Ni gu chos drug gi lung 'dