྱི་སྒྲ་འུ་རུ་རུ་འབྱུང་བར་བསམ་མོ་གསུང་། དེ་ལྟར་ན། མོས་གུས་གསོལ་འདེབས་ཁོ་ནས་ཐུན་གྱི་དངོས་གཞི་བསྐྱངས་ཏེ། ཐུན་འཇོག་ཁར་བླ་མ་འོད་དུ་ལྟེམས་སེ་ཞུ། རང་ལ་གཉིས་སུ་མེད་པར་ཐིམ། དེ་ཀའི་ངང་ལ་སེམས་དུས་གསུམ་གྱི་རྣམ་རྟོག་སྤངས་ནས་ལྷོད་དེ་བཞག །ཐུན་མཚམས་སུ་འདུན་པ་གསུམ་དང་ལྡན་པར་བྱ་བར་བཤད་པ་ལྟར་རམ། ཡང་ན་དབང་པོ་རབ་ཀྱི་སྐབས་འདིར། ཐུན་མཚམས་སུ་ཡང་འདུན་པ་གཞན་གཉིས་དོ་གལ་ཆུང་། བླ་མའི་མོས་གུས་རང་དགོས་པ་ཡིན་ཅེས་ཞལ་ནས་གསུང་བ་ལྟར། རེ་ཞིག་སྤྲོས་པ་གཞན་སྤངས་ཏེ་མོས་གུས་ཁོ་ན་བསྒོམ་པར་བྱའོ། །དམིགས་སྐོར་བཅུ་གསུམ་པའོ།
།གཉིས་པ་ཅིར་སྣང་བདེན་མེད་ལམ་ཁྱེར་ནི། དམིགས་པ་སྔ་མ་དེ་བསྒོམས་པས་ཇི་ཞིག་ནས། སྣང་བ་ཐམས་ཅད་བདེན་མེད་བཀྲག་མེད་དུ་བུན་ལོང་བ། ད་ལྟའི་མཐོ་དམན་བཟང་ངན་ཉེ་རིང་བདེན་བདེན་པོ་འདི་ཐམས་ཅད་གཡས་མེད་དུ་ཤིག་གིས་འགྲོ་བ་ཞིག་འབྱུང་། དེ་ཡང་བློས་ཕར་ལ་བདེན་མེད་དུ་བསྒོམས་པའི་ཤུགས་ཙམ་མ་ཡིན་པར་མོས་གུས་ཀྱི་སྟོབས་ཀྱིས་ཁོང་ནས་རང་ཤར་དུ་འབྱུང་བ་ཡིན། དེ་ལྟར་བྱུང་ན་སྐབས་དེར་སྒྱུ་མ་ལྟ་བུའི་ཉམས་ཤར་བ་ཞེས་བྱ་བ་ཡིན་པས། དེ་ཉིད་དུ་རང་གཞན་སྣོད་བཅུད་སྣང་བ་ཐམས་ཅད་ལ་སེམས་གཏད་ནས། ག་རེ་འདི་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན། སྒྱུ་མ་ལྟ་བུ་ཡིན། རྨི་ལམ་ལྟ་བུ་ཡིན་སྙམ་པའི་འདུན་པ་ཤུགས་ཆེར་བསྐྱེད། དེ་རྗེས་སྒྱུ་མ་ལྟ་བུའོ།
།བདེན་པར་མེད་དོ་སྙམ་པའི་བློ་དེ་ཀའི་རང་ངོ་ལ་ཅེ་རེ་བལྟས་པས། གང་ཡང་གཟུང་དུ་མེད་པ་ཡོད། དེ་ལ་ལྷོད་དེ་མཉམ་པར་བཞག །གང་ཤར་དེ་ལ་བཅས་བཅོས་མི་བྱའོ།
།འདི་ལ་ཉམས་ལེན་གྱི་ངོ་བོ་སྔར་གྱི་མོས་གུས་བླ་མའི་ལམ་ཁྱེར་དེ་ཀའི་ངང་ནས། སྒྱུ་མའི་འདུན་པ་གཅིག་ལྷག་པོར་སྣོན་པ་དེ་ཀ་ཡིན།
རེས་བླ་མ་འོད་དུ་ཞུ་རང་ལ་བསྟིམ་ནས། སྒྱུ་མའི་འདུན་པ་བསྒོམ། རེས་བླ་མ་མདུན་ནམ་སྤྱི་བོར་བཞུགས་བཞིན་པའི་ངང་ནས་སྒྱུ་མའི་འདུན་པ་བསྒོམ་པ་གཉིས་པོ་གང་འོས་འོས་སུ་བྱ། དམིགས་སྐོར་བཅུ་བཞི་པའོ།
།དེ་ལྟ་བུ་ཉམས་སུ་བླངས་ཀྱང་འཕྲལ་དུ་དགེ་སྦྱོར་མ་སྐྱེས་ན། མོས་གུས་རབ་ཀྱི་ཚད་དུ་ཕྱིན་པ་མ་བྱུང་བས་ལན། དབང་པོ་རབ་ཏུ་མ་ཚུད།
ད་གཉིས་པ་དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་ལ། རང་ལུས་སྣང་སྟོང་ལྷ་སྐུ་སྒོམ་པ་དང་། ཅིར་སྣང་སྒྱུ་མའི་ལམ་ཁྱེར་གཉིས་ཡོད།
དང་པོ་ནི། སྐྱབས་འགྲོ་ནས་བླ་མ་ལ་གསོལ་བ་འདེབས་པའི་བར་དུ་དབང་པོ་རབ་ཀྱི་སྐབས་ལྟར་ཉམས་སུ་བླང་། ཐུན་གྱི་ཕྱེད་ཙམ་སུམ་གཉིས་ཙམ་བླ་མའི་གསོལ་འདེབས་བྱ།
དེ་ནས་བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམ། བླ་མ་དང་རང་སེམས་དབྱེར་མེད་ལ་ཅུང་ཟད་མཉམ་པར་བཞག །དེར་རྣམ་རྟོག་གཅིག་ཐོལ་གྱིས་སྐྱེ་ཚད་པ་ན། རང་གི་ལུས་སེམས་ལ་ཅེར་གྱིས་བལྟས་ནས། རང་ཉིད་ལྷ་སྐུར་གསལ་བཏབ།
དེ་ལ་གཞིག་འགྲེལ་ཞིག་བཏང་སྟེ། ག་རེ་ལྷ་སྐུར་སྣང་བ་འདི་ཡང་རང་གི་སེམས་ཀྱི་སྣང་བ་ལས་གཞན་ཕྱི་རོལ་དུ་གྲུབ་པ་ཅུང་ཟད་ཙམ་ཡང་མེད། ལྷ་སྐུ་འདི་ཁོ་ན་སེམས་ཡིན། སེམས་ཁོ་ན་ལྷ་སྐུ་འདིར་སྣང་བ་ཡིན་སྙམ་དུ་འདུན་པ་དྲག་ཏུ་སྦྱོང་བ་འདི་གནད་གཅིག་ཡིན།
ཡང་སེམས་ཀྱི་ངོ་བོར་ཡང་བདེན་དངོས་སུ་མ་གྲུབ་སྣང་བ་ཙམ་མ་གཏོགས་ཕྱི་ནང་བར་གསུམ་གང་ན་ཡང་མི་འདུག །ངོ་ཏི་འདི་འདྲ་ཞིག་ཡིན་བྱ་བ་གཅིག་ཀྱང་མི་གདའ། སྣང་ནི་སྣང་། བདེན་ནི་མི་བདེན། སྒྱུ་མ་ལྟ་བུའོ་ཞེས་འདུན་པ་དྲག་ཏུ་སྦྱོང་བ་འདི་གནད་གཉིས་པ་ཡིན།
།དེ་ནས་སྒྱུ་མ་ལྟ་བུའོ་སྙམ་མཁན་ཁོ་རང་གི་ངོ་བོ་ལ་བལྟས་པས་འདུན་པ་དེ་ཡང་རང་སར་ཞི། གང་ཤར་ངོས་བཟུང་མེད་པ་ལ་ཅེ་རེ་འཇོག་པ་འདི་གནད་གསུམ་པའོ།
།དེ་ལྟར་གནད་གསུམ་དང་ལྡན་པའི་འདུན་པ་དེ་ཉིད་ཡང་ཡང་བསྒོམ་དགོས། དམིགས་སྐོར་བཅོ་ལྔ་པའོ།
།གཉིས་པ་ནི། གནད་གསུམ་པོ་དེ་དག་སྣང་བ་གཞན་ཐམས་ཅད་ལ་རིམ་གྱིས་སྤོ་ཞིང་སྦྱོང་བ་ཡིན་ཏེ། དེ་ཡང་རང་ལུས་སྣང་སྟོང་ལྷ་སྐུའི་དམིགས་པ་དེ་ཐོག་མར་བསྒོམས་ནས། དེ་མ་ཡལ་བའི་ངང་ནས་ཐོག་མར་རང་གི་གནས་ཁང་དང་རྫས་ལོངས་སྤྱོད་ཐམས་ཅད་ལ། སེམས་ཀྱི་སྣང་བ་ལས་གཞན་དུ་མེད་པ་དང་། སེམས་དེ་ཡང་སྒྱུ་མ་ལྟ་བུ་དང་། སྒྱུ་མར་འཛིན་པ་ཡང་དབྱིངས་སུ་ཡལ་བའི་རིག་པ་རང་ཤར་གྱི་རང་འགྲོས་སྐྱོང་བ་ལ་བསླབ། དེ་ལ་གོམས་ནས་རང་དབང་བའི་ཟས་ནོར་འཁོར་གཡོག་ཡུལ་ཞིང་སོགས་ཡོད་ན་དེ་དག་དང་། ཆགས་སྡང་སྐྱེ་བའི་ཡུལ་དགྲ་གཉེན་ལ་ངེས་པར་སྦྱང་། དེ་ལ་གོམས་ནས་རིམ་གྱིས་སྣང་བ་ཐམས་ཅད་ལ་གནད་གསུམ་པོ་དེ་སྦྱར་རོ།
།ཐུན་མཚམས་ཐམས་ཅད་དུ་འཆི་བ་མི་རྟག་པའི་འདུན་པ་དང་། བླ་མའི་མོས་གུས་དང་སྣང་བ་གང་ཤར་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་སྟེ།
གསུམ་པོ་གང་རུང་གཅིག་དང་མ་བྲལ་བར་བྱའོ། །འདི་ལ་འདུན་པ་གསུམ་སྦྲགས་ཟེར་རོ། །དེ་ལྟར་ན་དམིགས་སྐོར་བཅུ་དྲུག་པའོ།
།གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེད་པ་ལ།
སད་པ་བཞི་དང་བྲལ་བ་ཞིག་དགོས། བཞི་ནི་འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། འཕོ་སྐྱས་མང་པོ་དགེ་སྦྱོར་གྱི་སད། བློ་སྣ་མང་པོ་དགེ་སྦྱོར་གྱི་སད། ལོང་གཏམ་མང་པོ་དགེ་སྦྱོར་གྱི་སད། དེ་རྣམས་སྤངས་ཏེ་བསྒོམ་དགོས།
དེ་ལ་དབྱེ་ན། འགྲོ་དྲུག་སྒྱུ་མར་འཆར་བྱེད། ནད་གདོན་སྒྱུ་མ་ལམ་ཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རོ།
།དང་པོ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ནི། སྐྱབས་འགྲོ་ནས་བརྩམས་ཏེ་བླ་མ་ལ་གསོལ་འདེབས་ཀྱི་བར་གོང་དང་འདྲ་བ་ལས། ཐུན་གྱི་སུམ་ཆ་ཙམ་ཐུབ་པ་བྱེད་གསུང་།
དེ་ཡང་ཐེམ་ཡིག་གི་དངོས་བསྟན་ལྟར་ན། སྒྱུ་ལུས་དབང་པོ་རབ་འབྲིང་གཉིས་ལ་གསོལ་འདེབས་ལྔ། དབང་པོ་ཐ་མ་ལ་གསོལ་འདེབས་བཞི་ཞེས་གསུངས་ཏེ། དེའི་དོན་ནི། རབ་འབྲིང་གཉིས་ལས་སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཞེས་སོ་སོར་དབྱེ་བ་དང་། ཐ་མའི་སྐབས་སུ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཞེས་གཅིག་ཏུ་བསྡོམས་པས་གསོལ་འདེབས་བཞིར་འགྱུར་པའི་དོན་ཡིན་ཀྱང་ཕྱག་ལེན་དང་ཞལ་གྱི་རྒྱུན་ལ། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་དེ་ལྟ་བུའི་དབྱེ་བ་མི་དགོས་ཏེ། གསུམ་ཀ་ལ་གསོལ་འདེབས་ལྔ་བྱེད་པ་དང་། བཞི་བྱེད་པ་ལ་ཁྱད་མེད་གསུང་།
།དེ་ནས་བླ་མ་རང་ལ་ཐིམ་པའི་རྗེས་སུ་རང་གི་ལུས་ལྷ་སྐུའི་རྣམ་པ་ནང་སྟོང་སང་ངེ་བའི་སྨད་ཀྱི་ཆ་ལ་སེམས་གཏད་པས།
དེར་ཆོས་འབྱུང་གྲུ་གསུམ་ཁ་དོག་དཀར་ཞིང་གསལ་བ། རྩ་བ་ཕྲ་བ་ཐུར་བསྟན་དེ་བཤང་སྒོའི་ཐད་ཙམ་ནས་མར་ལ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པའི་ཟུར་མདུན་མ་དེ་ལྟེ་བའི་ཐད་དང་། ཟུར་གཞན་གཉིས་མཁལ་ཁུང་གཡས་གཡོན་གྱི་ཕྱོགས་སུ་བསྟན་པ། ངས་གསལ་འོད་ཀྱི་རང་བཞིན་ཅན་ཞིག་བསམ།
དེ་ལ་སེམས་གཏད་པས་དེའི་ནང་དུ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམ་པ་སྣ་ཚོགས་པ་རྣམས་ལུས་ལོངས་སྤྱོད་མདོག་དབྱིབས་ཆ་ལུགས་ཆ་བྱད་རྣམས་སྤྱི་ཚུལ་ཐ་དད་པ། རང་རང་གི་བདེ་སྡུག་མྱོང་ཚུལ་སྣ་ཚོགས་དང་བཅས་པ་རྣམས་ཀྱིས་ཆོས་འབྱུང་གི་ནང་ཁྲིག་མེར་གྱིས་གང་བར་བསམ།
དེ་ཡང་རང་རྒྱུད་ལ་འགྲོ་བ་ཐ་དད་དུ་སྐྱེ་བ་ལེན་པའི་རྒྱུ་ལས་ཉོན་གྱི་བག་ཆགས་ཐམས་ཅད་རིགས་དྲུག་སོ་སོའི་གཟུགས་སུ་ཤར་བ་ཡིན་སྙམ་པ་དང་། ལྟེ་འོག་ན་རིགས་དྲུག་གི་སྣང་བ་འཆར་བའི་རྩ་ཡིག་ཡོད་པ་རྣམས་གཟུགས་བརྙན་དེ་དང་དེར་ཤར་བ་ཡིན་སྙམ་པའི་མོས་པ་ཡང་ཅུང་ཟད་བྱ། དེ་རྗེས་དེ་རྣམས་ཉིད་རིགས་དྲུག་དངོས་ཡིན་པའི་ཚུལ་དུ་མོས་པ་ལས། སེམས་ཀྱི་རྩི་ཁ་ལྟེ་བའི་རིགས་དྲུག་ལ་གཏད་ཅིང་། སྤྱིར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ནས་ག་རེ་འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན།
ཞེས་བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱང་། ཡང་འདི་རྣམས་བདེན་མེད་ལ་བདེན་པར་གཟུང་བས་འཁོར་བར་འཁྱམས་པ་སྙིང་རེ་རྗེ་སྙམ་སྙིང་རྗེ་བརྩེ་ལྷག་པ་བསྒོམ།
ཡང་འདི་རྣམས་འཁོར་བའི་སྡུག་བསྔལ་ལས་བླ་མས་བསྐྱབ་ཏུ་གསོལ། ཕ་བླ་མ་མཁྱེན་སྙམ་པ། བླ་མའི་མོས་གུས་ཀྱི་གདུང་ཤུགས་དང་འབྲེལ་བར་གསོལ་བ་ཞིག་ཀྱང་བཏབ་བོ།
།དེ་ནས་དེ་རྣམས་ལ་སེམས་ཅེ་རེ་གཏད་པ་ན། རིགས་དྲུག་གི་སེམས་ཅན་དེ་དག་གཅིག་ཡལ། གཉིས་ཡལ། རེ་རེ་ནས་རིམ་པས་ཡལ་ཏེ། མཐར་ཆོས་འབྱུང་གི་ནང་སྟོང་སང་སོང་བ་ལ་སེམས་གཏད། དོ་རྗེས་ནས་ལུས་དང་ཆོས་འབྱུང་ཡལ་བ་སོགས་ཀྱི་དམིགས་པའི་སྤྲོས་པའང་མི་དགོས་ཏེ།
གཏད་སོ་ཐམས་ཅད་དང་བྲལ་བའི་འཛིན་མེད་ལ་ཤིག་གེ་བཞག
།ཡང་དེ་ལ་མ་གནས་ན་རང་གཞན་སྣོད་བཅུད་ཐམས་ཅད་ལ་དམིགས་ཏེ་སྒྱུ་མ་ལྟ་བུའོ། །མེད་བཞིན་དུ་སྣང་བའོ། །སྣང་བཞིན་དུ་མ་གྲུབ་པའོ་ཞེས་ཤེས་པར་བྱ།
དེས་དམིགས་པ་ཚར་གཅིག་སོང་། དེ་ཉིད་ཡང་ཡང་བསྒོམ་པའོ། །འདི་ལ་དམིགས་པ་གཏད་སོའི་གནད་བརྒྱད་ཡོད་དེ། ཆོས་འབྱུང་ལ་དམིགས་པ། རིགས་དྲུག་ལ་དམིགས་པ། འགྲོ་དྲུག་བདེན་མེད་དུ་སྦྱང་བ། སྙིང་རྗེ་བསྐྱེད་པ། བླ་མའི་གསོལ་འདེབས། རིགས་དྲུག་སྟོང་པར་སྦྱོང་བ། རང་བབས་སྐྱོང་བ། སྣང་སྲིད་སྒྱུ་མའི་འདུན་པའོ། །ལར་དམིགས་པ་གཅིག་ལ་འདི་བས་ཟབ་པ་མེད་ཅེས་གསུང་།
ཐུན་མཚམས་ཀྱི་ཉམས་ལེན་ནི་འདི་ལའང་འདུན་པ་སུམ་སྦྲགས་ཁོ་ན་སྟེ། དེ་ཡང་དང་པོ་ཉིད་ནས་འདུན་པ་གསུམ་པོ་གང་རུང་གཅིག་བསླེབ་པར་བྱ་སྙམ་པ་ཙམ་གྱིས་གར་ཡང་མི་རུང་བས། ཐོག་མར་གང་ཡང་རུང་བ་གཅིག་ཐུན་མཚམས་སུ་སླེབ་པའི་ཐབས་ལ་འབད། ཚུལ་དེས་གསུམ་ཀར་ལ་རེ་རེ་བཞིན་དུ་བསླབས་ནས། མཐར་གསུམ་པོ་གང་རུང་རེ་དང་མ་བྲལ་བར་བྱ་སྙམ་པའི་འདུན་པ་བཏང་ན། གང་རུང་རེ་དང་མ་བྲལ་བར་ཡོང་བ་ཡིན།
དཔེར་ན། ཐོག་མར་ཐུན་མཚམས་སུ་འཆི་བ་མི་རྟག་པའི་འདུན་པ་རྟག་ཏུ་བསླེབ་པར་བྱ་སྙམ་པའི་གོ་ཆ་གྱོན་ནས། ཐུན་མཚམས་སུ་མི་རྟག་པ་གང་དྲན་ཐུབ་ཐུབ་བྱ། ཚུལ་དེ་ལྟ་བུས་ཐུན་མཚམས་སུ་དྲན་པའི་བྱ་ར་བས་གཞུར་ན་ཟླ་བ་གཅིག་གམ་གཉིས་ཙམ་ན། ཐུན་མཚམས་ཕལ་ཆེར་དུ་མི་རྟག་པའི་འདུན་པས་སླེབས་འོང་། དེ་བྱུང་ན་རེ་ཞིག་དེ་བོར་ནས་ཚུལ་དེ་ཀས་བླ་མའི་མོས་གུས་ལ་བསླབ། དེ་ཡང་བྱུང་བ་ན། ཡང་རེ་ཞིག་དེ་གཉིས་ཀ་བོར་ནས་སྒྱུ་མའི་འདུན་པ་ལ་ཚུལ་དེ་ཀས་བསླབ། དེ་ཡང་ཐུན་མཚམས་ཕལ་ཆེར་དུ་བྱུང་ན། དེ་རྗེས་གསུམ་པོ་གང་རུང་ཞིག་དང་མ་བྲལ་བའི་འདུན་པ་ཙམ་བཏང་བས། གསུམ་པོ་གང་རུང་རེ་དང་མ་བྲལ་བར་ཡོང་བ་ཡིན་ནོ། །དམིགས་སྐོར་བཅུ་བདུན་པའོ།
།གཉིས་པ་ནད་གདོན་སྒྱུ་མ་ལམ་ཁྱེར་ལ། ཁྲིད་ཡིག་གསུམ་དང་ཟུར་འདེབས་རྙིང་པ་རྣམས་ན། དོན་འདྲ་ཡང་རྣམ་གྲངས་ངེས་མེད་ལ་དོན་ཚང་མ་ཚང་ཡང་ཅི་རིགས་འདུག་ནའང་ངེས་ཏིག་ཅན་འདི་ཡིན་ཏེ།
ནད་ལམ་དུ་ཁྱེར་ན། ན་བར་སྣང་བ་འདི་ཡང་། ལས་ངན་སྡིག་སྒྲིབ་སྦྱོང་བ་དང་། དགེ་སྦྱོར་གྱི་བསྐུལ་མ་ཡིན་པས་མཚན་ལྡན་བླ་མའི་ཐུགས་རྗེའི་འཇུག་པ་ཡིན། སྐུ་དྲིན་རེ་ཆེ་སྙམ་པ་བྱས་ནས། ནད་བླ་མའི་རང་བཞིན་དུ་མོས། གསོལ་བ་དྲག་ཏུ་བཏབ། མཐར་བླ་མ་དང་ནད་དང་། རང་སེམས་གསུམ་དབྱེར་མེད་དུ་ཅེ་རེ་མཉམ་པར་བཞག །ལུགས་གཅིག་གོ།
།ཡང་ན་བར་སྣང་བ་འདི་འཁྲུལ་པ་ཡིན། གནས་ཚུལ་ལ་ན་བ་དང་། ན་མཁན་ཡོད་མ་མྱོང་། མེད་བཞིན་དུ་ན་བར་སྣང་བ་རྨི་ལམ་དུ་ན་བ་དང་འདྲ་སྙམ། ན་བའི་ཐོག་དེ་ཁར་སྒྱུ་མ་རྨི་ལམ་གྱི་དྲན་འདུན་དྲག་ཏུ་བྱ། མཐར་ན་བར་སྣང་བ་རང་སེམས་སུ་ཤེས། དེ་ལའང་གཏད་སོ་མེད་པ་སྒྱུ་མ་ལྟ་བུ་ལ་མཉམ་པར་བཞག །ལུགས་གཉིས་པ་ཡིན།
ཡང་ན་བར་སྣང་བ་འདི་སྒྱུ་མ་ལྟ་བུ་མེད་བཞིན་དུ་སྣང་བ་ཡིན། སྣང་བ་འདི་བློས་གང་བྱས་ཡིན་སྙམ་པས་སྟེང་རླུང་དྲག་ཏུ་མནན། ལྟེ་བའི་ཆོས་འབྱུང་གི་ནང་ནས་མར་ནད་རྣམས་སོང་། ཆོས་འབྱུང་གི་གཤམ་ཇེ་རིང་ཇེ་རིང་ལ་ས་འོག་ཐག་རིང་པོར་སོང་ཞིང་། ནད་ཀྱང་དེའི་ནང་ནས་མར་སོང་བ། གཉིས་ཀར་ས་འོག་ཏུ་འཇའ་ལྟར་ཡལ་བར་བསམ།
ལུགས་གསུམ་པ་སྟེ་འདི་སྔོན་ཆད་ཞལ་ཤེས་ཡིན། དེ་ལྟར་ནད་ལམ་ཁྱེར་གསུམ་མོ།
།གདོན་ལམ་ཁྱེར་ལ་ཡང་གསུམ་སྟེ། གདོན་གྱི་གནོད་པ་དགེ་སྦྱོར་གྱི་བསྐུལ་མར་ཤེས་ནས། བླ་མའི་ཐུགས་རྗེ་ཡིན་པ་དང་། བླ་མ་ལ་གསོལ་བ་འདེབས་པ་དང་། བླ་མ་དང་། གནོད་བྱེད་དང་། རང་སེམས་གསུམ་པོ་རང་བཞིན་གསལ་སྟོང་དུ་རོ་མཉམ་པའི་ངང་བསྐྱང་ངོ་།
།ཡང་ན་གནོད་པར་བྱེད་པ་པོའི་འདྲེ་གདོན་ཡང་མེད་བཞིན་དུ་སྣང་། སྣང་བཞིན་དུ་མ་གྲུབ། དེ་བཞིན་དུ་གནོད་པའི་བྱ་བ་ཉེར་འཚེ་སྡུག་བསྔལ་དང་། གནོད་པ་འབྱུང་བའི་ཡུལ་རང་ཉིད་ལྟ་བུ་སེམས་ཅན་དེ་ཡང་མེད་བཞིན་དུ་སྣང་། སྣང་བཞིན་དུ་མ་གྲུབ། སྒྱུ་མ་ལྟ་བུ་ཡིན། རྨི་ལམ་ལྟ་བུ་ཡིན། འདི་ལ་བདེན་པར་འཛིན་པ་རེ་འཁྲུལ་སྙམ་དུ་འདུན་པ་དྲག་ཏུ་སྦྱངས་པའི་མཐར། གནོད་བྱེད་དུ་སྣང་བ་ངམ་ངམ་པ་དེ་ཀའི་ངོ་བོ་ལ་བལྟས་ཏེ་ཅེ་རེ་འཇོག་གོ།
།ཡང་ན་ཆོས་འབྱུང་དང་འགྲོ་བ་དྲུག་སོགས་གོང་བཞིན་བསྒོམས་ལ། གནོད་བྱེད་དུ་སྣང་བ་དེ་མདུན་དུ་དམིགས། སྒྱུ་མ་ལྟ་བུའི་འདུན་པའི་རྩིས་ཟིན་པའི་ངང་ནས། རླུང་ནང་དུ་འཇུག་པ་དང་ལྷན་ཅིག་གདོན་དེ་ཡང་སྣ་སྒོ་ནས་བཅུག་སྟེ། ལྟེ་བའི་ཆོས་འབྱུང་གི་ནང་དུ་སླེབ། ཆོས་འབྱུང་ཤིན་ཏུ་ཡངས་པོར་སོང་། རླུང་བཟུང་སྟེ་དཀྲུག་འཁོར་བྱས་པས། ཆོས་འབྱུང་གི་ཁ་འུབས་ཀྱིས་འདུས་པས་འབྲོས་ས་མེད། གནོད་བྱེད་དེ་ཡང་རིགས་དྲུག་གི་གནས་ཐམས་ཅད་དུ་འཁྱམས་པས། སོ་སོའི་སྡུག་བསྔལ་མཐོང་ཞིང་མྱོང་། ལས་འབྲས་ལ་ཡིད་ཆེས། གནོད་སེམས་ཞི། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ། སླར་ཡང་རླུང་ཕྱིར་བསལ་བ་ན། གནོད་བྱེད་དེ་སྣ་སྒོ་ནས་རྒྱངས་ཏེ་ཐོན། ཐག་ཇེ་རིང་ཇེ་རིང་ལ་ཡལ་བར་བསམ་པའམ། ཡང་ན་ལན་ཆགས་སེལ་བིའ་གཏོར་མ་བྱིན་ཏེ་གཤེགས་སུ་གསོལ།
འདི་ལ་ནང་གསེས་དམིགས་པ་དྲུག་ཡོད་ཀྱང་། དམིགས་ཆེན་གཅིག་ཏུ་བརྩི་བའམ་གཉིས་སུ་བརྩི་བའང་ཡོད། འདིར་གཅིག་ཏུ་བསྡོམས་ཏེ། དམིགས་སྐོར་བཅོ་བརྒྱད་པའོ།
།གསུམ་པ་འཆར་བྱེད་ཡོན་ཏན་ཚོགས་དྲུག་ནི། སྒྱུ་ལུས་དབང་པོ་ཐ་མའི་དམིགས་པ་བསྒོམས་པའི་གནས་སྐབས་ཀྱི་ཕན་ཡོན་བཤད་པ་སྟེ། དི་ལ་དམིགས་པ་ལོགས་པ་མེད། དེ་ཡང་དྲོད་སྐྱེ་བ་དང་གཅིག །ཐིག་ལེ་བརྟན་པ་དང་གཉིས། རྨི་ལམ་སྦྱོང་སྤེལ་དང་གསུམ། འགྲོ་དྲུག་གི་ཡུལ་སྣང་དང་བཞི། སེམས་ཅན་སྨིན་གྲོལ་དང་ལྔ། སྒྱུ་མ་རང་ཤར་དང་དྲུག་གོ།
།དང་པོ་ནི། ལྟེ་བ་དང་དབུ་མའི་མེས་སྣ་གཏུམ་མོའི་རྩ་ཡིག་ཡོད་སའི་གནས་ལ་གནད་དུ་བསྣུན་པ་ཡིན་པས། དྲོད་རང་ཤུགས་ལ་སྐྱེའོ།
།གཉིས་པ་ནི། དབུ་མའི་མས་སྣར་སེམས་གཏད་པར་སོང་བས། རླུང་ཡང་དེར་འགག །དེས་རྩ་ཁ་སྡོམ། ཐིག་ལེ་ཟིན་ཅིང་བརྟན་པར་འགྱུར་རོ།
།གསུམ་པ་ནི། དབུ་མའི་མས་སྣ་རྩ་མདུད་གྲུ་གསུམ་གྱི་ནང་དུ་རིགས་དྲུག་གི་རྩ་ཡིག་ཡོད་པས། དེ་ལ་གནད་དུ་བསྣུན་པར་སོང་བའི་ཕྱིར། རྨི་ལམ་དུ་ཡང་རིགས་དྲུག་གི་གཟུགས་བརྙན་དང་། ཡུལ་ཕྱོགས་སྣ་ཚོགས་པའི་རྣམ་པ་ཅན་གྱི་སྦྱོང་སྤེལ་སྤྲུལ་བསྒྱུར་དུས་གཅིག་ཏུ་འབྱུང་ངོ་།
།བཞི་པ་ནི། རིགས་དྲུག་གི་རྩ་ཁམས་ལ་རླུང་སེམས་ཀྱིས་གནད་དུ་བསྣུན་པ་ཡིན་པས། རིགས་དྲུག་གི་གནས་ལྐོག་གྱུར་རྣམས་མཐོང་བའི་ཡུལ་སྣང་གཏན་ལ་འབེབས་ཐུབ་བོ།
།ལྔ་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་སྟོང་ཉིད་སྙིང་རྗེ་བླ་མའི་མོས་གུས་གསུམ་གྱི་སྒོ་ནས་རང་གཞན་མཉམ་ཉིད་དུ་བསྒོམས་པ་ཡིན་པས་སེམས་ཅན་སྨིན་གྲོལ་ནུས་པའོ།
།དྲུག་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི་གཉིད་སད་དུས་ཀྱི་འཁྲུལ་པ་འཆར་བའི་གཞི་ཡང་ཡིན། དེ་ལ་གནད་དུ་བསྣུན་ན་སད་དུས་ཀྱི་འཁྲུལ་པ་དག་བྱེད་སྒྱུ་ལུས་ཀྱི་རྟོགས་པ་རང་ཤར་དུ་འབྱུང་བའི་ནུས་པ་ཡོད་པའང་ཡིན་པ་ལས་དེ་ལ་གནད་དུ་བསྣུན་པ་ཡིན་པས། སྒྱུ་ལུས་ཀྱི་རྟོགས་པ་ཞེས་བྱ་བ་རྟོག་བྲལ་གྱི་ལྷ་སྐུ་སྣང་སྟོང་སྣང་བ་རབ་འབྱམས་སྒྱུ་མ་ལྟ་བུ་རང་ཤར་དུ་ཡོང་བའོ།
།བཞི་པ་ཞེན་མེད་སྒྱུ་མ་རང་ཤར་ནི། དབང་པོ་ཐ་མ་ཁོ་ནའི་ཁྱད་ཆོས་མ་ཡིན་ཏེ། སྤྱིར་སྒྱུ་ལུས་ཀྱི་རྟོགས་པ་ཚད་དུ་ཕྱིན་པའི་རྟགས་བཤད་པའོ།
།དེ་ཡང་སྒྱུ་ལུས་བསྒོམས་པས་ད་ལྟ་བས་ཆགས་སྡང་མཐོ་དམན་གྱི་ཨ་འཐས་འདི་ཇེ་ཆུང་དུ་སོང་ནས། མཐར་བདེ་སྡུག་ཆགས་སྡང་ཐམས་ཅད་ཡུལ་སྟོངས་ཏེ། རང་གི་གཡས་ནས་མི་གཅིག་གིས་བསྟོད་པ་ལ་དགའ་བ་མེད། གཡོན་ནས་གཅིག་ཤོས་ཀྱིས་སྨད་པ་ལ་མི་དགའ་བ་མེད། རང་ངམ་རང་ཕྱོགས་གཏམ་སྙན་པ་དང་ནོམ་པ་སོགས་ཐོབ་པ་ལ་དགའ་བ་མེད། གཏམ་མི་སྙན་པ་དང་ཡོ་བྱད་ཤོར་བ་ལ་མི་དགའ་བ་མེད་པ་དེའི་ཚེ་སྒྱུ་ལུས་ཀྱི་ཉམས་རྟོགས་ལ་བརྟན་པ་ཐོབ་པ་ཡིན།
ཇི་སྐད་དུ། ཙན་དན་སྟེའུ་མཚུངས་པ་ལ། ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། ཅེས་བཤད་པ་ལྟ་བུའོ།
།ཕྱི་མ་འདི་གཉིས་ལ་དམིགས་སྐོར་བརྩི་རྒྱུ་མེད། ཆོས་ཐུན་གཅིག་གམ་གཉིས་ཇི་ལྟར་འོས་པའོ།

གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་གི་ཁྲིད་ལ།
རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་གཏན་ལ་དབབ་པ་སྟེ་དྲུག་གོ།
།དང་པོ་རྨི་ལམ་བཟུང་བ་ལ། རང་ཟིན་ཐིག་ལེ་དབང་བཞིའི་གནད་ཀྱི་གདམས་པ་དང་། དེ་ལ་མ་ཟིན་ན་གནད་འཆུག་མེད་དགུ་ལ་བརྟེན་པའོ།
།དང་པོ་ནི། འདི་རྨི་ལམ་འཛིན་པའི་དམིགས་པའི་རྩ་བ་གལ་ཆེ་ཤོས་ཡིན་ཏེ། དེ་ལ་བླ་མའི་རྣལ་འབྱོར་ནི། དམིགས་པ་སྤྱི་ཁོག་ཐམས་ཅད་སྒྱུ་ལུས་ཀྱི་སྐབས་དང་མཚུངས། ཁྱད་པར་མི་འདྲ་བ་ནི།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། རྨི་ལམ་ཟིན་པར་མཛད་དུ་གསོལ།
ཅེས་གསོལ་འདེབས་ཀྱི་མཐའ་བསྒྱུར་བ་ཁོ་ན་ཡིན། འདིར་མ་ཟད་གཞན་ཐམས་ཅད་ལ་ཡང་འདྲ་སྟེ། གསོལ་འདེབས་ཀྱི་ཚིག་དང་པོ་གཉིས་ཐམས་ཅད་མཚུངས་ཤིང་། ཚིག་རྐང་གསུམ་པ་མཐའ་བསྒྱུར་བ་ཁོ་ནའོ། །དེ་ལྟར་ཐུན་གྱི་སུམ་ཆ་ཙམ་བླ་མའི་རྣལ་འབྱོར་བསྒོམས་ནས། བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་ལུས་ལྷ་སྐུ་གསལ་སྟོང་དུ་ཤར་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཁ་དོག་དཀར་བ་དྭངས་གསལ་ཤེལ་གྱི་སྦུབས་ལྟ་བུ། ཡར་སྣ་སྤྱི་བོ་དང་། མར་སྣ་གསང་བར་ཟུག་པ། དབུ་མའི་ནང་གི་ཡས་སྣར་ཧཾ་དཀར་པོ་མགོ་བོ་ཐུར་དུ་བལྟ་བ་དང་། མས་སྣར་ཧཱུྃ་དམར་པོ་མགོ་བོ་གྱེན་དུ་བལྟ་བ་ཞིག་གསལ་བཏབ། གང་ཤར་ལ་སྤྱིར་བདེན་མེད་དང་། སྒོས་སུ་རྨི་ལམ་དུ་ཤེས་པའི་རྩིས་བཟུང་ནས་བསྒོམ་པ་ཞིག་ཐམས་ཅད་དུ་གལ་ཆེ། སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་ཧྲིལ་གྱིས་ཆད་སྙིང་གར་སླེབ། ཉོན་མོངས་པ་གཏི་མུག་དག །སྙིང་ག་ཡན་ཆད་ཁོག་སྟོད་ཡང་ཆོད་པའམ། བདེ་ཆོད་ཀྱིས་སོང་བར་བསམ། གསང་བའི་ཧཱུྃ་ལས་ཐིག་ལེ་དམར་པོ་སྲན་རྡོག་ཙམ་ཞིག་ཡར་ཆད་སྙིང་གར་སླེབ། ཉོན་མོངས་པ་འདོད་ཆགས་དག །སྐེད་པ་མན་ཆད་ཁོག་སྨད་ཡང་ཆོད་པའམ་བདེ་ཆོད་ཀྱིས་སོང་། དཀར་དམར་གཉིས་པོ་སྙིང་གར་འཛོམ། ཞེ་སྡང་ནི་རང་དག་ལ་སོང་། སྙིང་གའི་ཐད་བདེ་སང་བ་དང་། ཡང་ཆོད་ཀྱིས་སོང་བར་བསམ། དེ་ནས་དབུ་མའི་ནང་སྙིང་གའི་ཐད་ཀྱི་ཁོང་སྟོང་དེར། ཐིག་ལེ་གཉིས་པོ་འབྲོས་འདེད་ཀྱི་ཚུལ་དུ་འཁོར་བ་ལ་སེམས་གཏད། འཁོར་ཚུལ་གཡས་སྐོར་དང་གཡོན་སྐོར་རང་གི་བློ་ལ་གང་བདེ་ཡིན། དེ་ལ་སེམས་གཏད་དེ། རྨི་ལམ་རང་ཡིན་སྙམ་པའི་འདུན་པ་གསུམ་བཞི་ཞིག་བྱ། དེ་ནས་ཐིག་ལེ་གཉིས་པོ་དེ་གཅིག་རྗེས་གཅིག་གིས་ཟིན་པའི་ཚུལ་གྱིས་རེག་ཙམ་རེག་ཙམ་འདུག་ཅིང་འཁོར་བ་ལ་སེམས་གཏད། རྨི་ལམ་ཡིན་སྙམ་འདུན་པ་དྲག་ཏུ་སྦྱང་། དེ་རྗེས་ཡང་སྔར་བཞིན་ལས། རེག་པ་ལ་བརྟེན་ནས་ལུས་སེམས་བདེ་ཆིལ་ཆིལ་ཡོང་བར་མོས། དེ་ལའང་སྒྱུ་མའི་འདུན་པ་སྦྱང་། དེ་ནས་དཀར་པོ་དམར་པོ་ལ་ཐིམ་དམར་པོ་ཡལ་བའམ་དེ་གོ་བཟློག་ཀྱང་རུང་སྟེ། གང་ལྟར་ཡང་གཅིག་ལ་གཅིག་ཤོས་ཐིམ། དེ་ཡང་གཏན་ཡལ་དུ་སོང་བར་བསམ། དེ་ཀའི་ངང་ལ་ཅི་ཡང་མི་བསམ་པར་ཅུང་ཟད་བཞག །དེ་ནས་ཡང་རང་གཞན་སྣང་བ་ཐམས་ཅད་ལ་སེམས་གཏད་དེ། འདི་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན་སྙམ་པ་དང་། ཁྱད་པར་དུ་ཡང་ང་གཉིད་དུ་སོང་འདུག །སྣང་བ་འདི་ཐམས་ཅད་རྨི་ལམ་རང་ཡིན་པ་འདུག་སྙམ་པའི་འདུན་པ་དྲག་ཏུ་སྦྱོང་སྟེ། དམིགས་པ་ཚར་གཅིག་སོང་།
ཡང་རྩ་དབུ་མ་གསལ་འདེབས་པ་སོགས་ཡང་ནས་ཡང་དུ་དེ་ཁོ་ན་བསྐྱར་གྱིན་བསྒོམ། ཐུན་མཚམས་སུ་ཡང་སྒྱུ་མའི་འདུན་པའི་དོད་དུ་རྨི་ལམ་གྱི་འདུན་པ་བཅུག་ནས། འདུན་པ་གསུམ་སྦྲགས་བྱ་སྟེ། མི་རྟག་པ་དང་། མོས་གུས་དང་། རྨི་ལམ་གྱི་འདུན་པ་སྟེ་གསུམ་མོ། །རྨི་ལམ་འདུན་པའི་གནད་བྱ་བ་ཡིན་པས་འགྲོ་འཆག་ཉལ་འཏུག་ཟས་ཟ་བ་གཏམ་སྨྲ་བ་མདོར་ན་སྤྱོད་ལམ་ཐམས་ཅད་དུ་ང་གཉིད་དུ་སོང་འདུག །རྨི་ལམ་རྨི་བར་འདུག །རྨི་ལམ་རང་ཡིན་ཨང་སྙམ་པ་རྒྱུན་ཆགས་སུ་བྱུང་ན། རྨི་ལམ་ཟིན་པ་ལ་ཚེགས་མེད་པས་འདི་རང་གལ་ཆེའོ། །དེ་ལྟར་བསྒོམས་པས་མྱུར་དུ་རྨི་ལམ་ཟིན་པར་འགྱུར་རོ།
།ཡང་ལས་འབྲེལ་ཆུང་བ་འགའ་ལ་ཉིན་པར་སྟར་ཆགས་སུ་བསྒོམས་ཀྱང་། འཕྲལ་དུ་མ་ཟིན་པར་འགོར་ན་ཡང་ཟླ་བ་གཅིག་གམ། ཟླ་བ་ཕྱེད་དང་གཉིས་ཙམ་གྱི་བར་དུ་ཟིན་དུ་རེ་བ་དང་། མ་ཟིན་གྱི་དོགས་པའི་རྩིས་བཏབ་མི་བྱེད་པར་ཅི་དགར་བསྐྱུར། འདུན་པ་དྲག་ཏུ་བྱེད་པ་གལ་ཆེ། སྤྱིར་སྔོན་གྱི་ནཱ་རོ་ཆོས་དྲུག་པ་རྣམས། དབང་པོ་རབ་ཏུ་གྱུར་པ་ལ། ལོ་ཡིས་ཟིན་པ་དག་ཀྱང་སྲིད་ཟེར། ལོ་གཅིག་ཙམ་བསྒོམས་ན་རྨི་ལམ་ཟིན་པ་ལ་བརྟན་པ་ཐོབ། ཅེས་འདོད་པར་འདུག །ཆོས་འདིའི་ལུགས་ཀྱིས་དབེན་པའི་གནས་སུ་གྲིབ་ཀྱིས་མ་ཕོག །ལོང་གཏམ་དང་མ་འདྲེས། ངེས་འབྱུང་སྐྱོ་ཤས་དང་བཅས་པར་བསྒོམས་ན། ཞག་བདུན་ནམ་བཅུ་ཚུན་ལ་མགོ་ཐོ་རེ་བ་ཟིན་ཡོང་། དེ་ནས་མ་འབྱམས་མ་དྲེད་ཞུད་ཀྱིས་མ་ཁྱེར་བར་བསྒོམས་ན། ཟླ་བ་གསུམ་མམ་བཞི་ཚུན་ཆོད་ལ་རྨི་ལམ་ཟིན་ཅིང་བརྟན་པ་ཐོབ་པར་འོང་ངོ་། །ལར་མ་བསྒོམས་པས་ཀྱང་རྨི་ལམ་ལན་རེ་ཟིན་པ་འོང་སྟེ། དེ་འདྲ་སྟེས་དབང་ཙམ་ཡིན་གཏད་པ་ཅང་མེད། ཡང་དང་པོར་བསྒོམ་མ་ཐག་རང་དུ་ཟིན་པའང་ཡོང་སྟེ། རྐྱེན་གསར་ངེས་ཀྱིས་ཟིན་པ་ཟེར། རྗེས་ལ་མི་ཡོང་། དེ་འདྲས་ཟིན་པའི་གོ་མི་ཆོད། རྒྱུན་འཐུད་མི་ཐུབ། འདིར་དམིགས་པའི་སྟོབས་ཀྱིས་ཟིན་པ་དང་། འདུན་པའི་སྟོབས་ཀྱིས་ཟིན་པ་ཞིག་དགོས། དེ་འདྲས་ཟིན་ན་འདི་ལན་གཅིག་ཟིན་པའི་རྗེས་སུ་ཉམས་ལེན་མ་གཤོལ་ན་གོང་འཕེལ་དུ་སོང་ནས་སྟར་ཆགས་སུ་ཟིན་ཡོང་བ་ལ་དཀའ་ལས་མེད་པ་ཡིན་ནོ། །དམིགས་སྐོར་བཅུ་དགུ་པའོ།
།གཉིས་པ་གནད་འཆུགས་མེད་དགུ་ལ་བརྟེན་པ་ནི། དམིགས་པ་སྔ་མའི་སྤོགས་ཆོག་ཡིན་ཏེ། སྤྱིར་ནི་རང་ཟིན་ཐིག་ལེ་དབང་བཞིའི་གནད་ཉིད་ཤིན་ཏུ་ཟབ་པས། དེ་ཀས་རྨི་ལམ་ཟིན་དགོས་ཀྱང་དགོས་འོང་ཡང་འོང་། སྤོགས་ཆོག་འདི་དག་དགོས་པ་ཆེར་མི་འོང་། ཅི་སྟེ་ན། དམིགས་པ་སྔ་མ་འབད་པས་བསྒོམས་ཀྱང་ཟླ་ཤས་མ་ཟིན་ན། བོགས་འདོན་འདི་རྣམས་རིམ་གྱིས་བྱ་སྟེ། དེ་ལ་གནད་འཆུག་མེད་དགུ་ཞེས་བྱ་བ།
དུས་ཀྱི་གནད་གསུམ་ཐོ་རངས། ནམ་ལངས། ཉི་མ་རྩེ་ཤར་རོ། །ལུས་ཀྱི་གནད་གསུམ་ནི། སྐྱིལ་ཀྲུང་། ཙོག་པུ། སེང་གེའི་ཉལ་སྟབས་སོ། །དམིགས་པའི་གནད་གསུམ་ནི། རྟོག་མེད་ལ་བཟུང་བ་གཉིས་དང་། རྟོག་བཅས་ལམ་དུ་ཁྱེར་བའོ།
།དེ་ལྟར་དགུ་ལས། སྐབས་འདིར་དམིགས་པའི་གནད་གསུམ་མོ།
།དེ་ལ་དང་པོ་རྟོག་མེད་ལ་བཟུང་བ་དམིགས་པའི་གནད་རྒྱ་སྐྱེད་པ་ནི། དབུ་མ་ཡི་གེ་གཉིས་དང་བཅས་པ་གསལ་འདེབས་པ་སྔར་བཞིན། དེ་རྗེས་རླུང་རོ་བསལ། སྟེང་རླུང་ནང་དུ་བརྔུབས་པ་དང་ལྷན་ཅིག་ཧཾ་ལས་ཐིག་ལེ་དཀར་པོ་ཆད་དེ་སྙིང་གར་སླེབ། འོག་རླུང་ཡར་འཐེན་པས་ཧཱུྃ་ལས་ཐིག་ལེ་དམར་པོ་ཆད་དེ་སྙིང་གར་སླེབ།
རླུང་ཁ་སྦྱོར་དུ་བཟུང་སྐབས། ཐིག་ལེ་གཉིས་པོ་སྙིང་གར་འཁོར་བ་ལ་སེམས་གཏད། རྨི་ལམ་གྱི་འདུན་པ་བྱ། བུམ་དབང་ངོ་། །དེ་རྗེས་རླུང་ཕྱིར་བསལ་བའི་དུས་ཐིག་ལེ་དཀར་པོ་སྣ་བུག་གཡས་དང་། དམར་པོ་གཡོན་ནས་ཐོན་ཏེ། སྨིན་མཚམས་སུ་འཁོར་བ་ལ་སེམས་གཏད་དེ། རྨི་ལམ་གྱི་འདུན་པ་དྲག་ཏུ་བྱ། གསང་དབང་ངོ་། །ཐིག་ལེ་དེ་གཉིས་རང་གི་མདུན་ཐད་དུ་བབས་ཏེ། དཀར་པོ་དཔལ་འཁོར་ལོ་སྡོམ་པ་ཡབ་དང་། དམར་པོ་རྡོ་རྗེ་ཕག་མོར་གྱུར། ཁ་སྦྱོར་ལྷན་ཅིག་སྐྱེས་པའི་སྐུར་གྱུར་པ་ལ་སེམས་གཏད་དེ་རྨི་ལམ་གྱི་འདུན་པ་དྲག་ཏུ་བྱ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་།།ཡུམ་ཡབ་ལ་ཐིམ། དེ་ཡང་མཁའ་དབྱིངས་སུ་ཡལ་བར་བསམས་ཏེ། མི་རྟོག་པ་ལ་མཉམ་པར་བཞག །དབང་བཞི་པའོ། །དེ་ལས་ལངས་པ་ན་རྨི་ལམ་གྱི་འདུན་པ་དྲག་ཏུ་སྦྱང་། དེ་ཉིད་ཡང་ཡང་བསྐྱར་གྱིན་བསྒོམ།
ཐུན་མཚམས་ཀྱི་སྤྱོད་ལམ་སྔར་དང་འདྲ། མཚན་མོ་ཉལ་ཁར་མདུན་གྱི་ལྷན་སྐྱེས་ཡབ་ཡུམ་དབྱིངས་སུ་ཡལ་བ་དེ་ཀའི་ངང་དེར་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་དུ་འགྲོ་བར་བྱ། བར་སྐབས་སུ་གཉིད་སད་ན། དམིགས་པ་དེ་ཡོངས་རྫོགས་ཚར་རེ་བསྒོམ་ཐུབ་ན་ལེགས། མ་ཐུབ་ན་རྨི་ལམ་གྱི་འདུན་པ་རེ་བྱའོ།
།ནམ་སྨད་གཉིད་ཀྱི་ལྷག་མ་ཅུང་ཟད་རེ་ཡོད་པའི་སྐབས་དེར་གཉིད་སངས་ཏེ། ལུས་གནད་བཅས། སྔར་གྱི་དམིགས་པ་དེ་ཀ་ལ་འདུན་པ་དྲག་པོ་དང་བཅས་ནས་བསྒོམ།
དེ་རྗེས་དུས་གནད་གསུམ་པོ་གང་རུང་གཅིག་གི་དུས་སུ་སླེབ་པ་དང་། ལུས་གནད་གསུམ་པོ་གང་རུང་ཞིག་བཅས་ཏེ། དམིགས་པ་སྔར་གྱི་དེ་ཀ་རིམ་ཅན་དུ་བསྒོམས་ནས། མཐར་ཐམས་ཅད་ཡལ་བའི་ངང་ལ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། སྔར་ནས་དམིགས་པ་གོང་མ་རང་ཟིན་ཐིག་ལེ་དེ་བསྒོམས་པའི་གོམས་ཤུགས་ཆེ་བར་ཡོད་ན། ལན་གཅིག་པོ་དེ་ཀ་ལ་ཟིན་འོང་། གོམས་ཤུགས་ཧ་ཅང་ཆེ་བ་མེད་ཀྱང་ཞག་འགའ་རེར་ལན་འགའ་རེ་བསྐྱར་ན་ཟིན་འོང་ངོ་། །དམིགས་སྐོར་ཉི་ཤུ་པའོ།
།ཡང་ན་དམིགས་པའི་གཞི་མདོར་བསྡུས་པ་ལ་བསླབ་སྟེ། བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམ། རང་གི་སྙིང་གར་བླ་མ་སྐུ་དངོས་སམ། རྡོ་རྗེ་འཆང་དཀར་པོ། དེའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོ་འོད་ཀྱི་རང་བཞིན་ཅན་ཞིག་བསྒོམ། བླ་མ་ལ་མོས་གུས་དང་རྨི་ལམ་གྱི་འདུན་པ་གཉིས་ལྡན་དུ་བསྒོམས་ཏེ་ཡིད་ཀྱིས་གསོལ་བ་བཏབ།
ཧཱུྃ་ལས་འོད་འཕྲོས་སྣང་བ་ཐམས་ཅད་ཁྱབ། རྨི་ལམ་ཡིན་སྙམ་པ་བྱ། སྣང་བ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། བུམ་དབང་ངོ་། །རང་ཡི་དམ་དུ་གསལ་བ་ལ་རྨི་ལམ་གྱི་དྲན་འདུན་བྱ། དེ་འོད་དུ་ཞུ་ནས་སྙིང་གའི་བླ་མ་ལ་ཐིམ། གསང་དབང་ངོ་། །དེ་ལའང་རྨི་ལམ་གྱི་དྲན་འདུན་བྱ། བླ་མ་འོད་དུ་ཞུ་ནས་ཧཱུྃ་ལ་ཐིམ། ཤེར་དབང་ངོ་། །དེ་ནས་ཧཱུྃ་ཡང་འཇའ་ལྟར་ཡལ་བར་བསམ་ལ། དེ་ཀའི་ངང་བསྐྱང་། དབང་བཞི་པའོ། །དེ་ནས་རྨི་ལམ་གྱི་འདུན་པ་དྲག་ཏུ་སྦྱངས།
ཡང་དེ་ཉིད་བསྐྱར་གྱིན་ཐུན་གྲངས་དང་ཐུན་ཚད་མེད་པར་བསྒོམ་པ་ཡིན་ཏེ། ལག་ལེན་དེ་ལྟར་བསྒོམ་དགོས་སོ།
འཇག་བསམ་གཉིས་ཀར་གྱི་ཁྲིད་ཡིག་ལས། ཕྱི་སྣོད་བཅུད་རང་ལ་བསྡུ་བ་མི་གསལ་བ་དང་། ཉིན་མོའི་དམིགས་པ་ལ་འོད་གསལ་དུ་བསྡུ་བ་ཡང་མི་གསལ་བ་ནི། ལག་ལེན་ཅུང་ཟད་སྦས་པ་ཡིན་ལ། མཁས་གྲུབ་གཞོན་ནུ་གྲུབ་ནི། འོད་གསལ་བཟུང་བའི་སྐབས་ཀྱི་དམིགས་པ་བཞིན་རིམ་པས་སྤྲོ་བར་ཡང་བཞེད་དོ།
།དེ་གཉིས་ལ་རྟོག་མེད་ལ་བཟུང་བ་ཞེས་ཐ་སྙད་མཛད་པའི་རྒྱུ་མཚན་དངོས་སུ་ལས་ལ་སྦྱོར་བའི་སྐབས། དམིགས་པ་བསྡུས་ནས་གཉིད་དུ་འགྲོ་བའི་བར་ལ། རྣམ་རྟོག་གཞན་གྱིས་བར་མ་ཆོད་པ། བསམ་མེད་དུ་གནས་པ་ཞིག་དགོས་པའི་དོན་ཡིན་ནོ། །དམིགས་སྐོར་ཉེར་གཅིག་པའོ།
།གཉིས་པ་རྟོག་བཅས་ལམ་ཁྱེར་ནི། སྔོན་འགྲོ་སྔར་དང་འདྲ་བ་ལས། རང་གི་མགྲིན་པའི་རྩ་འདབ་བཞི། པདྨ་དམར་པོ་འདབ་མ་བཞི་པར་གྱུར་པའི་ལྟེ་བར་ཨོཾ་དམར་པོ་དེའི་འོད་དམར་པོས་མགྲིན་པའི་ཕྱོགས་ཐམས་ཅད་ཁྱབ་པར་བསྒོམ། རླུང་བུམ་ཅན་ནམ་འཇམ་རླུང་བཟུང་སྟེ། ཉིན་ཕྱེད་ཡན་ལ་བདག་ཅིས་ཀྱང་དོ་ནུབ་རྨི་ལམ་ཟིན་པར་བྱ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ། ཞེས་འདུན་པ་དྲག་པོ་བཏང་། ཉིན་ཕྱེད་མན་ཆད་ལ་ང་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་ཡིན་པར་འདུག་སྙམ་པའི་འདུན་པ་དྲག་ཏུ་བྱ། སྲོད་ཐུན་ལ་ད་ནི་མྱུར་དུ་རྨི་ལམ་འོང་བས་འདི་ཉིད་དུ་ངོ་ཤེས་པར་བྱེད་དགོས་སྙམ་པའི་འདུན་པ་གཏོད། དེ་ཡང་ད་ལྟའི་སད་དུས་ཀྱི་སྣང་བ་རགས་པ་འདི་ནུབ་གཉིད་འཐུག་པོ་རང་དུ་མ་སོང་བའི་བར་དེར། གཉིད་དང་སྣང་བའི་བར་གྱི་རྣམ་རྟོག་ཅེས་བྱ་བ། རྣ་བར་སྒྲ་ཙི་རོང་བའམ། ལུས་སྦྲིད་པ་སྙམ་དང་། ཐིབ་ཐིབ་ནོན་པའམ། སྨིན་མཚམས་སུ་སྦྲིང་སྦྲིང་བ་དང་དབུགས་ཐུམ་ཐུམ་པ་ལྟ་བུའི་ཉམས་ཀྱི་རྗེས་སུ། མི་ཁྱི་ལ་སོགས་པའི་འགྲོ་བ་དང་། ཁང་ཁྱིམ་དང་། ལམ་ཁ་ལ་སོགས་པའི་རྣམ་པ་སྲིབ་ཙམ་སྲིབ་ཙམ་འོང་བ། འོག་འགྱུ་ལས་ནི་གསལ། རྨི་ལམ་དངོས་ལས་ཅུང་མི་གསལ་བའི་སྣང་ཆ་སྲབ་སྲིབ་ཙམ་འབྱུང་བ་དེ་ལ་གཉིད་དང་སྣང་བའི་བར་གྱི་རྣམ་རྟོག་ཟེར་བ་ཡིན། སྐབས་འདིར་དེ་རྨི་ལམ་དུ་ངོ་ཤེས་པར་བྱེད་དགོས་སྙམ་དུ་འདུན་པ་དྲག་ཏུ་སྦྱང་། གནས་སྐབས་དེ་གསུམ་ལ་འདུན་པ་བསྒྱུར་བ་མ་གཏོགས་དམིགས་པ་འདྲ། དུས་གནད་གསུམ་དུ་ལུས་གནད་གསུམ་བཅས་ནས་འཛིན་ཚུལ་ཡང་གོང་དང་འདྲ་མོད། དམིགས་པའི་ཡུལ་སྟོང་པར་བསྡུས་ནས་འཇོག་པ་དེ་མི་བྱེད་པས། ཨོཾ་ཡིག་ལ་སེམས་གཏོད་ཅིང་། ད་ལྟ་རང་གཉིད་དང་སྣང་བའི་བར་གྱི་རྣམ་རྟོག་ཡོང་བ་འདི་ངོས་འཛིན་དགོས་སྙམ་པའི་འདུན་པ་ཤུགས་ཧ་ཅང་དྲག་པ་མིན་ཙམ་བསྟེན་པའི་སྒོ་ནས་གཉིད་དུ་འགྲོ་བར་བྱ། དེར་གཉིད་དང་སྣང་བའི་བར་གྱི་རྣམ་རྟོག་བྱུང་ན། འདི་ཀ་རྨི་ལམ་ཡིན་སྙམ་པའི་འདུན་པ་བག་ཙམ་བཏང་སྟེ། ཐུར་སེལ་ཅུང་ཟད་བསྐུམ་གསུང་། འོན་ཀྱང་བཅས་བཅོས་མང་ན་གཉིད་དེངས་འགྲོ་བས་འདུན་པ་བག་ཙམ་གྱི་ངང་ནས་གཉིད་དུ་འགྲོ་བར་བྱ། གཉིད་དང་སྣང་བའི་བར་གྱི་རྣམ་རྟོག་ངོས་འཛིན་ཅིང་། དེ་ཡང་འདུན་པ་རྟོག་བཅས་ཀྱིས་འཛིན་པས་རྟོག་བཅས་ལམ་ཁྱེར་ཅེས་བྱའོ། །འདི་རྨི་ལམ་མི་ཟིན་པ་མི་སྲིད་པའི་གདམས་པའོ་གསུང་།
འདིར་འཇག་བསམ་Serlingpa Tashi Pelགསེར་གླིང་པ་གསུམ་ཀར་གྱི་ཁྲིད་ཡིག་ལས། མགྲིན་པའི་ཨོཾ་གྱི་བཤད་པ་ཟུར་ཙམ་མཛད་ནས་ཆམས་ཏེ་བཞག །ཉིན་བར་གྱི་དམིགས་པ་སྔར་གྱི་དམིགས་པ་ཀ་བསྒོམ་གསུང་རྟོག་མེད་གཉིས་ལ་ཁ་འཕངས་ཚུལ་མཛད་པ་དང་། འཇག་ཆེན་གྱིས། ཡང་ན་དམིགས་པ་གཉིས་ཀྱི་བོགས་འདོན་དུ། དེ་གཉིས་རང་མི་སྒོམ་པར་རྨི་ལམ་གྱི་འདུན་པ་སྤྱི་ལྡོག་དེ་སྦྱོང་བར་གསུངས་པ་རྣམས་ཀྱིས་མན་ངག་ཞལ་ཤེས་ལ་ལྟོས་པའི་དབང་དུ་མཛད་པའོ། །དམིགས་སྐོར་ཉེར་གཉིས་པའོ།
།གཉིས་པ་རྨི་ལམ་སྦྱོང་བ་ནི། རྨི་ལམ་ཟིན་པ་ལ་བརྟན་པ་ཐོབ་ནས་རྨི་ལམ་སྦྱོང་བ་དགོས་པ་ཡིན་ཏེ། དེ་ཡང་རྨི་ལམ་འཛིན་པའི་དམིགས་པ་བོར་ནས། སྦྱོང་བ་ཁོ་ན་ལ་བསྒྲིལ་བའི་དབང་དུ་བྱས་པ་ཡིན། འཛིན་པའི་དམིགས་པ་མ་དོར་བར་སྟར་ཆགས་སུ་སྒོམ་གྱིན་ཡོད་ན། ནུབ་རེ་བཞིན་རྨི་ལམ་ལན་རེ་བཞིན་ཟིན་ཡོང་བའི་མཚམས་ནས་སྦྱོང་བའི་དམིགས་པ་ཡང་བསྒོམས་ཏེ། འཛིན་སྦྱོང་ཕྱོགས་གཅིག་ཏུ་བྱས་པས་ཆོག་གོ།
།དེ་ལ་བཞི་སྟེ། ལུས་ཀྱིས་སེམས་སྦྱང་བ། སེམས་ཀྱིས་ལུས་སྦྱང་བ། བདག་མེད་མས་སྦྱང་བ། འདུན་པས་སྦྱང་བའོ།
།དེ་ལ་དང་པོ་ནི། བླ་མའི་རྣལ་འབྱོར་ཡན་ཆད་རྨི་ལམ་བཟུང་བའི་སྐབས་དང་འདྲ་བ་ལས། རྨི་ལམ་འབྱོངས་པར་མཛད་དུ་གསོལ་ཞེས་འདོན་པ་བསྒྱུར། དེ་ནས་དམིགས་པ་དངོས་ནི། རང་ཉིད་གནས་པའི་འོག་ན། བྲག་ཕྱམས་ལྟ་བུ་གཡང་ས་ཤིན་ཏུ་ཆེ་བ་ཞིག་འདུག་པར་བསམ། རང་ཉིད་ཀྱང་གཡང་ས་དེའི་ཁ་མཚམས་མདའ་གང་ཙམ་གྱི་སྟེང་གི་ནམ་མཁའ་ལ་འདུག་པར་བསམ། དེ་ནས་མར་བལྟས་པས་ཡང་ཏིང་གིས་འབྱུང་། དེ་ཙ་ན་ང་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་སྣང་བ་ལ་སྐྲག་རྒྱུ་ཅི་ཡོད་སྙམ་སྟེ། ཆད་ཀྱིས་ལྷུངས་སུ་བཅུག །ས་ལ་ཏོབ་སྟེ་མ་ལྷུངས་ཙམ་ལ་དེ་ཉིད་དུ་ཡལ་བར་བསམ་པའམ། ཡང་ན་ཡར་ལ་ཡེ་རེ་རེ་འཕུར་ནས་འོངས་ཏེ། གཡང་གི་ཁར་སྔར་བཞིན་འདུག་པར་མོས། ཚུལ་དེ་ལྟ་བུ་ཡང་ཡང་སྦྱོང་། དམིགས་པ་འདི་ལ་རང་ཡི་དམ་དུ་གསལ་བ་དང་། ཐ་མལ་གྱི་རྣམ་པས་སྦྱོང་བ་གཉིས་ཀས་རུང་བས་ངེས་མེད་དུ་བསྒོམ། ཡང་གཡང་སའི་རྩེར་ལུས་གཅིག་བཞག་ནས། དེ་ལས་འོད་ཀྱི་ཐག་པ་དང་འབྲེལ་བའི་ལུས་གཅིག་འབབ་འཛེག་བྱེད་པར་ཡང་བཤད་དེ། ཞལ་ཁྲིད་ལ་འདི་མི་གསུང་། དམིགས་སྐོར་ཉེར་གསུམ་པའོ།
།གཉིས་པ་སེམས་ཀྱིས་ལུས་སྦྱོང་བ་ནི། སྔོན་འགྲོ་གོང་དང་འདྲ། རང་ཡི་དམ་གྱི་སྐུར་གསལ་བའི་སྒོ་དགུ་རུ་ཧཱུྃ་ཡིག་སྔོན་པོ་འོད་ཀྱི་རང་བཞིན་ཆེན་པོ་རེ་དང་། བ་སྤུའི་བུ་ག་ཐམས་ཅད་དུ་ཧཱུྃ་སྔོན་པོ་འོད་འཚེར་བ་ཕྲ་མོ་དཔག་ཏུ་མེད་པས་གོ་མཚམས་མེད་པར་ཁྱབ། ཧཱུྃ་ཐམས་ཅད་མགོ་བོ་ནང་དུ་ལྟ་བའོ། །རྨི་ལམ་གྱི་འདུན་པ་དྲག་ཏུ་སྦྱང་། ཧཱུྃ་ཐམས་ཅད་ལས་འོད་ཟེར་སྔོན་པོ་དྭངས་གསལ་འོད་ཀྱི་ཐག་པ་བཏང་བ་བཞིན་དུ་སྔོ་ཏ་ལ་ལ་ལུས་ཀྱི་ནང་དུ་འཕྲོས། འོད་རྣམས་འདུས་ཤིང་འདུས་ཏེ་གཅིག་ཏུ་འདྲེས། ལུས་ཀྱི་ཕྱི་ནས་ཀྱང་གཡོགས། ལྷའི་རྣམ་པ་ཡལ་ཏེ་ཐམས་ཅད་འོད་ཀྱི་གོང་བུ་གཅིག་ཏུ་སོང་། ཡང་རྨི་ལམ་གྱི་འདུན་པ་དྲག་ཏུ་སྦྱང་། འོད་ཀྱི་གོང་བུ་དེ་མཐའ་ནས་རིམ་གྱིས་ཡལ། ཇེ་ཕྲ་ཇེ་ཕྲ་ལ་ཁུ་ཚུར་ཙམ། མཐེ་བོང་ཙམ། སྲན་ཆུང་ཙམ། ཡུངས་འབྲུ་ཙམ། མཐར་དེ་ཡང་མི་དམིགས་པར་སྦྱངས་ཏེ། སེམས་རྟོག་མེད་ལ་མཉམ་པར་བཞག །ཡང་རྣལ་རྟོག་སྐྱེས་ན་རྨི་ལམ་གྱི་འདུན་པ་དྲག་ཏུ་སྦྱང་ངོ་། །དམིགས་སྐོར་ཉེར་བཞི་པའོ།
།གསུམ་པ་བདག་མེད་མས་སྦྱོང་བ་ནི། གཞན་སྔར་ལྟར་ལས། དངོས་གཞི་ནི། རང་འཁོར་ལོ་སྡོམ་པ་ཡབ་རྐྱང་དུ་གསལ་བའི་མདུན་དུ་རྡོ་རྗེ་བདག་མེད་མ། སྐུ་མདོག་སྔོན་མོ་གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཛིན་པ། ལང་ཚོ་དང་བདེ་བ་རྒྱས་པ་ཞིག་བསྒོམ། སྐུ་དེ་ཆེ་ན་མདའ་གང་ཁྲུ་གང་ཙམ། ཆུང་ན་སོར་བཞིའམ་མཐེ་བོང་ཙམ། དེ་དག་གི་བར་གང་བདེ་ཡིན། དེའི་གསང་བར་ཨོཾ་ཨ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཡིག་འབྲུ་གསལ་བར་བསྒོམ། རྨི་ལམ་གྱི་དྲན་འདུན་དྲག་པོའི་ངང་ནས། སྔགས་དེ་ལན་ཉེར་གཅིག་སོགས་ཅི་རིགས་པར་བཟླས་པས། དེ་ལས་འོད་ཟེར་སྔོན་པོ་སྔོ་ཏལ་གྱིས་བྱུང་། རང་ཧེ་རུ་ཀར་གསལ་བའི་སྐུ་ལ་ཕོག་པས། རང་ཉིད་ལྷ་སྐུ་སྔར་ལས་ཀྱང་སྔོ་ཞིང་དྭངས་པ། གསལ་བ་ཞིག་ཏུ་སོང་། ལུས་ཐམས་ཅད་བདེ་བས་ཁྱབ་པར་བསམ། ཡང་རྨི་ལམ་གྱི་འདུན་པ་དང་བཅས་ནས། བདག་མེད་མའི་སྐུ་ལ་སེམས་གཏད་པས། བདག་མེད་མ་དེ་ཉིད་འོད་ཟེར་སྔོན་པོ་ཉམས་བདེ་བ་དང་ལྡན་པ་ཞིག་ཏུ་ལྟེམ་གྱིས་ཞུ། རང་ཉིད་ཧེ་རུ་ཀའི་སྐུར་གསལ་བའི་གསང་བའི་སྒོ་ནས་ཞུགས། འོད་དེས་སྐུ་ལུས་ཀྱི་ནང་ཐམས་ཅད་ཁྱབ། སྔར་ལས་ཀྱང་སྔོ་ཞིང་དྭངས་ལ་གསལ་བར་སོང་། ལུས་སེམས་ཐམས་ཅད་བདེ་བས་གང་བར་མོས། དེ་ཉིད་ཇེ་དྭངས་ཇེ་དྭངས་ལ་ནམ་མཁའ་ལ་འདྲེས་ཤིང་ཐིམ་པར་བསམ། དེར་ཅུང་ཟད་བཞག་སྟེ། ཡང་རྨི་ལམ་གྱི་འདུན་པ་དྲག་ཏུ་སྦྱོང་བ་སོགས་སྔར་བཞིན། དམིགས་པ་འདི་ལ་མཁས་གྲུབ་རྒྱལ་མཚན་འབུམ་ནི་རང་གི་དབང་པོའི་རྩེ་ལ་ཧཱུྃ་བསྒོམ་གསུང་བ་ཡོད་ཀྱང་། ཞལ་ཁྲིད་ལ་དེ་མི་མཛད། སུ་ཁའི་འདྲེས་ཤོར་རམ་གསུང་ངོ་། །དམིགས་སྐོར་ཉེར་ལྔ་པའོ།
།བཞི་པ་འདུན་པས་སྦྱང་བ་ནི། བླ་མའི་རྣལ་བྱོར་ཡན་ཆད་སྔོན་འགྲོ་སྔར་བཞིན། འདི་ལ་ནི་དམིགས་པའི་གཞི་གཅིག་ཏུ་ངེས་པ་མེད་དེ། འདུན་པ་ཁོ་ནས་རྩལ་ངེས་མེད་དུ་སྦྱོང་བས་ན་འདུན་པས་སྦྱོང་བའོ། །དེ་ཡང་ངའི་ལུས་ན་ཚ་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་མལ་ན་ཡོད་པར་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བ་ཡིན། ལུས་འདི་ཡང་རྨི་ལམ་གྱི་ཡིད་ལུས་ཡིན། རྨི་ལམ་གྱི་སྣང་བ་དང་། ཡིད་ཀྱི་ལུས་ལ་ཅི་སྦྱངས་སྦྱངས་སུ་འགྲོ་བ་ཡིན་སྙམ་པའི་འདུན་པ་དྲག་པོ་རྒྱུན་ཆགས་སུ་བྱས་ནས། རང་གི་མདུན་ན་འདུག་པའི་ཀ་བ་གྱང་རྩིག་པ་ཐོག་ཕིབས་སོགས་ལ་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་ཐོགས་མེད་དུ་སྦྱང་། གཞན་ཡང་དཀར་ཁུང་ཕྲ་མོ་ལ་འཛུལ་བ་སོགས་དང་། གཡང་ས་དང་། ཆུ་དང་། མེ་དང་། གཅན་གཟན་སོགས་ལ་ཐོག་བརྫི་བྱེད་པ་དང་། ནམ་མཁའ་ལ་འཕུར་བ་དང་། ས་ལ་འཛུལ་བ་དང་། ཆུའི་སྟེང་ནས་འཆག་པ་སོགས་མདོར་ན་ཅི་དྲན་དྲན་གྱི་ཚུལ་གྱིས་སྦྱངས་པས་ཆོག་པ་ལས། ཁྱད་པར་དུ་རྣམ་རྟོག་ཆོམས་དཀའ་བའི་རིགས་འཛིན་ཆགས་ཀྱི་དངོས་པོ་དང་། འཇིགས་སྐྲག་དང་། ཡ་ང་དང་། ངོ་ཚ་དང་། སྐྱུག་བྲོ་སྐྱེ་བའི་རིགས་རྣམས་ལ། རེས་འགའ་ཐུག་ཕྲད་དུ་ཐོག་བརྫི་བྱ། རེས་འགའ་སྒྱུ་མ་རྨི་ལམ་གྱི་འདུན་པས་བཟའ་གཏད་མེད་པར་བྱ། རེས་འགའ་ཉམ་ང་མེད་པར་ཟློག་སྒོམ་བྱ། རེས་འགའ་སྐད་ཅིག་གཅིག་ལ་ཐོགས་མེད་དུ་བཅོམ་མོ། །དམིགས་སྐོར་ཉེར་དྲུག་པའོ།
།ལུས་ཀྱིས་སེམས་སྦྱོང་བ་རྨི་ལམ་རྩལ་སྦྱོང་ཡིན། སེམས་ཀྱིས་ལུས་སྦྱོང་བ་འོད་གསལ་དང་བསྲེ་བ་ཡིན་པས་ཕྲུགས་གཅིག་ཚང་། བདག་མེད་མས་སྦྱོང་བ་འོད་གསལ་དང་བསྲེ་བ་ཡིན། འདུན་པས་སྦྱོང་བ་རྩལ་སྦྱོང་ཡིན་པས་རྨི་ལམ་སྦྱོང་ཚུལ་གནད་ཕྲུགས་གཅིག་དེ་ལ་ཚང་བས། གང་ཟག་གཅིག་གིས་དེ་གཉིས་གང་རུང་རེ་བསྒོམ་པར་བྱའོ།
།གསུམ་པ་རྨི་ལམ་སྤེལ་བ་ལ། ཐུགས་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བ་གཉིས།
དང་པོ་ལ་ཡང་འབྱུང་བཞི་ཕྲ་རགས་ལ་སྤེལ་བ་དང་། སེམས་ཅན་ཕྲ་རགས་ལ་སྤེལ་བ་གཉིས།
དང་པོ་ནི། སྔོན་འགྲོ་སྔར་དང་འདྲ་བ་ལས། རྨི་ལམ་སྤེལ་ནུས་པར་བྱིན་གྱིས་རློབས་ཞེས་མཐའ་བསྒྱུར་ལ་གསོལ་བ་བཏབ། དེ་ནས་དཔེར་མཚོན་ན། རང་གི་མདུན་དུ་སའི་གོང་བུ་ཞིག་མཐོང་གིན་འདུག་ན། ང་གཉིད་དུ་སོང་འདུག །འདི་རྨི་ལམ་གྱི་ས་ཡིན་པར་འདུག །ཅི་སྤེལ་བ་དེར་འགྲོ་སྙམ་ནས། གཉིས་སུ་སྤེལ་སྙམ་ཙ་ན་གཉིས་སུ་སོང་། དེ་བཞིན་དུ་ཐོག་མ་རེ་ཞིག་གསུམ་ནས་བཅུ་ལ་སོགས་པའི་བར་དུ་སྤེལ། ཡང་རིམ་པས་བསྡུས་པས་རྩ་བའི་གཅིག་པུར་སོང་། མཐར་རིམ་པས་བསླབས་ཤིང་སྦྱངས་པས། གང་འདོད་འདོད་དུ་སྤེལ་ཡང་ནུས་རྩ་བའི་ས་གཅིག་པུ་ལ་བསྡུ་བར་ཡང་ནུས་པ་འབྱུང་ངོ་། །དེ་ཡང་ཉིན་པར་དམིགས་པ་འདི་ཡང་ཡང་བསྒོམས་པས། མཚན་མོ་རྨི་ལམ་ཟིན། སྤེལ་བའི་དམིགས་པ་འདི་དྲན་ནས་བསྒོམས་ཀྱང་། ཁ་ཅིག་ལ་ཐོག་མར་སྤེལ་བ་དང་། བསྡུ་བ་མི་འབྱུང་བ་ཡང་ཡོད་དེ། ཡང་འདུན་པ་དྲག་པོས་བསྒོམས་ནས། ཞག་ཤས་ནས་ཅུང་ཟད་སྤེལ་ཐུབ་པར་འོང་། དེ་ནས་རིམ་པས་ཇེ་བཟང་དུ་འགྲོ། འགའ་ཞིག་ལ་ཐོག་མ་ཉིད་ནས་སྤེལ་ནུས་པའང་ཡོང་། འདིར་མ་ཟད་སྤྲུལ་བསྒྱུར་ལ་ཡང་དེ་དང་འདྲ། དང་པོ་སའི་གོང་བུ་ལྟ་བུ་གཅིག་ལ་གོམས་པར་བྱས་ནས། སྤྲོ་བསྡུ་ཐུབ་པ་ན། དེ་ནས་གཞན་ལའང་རིམ་གྱིས་བསླབ་སྟེ། ས་ཁམས་རགས་པ་རི་ལྟ་བུ་ནས། ཕྲ་བ་རྡེའུའམ་ས་རྡུལ་གྱི་བར་ལ་བསླབ། ཆུ་ཁམས་རགས་པ་ཆུ་བོ་དང་། མཚོ་ལ་སོགས་པ་ནས་ཕྲ་བ་ཆུ་ཐིགས་ཀྱི་བར་ལ་བསླབ། མེ་ཁམས་རགས་པ་མེ་དཔུང་ཆེན་པོ་ནས་ཕྲ་བ་མེ་སྟག་གི་བར་ལ་བསླབ། རླུང་ཁམས་རགས་པ་རླུང་འཚུབ་ཆེན་པོ་ནས། ཕྲ་བ་སྲོག་ཆགས་ཕྲ་མོའི་དབུགས་འགྱུ་བ་ཚུན་ཆད་ལའང་བསླབ། འདིར་འབྱུང་བཞི་ཞེས་པ་བེམ་ཆོས་སེམས་མེད་ཐམས་ཅད་ལ་ཟེར་བ་ཡིན་ཏེ། ཕྱི་སྣོད་ཀྱིས་བསྡུས་པ་ཐམས་ཅད་ལ་སྦྱོང་བ་ཡིན། དམིགས་སྐོར་ཉེར་བདུན་པའོ།
།གཉིས་པ་སེམས་ཅན་ཕྲ་རགས་ལ་སྦྱང་བ་སྟེ། སྔོན་འགྲོ་གོང་དང་འདྲ། རང་གི་མདུན་དུ་ཐུག་ཕྲད་དུ་མི་ལྟ་བུ་ཞིག་མཐོང་ན། ང་གཉིད་དུ་སོང་འདུག །འདི་རྨི་ལམ་གྱི་སྣང་བའི་མིར་འདུག །ཅི་སྤེལ་སྤེལ་ཡིན་སྙམ་པ་དང་། གཅིག་གཉིས་གསུམ་ནས་བཅུའི་བར་དུ་སྤེལ་ཞིང་། གོང་བཞིན་བསྡུ་བ་སོགས་བྱ། དེས་མཚོན་པའི་རྟ་གླང་སོགས་སེམས་ཅན་དངོས་སུ་མཐོང་བ་ཐམས་ཅད་ལ་བསླབ་སྟེ། རགས་པ་རྟ་གླང་ལ་སོགས་པ་ནས་ཕྲ་བ་འབུ་སྲིན་ཕྲ་མོའི་བར་ལ་བསླབ་བོ། །དམིགས་སྐོར་ཉེར་བརྒྱད་པའོ།
།གཉིས་པ་གང་འདུལ་ལ་བསླབ་པ་ལ། འཇིག་རྟེན་པའི་གང་འདུལ་དང་། འཇིག་རྟེན་ལས་འདས་པའི་གང་འདུལ་གཉིས།
དང་པོ་འཇིག་རྟེན་པའི་གང་འདུལ་དུ་སྤེལ་བ་ནི། གཙོ་བོར་སྲོག་ཆགས་ཀྱི་གཟུགས་ལ་སྦྱོང་བ་ཡིན། མེ་ཆུ་སོགས་སེམས་མེད་ལ་ཡང་སྦྱོང་ནི་སྦྱོང་བ་ཡིན་ཏེ་མེ་ཡི་གཉེན་པོར་ཆུ་སྤེལ་སྤྲུལ་བྱེད་པ་ལྟ་བུའོ། །དཔེར་ན། མདུན་དུ་བྱི་བ་ལྟ་བུ་ཞིག་མཐོང་ན། འདི་རྨི་ལམ་གྱི་བྱི་བ་ཡིན། འདི་ལ་འདུལ་བྱེད་ཅིག་སྤེལ་དགོས་སྙམ་པ་བྱས་ཏེ། དེར་བྱི་ལ་ཞིག་བྱུང་། དེས་བྱི་བ་དེ་བཏུལ་བར་བསམ། དེ་ནས་ཅི་སྤེལ་སྤེལ་ཡིན་སྙམ་པས། བྱི་ལ་མང་པོར་སྤེལ་ནས་འདུལ་བའི་དམིགས་པ་བྱེད་པའོ། །དེ་བཞིན་དུ་བྱེའུ་ལ་ཁྲ་ལྟ་བུ་དང་། ཁྱི་ལ་སྤྱང་ཀུ། གཅན་གཟན་གཞན་ལ་སྟག་དང་། སྟག་ལ་སེང་གེ་དང་། སེང་གེ་ལ་མེ་དཔུང་། མེ་ལ་ཆུ། མི་ལ་སྲིན་པོ་སོགས་ལ་ཡང་སྦྱང་བར་བྱའོ། །དམིགས་སྐོར་ཉེར་དགུ་པའོ།
།གཉིས་པ་འཇིག་རྟེན་ལས་འདས་པའི་གང་འདུལ་དུ་སྤེལ་བ་ནི། རང་ངམ་གཞན་ལ་གདོན་གྱི་གནོད་བྱེད་ཡོད་ན། རང་གི་མདུན་དུ་ཁྲོ་བོའི་རྒྱལ་པོ་གཅིག་བྱུང་ནས། དེས་གནོད་བྱེད་ཀྱི་གདོན་དེ་ཞགས་པས་འཆིང་བ་དང་། ཞགས་ཀྱིས་གནོན་པ་དང་། མཚོན་ཆས་གཏུབ་པ་དང་། མེ་རིས་སྲེག་པ་དང་། སྔགས་ཀྱི་སྒྲ་དྲག་པོ་བསྒྲགས་པས་སྐྲག་ནས་དྲན་མེད་དུ་བརྒྱལ་བར་བྱེད་པ་སོགས་ཐབས་སྣ་ཚོགས་ཀྱིས་སླར་ལྡངས་ཐེས་མེད་པར་བཅོམ་པར་བསམ། ཡང་ཁྲོ་བོ་དེ་ལྟ་བུ་མང་པོར་སྤེལ་བས་ཀྱང་འདུལ་བར་བསམ། དེ་ལ་ཡེ་ཤེས་ཁྲོ་བོ་གང་གིས་ཀྱང་། གདོན་རིགས་ཐམས་ཅད་འདུལ་བར་ནུས་མོད་དེ། གཙོ་ཆེ་བའི་གང་འདུལ་གྱི་དབང་དུ་བྱས་ན། རྒྱལ་པོ་དང་བཙན་འདུལ་བ་ལ་རྟ་མགྲིན། སྟེང་གདོན་ལ་ཕྱག་ན་རྡོ་རྗེ། ས་བདག་ཀླུ་གཉན་སྤྱི་ལ་བྱ་ཁྱུང་། ཀླུ་སྲིན་ལ་འཇམ་དཔལ་ནཱ་ག་རཀྵ། བདུད་ཀྱི་བར་ཆད་ལ་མི་གཡོ་བ། རྦོད་གཏོང་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ། གདོན་སྤྱི་ལ་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་བསྔགས་ཞེས་གསུང་ངོ་། །དམིགས་སྐོར་སུམ་ཅུ་པའོ།
།བཞི་པ་རྨི་ལམ་སྤྲུལ་པའི་གདམས་ངག་ལ། ཐུག་ཕྲད་དུ་སྤྲུལ་པ་དང་། གང་འདུལ་དུ་སྤྲུལ་པ་གཉིས།
དང་པོ་ཐུག་ཕྲད་དུ་སྤྲུལ་པ་ལ་དབྱེ་ན། འབྱུང་བཞི་ཕྲ་རགས་སུ་སྤྲུལ་པ་དང་། སེམས་ཅན་ཕྲ་རགས་སུ་སྤྲུལ་པ་གཉིས་སོ།
།དང་པོ་ནི། སྔོན་འགྲོའི་སྐབས་རྨི་ལམ་སྤྲུལ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མཐའ་བསྒྱུར་ནས་གཞན་གོང་དང་འདྲ། རང་གི་མདུན་དུ་སའི་གོང་བུ་ལྟ་བུ་ཞིག་མཐོང་ན། ང་གཉིས་དུ་སོང་འདུག །སར་སྣང་བ་འདི་རྨི་ལམ་གྱི་སར་འདུག །ང་རང་ཡང་འདི་དང་འདྲ་བར་སའི་གོང་བུར་སྤྲུལ་དགོས་སྙམ་འདུན་པ་བཏང་ཞིང་། དེ་མ་ཐག་ཏུ་རང་ཉིད་སའི་གོང་བུ་དེ་འདྲ་བ་ཞིག་ཏུ་སོང་། རྨི་ལམ་རང་ཡིན་སྙམ་དུ་ཅུང་ཟད་བསྒོམས། ཡང་དེ་འཕྲོ་བཅད་ནས་གཞན་ལ་མིག་གཏད་ཡེངས་སུ་བཅུག་སྟེ། རྨི་ལམ་གྱི་འདུན་པ་དྲག་པོ་བྱ། དེ་ལྟ་བུ་ཡང་ཡང་བསྐྱར་ཟློས་བྱེད་ཀྱིན་བསྒོམ་མོ། །དེས་མཚོན་ནས་འབྱུང་བཞི་ཕྲ་རགས་གཞན་ཐམས་ཅད་ལ་ཡང་སྦྱར་ཏེ། དམིགས་སྐོར་སོ་གཅིག་པའོ།
།གཉིས་པ་སེམས་ཅན་ཕྲ་རགས་སུ་སྤྲུལ་པ་ཡང་སྔ་མ་རྣམས་ཀྱིས་རིགས་འགྲེ། རང་གི་མདུན་དུ་མི་གཅིག་མཐོང་ན། ཨེ་མ་འདི་རྨི་ལམ་གྱི་མིར་འདུག །བདག་ཀྱང་འདི་ལྟ་བུ་གཅིག་སྤྲུལ་དགོས་སྙམ་པས། དེ་མ་ཐག་རང་ཉིད་ཀྱང་དེ་འདྲ་བར་སོང་བར་བསམ། རྨི་ལམ་གྱི་འདུན་པ་དང་བཅས་ཏེ་ཅུང་ཟད་སེམས་བཟུང་། ཡང་འཕྲོ་བཅད་དེ་རྨི་ལམ་ཡིན་སྙམ་པ་བྱེད། དེ་ལྟ་བུ་ལ་བསྐོར་ཟློག་བྱའོ། །སྲོག་ཆགས་གཞན་ལ་སྦྱོར་ཚུལ་ཡང་གོང་དང་འདྲ། དམིགས་སྐོར་སོ་གཉིས་པའོ།
།གཉིས་པ་གང་འདུལ་དུ་སྤྲུལ་པ་ལ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཡོད།
དང་པོ་ནི། གཞན་སྔར་དང་འདྲ་བ་ལས། རང་གི་མདུན་དུ་བྱི་བ་ལྟ་བུ་ཞིག་མཐོང་ན། འདི་རྨི་ལམ་གྱི་བྱི་བར་འདུག །འདི་འདུལ་དགོས་དེ་ལ་བདག་བྱི་ལར་སྤྲུལ་པར་བྱ་སྙམ་པས། རང་ཉིད་དེ་མ་ཐག་བྱི་ལར་སོང་། བྱི་བ་དེ་ལྷག་མེད་དུ་བཅོམ་པར་བསམ། དེས་གཞན་རྣམས་ལ་ཡང་རིགས་འགྲེ། དམིགས་སྐོར་སོ་གསུམ་པའོ།
།གཉིས་པ་འཇིག་རྟེན་འདས་པའི་གང་འདུལ་ནི། རང་ངམ་གཞན་གྱི་དོན་དུ་བདག་ཉིད་རྟོག་དཔྱོད་ཡོད་པའི་འདྲེ་གདོན་དེ་མདུན་དུ་འདུག་པར་བསམ། འདི་རྨི་ལམ་གྱི་འདྲེ་གདོན་ཡིན། འདུལ་དགོས་སྙམ་དུ་རང་སྐད་ཅིག་གིས་ཁྲོ་བོ་ཆེན་པོར་གྱུར་ནས། ཞགས་པས་འཆིང་བ་དང་། བཅོམ་བརྡེག་བྱེད་པ་སོགས་གོང་བཞིན་འདུལ་ཐབས་བྱས་པས་ལྷག་མ་ཙམ་ཡང་མེད་པར་བརླག་པར་བྱས། རྨི་ལམ་རང་ཡིན་ཨང་། དངོས་པོར་གྲུབ་པ་ནི་ཅུང་ཟད་ཀྱང་མེད་སྙམ་པ་བྱ། དེ་ལྟར་ཡང་ཡང་བསྐྱར་རོ། །གཞན་གོང་སྤེལ་བའི་སྐབས་བཞིན་ནོ། །དེ་ལ་སྤེལ་བ་ནི་མདུན་དུ་ཡོད་པ་དེ་སྤེལ་བ་ཡིན། སྤྲུལ་པ་ནི་རང་ཉིད་སྤྲུལ་པ་ཡིན་ཏེ། དེ་ཡང་ཕལ་ཆེར་ལ་སྤེལ་བ་ནི་ཅུང་ཟད་བླ་ཞིང་དེ་ལས་སྤྲུལ་པ་ཅུང་ཟད་དཀའ་བས། སྤེལ་བ་སྔོན་དང་། སྤྲུལ་པ་རྗེས་སུ་བསྟན་པ་ཡིན་ནོ། །དེར་མ་ཟད་འཇིག་རྟེན་འདས་པའི་གང་འདུལ་གྱི་སྐབས། ཐོག་མར་དམིགས་པ་མ་འབྱོངས་པའི་དུས་ན། རྨི་ལམ་རང་དུ་རང་ཉིད་སྤྲུལ་ཐུབ་ཀྱང་ཕ་རོལ་པོ་དེ་མི་ཐུལ་བ་ལ། ཁྲོ་བོ་གཅིག་མདུན་དུ་བྱོན་ནས་བཏུལ་ན་ཐུལ་བ་ཞིག་འོང་། དེའི་རྒྱུ་མཚན་རང་ལ་མི་ཐ་མལ་དང་གཅེས་འཛིན་གྱི་བག་ཆགས་ཡོད་པས། རང་ཕམ་དོགས་ཀྱི་ཉམ་ང་ཡོད། མདུན་གྱི་ལྷ་ལ་དེ་ལྟ་བུ་མེད་པའི་རྒྱུ་མཚན་གྱིས་ཡིན་གསུང་། དམིགས་སྐོར་སོ་བཞི་པའོ།
།ལྔ་པ་རྨི་ལམ་བསྒྱུར་བའི་གདམས་ངག་ལ། འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ། སེམས་ཅན་ཕྲ་རགས་སུ་སྒྱུར་བ། ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ། སྣང་སྟོང་ཞེན་བྲལ་དུ་བསྒྱུར་བ་སྟེ་བཞི་ལས།
དང་པོ་ནི། རྨི་ལམ་བསྒྱུར་ནུས་པ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མཐའ་བསྒྱུར། གཞན་སྔོན་འགྲོ་ལ་ཁྱད་མེད། ཕྱི་མ་གསུམ་ལའང་དེས་རིགས་འགྲེ། རང་གི་མདུན་དུ་བུམ་པ་ལྟ་བུ་ཞིག་འདུག་ན། ང་གཉིད་དུ་སོང་བར་གདའ། བུམ་པར་སྣང་བ་འདི་ཡང་རྨི་ལམ་དུ་གདའ། རྨི་ལམ་གྱི་བུམ་པ་ལ་གང་བྱས་བྱས་ཡིན་ཅི་བསྒྱུར་བསྒྱུར་ཡིན་སྙམ་པའི་འདུན་པ་ཤུགས་དྲག་པོས་བུམ་པ་འདི་མེ་ཐབ་ཏུ་བསྒྱུར་དགོས་སྙམ་ཙ་ན་མེ་ཐབ་ཏུ་སོང་། དེ་ཀ་བར་བསྒྱུར་སྙམ་པ་ན་ཀ་བར་སོང་། དེ་དག་ལ་སོགས་པ་གང་དྲན་དྲན་དུ་ངོ་བོ་ཚད་དབྱིབས་གྲངས་ཁ་དོག་ངེས་མེད་དུ་བསྒྱུར། དེ་ལྟར་བུམ་པ་ལྟ་བུ་ཞིག་སྣ་ཚོགས་སུ་བསྒྱུར་ཐུབ་ནས། ས་ཆུ་མེ་རླུང་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སོགས་ནང་ཕན་ཚུན་རྣམ་པ་སྣ་ཚོགས་སུ་བསྒྱུར་ཚུལ་ཟད་པ་མེད་པ་ལ་བསླབ་བོ། །དམིགས་སྐོར་སོ་ལྔ་པའོ།
།གཉིས་པ་སེམས་ཅན་ཕྲ་རགས་སུ་བསྒྱུར་བ་ཡང་དེས་རིགས་འགྲེ། རང་གི་མདུན་དུ་མི་ལྟ་བུ་ཞིག་མཐོང་ན། འདི་རྨི་ལམ་གྱི་མི་ཡིན། ཅི་བསྒྱུར་བསྒྱུར་ཡིན། གང་བསམས་བསམས་ཡིན་སྙམ་པས་དེ་རྟ་རུ་བསྒྱུར་སྙམ་ཙ་ན་རྟ་རུ་སོང་། དེ་ཡང་གླང་པོ་ཆེར་བསྒྱུར། དེ་ཡང་བ་ལང་རྔ་མོང་ལ་སོགས་པར་བསྒྱུར་ཏེ། དེ་ཡང་མི་དང་དུད་འགྲོ་སྲོག་ཆགས་ནང་ཕན་ཚུན་རྣམ་པ་སྣ་ཚོགས་པར་བསྒྱུར་རོ།
།འབྱུང་བཞི་དང་སེམས་ཅན་དུ་བསྒྱུར་བའི་སྐབས་འདི་དག་ཏུ་ཁ་དོག་མ་ངེས་པ། དབྱིབས་མ་ངེས་པ། ཚད་མ་ངེས་པ། གྲངས་མ་ངེས་པ་སྣ་ཚོགས་པར་བསྒྱུར་བའང་དགོས་སོ། །དམིགས་སྐོར་སོ་དྲུག་པའོ།
།གསུམ་པ་ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ་ནི། གཞན་རྣམས་སྔར་དང་འདྲ་བ་ལས། བདེན་མེད་དང་རྨི་ལམ་གྱི་འདུན་པ་དྲག་པོའི་ངང་ནས། རང་ཉིད་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་གསལ་པོར་བསྒོམ། ག་རེ་ང་གཉིད་དུ་སོང་འདུག །ལྷ་སྐུར་སྣང་བ་འདི་ཡང་རྨི་ལམ་དུ་འདུག །གང་བསྒྱུར་བ་དེར་འགྲོ་སྙམ་པས། རང་ཉིད་བདེ་མཆོག་དགྱེས་མཛད་དུ་བསྒྱུར་དགོས་སྙམ་པ་ན། དགྱེས་མཛད་དུ་སོང་། དེ་ཡང་གསང་འདུས་སུ། དེ་མ་ཧཱ་མཱ་ཡ་རུ། དེ་རྡོ་རྗེ་འཇིགས་བྱེད་དུ་བསྒྱུར་བ་སོགས་ཡི་དམ་ལྷའི་ངོ་བོ་སྣ་ཚོགས་སུ་བསྒྱུར། དེ་བཞིན་དུ་ལྷ་གཅིག་ཀྱང་སྐུ་མདོག་མ་ངེས་པ་སྣ་ཚོགས་སུ་བསྒྱུར་ཏེ། དཀར་པོ་སྔོན་པོ་དང་། དེ་དམར་པོར་བསྒྱུར་བ་ལ་སོགས་པ་དང་། དེ་བཞིན་དུ་ཞལ་ཕྱག་མ་ངེས་པ་སྣ་ཚོགས་སུ་བསྒྱུར་ཏེ། ཞལ་ཕྱག་མང་པོ་ཉུང་ངུར་བསམ་པ་དང་། ཉུང་བ་མང་པོར་བསྒྱུར་བ་དང་། གདོང་བརྙན་སོགས་སྣ་ཚོགས་པར་བསྒྱུར་བའོ། །དམིགས་སྐོར་སོ་བདུན་པའོ།
།བཞི་པ་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བ་ནི། ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ་སྔོན་དུ་བཏང་། དེ་ཡང་རྩ་བའི་ལྷ་སྐུ་རྒྱ་ཆེར་སྤེལ། སྤེལ་བ་ཐམས་ཅད་སྣ་ཚོགས་སུ་བསྒྱུར། དེ་ཐམས་ཅད་ལ་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའི་འདུན་པ་དྲག་ཏུ་སྦྱང་། ཡང་ལྷ་སྐུར་སྣང་བ་དང་། སྣང་མཁན་གྱི་སེམས་ལ་ཅེར་རེ་བལྟས་པས། སྒྱུ་མ་སྒྱུ་འཛིན་དང་བྲལ། དེ་ཀའི་ངང་དེར་གང་ཡང་མི་དམིགས་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་རང་ཤུགས་སུ་འབྱུང་།
ཡང་དེ་ལྟ་བུའི་ངང་ནས་རྩ་བའི་ལྷ་སྐུར་སྐྱེད་པ་སོགས་གོང་བཞིན་ཡང་ཡང་སྦྱང་། དེ་ལྟར་སྦྱངས་པས་མཚན་མོ་རྨི་ལམ་གྱི་དུས་སུ་ལྷ་སྐུ་མང་ཉུང་ཅི་རིགས་ལ་དེ་ལྟར་བསྒོམ་པ་འབྱུང་། དེ་ནས་ཇེ་མང་ལ་འགྲོ་མཐར་རྨི་ལམ་དུ་ལྷ་སྐུ་ནམ་མཁའ་ཁེངས་པ་གཅིག་གིས་གཅིག་མ་བསྒྲིབས་པ། དེ་ཐམས་ཅད་ཀྱང་བདེ་ལ་ཞེན་པ་མེད་པ། གསལ་ལ་རྟོག་པ་མེད་པ། སྣང་ལ་རང་བཞིན་མེད་པ་སྟེ། མཚན་ཉིད་གསུམ་ལྡན་དུ་འཆར། དེའི་ཚེ་རྨི་ལམ་ཉིད་འཁྲུལ་རང་དག་གི་དགེ་སྦྱོར་ཀློང་དུ་ཕེབས་པ་ཡིན་ནོ།
།དེ་ཡང་སྒྱུ་མ་ཞེས་པ་ནི། སད་དུས་དང་། རྨི་ལམ་དུ་བདེན་མེད་ཀྱི་འདུན་པ་སྦྱངས་པ་དེའི་ཤུགས་ཀྱིས། ཨ་འཐས་མེད་པར་ཡུལ་ལེ། མཐོ་དམན་མེད་པར་མཉམ་ཁད་དེ་ཤར་བ་དེ་ལ་ཟེར།
སྒྱུ་མར་འཛིན་པ་དང་བྲལ་བ་ཞེས་པ་ནི། འདི་ཀུན་འཁྲུལ་སྣང་དུ་ཤར་བ་ཙམ་ལས་གཏད་པ་རང་ཅི་ཡོད་སྙམ་པའི་བློ་ཞིག་ཡོད་པ་དེ་ཡང་དབྱིངས་སུ་ཡལ་ཏེ། དགག་སྒྲུབ་ཀྱི་འཛིན་པ་དང་བྲལ་བ་དེ་ཡིན། སྐབས་དེར་གང་ཡང་མི་རྟོག་བཞིན་དུ་ཉམས་མྱོང་གི་རོ་བདེ་བར་ཤར་བ་དེ་འོད་གསལ་ཡིན། དེ་ཀ་ལ་ཕྱག་རྒྱ་ཆེན་པོ་ཟེར་ཏེ། སེམས་ཀྱི་གནས་ལུགས་ཡིན་པས་སོ། །ཡང་དེ་ཀའི་ངང་ནས་ལྷ་སྐུ་གསལ་སྟོང་རང་ཤར་དུ་བྱུང་བ་དེ་ལ་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱའོ།
།བདེ་ལ་ཞེན་པ་མེད་པ་ནི། རྨི་ལམ་དུ་ལྷ་སྐུ་རང་ཤར་བའི་དུས། ལུས་སེམས་གཉིས་ཀ་ལ་བདེ་ཉམས་ལམ་མེ་ཤར་ཡང་ང་རྒྱལ་རློམ་སེམས་མེད་ཅིང་། བདེ་བ་དེ་ལ་ཡང་སྲེད་པ་མེད་པས། བདེ་བ་བྱུང་མ་བྱུང་ལ་དགའ་མི་དགའ་མེད་པ་ཞིག་འོང་།
གསལ་ལ་རྟོག་པ་མེད་པ་ནི། ལྷ་སྐུའི་རྣམ་པ་ཤིན་ཏུ་གསལ་བར་སྣང་ཡང་དེ་རང་ཤར་ཡིན་ཏེ། རྣམ་རྟོག་གི་རྩོལ་བ་མེད་པའོ།
།སྣང་བ་རང་བཞིན་མེད་པ་ནི། སྣང་ཡང་བདེན་པས་སྟོང་ཟེར་བའི་སྤྱི་སྐད་དེ་ཡང་འདིར་འཇུག་པ་ཙམ་ཡིན་མོད་དེ། འོན་ཀྱང་འདིར་ནི་ལུས་ངག་སེམས་དང་། གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་ཅིག་ཅར་ཤར་བ་དེ། རིག་པ་རང་གསལ་གཅིག་པོའི་ངོར་མཉམ་ཁད་དེ་ཤར་བ་མ་གཏོགས། སྣང་བ་སོ་སོ་རྣམས་ལ་དངོས་པོ་ཐ་དད་གང་ཡང་མེད་པར་ཉམས་སུ་མྱོང་བའོ། །དམིགས་སྐོར་སོ་བརྒྱད་པའོ།
།རྨི་ལམ་གྱི་སྐབས་འདི་དག་ཏུ་འབྱམས་གཅོད་ཀྱི་མན་ངག་ཀྱང་གལ་ཆེ་སྟེ། འབྱམས་གཅོད་རྒྱས་པ་ནི་ལོགས་སུ་བསྟན་པ་ལྟར་ཡིན་པས་ཁྲིད་ཀྱི་དཀྱུས་ལ་མི་འཆད་ཅིང་། འབྱམས་གཅོད་ཉེར་མཁོ་ཞལ་ཤེས་མར་གྲགས་པ་ནི་གཞན་དུ་གསལ་ལོ།
།དྲུག་པ་ཡུལ་སྣང་གཏན་ལ་དབབ་པ་ལ། དབང་པོ་རབ་དམིགས་མེད་གསལ་མཁྱེན། འབྲིང་གང་བསམས་གསལ་མཐོང་། ཐ་མ་ཡིད་ལུས་མཁའ་ལྡིང་། དམན་པ་དམིགས་པའི་ཡུལ་སྣང་སྟེ་བཞི་ཡོད་པ་ལས།
དང་པོ་དམིགས་མེད་གསལ་མཁྱེན་ནི། སྦྱོར་བའི་སྐབས་སུ་འབད་རྩོལ་མེད་ཀྱང་། ལྐོག་གྱུར་གྱི་དོན་ཐམས་ཅད་ཉིན་མོ་སད་དུས་དང་། མཚན་མོ་རྨི་ལམ་གྱི་སྐབས་ཐམས་ཅད་དུ་མཐོང་བའོ།
།འབྲིང་གང་བསམས་གསལ་མཐོང་ནི། ཉིན་མོ་འདུན་པ་གང་གཏད་པ་དེ་ཐམས་ཅད་མཚན་མོ་རྩོལ་མེད་རང་ཤར་དུ་མཐོང་བའོ།
།ཐ་མ་ཡིན་ལུས་མཁའ་ལྡིང་ནི། སྔོན་འགྲོ་གཞན་འདྲ་བ་ལ། ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། ཞེས་མཐའ་བསྒྱུར་ནས་གསོལ་བ་བཏབ། དམིགས་པ་དངོས་ནི། བདག་དོ་ནུབ་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ལྟ་བའམ། ལྐོག་གྱུར་འདི་ལྟ་བུ་བལྟ་བར་བྱ། ཞེས་འདུན་པ་དྲག་ཏུ་བཏང་། དེ་ནས་རྨི་ལམ་དངོས་ཡིན་སྙམ་པས་རང་ཉིད་ཡི་དམ་གྱི་སྐུར་གསལ་བ་དེ་ཉིད་དམ། ལུས་ཀྱི་རྣམ་པ་གཞན་དུ་སྤྲུལ་ཀྱང་རུང་སྟེ། ནམ་མཁའ་ལ་ཡེར་གྱིས་འཕུར་བས་གནས་དེར་ཕྱིན་ཅིང་དགོས་དོན་རྣམས་མཐོང་བར་བསམས་པས། མཚན་མོ་རྨི་ལམ་དུའང་དེ་ལྟར་འབྱུང་བའོ། །འདིར་ཡིད་ལུས་མཁའ་ལྡིང་ཞེས་པའི་མཁའ་ལྡིང་ནི། ནམ་མཁའ་ལ་འཕུར་འགྲོ་བའི་དོན་ཙམ་ཀ་ཡིན་ནའང་། ལ་ལ་མཁའ་ལྡིང་བྱ་ཁྱུང་ལྟ་བུར་སྤྲུལ་ནས་འགྲོ་བའི་དོན་དུ་འཆད་པའང་ཡོད་དོ། །དམིགས་སྐོར་སོ་དགུ་པའོ།
།བཞི་པ་དམན་པ་དམིགས་པའི་ཡུལ་སྣང་གི་གདམས་ངག་ལ་གསུམ་སྟེ། བདག་མེད་མ་ཡུལ་སྣང་གསལ་བྱེད། ཨ་ཡུལ་སྣང་གསལ་བྱེད། ཐིག་ལེའི་ཡུལ་སྣང་གསལ་བྱེད་དོ།
།དང་པོ་ནི། སྔོན་འགྲོ་སྔ་མ་དང་འདྲ། རང་གི་ལྟེ་བའི་འོག་ཏུ་འོད་ཀྱི་རང་བཞིན་གྱི་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་ཨོཾ་ཨ་སྭཱ་ཧཱ། ཁ་དོག་སྔོན་པོ་འོད་ཟེར་སྣ་ཚོགས་འཕྲོ་བའོ། །དེ་ལས་འོད་ཟེར་འཕྲོས། ཆོས་འབྱུང་དང་རང་ལུས་གང་། བ་སྤུའི་བུ་ག་ནས་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཡི་དམ་དུ་བསམ། འོད་ཟེར་གྱི་རྩེ་མོ་ལས་མཆོད་པ་དཔག་ཏུ་མེད་པ་སྤྲུལ། གདོད་ནས་བཞུགས་པ་དང་གསར་དུ་སོང་བའི་ཡི་དམ་ལྷ་ཚོགས་ཐམས་ཅད་མཆོད་པར་བསམ། གཟུགས་སུ་སྣང་ཚད་ལྷ་སྐུ། སྒྲ་གྲགས་ཚད་སྔགས། དྲན་རིགས་ཐམས་ཅད་སྒྱུ་མ་རྨི་ལམ་དུ་དྲན་པར་བྱ། ཡང་འོད་ཟེར་ཚུར་འདུས་ཏེ། ལྟེ་བའི་སྔགས་ཀྱི་ཡིག་འབྲུ་ལ་ཐིམ། དེ་ཉིད་རྗེ་བཙུན་རྡོ་རྗེ་བདག་མེད་མའི་སྐུར་གྱུར། སྔགས་ཀྱི་སྒྲ་དི་རི་རི་འདུག །མཆོད་པ་ཕུལ། ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། ཉིན་པར་གྱི་དམིགས་པ་ཞལ་ཁྲིད་ངེས་ཅན་འདི་ཡིན། གཞན་འཇག་ལུགས་ལ་སྔགས་ལས་འོད་ཟེར་ལན་དང་པོ་སྤྲོས་པས། བདག་མེད་མས་དབུ་བྱས་པའི་ཡི་དམ་སྣ་ཚོགས་བྱུང་། གཉིས་པ་སྤྲོས་པས་མཆོད་པ་འབུམ། སྔ་མ་སྣ་བུག་གཡས་དང་རྟིང་མ་གཡོན་ནས་སྤྲོ། བསམ་སྡིངས་པ། ལྟེ་བར་ཐོད་པའི་ནད་དུ་བདག་མེད་མ། དེའི་ལྟེ་བར་ཐོད་པའི་ནང་དུ་སྔགས་བསྒོམ། འོད་ཟེར་སྤྲོ་ཐེངས་གཅིག་ཀ་ཡིན་ཏེ། སྣ་བུག་གཡས་ནས་བྱེད། ལུགས་གཉིས་ཀར་ལ་འོད་ཟེར་ཚུར་བསྡུ་བ་མེད་དོ། །འོད་ཟེར་སྔགས་ལ་བསྡུས་ཏེ་ལྷར་སྐྱེད་པ་འདི། གསེར་གླིང་པའི་ཁྲིད་ཡིག་ལ་སྣང་ངོ་།
།མཚན་མོ་ཉལ་ཁའི་དམིགས་པ་ནི། སྔར་གྱི་དམིགས་པ་དེ་ཚར་གཅིག་བསྒོམས་པའི་རྗེས་ལ། མཆོད་པ་བཞི་རྫོགས་སུ་ཕུལ། ཡི་དམ་གྱི་ལྷ་ཁྱེད་ཀྱིས་དོ་ནུབ་ཀྱི་གནས་སྐབས་སུ་བདག་གིས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་མཐོང་བ་དང་། མཆོད་པ་རྒྱ་ཆེན་པོ་འགྲུབ་པར་མཛད་དུ་གསོལ། ཅེས་པ་དང་། འདོད་དོན་དམིགས་བསལ་ཕྲ་མོ་ཡོད་ན། དེ་དང་དེ་མཐོང་བར་མཛད་དུ་གསོལ། ཅེས་ཀྱང་བྱ། དེ་ནས་བདག་མེད་མ་ཞལ་ཚུར་བསྟན་ཏེ། ཐུགས་ཀའི་ཐད་ཀ་ཤིན་ཏུ་དྭངས་པ་ལ་གང་ལྟ་བར་འདོད་པའི་ཡུལ་དེ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཁྲ་གསལ་ལེ་མཐོང་བར་བསམ། དེས་རྨི་ལམ་གྱི་དུས་སུ་ཡུལ་སྣང་གཏན་ལ་ཕབ་སོ། །ཐོད་པའི་ཚབ་ཏུ་ཆོས་འབྱུང་བསྒོམ་ཡང་རུང་གསུང་ངོ་། །དམིགས་སྐོར་བཞི་བཅུ་པའོ།
།གཉིས་པ་ཐིག་ལེ་ཡུལ་སྣང་གསལ་བྱེད་ནི། སྔོན་འགྲོ་སྔར་ལྟར་ལ། རང་ལྷར་གསལ་བའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཁ་དོག་དཀར་པོ་ྡྭངས་གསལ་འོད་ཀྱི་རང་བཞིན་སྦོམ་ཕྲ་སྤ་ལྕག་ཙམ་པ། ཡས་སྣར་ཧཾ་དཀར་པོ་མགོ་བོ་ཐུར་བསྟན། མས་སྣར་ཧཱུྃ་དམར་སྔོ་མགོ་གྱེན་བསྟན། ལྟེ་བར་ཨ་ཐུང་དམར་པོ་ཡང་གྱེན་བསྟན་ནོ། །རླུང་རོ་བསལ་སྟེང་རླུང་བརྔུབས་པས་ཧཾ་ལས་ཐིག་ལེ་དཀར་པོ་སྲན་རྡོག་ཙམ་ཆད་ནས་སྙིང་གར་སླེབ། འོག་རླུང་བསྐུམ་པས་ཧཱུྃ་ལས་ཐིག་ལེ་དམར་སྔོ་སྲན་འབྲུ་ཙམ་ཡར་ཆད། ལྟོ་བ་ཞོམ་སློག་གིས་བྱས་པས། ཨ་ལས་ཐིག་ལེ་ཤིན་ཏུ་དམར་བ་སྲན་མ་ཕྱེད་ཙམ་པ་ཞིག་ཡར་ཆད། དེ་གཉིས་ཀྱང་སྙིང་གར་སླེབ། ཐིག་ལེ་གསུམ་པོ་གཅིག་ཏུ་འདྲེས། དཀར་ལ་དམར་བ་ཡིད་ཙམ་སྔོ་བའི་མདངས་ཆགས་པ་གཅིག་ཏུ་སོང་། དེ་འོད་མེར་རེ་འདུག་པ་ལ་ཅུང་ཟད་སེམས་གཏད། ཡུལ་སྣང་བལྟ་བར་བྱ་སྙམ་པའི་འདུན་པ་དང་ལྷན་ཅིག་རླུང་ཕྱིར་བསལ་བས་སྙིང་གའི་ཐིག་ལེ་ལས་འོད་ཟེར་དཀར་དམར་ཐག་པའམ་སྦྲུལ་འདྲ་རུང་ཞིག་རྒྱངས་ཏེ་འབྱུང་ནས་སྣ་བུག་གཡོན་ནས་ཐོན། གང་བལྟ་བར་འདོད་པའི་གནས་དེར་སོང་། འོད་དེས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་ཡུལ་དེ་ཁྲ་གསལ་གྱིས་མཐོང་བའམ། ཡང་ན་འོད་ཟེར་དེ་སྦུབས་སྟོང་ལྟ་བུར་བྱས། དེའི་ནང་ནས་བལྟས་པས་མཐོང་བར་བསྒོམས་ཀྱང་རུང་གསུང་། དམིགས་པ་འདིའི་རླུང་གནད་དང་ཐིག་ལེ་དམར་སྔོ་དེ་ཞལ་ཤེས་ཡིན། དམིགས་སྐོར་ཞེ་གཅིག་པའོ།
།གསུམ་པ་ཨ་ཡིག་ཡུལ་སྣང་གསལ་བྱེད་ནི། སྔོན་འགྲོ་དང་རྩ་དབུ་མ་སྔར་བཞིན་བསྒོམ། དབུ་མའི་ནང་ལྟེ་བར་ཨ་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་བསྒོམ། རྨི་ལམ་གྱི་འདུན་པ་དང་བཅས་བུམ་ཅན་འཇམ་རླུང་ཅུང་ཟད་བསྒོམ། དེ་མཚམས་ནས་ཨ་ལས་འོད་ཟེར་དཀར་པོའི་ཐག་པ་རྒྱང་ངེར་སྤྲོས། རྩ་དབུ་མ་ལ་ཐོགས་མེད་དུ་སོང་སྣ་བུག་ནས་ཐོན་ཏེ་གང་བལྟ་འདོད་པའི་ཕྱོགས་དེར་སོང་ནས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་ཁྲ་གསལ་གྱིས་མཐོང་བའམ། འོད་ཀྱི་སྦུ་གུ་ནས་ལྟ་བ་གང་རུང་བྱའོ། །དམིགས་སྐོར་ཞེ་གཉིས་པའོ།
།དམན་པ་ཡུལ་སྣང་གི་དམིགས་པ་གསུམ་པོ་འདི། གང་ཟག་གཅིག་གིས་གསུམ་ཀ་བསྒོམ་དགོས་པ་རང་མ་ཡིན། གང་རུང་རེ་རེས་ཀྱང་ཆོག་པས་དོན་ལ་སྔ་ཕྱིའི་གོ་རིམ་མེད། ཚོགས་སུ་འཆང་བའི་སྐབས། བཤད་པའི་གོ་རིམ་ལ། ཁྲིད་ཡིག་རྙིང་པ་གསུམ་ན་ཐོག་མར་བདག་མེད་མ། དེ་ནས་ཨ་ཡུལ་སྣང་གསལ་བྱེད་དང་། དེ་རྗེས་ཐིག་ལེ་ཡུལ་སྣང་གསལ་བྱེད་བཤད་ཡོད་ཀྱང་། འདིར་ཕྱི་མ་གཉིས་གོ་རིམ་བསྣོལ་མ་ནི། དམིགས་པ་རྒྱས་འབྲིང་བསྡུས་གསུམ་གྱི་རིམ་པའི་དབང་དུ་བྱས་པའོ།
།གསང་འདུས་རིམ་ལྔའི་གདམས་ངག་སོགས་སུ། སྤེལ་སྤྲུལ་བསྒྱུར་གསུམ། སྦྱོང་བའི་ནང་ཚན་དུ་བྱས་ཀྱང་། ཆོས་འདིར་སྦྱོང་བ་ལས་ལོགས་སུ་བྱེད་པ་མི་འགལ་ཏེ། སྦྱོང་བ་ཞེས་པའི་ངོས་འཛིན་ལ་མི་འདྲ་བའི་ཁྱད་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ཡང་གཞན་དེ་དག་ཏུ་ནི། རྨི་ལམ་གྱི་རྩལ་སྦྱོང་ཐམས་ཅད་ལ་སྦྱོང་བ་ཟེར་བར་འདུག །འདིར་ནི་རྨི་ལམ་ཟིན་པའི་རྗེས་སུ་སྣ་ཚོགས་སུ་བསྒྱུར་བའི་རྩལ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཐབས་ཀྱི་ནང་གསེས་གཅིག་ལ་སྦྱོང་བ་དང་། དེ་ཉིད་གོང་ནས་གོང་དུ་སྤེལ་བ་ལ། འབྱོངས་ནས་སྤེལ་སྤྲུལ་བསྒྱུར་གསུམ་བྱེད་ཅེས་པའོ། །ཡུལ་སྣང་ལྟ་བ་ནི། རྨི་ལམ་གྱི་རྣམ་ཐར་དུ་གྲགས་པ། ཡོན་ཏན་སྐྱེས་པའི་རྟགས་སྟོན་པ་ཙམ་ཡིན་ནོ།
།ཡང་མན་ངག་གཞན་ལས་བཟུང་བ་སྦྱོང་བ་གཅིག་ཏུ་བྱེད་པ་ཞེས་འབྱུང་བའི་ཕྱི་མ་ནི། རྨི་ལམ་འོད་གསལ་སོགས་སུ་བསྲེ་བ་ལ་ཟེར། འདིར་སེམས་ཀྱིས་ལུས་སྦྱང་བ་དང་། བདག་མེད་མས་སྦྱང་བ་དང་། བསྒྱུར་བ་ཕྱི་མ་གཉིས་ལ་སོགས་པའོ།
།དེས་ན་རྨི་ལམ་གྱི་གདམས་ངག་ལ། དང་པོར་རྨི་ལམ་ལ་རྨི་ལམ་དུ་མ་ཤེས་ན། ཆོས་ཚན་འདིའི་དགེ་སྦྱོར་གྱི་རྩ་བ་སྟོངས་པས། ཐོག་མར་རྨི་ལམ་རྨི་ཚད་ཟིན་པ་ཞིག་དགོས། དོན་དེ་ལ་འཛིན་པའི་གདམས་ངག་སྟོན། དེ་ནས་རྩལ་ཕྱོགས་མེད་དུ་འབྱོངས་པ་ཞིག་དགོས་པ་ལ། རྨི་ལམ་ཉིད་ཀྱི་སྣང་བ་ལ་དབང་འབྱོར་བའི་ཕྱིར། སྦྱོང་བ་སྔ་ཕྱི་གཉིས་དང་། སྤེལ་བ་དང་། སྤྲུལ་པ་དང་། བསྒྱུར་བ་དང་པོ་གཉིས་དང་། ཡུལ་སྣང་རྣམས་བྱུང་བ་ཡིན།
རྨི་ལམ་དེ་ཉིད་དུ་མཆོག་གི་དགེ་སྦྱོར་དངོས་གཞི་སྐྱེད་པ་ལ། རྨི་ལམ་འོད་གསལ་དུ་འཇུག་པ་དང་། རྨི་ལམ་ལྷ་སྐུ་རང་ཤར་དུ་འཇུག་པ་གཉིས་ཡོད་པ་ལས། དང་པོ་ནི་སྦྱང་བ་བར་པ་གཉིས་ཡིན། ཕྱི་མ་ནི་ལྷ་སྐུ་སྣ་ཚོགས་དང་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བའོ།
།དེ་ལྟར་ཤེས་ན་མཁས་རློམ་ཁ་ཅིག་ནི་གུའི་ཆོས་དྲུག་རྨི་ལམ་གྱི་གདམས་ངག་མང་ཡང་གནད་ཆུང་ཟེར་བའི་བབ་ཅོལ་གྱི་སྨྲ་བ་དེ་དག་འབྲེལ་མེད་བྱུང་རྒྱལ་གྱི་ཚིག་ཏུ་གོ་བར་འགྱུར་རོ།
།ཆོས་དྲུག་འདིའི་དབུ་ཞབས་ཀྱི་གདམས་ངག་ཐམས་ཅད་ལས་དང་པོ་བ་ཉིད་ལ་མཆོག་ཏུ་ཕན་པ་འཕྲལ་དུ་རྟགས་ཐོན་ཐོན་པ་ཁོ་ན་ཡིན་གྱི། ལས་དང་པོ་བ་ལ་ཕན་པ་ཅི་ཡང་མེད་པའི་བཤད་པ་མཐོ་མཐོ་མོ་ལ་གདམས་ངག་ཏུ་རློམ་པ་དེ་འདྲ་གཏན་མ་ཡིན་ཅིང་། ཡང་བླུན་པོ་རང་བཟོའི་ཆོས་གཞུང་ལ་བརྟེན་པའི་ལེགས་བཤད་ཀྱང་མེད། མན་ངག་ལ་བརྟེན་པའི་ལག་ལེན་ཡང་མེད་པའི་འད་འུད་ཤབ་ཤོབ་རྣམས་དང་ནི་ཡེ་མི་འདྲ་བར་ཡང་ངེས་ཤེས་འདྲོངས་སོ།

བཞི་པ་འོད་གསལ་གཏི་མུག་རང་སངས་ཀྱི་ཁྲིད་ལ།
སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཁྲིད་གསུམ་བདོག
།དང་པོ་ལ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་ཐབས་ལམ་རང་མདངས། གསོལ་འདེབས་མེ་ཏོག་འཆར་བྱེད་དེ་བཞི་ལས།
དང་པོ་རྩ་བ་མི་རྟག་སྐྱོ་ཤས་ནི། ངེས་པར་འཆི་བ་དང་། ནམ་འཆི་ཆ་མེད་པ་དང་། འགྲོ་དྲུག་ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་དུ་ཤེས་པས་ཅིས་ཀྱང་དགོས་མེད་ཀྱི་བློ་དྲག་ཏུ་བསྒོམ། སྔ་ནས་མི་རྟག་པའི་ཁྲིད་མ་བསྐྱངས་ན་སྨོས་ཅི་དགོས། བསྐྱངས་པ་ཚོ་ཡང་སྐབས་འདིར་མི་རྟག་པའི་ཁྲིད་བསྐྱར་ནས་བསྒོམ་དགོས། སྤྱིར་ཆོས་ཀྱི་བསྐུལ་མ་འཆི་བ་མི་རྟག་སྐྱོ་ཤས་ཤས་ཆེར་བསྒོམས་པས་ཤེས་པ་དྭངས་ཤིང་གྲུབ་བ་ཞིག་འབྱུང་། དེས་ཤུགས་བརྟས་ཏེ་གཉིད་ཀྱི་དུས་ནའང་། རིག་པ་དྭངས་པ་ཞིག་འབྱུང་། དེས་ཀྱང་འོད་གསལ་ཟིན་སླ། ཡང་སྐྱོ་ཤས་ཅན་དེ་རིག་པ་ལ་ལྕག་ཆུག་གཟེགས་ཐོན་པས་གཉིད་འཐུག་པོའི་སྐབས་ཀྱང་དྲན་པ་འབྱུང་སླ་སྟེ། དཔེར་ན། ཉིན་མོ་རིག་པ་ལ་སྒྲིན་ཆུག་པའི་དོགས་པ་ཡོད་ན་མཚན་མོ་གཉིད་ཆུང་བར་འགྲོ་བས་མཚོན་ནོ། །དེ་ལྟར་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀྱང་། འཆི་བ་རྒྱུད་སྐྱེས་འོད་གསལ་འཆར། །ཞེས་གསུང་།
གཉིས་པ་ཡལ་ག་སྤྱོད་ལམ་དམ་རྫས་ལ། སྤྱོད་ལམ་ནི། ཇི་སྐད་དུ། སྤྱོད་ལམ་དལ་ལ་ཁ་ཟས་སྣུམ། རྔུལ་ཐོན་ལས་རྣམས་སྤང་བར་བྱ། ཞེས་འབྱུང་བ་ལྟར། ནད་པའི་སྤྱོད་ལམ་བཞིན་དུ་བྱ་བ་བྱེད་དགོས་རྣམས་དལ་བུས་བྱེད། ཁ་ཟས་སྣུམ་པ་སྟེ། ལུས་ལ་འཕྲོས་པ་མང་ཉུང་རན་པར་བསྟན། མཆོང་རྒྱུག་དང་རྩལ་འགྲན་དང་འཛིང་ཁ་དང་གཞུ་འགེངས་སོགས་རྩ་རླུང་འཁྲུགས་པར་འགྱུར་བ་དང་རྔུལ་ཐོན་པའི་སྤྱོད་ལམ་སྤང་གསུང་།
དམ་རྫས་ནི་སྤྱིར་ཚོགས་དང་གཏོར་མ་བཟང་དུ་བཤམས་ཏེ་འབུལ། མཁའ་འགྲོ་སྡེ་ལྔ་ལ་གཏོར་མ་ཕུལ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་ཡང་གཏོར་མ་ཕུལ་ནས་གསོལ་བ་འདེབས། གཏོར་མ་འབུལ་བའི་སྐབས། གུ་གུལ་དང་། མ་ཧཱ་མཾ་སའི་བདུག་སྤོས་གཏོང་ཞེས་གསུང་།
གསུམ་པ་ལོ་འདབ་ཐབས་ལམ་རང་མདངས་ནི། སྔར་གཏུམ་མོའི་རྣལ་འབྱོར་ལ་གོམས་པ་ཡིན་ན། རྒྱུན་གྱི་རྣལ་འབྱོར་ལ་བསྒོམས་པ་དེ་ཀས་གོ་ཆོད་པ་ཡིན་པས་ལོགས་པ་མི་དགོས། དེ་མིན་འཇམ་རླུང་བུམ་པ་ཅན་ཟླ་རེ་ཙམ་སྦྱོང་བ་སྔོན་དུ་འགྲོ་བར་བྱེད། འོད་གསལ་དངོས་གཞིའི་དམིགས་པ་བསྒོམ་སྐབས་ཀྱང་སྔ་དྲོའམ། ཕྱི་དྲོ་གང་འཐད་རེ་ལ་ངལ་དུབ་ཏུ་མི་འགྱུར་བ་ཙམ་གྱི་རླུང་ཐུན་རེ་བསྒོམ་པར་བྱའོ། །རླུང་གི་རྣལ་འབྱོར་གྱིས་ཁམས་དྭངས་སྙིགས་ཕྱེད། དྭངས་མའི་མདངས་ལས་འོད་གསལ་འཆར་བ་ཡིན་པས། རྩ་རླུང་བསྒོམ་པ་གནད་དུ་ཆེ། སྤྱིར་ཆོས་དྲུག་གི་ཡ་གྱལ་འོད་གསལ་ནི། གཉིད་ཀྱི་འོད་གསལ་གཙོ་བོར་འཆད་པའི་སྐབས་ཡིན་པས། གཏུམ་མོ་དང་འོད་གསལ་ཞེས་སོ་སོར་བགྲངས་པ་ཡིན་གྱི། གཞན་དུ་ན་ཉིན་མོའི་འོད་གསལ་སྐྱེད་པའི་ཐབས་ཀྱི་མཆོག་གཅིག་གཏུམ་མོ་འདི་ཡིན། རིལ་འཛིན་རྗེས་གཞིག་སད་སུད་དང་། ཕྲ་ཐིག་ཐན་ཐུན་གང་ལས་ཀྱང་འདི་སྟོབས་ཆེའོ།
།བཞི་པ་གསོལ་འདེབས་མེ་ཏོག་འཆར་བྱེད་ནི། ཇི་སྐད་དུ། འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང་། །ཞེས་གསུངས་པ་ལྟར་འོད་གསལ་འཆར་བ་ལ་བླ་མའི་མོས་གུས་གལ་ཆེ། འོ་ན་བླ་མའི་མོས་གུས་ནི་སྒོམ་ཐམས་ཅད་ལ་གལ་ཆེ་ཡི། འོད་གསལ་ཁོ་ན་ལ་གལ་ཆེ་བར་སྨོས་པ་ཅི་ཡིན་སྙམ་ན། སྤྱིར་བླ་མའི་མོས་གུས་ཀྱི་རྟེན་འབྲེལ་འགྲིག་པ་ཞིག་ཀུན་ལ་དགོས་ཀྱང་། ཉིན་པར་གྱི་དགེ་སྦྱོར་རྣམས་རང་གི་རྩོལ་བས་ཀྱང་བསྒོམ་དུ་བཏུབ་ལ། རྨི་ལམ་གྱི་གནས་སྐབས་ན་ཡང་རྨི་ལམ་ཉིད་ཀྱི་སྣང་བ་སྣ་ཚོགས་དང་། དྲན་རྟོག་གི་བློ་རགས་པ་འདི་ཡོད་ཅིང་། དེ་ཡོད་པས་ཉིན་མོའི་བག་ཆགས་རྨི་ལམ་དུ་ཁྲིད་པའི་ཕྱིར། རང་གི་རྩོལ་བ་དང་འདུན་པས་སླེབ་རྒྱུ་གཅིག་ཀྱང་ཡོད་པའི་ཕྱིར་བྱིན་རླབས་ཁོ་ན་ལ་ལྟོས་པ་རང་ཡང་མིན། གཉིད་འཐུག་པོའི་དུས་ན་དྲན་རྩོལ་མེད་པའི་ཕྱིར། གཉིད་ཀྱི་འོད་གསལ་འདི་ནི། སྐབས་དེ་ཉིད་དུ་རང་ཤར་དུ་བྱུང་ན་མ་གཏོགས། གཞན་བསྒོམ་ཐེས་མེད་པའི་ཕྱིར། ལུས་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་དང་། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་འཛོམ་པ་ལ་རེ་བ་ཡིན་ནོ།
།དེ་ལྟར་སྔོན་འགྲོ་བཞི་པོ་དེ་ལ་སྔར་མ་བསྟན་པའི་དམིགས་པ་གསར་པ་རྐང་ཚུགས་མེད་པས། དམིགས་སྐོར་ལོགས་སུ་མི་འདྲེན། ཆོས་ཐུན་གཅིག་ལ་རྫོགས་པའམ། གཉིས་སམ་གསུམ་སོགས་གང་ལྟར་བྱས་ཀྱང་འདྲའོ།
།གཉིས་པ་དངོས་གཞི་ལ། འོད་གསལ་བཟུང་བ་དང་། ལམ་ཁྱེར་དང་། བསྲེ་བ་དང་། མཐར་ཐུག་སྟེ་ས་བཅད་བཞིའོ།
།དང་པོ་ལ། བདག་མེད་མ་ལ་བརྟེན་ཏེ་འོད་གསལ་འཛིན་པ། ཨ་ཡིག་ལ་བརྟེན་ཏེ་འོད་གསལ་འཛིན་པ། བླ་མ་ལ་བརྟེན་ཏེ་འོད་གསལ་འཛིན་པ་སྟེ་གསུམ་མོ།
།དང་པོ་ནི། ཐུན་གྱི་སྔོན་འགྲོ་བྱིངས་དེ་སྒྱུ་ལུས་ཀྱི་སྐབས་སུ་བཤད་པ་དང་འདྲ་བ་ལས། ཁྱད་པར་ནི། རྩ་བའི་བླ་མ་སྐུ་དངོས་སུ་བསྒོམ་ན་ཡང་། ཆ་བྱད་རལ་པའི་ཐོར་ཚུགས་དང་། རུས་པའི་རྒྱན་དྲུག་དང་། སྟག་ལྤགས་ཀྱི་སྨད་དཀྲིས་སོགས་དུར་ཁྲོད་ཀྱི་ཆས་དང་ལྡན་པ་ཞིག་བསྒོམ། ཅི་སྟེ་རྡོ་རྗེ་འཆང་དུ་བསྒོམ་ན་ཡང་། རྡོ་རྗེ་འཆང་ཧེ་རུ་ཀ་ཞི་མ་ཁྲོ་སྤྱན་གསུམ་པ། སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས་པ་ཞིག་བསྒོམ། གསོལ་འདེབས་ཀྱི་སྐབས་སུ། འོད་གསལ་ཟིན་པར་མཛད་དུ་གསོལ། ཅེས་མཐའ་བསྒྱུར་བའོ། །དེ་རྗེས་སུ་རེ་ཞིག་རང་ཐ་མལ་དུ་གསལ་བ་ལྟ་བུའི་ཀླད་རྒྱའི་སྟེང་ཐོད་པའི་འོག་སྤྱི་བོའི་ཐད་དེར་པདྨ་དང་ཉི་མའི་གདན་སྲན་མ་ཕྱེད་བཀས་ཙམ། དེའི་སྟེང་དུ་གདན་དེ་ཀ་དང་འཚམས་པའི་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ་གྲི་གུག་ཐོད་པ་ཁ་ཊཱཾ་ག་བསྣམས་པ། ཞབས་གཡོན་བརྐྱངས་བའི་གར་སྟབས་ཅན་སྐུ་ཆུང་ལ་ཡན་ལག་དོད་པ་གསལ་བཏབ། དེའི་ཐུགས་ཀར་ཡང་ཨ་དཀར་པོ་སྤུ་ཤད་ཀྱིས་བྲིས་པ་ལྟར་ཕྲ་བ་གསལ་ལ་འཚེར་བ་ཞིག་བསྒོམ། དེ་ལས་འོད་ཟེར་འཕྲོས། ཐོག་མར་ཀླད་པ་གཏི་མུག་གི་རང་བཞིན་ཅན་དེ་སྦྱངས། དེ་ནས་ལུས་ཀྱི་ནང་གང་བས་ཤ་ཁྲག་རུས་གསུམ་ཡང་དག་སྟེ། ལུས་འོད་ལུས་སུ་གྱུར་པར་བསམ། དེ་ཡང་ཡི་དམ་གྱི་སྐུར་བསྒོམས་ན་ཀ་བཟང་གསུངས་པས་དཔལ་སྡོམ་པ་ལྷན་སྐྱེས་སུ་ཀ་བསྒོམ། དེར་བདག་མེད་མའི་ཐུགས་ཀའི་ཨ་ཡིག་ལ་སེམས་གཏད་དེ་ཅུང་ཟད་བསྒོམ།
དེ་ནས་ཨ་དེ་ལས་འོད་ཟེར་འཕྲོས། བདག་མེད་མའི་སྐུ་གང་། དེ་ལས་འོད་ཟེར་འཕྲོས། རང་ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་ཁྲ་གསལ་གྱིས་སོང་། ཡང་རང་གི་བ་སྤུའི་ཁུང་བུ་ནས་ཕར་འཕྲོས། སྣང་བ་ཐམས་ཅད་ཁྲ་གསལ་གྱིས་གསལ་བར་བསམ། ཚུལ་དེ་ཁོ་ནས་ཡང་ཐོག་མར་ཐུགས་ཀའི་ཨ་ལ་སེམས་གཏོད་པ་དང་། ཡང་འོད་ཟེར་སྤྲོ་བ་སོགས་སྤེལ་གྱིན་བསྒོམ་པ་ལས། ཐུགས་ཀའི་ཨ་ལ་སེམས་གཏོད་པ་ཡུན་རིང་དུ་བྱ། དེ་འདྲ་ལན་འགའ་རེ་སོང་བའི་མཚམས་སུ། ཤེས་པ་རང་བབས་སུ་ལྷོད་ཀྱིས་གློད་ནས་གང་གནས་རེ་བཞག །དེ་ལྟ་བུ་བསྐྱར་གྱིན་རྟག་ཏུ་བསྒོམ། ཐོག་མ་ཞག་མང་པོར་རྩོལ་བ་སྐྱེད་དེ་དེ་ལྟར་བསྒོམས་པས། སྐབས་འགའ་བདེ་གསལ་ལེ་བ་རྣམ་རྟོག་མེད་པར་རང་ཤུགས་སུ་གནས་པ་ཡང་དུམ་རེ་འོང་སྟེ་རེ་དོགས་སུ་མ་སོང་བ་བྱེད། དེ་འདྲ་བྱུང་ན་དེ་ཀ་ལ་གང་གནས་སུ་བཞག་པས་ཆོག །ཡང་དེ་སངས་པ་ན་སྔར་བཞིན་འདུན་པ་དྲག་པོས་བསྒོམ། མཚན་མོ་ཉལ་བའི་སྐབས་བདག་མེད་མའི་ཐུགས་ཀའི་ཨ་ལ་སེམས་གཏད་དེ་གཉིད་དུ་འགྲོ་བར་བྱའོ། །དམིགས་སྐོར་བཞི་བཅུ་ཞེ་གསུམ་པའོ།
།གཉིས་པ་ཨ་ཡིག་ལ་བརྟེན་པ་ནི། སྔོན་འགྲོ་སྔ་མ་དང་འདྲ། རང་ཡི་དམ་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་དཀར་པོ་སྦ་ལྕག་ཙམ་གསལ་བཏབ། དེའི་ནང་ལྟེ་བའི་ཐད་དམ་ལྟེ་འོག་སོར་བཞི་གང་རུང་དུ་ཨ་ཡིག་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཞིག་གསལ་བཏབ། ཨ་ཡིག་དེ་ལ་དར་ཅིག་སེམས་བཟུང་། ཨ་ལས་འོད་ཟེར་འཕྲོས། དབུ་མའི་ནང་ཁེངས། དེ་ལས་འོད་ཟེར་འཕྲོས། རང་ལུས་ཀྱི་ནང་ཤིན་ཏུ་གསལ་བར་བྱས། རང་གི་བ་སྤུའི་བུ་ག་ནས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་ཁྲ་གསལ་གྱིས་ཁྱབ། ཉལ་བའི་ཚེ་ལྟེ་འོག་གི་ཨ་ལ་སེམས་གཏོད། གཞན་ཇི་ལྟར་ཉམས་སུ་ལེན་ལུགས་རྣམས་སྔ་མ་དང་འདྲ། དམིགས་སྐོར་ཞེ་བཞི་པའོ།
།གསུམ་པ་བླ་མ་ལ་བརྟེན་ཏེ་བཟུང་བ་ནི། ཡང་སྔོན་འགྲོ་སྔ་མ་ལྟར་བཏང་ལ། རང་ལྷག་པའི་ལྷར་གསལ་བའི་སྙིང་གར་པདྨ་དང་ཟླ་བའི་གདན་ལ། རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་དུ་སྒོམ་ན་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་སྤྱི་དང་འདྲ་བ་དང་། སྐུ་དངོས་སུ་བསྒོམ་ན་ཡང་། སྐུ་ཤ་མདངས་དཀར་ཞིང་འོད་ཟེར་དཀར་པོ་འཕྲོ་བ། ཞལ་འཛུམ་དམུལ་ལེ། སྤྱན་སིམ་མེ་བཞུགས་པ་ཞིག་བསྒོམ། སྐུ་ཆེ་ཆུང་གི་ཚད་ཀྱང་ཆེ་ན་སོར་བཞི་ཙམ། ཆུང་ན་མཐེ་བོང་གི་ཚད་ཙམ། དེའི་བར་ཇི་ལྟར་འོས་པ་བསྒོམ། དེའི་ཐུགས་ཀར་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པའམ། ཤིན་ཏུ་དཀར་བ་གང་བསྒོམས་ཀྱང་རུང་། ཚད་ཀྱང་བླ་མའི་སྐུ་ལས་དཔགས་ནས་བྱ་སྟེ། སྐུ་གཟུགས་སོར་བཞི་ཙམ་བསྒོམ་ན་དེ་རྒྱ་སྲན་ཙམ། སྐུ་མཐེ་བོང་ཙམ་བསྒོམ་ན། དེ་སྲན་ཆུང་ཙམ་བསྒོམ། དེས་བར་མ་རྣམས་ལའང་མཚོན། གང་ལྟར་ན་ཡང་བླ་མའི་ཐུགས་ཀའི་ཐིག་ལེ་འོད་འཕྲོ་བ་དེ་ལ་སེམས་གཏད་དེ་ཅུང་ཟད་མཉམ་པར་བཞག །ཐུགས་ཀའི་ཐིག་ལེ་ལས་འོད་འཕྲོས། སྐུ་ཁྲ་གསལ་ཏེ་ཁྱབ། ཐུགས་རྒྱུད་བདེ་བས་གང་། སྐུའི་ཆ་ཐམས་ཅད་ནས་འོད་ཟེར་བྱུང་། རང་ལུས་ཀྱི་ནང་ཤིན་ཏུ་གསལ་བར་ཁྱབ། རང་གི་བ་སྤུའི་ཁུང་བུ་ནས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་ཁྲ་གསལ་གྱིས་ཁྱབ་པར་བསམ། བླ་མའི་ཐུགས་ཀའི་ཐིག་ལེ་ལ་འགྱང་ཙམ་སེམས་གཏད། དེ་ནས་འོད་ཟེར་སྤྲོ་བའི་དམིགས་པ་རེ་བྱེད་པ་སླར་ནས་སླར་དུ་གོམས་པར་བྱའོ། །ཉལ་བའི་ཚེ་བླ་མའི་ཐུགས་ཀའི་ཧཱུྃ་ལ་སེམས་གཏད་དེ་ཉལ། བསྒོམ་ལུགས་གཞན་རྣམས་སྔ་མ་བཞིན་ནོ། །དམིགས་སྐོར་ཞེ་ལྔ་པའོ།
།འདི་འོད་གསལ་འཛིན་པའི་དམིགས་པའི་དངོས་གཞི་གཙོ་བོ་དེ་ཡིན་ནོ། །རྒྱུ་མཚན་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་ནི། གཉིད་འཐུག་པོའི་འཁྲུལ་པ་འབྱུང་བའི་གནས་ཀྱི་གཙོ་བོ་ཡང་ཡིན། དེ་ལ་གནད་དུ་བསྣུན་པས་ལམ་བསྒོམས་ན། འཁྲུལ་པ་དེའི་གཉེན་པོ་འོད་གསལ་འཆར་བའི་གནས་ཀྱི་ཡང་གཙོ་བོ་ཡིན་པས་སོ། །འོ་ན་གཞན་གཉིས་ལའང་གནད་དེ་ཡོང་འཐད་བ་ལ་སྙམ་ན། འདི་འདྲའི་རིགས་ལ་ངེས་པ་མེད་དེ། སྤྱིར་གཉིད་འཐུག་པོའི་འོད་གསལ་འཆར་བའི་གནས་དྲག་ཤོས་དི་སྙིང་ག་ཡིན་ཀྱང་། ཐོག་མར་གནས་དེར་རླུང་འཇུག་དཀའ་བའི་སྐབས་ཤིག་རྩ་དབུ་མའི་གནས་གཞན་དུ་གནད་དུ་བསྣུན་ན། དེར་རླུང་འདུས་པའི་འོད་གསལ་གྱི་ཉམས་མྱོང་ཞིག་འཕྲལ་དུ་སྐྱེ་བར་འགྱུར། དེ་ཡང་ཡང་གོམས་པ་ན། དེས་སྣ་དྲངས་ཏེ་འདུན་པ་ཅུང་ཟད་བསྒྱུར་བ་ཁོ་ནས་འབད་རྩོལ་མེད་པར་སྙིང་གར་རླུང་སེམས་འདུས་པའི་འོད་གསལ་འཆར་བ་ཉིད་ལ་ཡང་ཚེགས་མེད་དོ། །ཐབས་འདི་རྨི་ལམ་སོགས་གཞན་ལའང་རིགས་འགྲེའོ། །དེས་ན་འོད་གསལ་འཛིན་པའི་དམིགས་པ་གསུམ་པོ་འདི། གང་བློ་ལ་བདེ་བ་ཞིག་འབད་པས་བསྒོམས་ནས་ནུས་པ་ཐོན་པར་བྱ་དགོས་མོད། གང་ཟག་གཅིག་གིས་གསུམ་ཀར་བསྒོམ་དགོས་པ་རང་ཡང་མ་ཡིན་ནོ།
།གཉིས་པ་འོད་གསལ་ལམ་ཁྱེར་ལ། ཉིན་མོ་སྐུ་གསུམ་ལམ་ཁྱེར་དང་། མཚན་མོ་སྐུ་གསུམ་རང་ཤར་བ་ཞེས་ས་བཅད་གཉིས་སུ་བྱེད་ཀྱང་ཉམས་ལེན་དམིགས་པ་གཅིག་ཁོ་ན་སྟེ།
ཉིན་མོ་སྐུ་གསུམ་ལམ་ཁྱེར་ཉིད་དོ། །དེ་ཡང་དང་པོར་འདི་ཐུན་མཚམས་ཀྱི་ཉམས་ལེན་ལ་གལ་ཆེ་སྟེ། སྒྱུ་ལུས་སྐབས་སུ། འདུན་པ་གསུམ་སྦྲགས་བཤད་པའི་དོད་ཡིན། དེ་ཡང་རྩ་བ་མི་རྟག་སྐྱོ་ཤས་དང་། གསོལ་འདེབས་མེ་ཏོག་འཆར་བྱེད་དུ་བཤད་པ་བཞིན། འོད་གསལ་གྱི་ཐུན་མཚམས་སུ་ཡང་། མི་རྟག་པ་དང་། བླ་མའི་མོས་གུས་སྔར་སྒྱུ་ལུས་སུ་བཤད་པ་བཞིན་དགོས་ལ། སྒྱུ་ལུས་དང་རྨི་ལམ་ལ། སྒྱུ་མ་དང་རྨི་ལམ་གྱི་འདུན་པ་དགོས་པའི་དོད། འདིར་སྐུ་གསུམ་ལམ་ཁྱེར་གྱི་འཇོག་སྟངས་དེ་དགོས་པའི་དོན་ཡིན་ནོ། །བསམ་སྡིངས་པའི་ཁྲིད་ཡིག་ནི། ཐུན་ཐུན་མཚམས་ཀྱི་གསལ་ཁ་མེད། འཇག་ཆེན་ཨ་ལ་སེམས་གཏོད་པ་བཞིན་དུ་གྲིམ་ལྷོད་རན་པར་བྱ། ཞེས་གསུང་སྟེ། དེའི་གོ་བ་ནི་ཨ་ཡིག་གི་སྐབས་ན་རིག་པ་ཡེངས་ཀྱང་མ་ཡེངས་བཅུར་བཅུར་དུ་ཡང་མ་སོང་བ་མཉམ་རྗེས་ཐམས་ཅད་དུ་བསྒོམ་གསུང་བ་དེ་ཡིན་པས། ཐུན་ཐུན་མཚམས་གཉིས་ཀར་དུ་བསྒོམ་པའི་དོན་ཡིན། དེ་ལ་སྤྱིར་ཐུན་གྱི་སྐབས་སུ་ཡང་འཇོག་ཚུལ་དེ་ཀ་དང་མཐུན་པ་ཡིན་མོད་ཀྱི། ཐུན་གྱི་ཉམས་ལེན་བྱེད་ཚུལ་ལོགས་སུ་བཤད་ཟིན་པས། འདིར་ནི་ཐུན་མཚམས་ཁོ་ནའི་དབང་དུ་བྱས་པའོ།
།དེ་ཡང་བདག་ཟས་ཟ་འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཀུན་ཏུ་སྐུ་གསུམ་ལམ་ཁྱེར་འདི་དྲན་པ་ཞིག་བྱེད་དགོས་སྙམ་པའི་འདུན་པ་ཡང་ཡང་གཏོང་གིན་འགྲོ་འདུག་སོགས་བྱ་བྱེད་གང་བྱེད་པའི་སྐབས་དེར། གང་ཤར་དེ་ཀ་ལ་སེམས་གཏད་ཏེ། ཤེས་པ་ཁོང་ཀློད། རང་ཞལ་ལྟ་ཤེས་ཙམ་བྱ། དེའི་ཚེ་མིག་གི་ལྟ་སྟངས་ཀྱང་ཧ་རེ་བཞག །དེ་ཡང་ཐོག་མ་ཐུན་མཚམས་ཡིན་ཡང་སོས་དལ་དུ་འདུག་པའི་སྐབས། དྲན་པ་བསྟེན་པ་ཙམ་གྱིས་འཕྲལ་འཕྲལ་དུ་སླེབ་འོང་། དེ་ནས་བྱ་བྱེད་བྲེལ་པོ་ཀུན་ལའང་རིམ་པས་བསྲེ་བར་བྱའོ།
།དེ་ཡང་སྣང་བ་སྣ་ཚོགས་གང་ཤར་བ་དེའི་སྟེང་གི་གསལ་ཆ་དེ་གསལ་བ་སྤྲུལ་སྐུ། རང་ཞལ་ལ་ཅེར་རེ་བལྟས་པས་ཅིར་ཡང་མ་ཡིན་པ་དེ་སྟོང་པ་ཆོས་སྐུ། སྣང་བ་སྣ་ཚོགས་པ་ཤར་བ་ལ་བཟོ་བཅོས་མ་བྱས་པ་དེ་དང་། ངོས་བཟུང་ཅི་ཡང་མེད་པ་དེ་སེམས་གསལ་རིག་ཙམ་གྱི་སྟེང་དེ་ན། ངོ་བོ་དབྱེར་མེད་ཅིག་ཅར་རོ་གཅིག་ཏུ་ཤར་བ་དེ། རང་རིག་རང་གསལ་ལོངས་སྤྱོད་རྫོགས་སྐུ་ལམ་ཁྱེར་རོ།
།དེ་ལྟར་ན་ཐོག་མར་ཐུན་མཚམས་ཀྱི་དགེ་སྦྱོར་འདི་ལ་ལེགས་པར་བསླབ། དེ་རྗེས་ཕལ་ཆེར་ལ་འདི་ལམ་དུ་ཁྱེར་ཐུབ་པ་ནས། སྐབས་འདིའི་འདུན་པ་གསུམ་པོ་གང་རུང་རེ་དྲན་པར་བྱའོ།
།མཚན་མོ་སྐུ་གསུམ་རང་ཤར་ནི། ཐུན་གྱི་སྐབས་སུ་དམིགས་པ་ལ་དྲག་ཏུ་བཅུར་བ་དང་། ཐུན་མཚམས་སུ་སྐུ་གསུམ་ལམ་ཁྱེར་བསྒོམས་པ་དེའི་མཐུ་ལས། མཚན་མོ་གཉིད་འཐུག་པོའི་དུས་སུ་འོད་གསལ་ཟིན་པ་ན། གསལ་སྟོང་ཟུང་འཇུག་གི་སྐུ་གསུམ་རང་ཤར་དུ་འབྱུང་ངོ་། །གཉིད་དུས་ཀྱི་གསལ་བ་ནི། སྣང་བ་རགས་པ་སྣ་ཚོགས་པ་འདི་དག་དེ་དུས་མི་འཆར་བས། རིག་པ་ཉིད་ཀྱི་གསལ་ཆ་དང་། འཆར་སྒོ་རྟགས་ཀྱི་སྣང་བ་སྣ་ཚོགས་པའོ། །དམིགས་སྐོར་ཞེ་དྲུག་པའོ།
།གསུམ་པ་བསྲེ་བ་ལ། གསལ་སྟོང་བསྲེ་བ། མཉམ་རྗེས་བསྲེ་བ། ཉིན་མཚན་བསྲེ་བ། བདེ་སྟོང་བསྲེ་བ་སྟེ་བཞི་ལས།
དང་པོ་ནི། སྒོམ་མཉམ་གཞག་གི་དུས། སེམས་ཅིར་ཡང་མ་གྲུབ་པ་འདྲ་བ་དེ་བསྒོམས་པས་རྐྱེན་བྱས་ནས་སྟོང་སང་སང་བ་ཅི་ཡང་མེད་པ་འདྲ་བ་ཞིག་འཆར། ཐུན་མཚམས་སུ་ཡང་གདོང་གཏད་ཀྱི་དངོས་པོ་འདི་དག་གང་ཡང་མི་འདུག་སྙམ་པ་འབྱུང་སྟེ། སྟོང་ཉམས་རྐྱང་པ་ཤར་བ་ཡིན། སྐབས་དེར་ཐུན་དང་ཐུན་མཚམས་ཐམས་ཅད་དུ་མིག་ནམ་མཁའ་ལ་གཏད། རིག་པ་ཧུར་ཕྱུང་། སྟོང་སང་ངེ་བའི་གཞི་དེ་ལ་བལྟས་པས། སྟོང་པ་དེ་ལ་གསལ་ཆ་རིམ་གྱིས་རྙེད་དེ་གསལ་སྟོང་དུ་འགྱུར། ཡང་ཐུན་གྱི་སྐབས་སུ། རྣམ་རྟོག་མེད་པ་ལ་རིག་པ་གསལ་སེང་ངེ་དགའ་བདེ་དང་བཅས་པ་འབྱུང་། ཐུན་མཚམས་སུའང་དེ་ལ་སྲེད་པ་ཆེ། རང་རྩིས་སྐྱེ་བར་འདུག་ན། གསལ་བ་རྐྱང་པའི་ཉམས་སྐྱེས་པ་ཡིན་པས། ཐུན་ཐུན་མཚམས་ཐམས་ཅད་དུ་སེམས་དྭངས་སང་ངེ་བ། གསལ་རྗེན་ནེ་བ། དེའི་ངོ་བོ་ལ་ལྟ་གཞིག་དྲག་ཏུ་བཅུག་པས་ཐོགས་པའི་དངོས་པོ་ཞིག་པ་ལྟར་ཆེམས་སེ་སོང་ནས་ངོས་བཟུང་དུ་མེད་པ་ཞིང་འོང་། དེའི་ངང་ལ་བཟོ་བཅོས་མེད་པར་བཞག །སེམས་ལ་བལྟས་ནས་ཀྱང་སྒྱུ་མ་ལྟ་བུའོ་ཞེས་ཡང་ཡང་དྲན་པ་གསལ་སྟོང་དུ་འཆར་ཏེ། དེ་ལྟར་ན་གསལ་བ་སྟོང་པ་ལ་བསྲེ་བའོ། །དམིགས་སྐོར་ཞེ་བདུན་པའོ།
།གཉིས་པ་མཉམ་རྗེས་བསྲེ་བ་ནི། སྤྱིར་རྗེས་ཐོབ་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན། མཉམ་གཞག་དང་ཆེད་དུ་བསྲེ་མི་དགོས་ཀྱང་། འདིར་ཐུན་ལ་མཉམ་གཞག་དང་། ཐུན་མཚམས་ཙམ་པོ་ལ་རྗེས་ཐོབ་ཅེས་བཏགས་པའོ། །དེ་ཡང་ཐུན་གྱི་སྐབས་སུ་རྩོལ་བས་བཅོས་པ་མ་ཡིན་པར་སེམས་གསལ་སྟོང་དུ་དུམ་རེ་གནས་པ་ཡང་ཡང་བྱུང་ཀྱང་། ཐུན་མཚམས་སུ་དང་པོའི་ཐ་མལ་པ་ཟང་མ་དེ་ཀ་མ་གཏོགས། གསལ་སྟོང་གི་ཉམས་ཡེ་མི་སླེབ་པ་འདུག་ན། ཐུན་གྱི་སྐབས་སུ་ཉམས་ཅུང་ཟད་ཤར་བའི་དུས་དེར། སྤྱོད་ལམ་གང་ཡང་རུང་བ་ཞིག་ལ་བསྲེ་བའི་འདུན་པ་གཏོད་དེ། དཔེར་ན། ད་ལྟར་བདག་སྐོར་བ་བྱེད་པའི་སྐབས་སུ། ཉམས་འདི་བསྐྱང་བར་བྱ་སྙམ་པའི་འདུན་པ་ཡང་ཡང་བཏང་། ཐུན་ལས་ལངས་པའི་སྐབས་སུ་ཡང་དེ་ཀའི་རྒྱུན་དྲན་པས་བཟུང་། ལག་ཏུ་འཆང་རྒྱུ་ལྟ་བུ་དྲན་འཛིན་གྱི་རྟགས་ཤིག་ཀྱང་བཞག །དེ་ནས་སྐོར་བ་བྱེད་པའི་སྐབས་སུ། སྐུ་གསུམ་ལམ་ཁྱེར་དུ་བཤད་པ་བཞིན་ངང་དེས་བསྐྱངས་པས། ཐུན་གྱི་སྐབས་སུ་བཤད་པ་ལྟ་བུའི་གསལ་སྟོང་གི་ཉམས་དེ་སླེབ་འོང་། དེ་ལྟར་ཞག་འགའ་རེ་སོང་ན་རྩོལ་བ་ཆེན་པོ་མི་དགོས་པར་འོང་སྟེ། དེ་ལ་གོམས་ནས་སྤྱོད་ལམ་གཞན་ཐམས་ཅད་ལའང་རིམ་པས་སྦྱང་། འདི་ནི་མཉམ་བཞག་གི་ཉམས་མྱོང་རྗེས་ཐོབ་ལ་བསྲེ་བ་ཡིན། རྗེས་ཐོབ་མཉམ་བཞག་ལ་ཚུར་བསྲེ་བ་ནི་མི་དགོས། འགའ་ཞིག་ལ་རྗེས་ཐོབ་ཀྱི་ཉམས་མྱོང་བཟང་པོ་ཤར་ནས། དེས་མཉམ་གཞག་ལ་བོགས་འཐོན་པ་ཞིག་འོང་སྟེ། དེ་ཤུགས་འབྱུང་ལ་འོང་གི་བཅོས་པས་མི་ཕན་ནོ། །དམིགས་སྐོར་ཞེ་བརྒྱད་པའོ།
།གསུམ་པ་ཉིན་མཚན་བསྲེ་བ་ནི། ཉིན་མོ་ཐུན་གྱི་སྐབས་ལ་གསལ་སྟོང་གི་ཉམས་ཤར་ཡང་། མཚན་མོ་གཉིད་འཐུག་པོའི་སྐབས་སུ་ཡེ་མ་སླེབས་ན། ཐུན་གྱི་སྐབས་སུ་དམིགས་པ་གསུམ་པོ་གང་རུང་ཞིག་ལ་བརྟེན་ནས། རླུང་བུམ་པ་ཅན་བསྒོམ་ཞིང་རིག་པ་དྲག་ཏུ་བཞུར། གསལ་སྟོང་གི་ཉམས་ཤར་བའི་དུས། དོ་ནུབ་གཉིད་ཀྱི་དུས་སུའང་འདི་ཁོ་ན་ལྟར་བསྒོམ་རྒྱུ་ཡིན་སྙམ་པ་བག་ཙམ་རེ་འདུན་པ་བཏོང་གིན་ཐུན་མཚམས་སུ་ཡང་སྔ་དྲོ་འདུན་པ་ཅུང་ཟད་བྱ། དགོང་མོ་དང་སྲོད་ཀྱི་ཐུན་མཚམས་ལ་འདུན་པ་དྲག་ཏུ་སྦྱོང་བ་གལ་ཆེ། ཉལ་ཁར་ཡང་འཇམ་རླུང་ཁུག་པ་ཁ་རེ་བཟུང་ཞིང་དམིགས་པ་བསྒོམ། མཐར་རང་གི་ལུས་དང་སེམས་ལ་སེམས་གཏད་དེ་ཅེར་རེ་བཞག་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། དེས་ངེས་པར་གཉིད་ཀྱི་དགེ་སྦྱོར་ཟིན་འོང་ངོ་། །ཡང་འགའ་ཞིག་ལ་མཚན་མོའི་དགེ་སྦྱོར་བཟང་པོ་ཐོག་མར་སྐྱེས་ནས། ཉིན་པར་ཉམས་མྱོང་དེ་དྲན་པ་ཙམ་གྱིས་ཉིན་བར་གྱི་དགེ་སྦྱོར་ལ་བོགས་འབྱིན་པར་བྱེད་པ་ཞིག་ཀྱང་ཡོད་དེ། འདི་ཡང་རང་ཤུགས་ལ་འབྱུང་བ་ཀ་ཡིན་ནོ། །འོད་གསལ་ལ་ནི་དེ་ལྟ་བུ་དགོས་པ་ཅི་རིགས་པ་འབྱུང་ལ།
རྨི་ལམ་རྩལ་སྦྱོང་ལ་ནི། མཚན་མོས་ཉིན་མོ་ལ་ཆེད་གཏད་བོགས་འབྱིན་དགོས་པ་ཡང་ཤིན་ཏུ་མང་ངོ་། །དམིགས་སྐོར་ཞེ་དགུ་པའོ།
།བཞི་པ་བདེ་སྟོང་དབྱེར་མེད་དུ་བསྲེ་བ་ནི། སེམས་གསལ་བ་དང་། སྟོང་པ་དང་། མི་རྟོག་པའི་ཉམས་ཀྱིས་དྲངས་པའི་དགའ་བ་དེ་ལ་ཉམས་བདེ་བ་རྒྱ་ཆེན་པོ་འབྱུང་ཡང་། ཆེད་དུ་གཉེར་ནས་སྟོང་པར་བསྲེ་བ་མི་དགོས། གསལ་བ་ཉིད་སྒྱུ་མ་ལྟ་བུར་ཤེས་པས་རང་ཆོད་ལ་འགྲོ།
ཞུ་བདེའི་ཉམས་རྣམས་སྟོང་པར་བསྲེ་དགོས་པ་ཡིན་ཏེ། གཞན་ལུས་ཤེས་རབ་ཀྱི་བདེ་བའམ། རང་ལུས་ཐབས་ལྡན་གཏུམ་མོའམ། སྒྱུ་ལུས་དབང་པོ་ཐ་མ་ལྟ་བུའམ། ཐིག་ལེ་དབང་བཞིའི་གནད་དམ། འོད་གསལ་འཛིན་པའི་དམིགས་པ་གསུམ་ལྟ་བུ་བསྒོམས་པས། རླུང་དབུ་མར་ཐིམ་པའི་བདེ་དྲོད་སྐྱེས་པ་ལྟ་བུ་ལ་བསྲེ་དགོས་པ་ཡིན་ཏེ།
དེ་ཡང་བདེ་ཉམས་ལན་རེ་ཙམ་བྱུང་འཕྲལ་ལ་བསྲེ་བ་སྐད་བྱས་ན། ཉམས་དེ་སངས་འགྲོ་བས་མི་བྱ་ལ། དེ་ཡང་ཡང་འོང་ཞིང་བརྟན་པོ་ཡོད་ན་བསྲེ་དགོས།
ང་རྒྱལ་དང་སྲེད་ཞེན་མངོན་གྱུར་པ་མེད་ན། དེའི་རང་ཞལ་བལྟས་པ་ཙམ་གྱིས་བདེ་བར་སྣང་བ་མ་འགགས་བཞིན་དུ། ངོས་བཟུང་མེད་པར་ལྷོད་དེ་ཤིགས་སེ་སོང་བ་དེ་ཀ་བསྐྱངས་བས་ཆོག
།སྲེད་ཞེན་དང་རློམ་སེམས་སྐྱེ་ན། བདེ་བ་དེ་ཉིད་ལ་སྒྱུ་མ་ལྟ་བུར་འདུན་པ་སྦྱངས་ཤིང་། མཐར་སྒྱུ་འཛིན་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་ལ་བཞག་ན་བདེ་སྟོང་དབྱེར་མེད་དུ་འགྱུར་རོ།
།བསྲེ་བ་བཞི་པོ་དེ་དག་ཐམས་ཅད་ཀྱི་གནས་སྐབས་སུ། ཐུན་མཚམས་སྤྱོད་ལམ་གང་བྱེད་ཀྱང་། ཡང་ནས་ཡང་དུ་གང་ཤར་དེ་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཧད་དེ་ཆད་དེ་འཇོག་པ་ཁོ་ན་དགོས། མཉམ་གཞག་གི་དུས་སུ་ཡང་རྟོག་མེད་ཀྱི་ཉམས་བདེ་གསལ་གང་ཤར་དང་། རྟོག་བཅས་དམིགས་པ་ལ་གནད་དུ་བསྣུན་པའི་དུས་ཐམས་ཅད་དུ་ཡང་དེ་ཀ་ལྟར་འཇོག་པ་གནད་དུ་ཆེ། ལར་ཐུན་ཐུན་མཚམས་སུ་བདེ་སྡུག་མཐོ་དམན་འཇིག་རྟེན་ཆོས་བརྒྱད་ཐམས་ཅད་ལ་སྒྱུ་མ་ལྟ་བུར་ཤེས་པས། ད་ལྟ་འཇིག་རྟེན་པའི་བཟང་ངན་མཐོ་དམན་ཉེ་རིང་གི་རྣམ་གཞག་སྐད་སྐད་པོ་འདིའི་ཨ་འཐས་ཞིག་པ་རང་གལ་ཆེའོ། །དམིགས་སྐོར་ལྔ་བཅུ་པའོ།
།བཞི་པ་མཐར་ཐུག་ནི། དང་པོར་ཉིན་མོ་དང་མཚན་མོའི་འོད་གསལ་གང་ལའང་། འོད་གསལ་གྱི་རྟོགས་པ་སྐྱེ་བའི་དང་པོར་གསལ་སྟོང་དབྱེར་མེད་ཀྱི་འོད་གསལ་འབྱུང་། ཚོགས་ལམ་གྱི་ཐད་ཡིན། དེ་ནས་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ལ་འབྱུང་། སྦྱོར་ལམ་གྱི་ཐད་ཡིན། དེ་ནས་ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ་འབྱུང་། མ་དག་ས་བདུན་གྱི་ཐད་སོར་སླེབ། དེ་ནས་དབྱེར་མེད་མཐར་ཐུག་གི་འོད་གསལ་འབྱུང་། དག་པ་ས་གསུམ་གྱི་སྐབས་ཡིན། དེ་རྗེས་དག་པ་གཉིས་ལྡན་གྱི་འོད་གསལ་ཏེ། རྫོགས་པའི་སངས་རྒྱས་ཀྱི་ས་ཡེ་ཤེས་ཆོས་སྐུའོ། །འདི་དག་གི་དོན་རྒྱས་པར་བཤད་ན་མང་མོད་ཀྱི་འདིར་མ་སྤྲོས་སོ། །འདི་ནི་སྤྱིར་འོད་གསལ་ཞེས་བྱ་བ་གནས་ལུགས་ཀྱི་དོན་རྟོགས་ཚུལ་ལ་ས་མཚམས་ཕྱེ་བ་ཡིན། གཉིད་ཀྱི་འོད་གསལ་གཅིག་པོའི་དབྱེ་བ་མ་ཡིན་ནོ།
།འདི་ལ་དམིགས་པ་ལོགས་པ་མེད་པས་དམིགས་སྐོར་དུ་མི་བགྲང་། ཆོས་ཐུན་གཅིག་ལྟ་བུ་ཇི་ལྟར་འོས་པའོ།
།གསུམ་པ་རྗེས་ཀྱི་ཁྲིད་ལ། དམ་ཚིག་སྤྱི་དང་བྱེ་བྲག །གེགས་སེལ་ཉེས་སྐྱོན་རང་དག །བོགས་འདོན་ཐེ་ཚོམ་གཅོད་བྱེད། ཁྱད་འཕགས་འཆར་སྒོ་ངོས་འཛིན། ཉམས་རྟོགས་ཉིན་མཚན་ཁྱད་པར་ཏེ་ལྔ་ལས།
དང་པོ་ནི། སྤྱིར་སྡོམ་གསུམ་ལས་རང་གིས་གང་བླངས་པའི་བསླབ་བྱ་རྣམས་མ་ཉམས་པ་གལ་ཆེ། ཉེས་ལྟུང་ཅན་ལ་སྒོམ་རྣམ་པར་དག་པ་མི་སྐྱེ་ཞིང་། སྔར་སྐྱེས་རྣམས་ཀྱང་ཉེས་ལྟུང་བྱུང་ན་ཉམས་འགྲོ་བས་སོ། །དེའི་ནང་ནས་ཀྱང་གསང་སྔགས་ཀྱི་དམ་ཚིག་མ་ཉམས་པ་རྩ་བ་ཡན་ལག་གི་ལྟུང་བས་མ་གོས་པ་དགོས་ཏེ། དམ་ཚིག་དེ་དག་ཉམས་ན་སྒོམ་གྱི་རེ་བ་ལྟ་ཞོག །འདི་དང་ཕྱི་མར་མཐོ་རིས་ཀྱི་བདེ་བ་ཙམ་ཡང་མེད་ཏེ། ངན་སོང་གསུམ་ལ་ཟང་ཐལ་དུ་འགྲོ་བས་སོ། །དེ་དག་སྤྱིའི་དམ་ཚིག་ཡིན་ལ། གཞན་མཉམ་རྗེས་ཀྱི་དམ་ཚིག་མཐའ་དག་སྒྲུབ་ནུས་ན་དེར་ཡང་འདུས། འོན་ཀྱང་དམ་བཅའ་ཆག་མེད་ཡིན་ཡིན་པོའི་བྱ་སྤྱོད་ཀྱི་རིམ་པ་མང་པོས་སེམས་འཁྲུགས་པར་ཡང་མི་བྱེད་དེ། ཉམས་ལེན་དང་འབྲལ་མེད་ཀྱི་ངང་ནས། བླ་མའི་མོས་གུས་དང་མ་བྲལ་བ། རྟེན་ཀུན་ད་བྱང་སེམས་མ་ཉམས་པ། ཐ་མལ་ཆགས་སྡང་གི་ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམས་ནས། ཆགས་སྡང་གི་དབང་དུ་མི་གཏོང་བ་རྣམས་འོད་གསལ་སྒོས་ཀྱི་དམ་ཚིག་གོ།
།འདིར་འོད་གསལ་ཞེས་བྱ་བ་ཡང་། ཆོས་དྲུག་གི་ནང་ཚན་མཚན་མོའི་འོད་གསལ་ཁོ་ནར་མ་ཟད། ཉིན་མཚན་གྱི་འོད་གསལ་ཐམས་ཅད་ཡིན་པས། བསྲེ་བ་སྒྱུ་ལུས་སྤྱི་ཁྱབ་ལ་གོ་བར་བྱ་ལ། འཕོ་བ་བར་དོའང་བསྲེ་བའི་ཡན་ལག་ཡིན་པའི་ཕྱིར། དམ་ཚིག་འདི་ནི་དམ་ཚིག་སྤྱི་འགྲོ་ཡིན་ནོ།
།གཉིས་པ་གེགས་སེལ་ཉེས་སྤྱོན་རང་དག་ནི། སྤྱིར་ཐབས་ལམ་དང་འབྲེལ་བ་གེགས་སེལ་གྱི་ཡི་གེ་སྣ་ཚོགས་པ་ནི་གཞན་དུ་གསལ་ལ། འདིར་གསལ་སྟོང་འཛིན་མེད། སྣང་སྟོང་རང་ཤར། བདེ་སྟོང་ཞེན་བྲལ་རྣམས་ཉམས་མྱོང་གི་ཡེ་ཤེས་ཡིན་པ་ལ། དེ་རྣམས་ཀྱི་མི་མཐུན་ཕྱོགས་ཀྱི་བདུད་ནི། འཛིན་པ་རྣམ་རྟོག་རང་ག་མར་ཤོར་བ་འདི་ཡིན་པས། རྣམ་རྟོག་གི་རང་ཞལ་བལྟས་ནས་རང་གྲོལ་རང་དག་རང་སྟོང་དུ་ངོ་འཕྲོད་པར་བསྒོམ། དེ་ཡང་རྣམ་རྟོག་སེམས་ཡིན། སེམས་སྐྱེ་མེད་མཐའ་དང་བྲལ་བའི་གནད་ཀས་གང་ཤར་ལ་བཟོ་བཅོས་མེད་པར་བལྟས་པས་འཆར་སྒོའི་རང་ཚུགས་ཞིག །སྣང་བ་དང་སྟོང་པ་རིས་སུ་མ་ཆད་པའི་རང་འགྲོས་ལ་འཇོག་པ་དང་། ཡང་སྐབས་འགར་འཆར་སྒོ་སྣ་ཚོགས་པའི་སྣང་བ་དང་རིག་པ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་འདུན་པ་དྲག་པོས་ཨར་ལ་གཏད་དེ་བཞག་གོ། །དེ་གཉིས་ཁོ་ནས་གེགས་དང་གོལ་ས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་རོ།
།གསུམ་པ་བོགས་འདོན་ཐེ་ཚོམ་གཅོད་བྱེད་ནི། ཁ་ཅིག་རང་གི་ཉམས་མྱོང་ལ་ཐེ་ཚོམ་མེད་པར་ངེས་ཤེས་ཐག་ཆོད་ཀྱིས་བོགས་འདོན་ཡང་གསུང་། །འགའ་ཞིག་ཚད་མེད་གཉིས་ཀྱིས་བོགས་འདོན་ཡང་གསུང་། དེ་ལས་ཀྱང་འདི་ལྟར་བྱ་སྟེ། ཁྱད་པར་དུ་སྣང་བ་སྣ་ཚོགས་དང་། བདེ་སྡུག་ཆགས་སྡང་གི་ཡུལ་རྣམས་ཀྱི་སྟེང་དུ། སྒྱུ་ལུས་རྨི་ལམ་གྱི་འདུན་པའི་རྩལ་སྦྱོང་དང་། མི་རྟོག་པ་རྣམས་ཧུར་ཐོན་པ་སྦྱོང་བ་དང་། གནས་ངེས་མེད། འདུག་སྟངས་ངེས་མེད། འགྲོ་སྡོད་སྤྱོད་ལམ་ངེས་པ་མེད་པ་ལ་ཡང་འདུན་པ་གང་རུང་རེ་ཤུགས་བསྐྱེད་དེ་ཡང་ཡང་བསྒོམ་པ་རྣམས་ཕྱིའི་བོགས་འདོན་ཡིན། རླུང་སེམས་འཇུར་ལ་འདེབས་པའི་ཐབས་རྩ་རླུང་གི་སྦྱོར་བ་དྲག་པོ་ཤི་མེད་ཀོ་མེད་དུ་གཟིར་བ་སྐབས་སྐབས་སུ་བསྒོམ་པ་ནང་གི་བོགས་འདོན་ཡིན།
བོགས་འདོན་གཉིས་པོ་དེ་འདྲ་རེའི་མཐར་རིག་པའི་རྩལ་ཆེན་པོ་རེ་འོང་བས། དེ་ལ་ཐག་ཆོད་ཀྱི་ངེས་ཤེས་བསྐྱེད། དེ་བླ་མའི་བཀའ་དྲིན་དུ་ཤེས་ནས་གསོལ་བ་འདེབས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་རེ་བསྒོམ་པ་ལགས། བོགས་འདོན་དགོས་ན་དེ་ལ་མཛོད།
།བཞི་པ་ཁྱད་འཕགས་འཆར་སྒོ་ངོས་འཛིན་ནི། རྒྱས་པར་ལོགས་སུ་སྟོན་པའི་ཕྱིར་སྐབས་འདིར་རྒྱས་བཤད་མི་དགོས་མོད། འོན་ཀྱང་འདི་སྐད་ཅེས། གསལ་བའི་འཆར་སྒོ། མི་རྟོག་པའི་འཆར་སྒོ། བདེ་བའི་འཆར་སྒོ། ཟུང་འཇུག་གི་འཆར་སྒོ་སྟེ་བཞི་ཡོད་ལགས།
དང་པོ་ནི། འོད་གསལ་ཉམས་ཀྱི་གསལ་ཆ་ལ་གཉིད་དུས་སུ་རྟགས་སྣང་དང་། ལུས་ཉམས། སེམས་ཉམས་སྣ་ཚོགས་སུ་འཆར་བ་ཞིག་ཡིན།
གཉིས་པ་ནི། རྣ་བར་ཙི་རོང་བ་དང་། ཐིབས་ཐིབས་པ་དང་། འཇིར་འཇིར་གནོན་པའོ། །རླུང་སེམས་དབུ་མར་ཆུད་པ་ཡིན། ཡང་འདར་བ་དང་། འཕར་བ་དང་། བརྒྱལ་བ་དང་། ཡན་ལག་ཕྲས་སོང་བ་འོང་། རྩ་མདུད་གྲོལ་བ་ཡིན། གཞན་ཡང་རྣམ་ཤེས་ནམ་མཁའ་ལ་ཡས་པ་འདྲ་བ་འོང་། མི་རྟོག་པ་གསལ་སྣང་ཆེན་པོ་ལ་འདར་ཡོང་བ་འདྲ་བའང་འོང་། དེ་དག་ལ་དགའ་སྤྲོ་དང་། རློམ་སེམས་བྱུང་ན་དགེ་སྦྱོར་ལ་བོགས་མི་ཐོན། ནད་གདོན་གྱི་རྣམ་འགྱུར་ཡིན་པར་བཟུང་ན་གེགས་སུ་འགྲོ་བས། དགའ་མི་དགའ་མེད་པར་བྱུང་རྒྱལ་དུ་བསྐྱང་།
གསུམ་པ་ནི། ལུས་སེམས་བདེ་གསལ་དུ་འཆར་བ་ཡིན།
བཞི་པ་ནི། ཉིན་མཚན་ཐམས་ཅད་དུ་འབད་རྩོལ་མེད་པར་འོད་གསལ་འཆར་བ་ལ་ཟེར་རོ།
།རྩ་བའི་ལྔ་པ་ཉམས་རྟོགས་ཉིན་མཚན་ཁྱད་པར་ནི། དེ་ཡང་ལྷ་སྐུ་དང་ཐིག་ལེ་སོགས་བློས་བཅོས་ཤིང་གསར་དུ་བསྒོམ་པའི་སྐབས་དེར། གསལ་མི་གསལ་ཇི་ལྟར་བྱུང་ཡང་འོད་གསལ་ཡང་མིན་ལ་ལྷ་སྐུ་རང་ཤར་ཡང་མིན་ནོ། །རིག་པ་བསྒྲིམས་ཏེ་བཞག་པའི་སྐབས་དེར་རྩོལ་བའི་འདུན་རྟོག་དང་བཅས་བཞིན་དུ། སེམས་བག་རེ་གནས་པ་དང་། བདེ་གསལ་གྱི་ཉམས་ཡོད་པ་ཉམས་བྱེད་པ་ཞིག་འབྱུང་སྟེ། དེ་ཙམ་ཞིག་གཉིད་སད་ཀྱི་གནས་སྐབས་གང་ལ་བྱུང་ཡང་འོད་གསལ་དངོས་ནི་མ་ཡིན། འོད་གསལ་གྱི་རྒྱུར་འགྲོ་བ་ཙམ་ནི་ཡིན་ནོ། །དེས་ན་ཐུན་ཐུན་མཚམས་གང་ལ་ཡིན་ཀྱང་། ཁོ་རང་གི་སྐབས་དེར་ཆེད་གཏད་རྩོལ་བ་མ་བྱས་པར། རང་ཤར་བའི་སེམས་གསལ་སྟོང་བདེ་བ་མི་རྟོག་པར་ཤར་བ་དེ་ལ་འོད་གསལ་ཟེར། ཉིན་མཚན་གང་ལ་བྱུང་ཡང་ཁྱད་མེད་དོ། །ཡང་ཁོ་རའི་དུས་དེ་ན་སྐྱེད་འདོད་ཀྱི་བློ་དྲག་པོ་མངོན་གྱུར་མེད་ཀྱང་། རང་དང་ཕྱི་རོལ་དུ་ལྷ་སྐུ་ལམ་ལམ་ཤར་ཡོང་ན། སྒྱུ་ལུས་ལྷ་སྐུ་རང་ཤར་ཞེས་བྱ་བ་ཡིན། སད་དུས་དང་རྨི་ལམ་ལ་ཁྱད་མེད། ངེད་སྒོམ་ཆེན་པའི་གླེན་གཏན་མམ། རི་ལ་སྡུག་ཁུར་འདྲ་བྱས་པའི་སྡུག་ཡུས་ཙམ་ལགས་མོད། རྒྱུད་སྡེ་མཁན་པོ་དང་མཁས་པ་རྣམས་བཀྱོན་ཏེ་མཆི། རང་ས་ན་བློ་གཏད་ཐུབ་པ་རེ་མྱོང་ཐོག་ན་བདོག །བཀའ་བཀྱོན་ཀྱང་སྐྲག་རྒྱུ་ཙམ་མི་གདའ། བསྒོམ་ནུས་ན་རང་རེ་ལས་དང་པོ་བ་མཁས་རྨོངས་ཀུན་ལ་ཡང་། དཀའ་ཚེགས་ཆེན་པོ་རང་ཡང་མི་དགོས། ཡུན་རིང་དགུག་སྡོད་རང་ཡང་མི་དགོས་པར་འོང་། རྐྱེན་བྱུང་དུས་སུའང་ཅུང་ཟད་སླེབ་འོང་། སེམས་ལའང་ཕན་པས་འཕྲལ་བདེ་ཞིང་སྐྱིད་པ་ཡང་འོང་། ས་ལམ་མཐོན་པོའི་སྒྱུ་ལུས་དང་། འོད་གསལ་ཟུང་འཇུག་གི་རྣམ་གཞག་ཙམ་དེ་རང་རེ་ལས་དང་པོ་བས་ལག་ལེན་དུ་ཁེལ་བ་མིན། ད་ལྟ་ལག་ལན་དུ་ཁེལ་བ་འདི་རྣམས་ཀ་མཐར་དེ་དག་གི་རྒྱུ་གྲུང་པོར་འགྲོ་བ་ཡིན། མྱུ་གུ་ཆུང་དུ་ནས་ལེགས་པར་བསྐྱངས་པས་མཐར་སྟོན་ཐོག་འོང་བ་དང་འདྲའོ།
།དེ་ལྟ་བུའི་འོད་གསལ་ལ། ཉམས་ཀྱི་འོད་གསལ་དང་། རྟོགས་པའི་འོད་གསལ་གཉིས་ཡོད། དེ་གཉིས་ཀ་ལ་ཉིན་མོ་སད་དུས་ཀྱི་འོད་གསལ་དང་། མཚན་མོ་གཉིས་དུས་ཀྱི་འོད་གསལ་གཉིས་སུ་དབྱེ་བས་བཞི་རུ་སོང་། བཞི་ཀ་ལའང་སྣང་བཅས་དང་། སྣང་མེད་གཉིས་གཉིས་སུ་ཕྱེ་བས་བརྒྱད་དུ་འགྱུར། སྣང་བཅས་བཞི་ལ་ཕྱི་དང་འབྲེལ་བ་བཞི་དང་། མ་འབྲེལ་བ་བཞི་སྟེ་བརྒྱད། སྣང་མེད་བཞི་ལའང་། སྲབ་མོའི་འོད་གསལ་དང་། འཐུག་པོའི་འོད་གསལ་གཉིས་གཉིས་ཏེ་བརྒྱད། དེ་ཐམས་ཅད་བསྡོམས་པས་བཅུ་དྲུག་གོ། །སློབ་མ་ཉམས་མྱོང་ཤར་བ་ཡིན་ན། དེ་དག་གི་ངོས་འཛིན་ཞིབ་པར་བཤད་ལ། ཁོང་རང་ལ་ཤར་བའི་འོད་གསལ་གང་ཡིན་པ་དེ་ངོ་སྤྲད་དོ། །སློབ་མ་ཉམས་མྱོང་མ་ཤར་བ་དང་། སྣ་ཚོགས་འདུས་པའི་ཚོགས་པ་ལ། བཅུ་དྲུག་དབྱེ་བའི་མིང་ཙམ་ཀ་བཤད་པ་དེ་ཀས་ཆོག་གོ།
།དེ་ལྟར་ན་བསྲེ་བ་དང་། མཐར་ཐུག་དང་། རྗེས་ཀྱི་ཆོས་ལྔ་པོ་འདི་དག་ཆོས་དྲུག་ནང་གསེས་ཀྱི་འོད་གསལ་གྱི་ས་བཅད་དུ་བསྡུས་མོད་ཀྱང་། དོན་ལ་གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ་བཞི་ཅར་གྱི་ཁྲིད་བསྐྱངས་ཟིན་པའི་རྗེས་ཉམས་སྐྱོང་བའི་ཁྲིད་ཡིན་པར་ཤེས་སོ། །རྗེས་ཀྱི་ཆོས་འདི་རྣམས་ལ་ཉམས་ལེན་དམིགས་པའི་གནད་གལ་ཆེ་བ་མང་པོ་འདུག་ཀྱང་། ཕྱིས་རིམ་པས་བསྒོམ་རྒྱུའི་གདམས་ངག་ཡིན་པས། ད་ལྟ་འཕྲལ་ཁྱེར་གྱི་དམིགས་སྐོར་དུ་བཅད་པ་ནི་མི་མཛད་པས། ཆོས་ཐུན་མང་ཉུང་ཇི་ཙམ་བྱེད་སྐབས་དང་སྦྱར་རོ།
།དེ་ལྟར་ན་དེ་དག་ནི་རྩ་བའི་ཆོས་བཞི་ཞེས་ཀྱང་བྱ། བསྲེ་བ་སྒྱུ་ལུས་ཞེས་ཀྱང་བྱ་སྟེ། བསྲེ་བ་དང་འཕོ་བ་ཞེས་པ་ལ། རྗེ་མར་པ་ལོ་ཙཱའི་གདམས་ངག་སོ་སོ་རྣམས་ན། བསྲེ་བའི་རྣམ་གཞག་མི་འདྲ་བ་མང་པོ་ཡོད་ཀྱང་འདིར་མི་འཆད། གདམས་ངག་འདི་ཉིད་ཀྱི་ལུགས་ལ། གོང་དུ་བཤད་པ་གསལ་སྟོང་བསྲེ་བ་སོགས་བསྲེ་བ་བཞི་དང་། གཞན་ཡང་བསྲེ་འཕོ་ཤེས་རབ་རྣམ་བཞིའམ་རྣམ་གསུམ་ཞེས་གྲགས་པ་ཡིན།
དེ་ལ་ཤེས་རབ་གསུམ་ནི། ལོག་པར་ཤེས་པའི་ཤེས་རབ། ཀུན་རྫོབ་ཤེས་པའི་ཤེས་རབ། དོན་དམ་ཤེས་པའི་ཤེས་རབ་བོ།
།དེ་ཡང་ཐབས་ཁྱད་པར་ཅན་གྱིས་བསྒྲུབས་པའི་བདེ་བ་ཆེན་པོའི་དབང་དུ་བྱས་ན། དང་པོར་བདེ་བར་ཤར་ཙམ་ན་ཟག་བཅས་ཆགས་པའི་བློ་གཅིག་ཀྱང་འདུག་པ་དེ་ཕྱིན་ཅི་ལོག་ཤེས་པ་ཡིན། དེ་རང་སེམས་སྒྱུ་མ་ལྟ་བུའི་བདེ་བར་ཤར་བ་དེ་ཀུན་རྫོབ་ཤེས་པ་ཡིན་པས། ལོག་པ་དེ་ཀུན་རྫོབ་ཤེས་པའི་ཤེས་རབ་ལ་བསྲེ་བ་ཡིན། དེ་ཡང་བཟོ་མེད་དབྱིངས་སུ་ཤར་བ་དེ་དོན་དམ་ཤེས་པ་ཡིན་ཏེ། ཀུན་རྫོབ་དེ་དོན་དམ་ཤེས་པའི་ཤེས་རབ་ལ་བསྲེ་བ་ཡིན། གང་ཤར་ཐམས་ཅད་ཀྱི་སྟེང་དུ་དབྱིངས་ཤར་དེ་ངོས་བཟུང་། དེ་ཡེ་ཤེས་དང་ཅིར་སྣང་བསྲེ་བ་ཡིན།
དེས་མཚོན་ནས་སད་དུས་ཀྱི་སྣང་བ་བུན་ལོང་ཤར་བ་ཙམ་འདི་ལོག་པའི་ཤེས་པ། དེ་སྒྱུ་མར་ཤར་བ་ཀུན་རྫོབ་ཤེས་པ། སྒྱུ་མར་འཛིན་པ་དང་བྲལ་བའི་རང་འགྲོས་དེ་དོན་དམ་ཤེས་པ། དེ་གང་ཤར་གྱི་སྟེང་དུ་ཁྱེར་བ་དེ་ཡེ་ཤེས་དང་ཅིར་སྣང་བསྲེ་བའོ།
།ཡང་རྨི་ལམ་ཤར་ཙམ་དེ་ལོག་པ། དེ་རྨི་ལམ་དང་སྒྱུ་མར་ཤེས་པ་ཀུན་རྫོབ། སྒྱུ་འཛིན་བྲལ་བ་དོན་དམ། དེ་གཉིད་སད་སོགས་ཀུན་ཏུ་ཁྱེར་བ་དེ་ཡེ་ཤེས་དང་ཅིར་སྣང་བསྲེ་བའོ།
།གཉིད་འཐུག་པོ་དྲན་མེད་དུ་ཐིབས་སོང་བ་དེ་ལོག་པ། དེ་ལ་བདེ་གསལ་དུ་དྲན་པ་སླེབ་པ་དེ་ཀུན་རྫོབ། དེ་རང་བཞིན་བཟོ་མེད་དུ་འདུག་པ་དོན་དམ། དེས་སད་དུས་དང་རྨི་ལམ་ལ་རྒྱས་ཐེབས་པ་དེ་ཡེ་ཤེས་དང་ཅིར་སྣང་དབྱེར་མེད་དོ།
།ཤེས་རབ་བཞིར་ཕྱེ་བ་ལྟར་ན་ཡེ་ཤེས་ཅིར་སྣང་དབྱེར་མེད་ལ། ཟུང་འཇུག་ཤེས་པའི་ཤེས་རབ་ཅེས་མིང་འདོགས།
སྒྱུ་ལུས་རྨི་ལམ་སྐབས་ཀྱི་རང་ཤར་ལྷ་སྐུ་ནི་ཀུན་རྫོབ་དོན་དམ་ཟུང་འཇུག་གསུམ་ཀའི་ཆ་རུ་ཡོང་གསུང་། ཡང་ཐབས་ལམ་གྱི་བདེ་བ་སྒྱུ་ལུས་དང་བསྲེ། འོད་གསལ་གྱི་བདེ་སྟོང་རྨི་ལམ་དང་བསྲེ། སྒྱུ་ལུས་དང་རྨི་ལམ་ཕན་ཚུན་དུ་བསྲེ་ཞེས་ཀྱང་གསུང་སྟེ། བསྲེ་བའི་དོན་དབྱེར་མེད་དུ་ལམ་དུ་ཁྱེར་བའི་དོན་ལགས་པས་སོ།
།གཞན་ཡང་བསྲེ་བའི་གཞི་གནས་ཐབས་བཤད་ན། སྐབས་འདིར་འདི་དག་གོ་དགོས་ཏེ། འཁོར་བ་པ་རྣམས་ཀྱི་འཁྲུལ་པ་ཐམས་ཅད་བསྡུ་ན་བཞི་སྟེ། གཉིས་སད་དུས་དང་། གཉིས་འཐུག་པོ་དང་། རྨི་ལམ་དང་། གཉིས་སྦྱོར་གྱི་ཆགས་རྟོག་སྟེ་བཞི་པོ་དེར་འདུས།
བཞི་པོ་དེ་གཞི་ཆོས་དབྱིངས་ཀྱི་སྐུ་གསུང་ཐུགས་བདེ་བ་ཆེན་པོ་བཞི་ལ་སྒྲིབ་པ་ཡིན། ལམ་གྱི་ཡེ་ཤེས་སྣང་སྟོང་དང་། རིག་སྟོང་དང་། གསལ་སྟོང་དང་། བདེ་སྟོང་བཞི་པོས་རིམ་གྱིས་སྒྲིབ་པ་དེ་རྣམས་སེལ་བ་ཡིན།
འདིའི་སྐབས་ཀྱི་རིག་སྟོང་ནི་མི་རྟོག་པ་ལ་ཟེར། དེ་དག་གི་གཙོ་བོ་ཡང་རིམ་པས། སྒྱུ་ལུས་དང་། འོད་གསལ་དང་། རྨི་ལམ་དང་། གཏུམ་མོ་རྣམས་ཡིན།
དེ་རྣམས་བསྒོམས་པ་ལས་འབྲས་བུ་མཐར་ཐུག་ནི། སྤྲུལ་སྐུ། ཆོས་སྐུ། ལོངས་སྐུ། བདེ་ཆེན་གྱི་སྐུ་སྟེ། སྐུ་བཞི་མངོན་དུ་འགྱུར་རོ།
།ཡང་ཡེ་ཤེས་ལྔ་དང་སྦྱོར་ན། སྒྱུ་ལུས་མེ་ལོང་ལྟ་བུ། འོད་གསལ་མཉམ་པ་ཉིད། རྨི་ལམ་སོ་སོར་རྟོག་པ། གཏུམ་མོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྒྲུབ་པའི་ལམ་ཡིན་གསུང་བར་ཐམས་ཅད་འདྲ་ལ། བྱ་གྲུབ་ནི་ཆོས་བཞི་ཅར་གྱི་འབྲས་བུ་སྤྱི་ལ་སྦྱོར་གསུང་བ་དང་། སོར་རྟོག་བྱ་གྲུབ་གཉིས་ཀར་གྱི་ལམ་ལ་སྦྱོར་གསུང་བའང་འདུག་སྟེ་མན་ངག་གསུང་རྒྱུན་ལས། ལས་རྒྱ་བྱ་གྲུབ་ཀྱི་ལམ་དུ་འཆད། འོན་ཀྱང་ཐམས་ཅད་མི་འགལ་ལོ།

ལྔ་པ་འཕོ་བ་མ་བསྒོམས་སངས་རྒྱས་ལ།
གཞུང་གི་འཕོ་བ་དང་། ལྷན་ཐབས་ཀྱི་མན་ངག་གཉིས་ཡོད་པ་ལས།
དང་པོ་ལ། གཞུང་ལས། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བའོ།
།དང་པོ་ནི། འཆི་བ་འོད་གསལ་མ་བུ་ངོ་འཕྲོད་ན། གཞན་རྣམས་ལ་འཆི་སྲིད་འབྱུང་རྒྱུ་དེ། རྣལ་འབྱོར་པ་ལ་འོད་གསལ་བདེ་སྟོང་དུ་རང་ཤར་བས་གོང་འཕོ་བའི་གདམས་ངག་ལ་མ་ལྟོས་ཏེ། དུས་དེ་ཉིད་དུ་རང་གྲོལ་བའོ། །འདི་ལ་དམིགས་པ་ལོགས་པ་མེད་པས་དམིགས་སྐོར་ལ་མི་བགྲང་ངོ་།
།གཉིས་པ་ཟུང་འཇུག་ཡི་དམ་གྱི་འཕོ་བ་ནི། སྔོན་འགྲོ་རྣམས་སྔར་སྒྱུ་ལུས་སྐབས་དང་འདྲ་བ་ལས། བར་དོར་འཚང་རྒྱ་བ་མཛད་དུ་གསོལ། ཞེས་གསོལ་འདེབས་ཀྱི་མཐའ་བསྒྱུར་བ་ཙམ་གྱི་ཁྱད་པར་རོ། །རང་ལྷར་གསལ་བའི་སྤྱི་བོའི་སྟེང་གི་ནམ་མཁའ་ལ་རང་གང་མོས་པའི་ཡི་དམ་དེ་བསྒོམ་གསུང་།
སྤྱིར་དེ་ལྟར་ཡིན་ཡང་ངེས་ཁྲིགས་མ་བྱས་ན། མི་བླུན་པོའི་ཡི་དམ་ལ་ཚད་གཟུང་མི་ཡོང་བས། སྐབས་འདིར་འཁོར་ལོ་སྡོམ་པའམ། དགྱེས་མཛད་གང་རུང་གཅིག་རང་གི་སྤྱི་བོའི་མདའ་གང་ཙམ་གྱི་སྟེང་གི་ནམ་མཁའ་ལ་བསྒོམ། རང་གི་ལུས་ཀྱི་དབུས་སུ་དབུ་མ་ཁ་དོག་དཀར་བ་སྔར་བཤད་པ་རྣམས་དང་འདྲ་བ་ལ། མར་སྣ་གསང་བར་ཟུག་པ་ཁ་ཟུམ་པ། ཡར་སྣ་སྤྱི་བོ་ཚངས་བུག་ལ་རེག་པ། སྤྱི་བོ་ཚངས་བུག་དེ་དབུ་མའི་ཁ་དང་རྒྱ་ཁྱོན་མཉམ་པ། རྒྱ་མཐོངས་ཁ་བྱེ་བ་བཞིན་དུ་སྐྱ་ཐལ་ལེ་ཡོད་པ་ཞིག་བསྒོམ། དབུ་མའི་ནང་ལྟེ་བར་རང་སེམས་ཨ་དཀར་པོ་དང་། མས་སྣར་ཡི་དམ་གྱི་ས་བོན་ཧཱུྃ་སྔོན་པོ་རླུང་གི་རང་བཞིན་ཞིག་གསལ་བཏབ། དེ་མཚམས་རླུང་རོ་བསལ་ནས་འཇམ་རླུང་བག་ཙམ་བཟུང་། ལྟེ་བའི་ཨ་དང་གསང་བའི་ཧཱུྃ་ལ་སེམས་དྲག་ཏུ་གཏད། ཡང་རླུང་ཕྱིར་བསལ་བའི་དུས། ཁ་ནས་འབུད་ན་ཧིཀ་རིང་པོ་དང་། སྣ་ནས་འབུད་ན་ཧཱུྃ་རིང་བྱེད་དམ་སྒྲ་མེད་ཀྱི་ཚུལ་གྱིས་རླུང་ཤུགས་བཀྱེད་དེ་བསལ། དེ་སྐབས་མས་སྣའི་ཧཱུྃ་ཤུགས་དང་ལྡན་པ་དེས་ལྟེ་བའི་ཨ་ཡར་ཁྱེར་ཏེ། ཡི་གེ་གཉིས་བརྩེགས་དེ་དབུ་མའི་ལམ་ནས་བརྒྱུད། སྤྱི་གཙུག་ཚངས་པའི་བུ་ག་ནས་རྒྱངས་ངེར་ཐོན་ཏེ་ཡི་དམ་གྱི་ཐུགས་ཀར་སླེབ། དེར་གང་ཡང་མི་བསམ་པར་དྲན་མེད་རང་བབས་སུ་ཅུང་ཟད་བཞག །སྐབས་དེར་རླུང་ཡང་རང་བབས་སོ། །དེ་ལྟ་བུ་བསྐྱར་གྱིན་ལན་བདུན་ཙམ་བསྒོམ། དེ་རྗེས་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་གཉིས་བརྩེགས་ཐུར་ལ་རྒྱངས་ཀྱིས་བྱུང་། སྤྱི་བོ་ནས་ཞུགས་དབུ་མའི་ལམ་ནས་བརྒྱུད་དེ་སོང་། ཨ་ཡིག་ལྟེ་བར་བསྡད། ཧཱུྃ་ཡིག་གསང་བར་སོང་སྟེ་ལྗིད་དང་ལྡན་པར་བསམ། དམིགས་པ་ཐུན་ཆུང་གཅིག་གོ། །དེ་ལྟར་ཡང་ཡང་བསྒོམ། ཐུན་འཇོག་ཁར་ཡིག་འབྲུ་གཉིས་པོ་སྔར་བཞིན་མར་ཕབ་པའི་རྗེས་ལ། ཡི་དམ་འོད་དུ་ཞུ་ནས་རང་ལ་ཐིམ། ཧཱུྃ་སྔོན་པོ་ལས་འཕྲོས་པའི་འོད་ཀྱི་ཁ་གཅོད་ལྟ་བུས་སྤྱི་བོའི་ཚངས་བུག་འགྲིག་པོར་བཀག་པར་བསམ། དི་ཉིད་འཕོ་བའི་རྟགས་བྱུང་བྱུང་གི་བར་དུ་བསྒོམ། དེ་ནས་ཀྱང་ཉིན་རེར་དམིགས་པ་ལན་རེ་ཙམ་བསྒོམ་མོ། །དམིགས་སྐོར་ང་གཅིག་པའོ།
།གསུམ་པ་བྱིན་རླབས་བླ་མའི་འཕོ་བ་ནི། སྔོན་འགྲོ་སྔ་མ་དང་འདྲ། དངོས་གཞིའི་སྐབས་སུ་ཡང་རྩ་དབུ་མ་སྔར་བཞིན་བསྒོམ། དབུ་མའི་ནང་ལྟེ་བར་ཐིག་ལེ་དཀར་པོ་གསུང་བ་དང་། སེར་པོ་གསུང་བ་སོགས་ཅི་རིགས་ཡོད་ཀྱང་། ལག་ལེན་དུ་དཀར་ལ་སེར་བའི་མདངས་ཆགས་པ་འོད་འཕྲོ་བ། ནོར་བུ་ཀེ་ཀེ་རུ་དང་འདྲ་བ། ཟླུམ་ཞིང་འགྲིལ་བ་བོངས་ཚད་སྲན་རྡོག་ཙམ་ཞིག་གསལ་འདེབས། རླུང་སྦྱོར་ཡང་སྔ་མ་དང་འདྲ། ཐིག་ལེ་དཀར་སེར་དེ་སྤྱི་གཙུག་ནས་ཡར་རྒྱངས་ཀྱིས་ཐོན་ཏེ། བླ་མའི་ཐུགས་ཀར་ཐིམ། དེ་ལྟར་དམིགས་པ་བསྐྱར་གྱིན་ལན་བདུན་སོང་བ་ན། མར་འབེབས་པའི་དམིགས་པ་བྱེད་དེ། ལྟེ་བར་ཐིག་ལེ་ལྗིད་དང་ལྡན་པ་ཉམས་བདེ་བ་ཞིག་བསྒོམ། དེ་ལྟ་བུ་ཐུན་ཆུང་གཅིག་སྟེ་དེ་ཉིད་བསྐྱར་གྱིན་བསྒོམ། ཐུན་འཇོག་ཁར་རླུང་སེམས་ལྟེ་བར་ཕབ་པའི་རྗེས་སུ། བླ་མ་ལ་མོས་གུས་དུང་བ་བྱས་པས་བླ་མ་འོད་དུ་ཞུ། སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས་ཏེ་ཐིམ་པས་ལུས་སེམས་བདེ་བས་ཁྱབ། སྤྱི་བོ་ཚངས་པའི་བུ་ག་དེ་ཡང་ཐིག་ལེ་དཀར་པོ་གཅིག་གིས་བཀག་པར་བསམ། ཚུལ་དེ་ལྟ་བུར་རྟགས་བྱུང་བྱུང་བསྒོམ། དེ་ལྟར་འཕོ་བ་དེ་གཉིས་ཀ་ལ་ཡང་ལས་ལ་སྦྱོར་བའི་སྐབས། ཡར་འཕོ་བ་འབའ་ཞིག་བསྒོམ་གྱི་མར་འབེབས་པ་མི་དགོས་ལ། ཐུན་མཚམས་སུ་སྒོ་བཀག་པ་ཡང་མི་དགོས་སོ། །དམིགས་སྐོར་ང་གཉིས་པའོ།
།བཞི་པ་འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ནི། སྤྱིར་དཀྱུས་ཀྱི་མན་ངག་གི་སྡེབས་ཡིན་ཀྱང་ཤིན་ཏུ་བཀའ་གཉན་ཞེས་གསུངས་ནས་བཀའ་རྒྱ་ཅན་དུ་མཛད་དེ་ཚོགས་སུ་མི་གསུང་། དེ་བས་ན་ལོགས་སུ་ཤེས་པར་བྱའོ།
།དཀྱུས་ཀྱི་ས་བཅད་ཀྱིས་བསྡུས་པ་མ་ཡིན་ཀྱང་། ཡེ་ཤེས་མཁའ་འགྲོ་མ་ཉིད་ཀྱི་གསུང་འཕོ་བ་བསྡུས་པ་གཞན་ཡང་རིགས་ལྔ་ཙམ་ཡོད་དོ།
།གཉིས་པ་ལྷན་ཐབས་ཀྱི་མན་ངག་ནི། སྐབས་འདིར། གཞུང་ནས་འཕོ་བ་མང་པོ་བཤད་ཀྱང་། ལག་ལེན་ཡེ་ཤེས་སྐར་ཁུང་མ་ལ་བྱེད་གསུང་། གཞུང་འཕོ་རྣམས་ལའང་ལག་ལེན་ཡེ་མི་མཛད་པ་ཡིན་མོད། འདི་ལ་ཕྱག་ལེན་གཙོ་ཆེར་མང་དུ་འདེབས་པ་ལ་དགོངས་པའོ། །འདི་ལ་སྦྱང་བ་དང་ལས་ལ་སྦྱར་བ་གཉིས་ཡོད།
དང་པོ་སྦྱང་བ་ནི། སྔོན་འགྲོ་སྔར་དང་འདྲ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྗེས་སུ། རང་ལུས་ལྷ་སྐུ་ཁོང་སྟོང་དུ་བསམ། རྩ་དབུ་མ་ཡང་ཡི་དམ་གྱི་འཕོ་བའི་སྐབས་སུ་བཤད་པ་བཞིན་བསྒོམ། དབུ་མའི་ནང་ལྟེ་བའི་ཐད་དུ་ཆོས་འབྱུང་གྲུ་གསུམ་དཀར་པོ། རྩ་བ་ཕྲ་བ་ཐུར་བསྟན། གདེངས་ཀ་གྱེན་བསྟན། ཟུར་གཅིག་མདུན་ལ་བསྟན་པ། རྒྱབ་གཞུང་གི་ངོས་ལ་ལོགས་གཅིག་བསྟན་པར་བསྒོམ། དེའི་དབུས་སུ་རྟེན་གང་ལ་ཡང་མ་རེག་པའི་ཨ་ཡིག་དཀར་པོ། སྲན་ཆུང་ངམ། ཡུངས་འབྲུའི་ཚད་ཙམ་གསལ་འདེབས། ཚད་ཆེ་ཆུང་མ་གཏོགས་ཆོས་འབྱུང་དང་ཨ་ཡིག་གི་བཞུགས་ཚུལ་སྟོང་རའི་སྐབས་དང་འདྲ། དེ་རྗེས་རླུང་རོ་བསལ། རླུང་བུམ་ཅན་ཤུགས་དྲག་པོ་ཡུན་ཐུང་ཙམ་ཞིག་བཟུང་། ལྟེ་བའི་ཨ་ལ་སེམས་དྲག་ཏུ་གཏད། རླུང་བཟུང་བའི་ངང་དེ་ཀ་ནས་ལྟོ་བ་ཚིགས་པའི་ཕྱོགས་ལ་ཅུང་ཟད་བཅེར་ཙམ་དང་། ཨ་དཀར་པོ་དེ་འཕར་ཙམ་བྱུང་ནས་ཡང་སྔར་ཤུལ་དུ་བསྡད། དེ་བས་ཅུང་ཤུགས་ཆེ་བས་བཅེར་བ་ན། ཡང་སྔར་ལས་མཐོ་ཙམ་འཕར་བ་ལས་སྔར་གྱི་སར་བསྡད། ཡང་དེ་འཕྲལ་སྐད་ཅིག་ལ་དྲག་ཏུ་བཅེར་ཏེ་ཐུབ་ཚད་དུ་བསྡད་པས། རླུང་སྟོད་དུ་ཁོང་གིས་འགྲིལ་ཡོང་། དམིགས་པ་ཆོས་འབྱུང་གི་ཁ་ཐག་གིས་བརྡབས་པས། དེའི་རླུང་གིས་བདས་པ་བཞིན་དུ་རང་སེམས་ཨ་དཀར་པོ་དེ་མདའ་འཕངས་པ་བཞིན་དུ་དབུ་མའི་ལམ་བརྒྱུད་སྤྱི་བོ་ཚངས་བུག་ནས་ཐོན། ནམ་མཁའ་ལ་ཡེ་རེ་རེ་སོང་། དབྱིངས་མཐོན་པོ་མཐོན་པོར་སླེབ་ནས་ནམ་མཁའ་ལ་ཡལ་པར་བསམ་སྟེ།
དབྱིངས་དང་ནམ་མཁའ་རིག་པ་གསུམ་དབྱེར་མེད་དུ་འདྲེས་པ་ལ་ཧད་དེ་བཞག །དམིགས་པ་དེ་ལྟ་བུ་བསྐྱར་གྱིན་ལན་བདུན་ཙམ་བསྒོམ། ཡང་འབེབས་པ་ནི་ནམ་མཁའི་དབུས་སུ་ཨ་དཀར་པོ་ཞིག་ལམ་སྟེ་གྲུབ། དེ་མར་བབས་སྤྱི་བོ་ཚངས་བུག་ནས་ཞུགས། དབུ་མའི་ནང་ནས་མར་ལམ་ལམ་དལ་བུས་བབས། ལྟེ་བའི་ཆོས་འབྱུང་གི་དབུས་སུ་བརྟན་ཅིང་བརྗིད་དང་ལྡན་པའི་ཚུལ་གྱིས་སྤྲིང་ངེ་འདུག་པར་བསམ། དེ་ཐུན་ཆུང་གཅིག་ཡིན། དེ་ལྟར་ཡང་ཡང་བསྒོམ། ཐུན་ཆེན་རེའི་ནང་དུ་ཐུན་ཆུང་དེ་འདྲ་ཉེར་གཅིག་གམ། བཅུ་གཅིག་གམ། བདུན་ཙམ་རེ་བྱེད། དེ་ལྟ་བུའི་ཐུན་བཞིའམ་དྲུག་སོགས་བྱས་ན་རྟགས་མྱུར་དུ་འོང་སྟེ། རྩོལ་བ་ཆེ་ཆུང་གི་རིམ་པས་ཞག་བདུན་ནམ། ཟླ་ཕྱེད་དམ། ཟླ་གཅིག་ཙམ་ལ་རྟགས་རབ་འབྲིང་ཐ་མ་གསུམ་གང་རུང་ཞིག་འབྱུང་བར་ཐེ་ཚོམ་མེད་དོ།
།དེ་ཡང་རྟགས་རབ་སྤྱི་བོ་འབུར་བ་བརྡོལ་ཏེ་ཆུ་སེར་སོགས་བྱུང་ནའང་ཡིན། དམིགས་པ་བཏང་རེས་ཀྱི་ལྟག་པའི་རྩ་གཉིས་རེངས་ཤིང་། མིག་སྦྲིད་ཆིལ་བ་དང་། དྲན་མེད་དུ་འགྲོ་ཚད་པ་བྱུང་ན་ཡིན། འབྲིང་ནི་སྤྱི་བོ་འབུར་བ་ཙམ་དང་། མདུན་རྩེ་ཆུང་གི་རྩ་རྒྱངས་པ་ལྟ་བུའོ། །ཐ་མ་སྤྱི་བོ་ཟ་ཞིང་འགུལ་ལ་འཁྲིགས་པ་འོང་།
དེས་མི་ཡོང་གོང་མ་གཉིས་གང་རུང་གཅིག་རང་དགོས་གསུང་། དམིགས་པ་གསལ་ཤོས་ཤིག་ལ་འདི་བསྒོམ་ཙམ་ན་ཡུན་རིང་དུ་དྲན་མེད་དུ་བརྒྱལ་བ་འབྱུང་སྟེ། དེ་ལ་རིན་པོ་ཆའི་སྣོད་བྱང་མས་སྤྱི་གཙུག་བཀབ་ན། ཐལ་བའི་ཉེས་པ་མི་འབྱུང་གསུང་། འོན་ཀྱང་དེ་འདྲའི་རིགས་ལ་ཚིགས་པ་བརྡུང་བ་དང་འབེབས་ཀྱིས་ཕབ་ན་ལེགས་སོ།
།དེ་ལྟར་རྟགས་བྱུང་ནས་ཉིན་རེ་བཞིན་དམིགས་པ་ཚར་རེ་བསྒོམ་དགོས། སྤྱིར་ད་ལྟ་འཕོ་བས་རྩ་ལམ་འབྱོངས་ན། ནམ་ཞིག་འཆི་ཚེ་འཕོ་བའི་གསལ་འདེབས་མེད་ཀྱང་། སྔར་རྩ་སྒོ་བྱེ་ཞིང་རྩ་ལམ་བྱང་བ་དེ་ཉིད་ནས་ཕལ་ཆེར་འགྲོ་ཡང་རེ་རེ་ཙམ་མ་ངེས་པ་ལས་གསལ་འདེབས་བྱུང་ན་འཆུག་པ་མེད། སྒོམ་འཕྲོ་བཞག་ནས་ཡུན་རིང་ལོན་ན་དགོས་དུས་གསལ་མི་ཐེབས་པ་ཡང་སྲིད་པས། ད་ལྟ་སྦྱངས་པའི་རྒྱུན་མི་ཉམས་པའི་ཕྱིར་ཐུན་རེ་བསྒོམ་པ་ཡིན། ལྷག་མ་སྒྱུ་ལུས་སོགས་བསྒོམ་པ་ཁེ་ཆེའོ།
།ལས་ལ་སྦྱར་བ་ནི་སྔར་བཤད་པ་དང་འདྲ་སྟེ། མྱུར་དུ་འཆི་བའི་རྟགས་ངེས་པ་ཅན་བྱུང་ན། ཡོད་བྱད་ལ་མ་ཆགས་པར་བྱ། རང་གང་མོས་པ་ལ་མཆོད་འབུལ་དང་། སྦྱིན་གཏོང་བྱེད། འཁོན་དང་སེལ་ཡོད་པ་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་བཤགས་སྦྱང་བྱ། ཉེ་དུ་སོགས་ལ་ཆགས་པའི་བློ་སྤངས་ཏེ། འབྲེལ་ཐག་བཅད་ནས་བསྒོམ་དགོས་སོ། །འདིར་རྫས་ཀྱི་འཕོ་བའང་བཤད་པ་འགྲུབ་ན་ནི་ལེགས། མེད་ཀ་མེད་ནི་མིན་ནོ། །དམིགས་སྐོར་ང་གསུམ་པའོ།
།དེ་ཡན་ཆད་ལ་གཏུམ་མོའི་སྐབས་སུ་རྩ་དབུ་མ་དམར་པོར་བསྒོམ། གཞན་རྣམས་ལའང་ཕྱི་དཀར་ནང་དམར་སོགས་ཁྲིད་ཡིག་རྣམས་སུ་མི་འདྲ་བ་ཅི་རིགས་བཤད་ཀྱང་ལག་ལེན་དུ་དཀར་པོ་ཁོ་ན་མཛད། ཡེ་ཤེས་སྐར་ཁུང་མ་ལ་ཆོས་འབྱུང་གི་སྟབས་དབུ་མ་ཅུང་ཟད་སྦོམ་པར་བསྒོམ་དགོས། ཐིག་ལེ་དབང་བཞིའི་གནད་ལའང་དེ་དང་འདྲ། ཆོས་འབྱུང་ཡང་ཕྱི་དཀར་ནང་དམར་སོགས་ཅི་རིགས་བཤད་མོད་དེ། བར་དོའི་སྐབས་མ་གཏོགས། ཆོས་དྲུག་གཞུང་གི་དམིགས་པའི་ཆོས་འབྱུང་ཐམས་ཅད་དཀར་པོ་ཁོ་ནར་མཛད་པ་ཞལ་རྒྱུན་ཡིན།
ཐབས་ལམ་དང་འོད་གསལ་གྱི་སྐབས་ན་ལུས་ཐམས་ཅད་དབུ་མས་ཁྱབ་པར་བསྒོམ་ལུགས་རེ་ཡིག་རྙིང་ཀུན་ན་བཤད་མོད་ཀྱང་། ལས་དང་པོ་བའི་སྐབས་ན་དེ་རང་ཕན་ཆུང་མི་དགོས་གསུང་ཏེ་ཁྲིད་ཀྱི་དཀྱུས་ལ་མི་ལཛད་དོ།

དྲུག་པ་བར་དོ་རྒྱལ་བ་ལོངས་སྐུ་ནི་རྣམ་པ་བཞི་སྟེ།
རབ་བར་དོ་དང་པོའི་འོད་གསལ་ཆོས་སྐུ་རང་ཤར། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། སྤྱི་གནད་འཆུག་མེད་ཀྱི་གདམས་ངག་སྟེ། ས་བཅས་བཞི་ཡོད་ལ།
དེའི་དང་པོ་ནི། གོང་གི་འཕོ་བྱ་འཕོ་བྱེད་བྲལ་བ་དང་དོན་གཅིག་སྟེ། དེ་ཡང་བར་དོ་དང་པོ་ཞེས་པ་ནི། འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་འཆི་སེམས་བདེ་སྟོང་འོད་གསལ་དུ་གནས་གྱུར་པ་དེ་ཡིན་ཏེ། བར་དོའི་དང་པོར་བྱུང་བས་སོ། །དེ་ལ་འཆི་བ་ཆོས་སྐུ་ཞེས་བྱ།
དེ་ལས་ལངས་པ་ན་ཐ་མལ་པ་རྣམས་ལ་བར་དོ་འབྱུང་བའི་དོད་ལ་ལྷ་སྐུ་སྒྱུ་མ་ལྟ་བུ་རང་ཤར་དུ་འབྱུང་བ་དེ་ལ་འོད་གསལ་རང་ཤར་ཟེར། འོད་གསལ་ལས་རང་ཤར་བའི་གོ་བ་ཡིན་ནོ།
།དེ་ཡང་སད་དུས་སུ་བདེ་སྟོང་དང་ལྷ་སྐུ་རྒྱུན་མི་འཆད། གཉིས་འཐུག་པོ་ཐམས་ཅད་འོད་གསལ་དུ་ཆུག །རྨི་ལམ་གྱི་རྩལ་སྦྱོང་ཟད་པ་ཡང་མེད་ལ་དག་སྣང་ལྷ་སྐུ་རང་ཤར་བའི་གང་ཟག་དེ་ལ་བར་དོ་དང་པོའི་འོད་གསལ་རང་ཤར་ཆོས་སྐུ་འདི་འབྱུང་བ་ཡིན་ནོ། །འདི་ལ་དམིགས་པ་ལོགས་པ་མེད། སྐབས་འདིར་དེ་དག་གི་རྣམས་གཞག་རྒྱས་པར་འཆད་འདོད་ན། ཆོས་ཐུན་གཅིག་གཉིས་སོགས་ཇི་ལྟར་འོས་པ་བྱེད།
གཉིས་པ་འབྲིང་རྒྱལ་བ་ལོངས་སྐུ་རང་ཤར་ནི། སྔོན་འགྲོ་བབས་སྒྱུ་ལུས་དང་འདྲ་བ་ལས། བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ་ཅེས་མཐའ་བསྒྱུར། བླ་མ་རང་ལ་ཐིམ་པའི་རྗེས་སུ། རང་དང་སྣང་བ་ཐམས་ཅད་ལ་བལྟས་ཏེ། སྲིད་པ་བར་དོ་དངོས་ཡིན་སྙམ་པའི་འདུན་པ་ཡང་དྲག་པོ་སྦྱངས། འགྲོ་དྲུག་འཁོར་བའི་སྡུག་བསྔལ་དང་། ཆགས་སྡང་ཉོན་མོངས་ཀྱི་ཉེས་དམིགས་དྲན་པའི་སྐྱོ་ཤས་དྲག་པོ་ཡང་བྱ།
བར་དོའི་སྐབས་འདིར། འཁྲུལ་ན་འཁྲུལ་ཚབས་ཆེ་སྟེ་ཆགས་སྡང་གི་རྣམ་རྟོག་རེ་རེས་ཀྱང་སྐད་ཅིག་ལ་དམྱལ་བར་ཡང་བསྐྱུར་རུང་། ལམ་བསྒོམས་ན་གྲོལ་ཚབས་ཀྱང་ཆེ་སྟེ། ད་ལྟ་སད་དུས་སུ་ལོ་ཟླར་བསྒོམས་པ་ལས་ཀྱང་། འདིར་དར་ཅིག་རེ་བསྒོམས་པ་ཡང་བོགས་དང་ཆོད་ཆེ་བ་ཡིན། ད་ཉོན་མོངས་ཀྱི་དབང་དུ་མི་གཏོང་བར་མ་འཁྲུལ་བ་ཞིག་བྱེད་དགོས། བླ་མས་གནང་བའི་རྒྱལ་བ་ལོངས་སྐུ་བསྒོམ་པར་བྱ་སྙམ་དུ་བསམ།
སྟོང་པའི་ངང་ལས་རང་གི་མདུན་དུ་ཆོས་འབྱུང་སྔོན་པོ་རྩ་བ་ཕྲ་ཞིང་གདེངས་ཀ་གྱེན་དུ་བསྟན་པ་ཞིག་བསྒོམ། འདི་རང་བཞིན་མ་རྟོགས་པ་རྣམས་ལ་མའི་མངལ་དུ་འདུག །རྟོགས་པ་རྣམས་ལ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རང་ཡིན་ཨང་སྙམ་དུ་བསམ་པར་བྱ། དེ་ནས་རང་ཉིད་དེའི་དབུས་སུ་ཕྱིན། རང་སེམས་ཧཱུྃ་ཡིག་སྔོན་པོ་ཆེ་ཞིང་འོད་འབར་བ་ཞིག་ཏུ་གྱུར། དེ་ལས་འོད་འཕྲོས་ཆོས་འབྱུང་ལ་ཕོག །འདས་པའི་མངལ་སྐྱེས་ཀྱི་ལན་ཆགས་དང་བག་ཆགས་ཐམས་ཅད་སྦྱངས། ད་ལྟར་བའི་མང་ལ་སྐྱེས་ཀྱི་ལས་ཐམས་ཅད་ཀྱང་དག །མ་འོངས་པ་སྐྱེ་བར་འགྱུར་བའི་སྒོ་བཀག །སྐྱེ་གནས་གཞན་གསུམ་གྱི་བག་ཆགས་རྣམས་ཞོར་ལ་རང་དག་པར་བསམ། བར་དོ་ཡིན་ཨང་སྙམ་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ལྷན་སྐྱེས་སུ་བསྒོམ། བར་དོ་ཡིན་ཨང་སྙམ་སྤྱི་བོར་གདན་བཞི་རྫོགས་ཀྱི་སྟེང་དུ་བླ་མ་བསྒོམ། བར་དོའི་སྐབས་འདིར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ།
དེ་ལྟར་དམིགས་པ་སྒོམ་པའི་སྐབས་ཐམས་ཅད་དུ་བར་དོ་རང་ཡིན་སྙམ་པའི་འདུན་པ་རྒྱུན་ཆགས་གལ་ཆེ། དམིགས་སྐོར་ང་བཞི་པའོ།
།གསུམ་པ་ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར་ནི། དམིགས་པ་སྔ་མ་དེ་རྫོགས་པར་བསྒོམས་ནས། དེའི་སྟེང་དུ་འདི་བསྣན་ཏེ། འདི་ཐམས་ཅད་བར་དོ་ཡིན་སྣང་བ་འདི་བསྒྱུར་བར་བྱའོ་སྙམ་པས། གཟུགས་སུ་སྣང་ཚད་འཁོར་ལོ་སྡོམ་པའི་སྐུར་བསྒྱུར་དགོས་སྙམ་པ་བྱས་ཙ་ན། ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་དུ་ཁྲོང་ཁྲོང་སོང་། སྒྲ་གྲགས་ཚད་སྔགས་ཡི་གེ་བདུན་པ་ལྟ་བུ་གཅིག་ཏུ་བསྒྱུར་སྙམ་པ་བྱས་ཙ་ན། སྔགས་དེ་ཉིད་དུ་འུར་འུར་བྱུང་། བདེ་སྡུག་ཆགས་སྡང་སོགས་ཡིད་དྲན་རྟོག་ཡུལ་དང་བཅས་པ་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་ཉིན་པར་དྲག་ཏུ་བསྒོམ། རྨི་ལམ་ཤར་བ་ན་དེ་ཉིད་དུ་སྒྱུར་བ་གསུམ་པོ་དྲན་པར་བྱས་པ་ཙམ་གྱིས་ཉོན་མོངས་སྡུག་བསྔལ་ཐམས་ཅད་ལས་རང་གྲོལ་བར་འགྱུར་རོ། དམིགས་སྐོར་ང་ལྔ་པའོ།
།བཞི་པ་སྤྱི་གནད་འཆུག་མེད་ནི། སྐབས་འདིར་བླ་མ་ཕལ་ཆེར་འདི་སྐད་གསུང་སྟེ། འདིར་དབང་པོ་ཐ་མའི་ཡང་ཐ་མ་ཞེས་སྤྱི་གནད་འཆུག་མེད་དབང་པོ་དམན་པའི་ཉམས་ལེན་གྱི་དབང་དུ་བྱས་ནས། བཤད་མ་ཐག་པ་སྤྲུལ་སྐུ་འགག་མེད་ཀྱི་དམིགས་པ་ཡོངས་རྫོགས་ཁོ་ན་བསྒོམ་པའི་སྟེང་དུ། འདི་སྣོན་པར་མཛད་པ་འབའ་ཞིག་འདུག་སྟེ། ལར་བར་དོའི་དམིགས་པ་ཕྱི་མ་གསུམ་པོ་རྐང་ཚུགས་པ་གསུམ་མ་ཡིན། སྔ་མ་སྔ་མ་ཕྱི་མ་ཕྱི་མ་བསྣན་པའོ། །ཞེས་གསུང་ངོ་།
།ཕྱོགས་གཅིག་ནས་དེ་ལྟར་ཡིན་མོད་ཀྱང་། དེ་ཁོ་ནར་བྱས་ན་སྤྱི་གནད་འཆུག་མེད་ཅེས་པའི་སྤྱི་སྒྲ་ནུས་མེད་དུ་འགྲོ་བས། དམིགས་པ་འདི་དབང་པོ་འབྲིང་གི་ཉམས་ལེན་ལ་ཡང་སྣོན་དགོས་པ་སྲིད། ཐ་མའི་ཉམས་ལེན་ལ་ཡང་སྣོན་དགོས་ཞེས་པའི་དོན་དུ་སྣང་ཞིང་། དེ་ལྟར་ན་བར་དོ་རང་དབང་པོ་རབ་འབྲིང་གསུམ་གྱི་ཉམས་ལེན་དུ་འདུས་པས། དབང་པོ་བཞི་པའི་རྣམ་གཞག་མི་དགོས་པར་མངོན་ལ། ཐ་མ་ཡིག་གེ་མཆན་བུ་དང་། ཚིག་གསལ་དུའང་། སྤྱི་གནད་འཆུག་མེད་གསུང་བ་མ་གཏོགས། དབང་པོའི་རིམ་པ་དང་སྦྱར་བ་མེད་དོ། །དེས་ན་འབྲིང་དང་ཐ་མའི་དམིགས་པ་གང་ལྟར་ཡང་རུང་སྟེ། དམིགས་པ་འདི་བསྣན་ཏེ་བསྒོམས་ན་འཆུག་པ་མེད་ཅེས་པའི་དོན་ཡིན་པར་སྣང་ངོ་། །ཇི་སྐད་དུ། བླ་མ་ཡི་དམ་སྒྱུ་ལུས་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར། །བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་མན་ངག་གཅེས། །ཞེས་པ་ལྟར། བར་དོའི་འདུན་པ་དྲག་པོ་དང་བཅས་པས། སྤྱིར་འགྲོ་བ་རིགས་དྲུག་གི་ནང་ནས་སྐྱེ་འགྲོ་ཕོ་ཐམས་ཅད་དང་། ཁྱད་པར་དུ་ཞེ་སྡང་སྐྱེ་བའི་ཡུལ་ཐམས་ཅད་རང་ཉིད་གནས་པའི་ཆོས་འབྱུང་གི་གཡས་ཟུར་ཕྱོགས་སུ་འཁོད་པར་བསྒོམ། མཆོད་པ་བཞི་རྫོགས་སུ་ཕུལ་ནས། བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་བྱ། ཡང་འགྲོ་བ་རིགས་དྲུག་ཏུ་གཏོགས་པའི་སེམས་ཅན་མོ་ཐམས་ཅད་དང་། ཁྱད་པར་འདོད་ཆགས་སྐྱེ་བའི་ཡུལ་ཐམས་ཅད་ཆོས་འབྱུང་གི་གཡོན་ཟུར་དུ་འཁོད་པར་བསྒོམ། མཆོད་པ་བཞི་རྫོགས་སུ་ཕུལ་ནས། བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། སླར་ཡང་བླ་མའི་མོས་གུས་དང་། རང་གཞན་ལྷ་སྐུར་གསལ་བ་དང་། བདེན་མེད་ཀྱི་འདུན་པ་ཤུགས་བསྐྱེད་པས་རྒྱབ་བརྟེན་ནོ། །དེ་ལྟར་ཡང་ཡང་བསྒོམ། རྟེན་བུད་མེད་ཀྱིས་བསྒོམ་པའི་དབང་དུ་བྱས་ན། ཆགས་སྡང་སྐྱེ་བའི་ཡུལ་གོ་བརྗེ་བར་བྱའོ།
།ཡང་རང་གང་དུ་གནས་པའི་ཆོས་འབྱུང་སྔོན་པོ་དེ་ཤིན་ཏུ་ཡངས་པར་བསྒོམས་པའི་གཡས་གཡོན་གྱི་ནང་ཐུར་དུ་དེ་དག་བསྒོམ་དགོས་པ་ཡིན་ནའང་། དེར་བསྒོམ་མི་བདེ་དམིགས་པ་མི་གསལ་ན། དེའི་ཐད་ཀྱི་བར་སྣང་ནམ་མཁའ་ཐམས་ཅད་དང་ཕྱི་རོལ་དུའང་བསྒོམ་དུ་རུང་གསུང་། ཡང་བླ་མའི་ཞལ་ནས་ཐོག་མར་རང་ཡི་དམ་དེ། ཆོས་འབྱུང་གི་མདུན་གྱི་ཟུར་ལ་ཞལ་བསྟན་པ་ཡིན་ཀྱང་། སྐབས་འདིར་ཆོས་འབྱུང་གི་རྒྱབ་ཕྱོགས་ལ་ཞལ་བསྒྱུར་བས། རིགས་དྲུག་ལྷ་སྐུར་བསྒྱུར་བ་ལ་མདུན་གྱིས་ཕྱོགས་ཕར་འོང་། མཆོད་པ་དང་གསོལ་འདེབས་བྱེད་དགོས་པས་དེ་ལྟར་བྱ་གསུང་། དམིགས་སྐོར་ང་དྲུག་པའོ།
།དེ་ལྟར་ན་དམིགས་སྐོར་ལྔ་བཅུ་ང་དྲུག་གི་སྟེང་དུ་སྟོང་ར་ནད་གདོན་སེལ་བྱེད་དང་། སྒྱུ་ལུས་དབང་པོ་ཐ་མའི་ས་བཅད་ཕྱི་མ་གཉིས་དང་། འོད་གསལ་གྱི་མཐར་ཐུག་དང་། རྗེས་ཀྱི་ས་བཅད་ལྔ་དང་། འཕོ་བ་བར་དོའི་དང་པོ་རེ་རེ་རྣམས་བསྣན་པས་ཆོས་ཐུན་དྲུག་ཅུ་རེ་བདུན་ཡིན་ལ། ད་ལྟ་ཚིག་ཁྲིད་ཙམ་ཐོབ་ཆོས་སུ་བྱེད་པ་ལ་ཐུན་གྱི་ངེས་པ་མེད་དོ། །དམིགས་ཐུན་དངོས་སུ་ཡོད་མེད་ལ་མ་རག་པར་ཐུན་རེ་ལ་དམིགས་པ་རེའི་ཐ་སྙད་སྦྱར་ནས། དམིགས་པ་དྲུག་ཅུ་རྩ་བདུན་ཞེས་ཀྱང་བྱའོ།།

༈ ན་མོ་གུ་རུ།
ཟབ་ལམ་ནི་གུའི་ཆོས་དྲུག་འདི་ལ། ཡན་ལག་མཐའ་རྒྱས་སུ་སྟོན་པའི་རྒྱས་པ་དང་། སྤྱི་ཉེ་བར་བསྡུས་པའི་འབྲིང་པོ་དང་། དོན་མ་ཚང་བ་མེད་པའི་བསྡུས་པ་དང་། གནད་མཐིལ་དུ་བསྒྲིལ་བའི་ཤིན་ཏུ་བསྡུས་པ་སྟེ་བཞི་ཡོད།
དང་པོ་ནི། ཆོས་དྲུག་བཀའ་བཅུར་གྲགས་པའི་དབང་རྣམས་ཀྱང་རྫོགས་པར་བསྐུར། རྨི་ལམ་གྱི་ཁྲིད་རྫོགས་མཚམས་སུ་སྒྱུ་ལུས་སྟན་ཐོག་གཅིག་མ་དང་། འཛིན་པ་རང་གྲོལསྦྱོང་བ་རྣམ་གཉིསདམིགས་པ་ལྔ་སྐོར་སོགས་དང་འབྱམས་གཅོད་རྒྱས་པ་ནས་ལེན་གྱིན་འཆད་པ་ཡིན།
འོད་གསལ་རྫོགས་མཚམས་སུ་འོད་གསལ་འཆར་སྒོ་ངོས་འཛིན་དང་ལྷན་ཐབས་སུ་འབྲི་བར་འགྱུར་བའི་འདམ་ཁ་ཚོ་ཡང་སྟོན་པ་ཡིན་འདུག་སྟེ།
འོན་ཀྱང་ཕྱིས་ཀྱི་ཕྱག་ལེན་ལ་དམིགས་པ་ཁ་སྐོང་དེ་རྣམས་མི་བྱེད་པར་གདའ། དབང་རྣམས་རྫོགས་པར་བསྐུར་རོ།
།དེ་ལ་བཀའ་བཅུ་པོ་སོ་སོའི་དུས་འཚམས་སྐབས་སུ་བབ་པ་དེར་བསྐུར་བར་འདོད་ན།
དང་པོར་བདེ་མཆོག་ལྷ་ལྔའི་དབང་བཞི་རྫོགས་བསྐུར། སྔོན་འགྲོ་སྤྱི་དང་། སྐྱབས་འགྲོ་སེམས་བསྐྱེད་སོང་མཚམས་སུ། ཡི་དམ་འབོགས་པའི་ཚུལ་ཡིན་པས། བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་དེ་བསྐུར། ཆོས་དྲུག་བཀའ་བཅུ་དངོས་ལ་མི་ཐེ་ཡང་། རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་དེ་ཡངསྟོང་རའི་ཁྲིད་ཀྱི་སྐབས་གང་འོས་རེ་རུ་མཛད་ཀྱིན་ནི་འདུག །སྔོན་འགྲོའི་ཁྲིད་ཚར་གཏུམ་མོའི་ཁྲིད་མ་ཚུགས་པའི་མཚམས་དེར་གཏུམ་མོའི་སྒོས་བཀའ་བསྐུར། གཏུམ་མོ་དང་། སྒྱུ་ལུས་ཀྱི་བར་སྐབས་སུ། སྒྱུ་ལུས་ཀྱི་སྒོས་བཀའ་བྱེད། དེ་དང་རྨི་ལམ་གྱི་ཁྲིད་ཀྱི་བར་དུ་རྨི་ལམ་གྱི་སྒོས་བཀའ་བྱེད། དེ་དང་འོད་གསལ་གྱི་ཁྲིད་ཀྱི་བར་དུ། འོད་གསལ་གྱི་སྒོས་བཀའ་བྱེད་པ་རྣམས་ལ་མི་འདྲ་བ་མེད། རྒྱས་པའི་སྐབས་འདིར་སྒྱུ་ལུས་དབང་མོ་ཆེ་ནི། ཁ་ཅིག་བསྲེ་བ་སྒྱུ་ལུས་ཀྱི་དཀྱིལ་གྱི་ཐད་རང་ཡིན་གསུངས་ནས། རྨི་ལམ་སྦྱོང་སྤེལ་གྱི་སྐབས་གང་འཐད་དུ་བྱེད། ལ་ལ་བསྲེ་བའི་མཇུག་ཡིན་པར་གསུང་འོད་གསལ་གྱི་དངོས་གཞི་སོང་མཚམས་སུ་མཛད་དེ་ཁྱད་ཆེན་པོ་རང་མེད་ནའང་། ཕྱི་མ་འཐད་པར་སེམས། དེ་བཞིན་དུ་འཕོ་བ་དང་། བར་དོའི་སྒོས་བཀའ་ཡང་སོ་སོའི་ཁྲིད་ཀྱི་འགོར་མཛད་པ་ལ་མི་འདྲ་བ་མེད། འཕོ་བ་བར་དོའི་སྤྱི་བཀའ་དེ། སྐབས་སྣ་ཚོགས་གཅིག་ཏུ་བྱེད་ཀྱང་བར་དོའི་ཁྲིད་ཀྱི་མཇུག་ཏུ་བྱེད་པ་ཉིད་ལེགས་སོ།
།བདག་གི་རྣམ་རྟོག་ལྟར་ན། ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་དང་། །རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་གཉིས་ལས། གང་རིགས་གཅིག་ཀུན་གྱི་ཐ་མར་བྱས་ན་ལེགས་པར་འོང་ངོ་སེམས་སོ།
།དེ་ལ་ཆོས་དྲུག་གི་བཀའ་བཅུ་ནི། བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས། བྱིན་རླབས་ཁོག་ཕུབ་ཀྱི་བཀའ་གཉིས། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག་གོ།
།དེ་ལ་བར་པ་གཉིས་ནི་སྤྱིའི་བཀའ་གཉིས་ལ་ཟེར་བ་དང་། ཕྱི་མ་དྲུག་ནི་སྒོས་བཀའ་དྲུག་ལ་ངོས་འཛིན་པ་ལ་རྩོད་པ་མེད། དང་པོ་གཉིས་ཀྱི་ངོས་འཛིན་ལ། ཁ་ཅིག་བདེ་མཆོག་ལྷ་ལྔ་དང་། རྒྱུད་སྡེ་ལྔའི་དབང་བསྡུས་པ་གཉིས་ལ་འདོད་པ་ཡང་ཡོད་དོ།
།དེ་ལྟར་འདོད་མཁན་གྱི་ནང་ཚན་ལ་ལ་ནི། བདེ་མཆོག་ལྷ་ལྔའི་དབང་རྒྱས་པ་ཡོད་པ་མ་ཚོར་བ་ཡང་ཡིན་ལ། ཁ་ཅིག་ནི་དཀྱིལ་ཆོག་གི་གཞུང་དོན་མ་ཁྲོལ་བར་དབང་བསྐུར་བྱེད་མ་ཤེས་པར་སྣང་། གཞན་འགའ་ནི་ལྷ་ལྔའི་དབང་བསྐུར་ཆེ་བ་ནི། ནི་གུའི་ལུགས་ཀྱི་སྨིན་བྱེད་ཡིན་ཀྱང་ཆོས་དྲུག་སྒོས་ཀྱི་མིན་པས། བཀའ་བཅུ་ལ་མི་བགྲང་ཟེར་ཏེ། མདོར་ན་འདི་ལ་ཕྱིས་བྱུང་ལག་ལེན་བྱེད་པ་ཉུང་བར་བྱུང་ངོ་། །དེའི་རྒྱུ་ནི་འདི་ལྟར་ཡིན་ཏེ། འགྲོ་མགོན་རིན་པོ་ཆེའི་རྗེས་སུ། མཁས་གྲུབ་རྣམ་གསུམ་དངོས་སློབ་དང་བཅས་པའི་སྐབས་སུ། འདི་ལག་ལེན་དུ་དར་བར་ཡོད་ཅིང་མཆོད་ཕྲེང་ལ་སོགས་པའི་ལྷན་ཐབས་འགའ་རེ་མཛད་མོད། ཆོ་ག་དངོས་ཟོར་ཡང་ཞིང་གཞུང་གཞན་ལ་ཁ་འཕངས་པ་དང་ལག་ལེན་ཁྱེར་བདེ་བའི་སྟབས། ཡི་གེ་གསལ་པོ་ཆེར་མ་མཛད་པར་སྣང་། དེ་ལ་ཡང་སྤྱིར་མཁས་གྲུབ་གཞོན་ནུ་གྲུབ་ནི། ཕྱི་དཀྱིལ་གཅིག་ཏུ་དབང་བསྐུར་རྒྱས་པ་མ་སོང་བ་ལ་ཕྱག་ཆེན་ཆོས་དྲུག་སོགས་ཡེ་མི་གནང་བ་ཡིན་པར་འདུག །དམ་བསྒྲགས་ཀྱང་ཆེར་མཛད་པར་གདའ། མཁས་གྲུང་གཞན་གཉིས་ཀྱིས་དམ་བསྒྲགས་རང་མ་མཛད་ཀྱང་ཕྱག་ལེན་དེ་དང་འདྲ། དེ་ལྟར་ཡིན་ཡང་ཕྱིས་ཀྱི་རྣམས་སྒོམ་ཆེན་པ་སྤྱི་འདིའི་མིག་དཀྱུས་ཤོར། རྒྱུད་སྡེ་ལྔའི་དབང་ཆེན་མོ་འདི་ལོ་དང་ཟླ་བ་མང་པོར་གྲབས་བྱས་ནས་ལྐོག་བཤམས་པའི་ལན་རེ་ཙམ་བསྐུར་བ་མ་གཏོགས།
དབང་བཞི་རྫོགས་ཀྱི་རིགས་འཕྲལ་འཕྲལ་མཛད་པ་མ་ལྕོགས་ནས། རང་ངམ་གཞན་ལ་དབང་རྒྱས་པ་གང་རུང་དེ་སྔ་རོལ་ནས་ཐོབ་ན་རབ་བྱེད།
དེ་མིན་སྨིན་བྱེད་རྒྱས་པ་གཞན་ཡེ་མ་ཐོབ་ཅིང་ལྷ་ལྔའི་སྨིན་བྱེད་ཙམ་ཡང་མ་བྱས་པར་ཁྲིད་འདེབས་པའི་སྲོལ་ཞིག་བྱུང་།
དེ་ཕྱིན་ཆད་སླ་ཆོས་ཀྱི་དབང་གིས་ལྷ་ལྔ་རྒྱས་པ་ལ་དོན་གཉེར་ཆེར་མ་བྱུང་བའི་སྐྱོན་དུ་འདུག །དེ་ནི་བྱེད་མ་ཤེས་ཆོས་དྲུག་གི་བཀའ་བཅུ་པོ་བགྲང་དགོས་བྱུང་བས། ལྷ་ལྔའི་དབང་རྒྱས་པའི་ཚབ་ལ་ཅིག་ཤོས་དེ་བཅུག་པ་ཙམ་མོ། །གཞན་ཡང་ཡེ་ཤེས་མཁའ་འགྲོའི་ལུགས་འདི་ལ་ཆོས་དྲུག་ཉིད་ལམ་གྱི་རྐང་དང་རྩ་བ་ཡིན་པས་སྤྱིའི་སྨིན་བྱེད་ཡིན་ན། ཆོས་དྲུག་གི་རྐང་དང་འགལ་སྙམ་པའི་ལོག་རྟོག་མི་བྱའོ།
།དེས་ན་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས་ནི། བདེ་མཆོག་ལྷ་ལྔའི་དབང་ཆེ་ཆུང་གཉིས་ཡིན།
རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་དབང་ནི། ཡི་དམ་གཏོད་པ་ཡིན་པས་སྤྱི་ཁྱབ་ཏུ་གསེར་ཆོས་ཐམས་ཅད་དང་འབྲེལ་བའང་ཡིན་མོད། གཞུང་བཀའ་ཉེར་ལྔ་རང་ལ་མི་བགྲང་ངོ་། །དེ་ལྟར་ན་ཆོས་དྲུག་ཉིད་ལ་ཡན་ལག་མཐའ་རྒྱས་སུ་བྱེད་ཚུལ་དེ་ལྟར་ཡིན་ལ།
གཉིས་པ་སྤྱི་ཉེ་བར་བསྡུས་པ་འབྲིང་ནི། བྱིན་རླབས་སྒོ་འབྱེད་ཀྱི་དབང་སྒྱུ་ལུས་དབང་མོ་ཆེ་ཁོ་ན་ལ་བསྡུ། དེ་ཡང་དེང་སང་ཕལ་ཆེར་རྗེས་སུ་བྱེད་ཀྱིན་འདུག་ནའང་། བཀའ་གཞན་རྣམས་མི་བྱེད་པའི་སྟབས་ཁྲིད་ཀྱི་ཐོག་མར་བྱས་ན་ལེགས། སྦྱོང་བ་རྣམ་གཉིས་སོགས་ཆ་ལག་རྣམས་མི་དགོས། ཁྲིད་དམིགས་གཞུང་རྐྱང་དེ་ཡོངས་སུ་རྫོགས་པར་བྱེད་པའོ།
།གསུམ་པ་དོན་མ་ཚང་བ་མེད་པ་བསྡུས་པ་ནི། སྒྱུ་ལུས་དབང་མོ་ཆེ་དེ་བསྐུར་དགོས། ཁྲིད་ཚུལ་འདི་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ཞེས།
དང་པོ་ནི་དག་བྱེད་ཨའི་སྟོང་ར་སྟེ་དམིགས་སྐོར་གཅིག །སྐྱབས་སེམས་སྔོན་དུ་བྱེད་དགོས་ཀྱང་དམིགས་སྐོར་ལོགས་སུ་མི་འདྲེན་ནོ།
།དངོས་གཞི་ལ་ཆོས་དྲུག་ལས། གཏུམ་མོ་ལ་སྔོན་འགྲོ་ལུས་གནད་མེའི་སྟོང་ར། དངོས་གཞི་གཏུམ་མོ་ཟས་སུ་ཟ་བ། རྗེས་སྲིད་པའི་དབང་ཞུ་བ་སྟེ། དམིགས་སྐོར་གསུམ་མོ།
།སྒྱུ་ལུས་ལ། རང་ལུས་སྣང་སྟོང་ལྷ་སྐུ། ཅིར་སྣང་སྒྱུ་མའི་ལམ་ཁྱེར། འགྲོ་དྲུག་སྒྱུ་མར་འཆར་བྱེད་དེ་གསུམ་མོ།
།རྨི་ལམ་བཟུང་བ་ལ། རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་། རྟོག་བཅས་ལམ་ཁྱེར་གཉིས།
སྦྱོང་བ་ལ་ཟུང་དུ་སྡེབ་པ་གང་རུང་གཅིག་གོ་གསུངས་ཀྱང་། སེམས་ཀྱིས་ལུས་སྦྱོང་བ་དང་། འདུན་པས་སྦྱོང་བ་གཉིས་སྡེབ། ཡུལ་སྣང་གི་ནང་ནས་ཐིག་ལེ་ཡུལ་སྣང་གསལ་བྱེད་དེ། རྨི་ལམ་གྱི་ཁྲིད་ལ་རྩ་བའི་ས་བཅད། བཟུང་བ། སྦྱོང་བ། ཡུལ་སྣང་གསུམ་ལ་དམིགས་སྐོར་ལྔའོ།
།འོད་གསལ་གྱི་སྐབས་སུ། མི་རྟག་སྐྱོ་ཤས་དང་། བླ་མའི་མོས་གུས་ཐུན་གྱི་སྔོན་འགྲོར་བཏང་། ཐབས་ལམ་རང་མདངས་དང་། སྤྱོད་ལམ་དམ་རྫས་དང་། ལམ་ཁྱེར་རྣམས་ཐུན་མཚམས་ཀྱི་སྤྱོད་པ་ལ་བཏང་། བཟུང་བའི་དམིགས་པ་གསུམ་པོ་གང་རུང་ཞིག་བསྒོམ་གསུངས་ཀྱང་། བླ་མ་ལ་བཟུང་བ་ཁོ་ན་ལག་ལེན་གྱི་མཐིལ་དུ་མཛད། དེ་ལྟར་ན་འོད་གསལ་གྱི་ཁྲིད་ལ་བཟུང་བ་དང་། བསྲེ་བའོ། །བསྲེ་བ་ལ་གསལ་སྟོང་བསྲེ་བ་དང་། ཉིན་མཚན་བསྲེ་བའོ། །ཞེས་བསྡུས་དོན་བྱེད་དེ། ཡོངས་ནས་བླ་མ་ལ་བཟུང་བ། གསལ་སྟོང་བསྲེ་བ། ཉིན་མཚན་བསྲེ་བ་སྟེ། འོད་གསལ་ལ་དམིགས་པ་གསུམ་མོ།
།འཕོ་བ་ལ་ཡེ་ཤེས་སྐར་ཁུང་མ་སྟེ་དམིགས་པ་གཅིག་གོ།
།བར་དོ་ལ་རྒྱལ་བ་ལོངས་སྐུ་ལམ་ཁྱེར་དང་། གནད་འཆུག་མེད་གཉིས་བསྡོམས་ནས་དམིགས་ཆེན་གཅིག་སྟེ། དེ་ལྟར་ན། ཆོས་དྲུག་བསྡུས་པ་དམིགས་ཆེན་བཅུ་བདུན་ནོ།
།གནད་མཐིལ་དུ་དྲིལ་བ་ནི་སྟན་ཐོག་གཅིག་མ་སྟེ། ལོགས་སུ་འཆད་པར་འགྱུར་རོ།
།དེ་ལྟར་མཁའ་འགྲོའི་གསུང་གི་བཅུད། །ཟབ་དོན་བླ་མའི་ཞལ་བུམ་འདི། །ཡིག་བྲིས་མང་དུ་ཡོད་ན་ཡང་། །དེ་དག་རྣམས་ལ་མ་ལྟོས་སོ། །ཞལ་རྒྱུན་སྨར་ཁྲིད་མ་ཆད་པ། །བློ་ལ་ཐེམས་པར་བྱས་ནས་ནི། །ཡིག་རྙིང་ཁུངས་མའི་སྦས་བསྐུངས་རྣམས། །མཛུབ་བཙུགས་བྱེད་ན་མཁས་པ་ཡིན། །ལར་ནི་ཉམས་མྱོང་རྒྱུན་མེད་ན། །ཁྲིགས་བཀོད་ཙམ་གྱིས་ག་ལ་ཕན། །བླ་མའི་བྱིན་རླབས་ཉམས་མྱོང་རྒྱུན། །སེམས་ལ་ཐེབས་པ་གལ་རེ་ཆེ།
།ཞེས་པ་ཟབ་ལམ་ནི་གུ་ཆོས་དྲུག་གི་དམིགས་རིམ་རྒྱས་བསྡུས་གབ་འཁྲུགས་མེད་པར་བཀོད་པ་འདི་ཡང་ཏཱ་ར་ནཱ་ཐས་སོ།།
།།རྡོ་རྗེས་ཐེག་པའི་ཉེ་ལམ་ཆོས་དྲུག་ཁྲིད། །ངོ་མཚར་རྨད་བྱུང་སྤར་དུ་སྤྲུན་པའི་དགེས། །བསྟན་པ་དར་ཞིང་བསྟན་འཛིན་ཞབས་པད་བརྟེན། །འགྲོ་ཀུན་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག། །།སརྦ་མངྒ་ལཾ།། །།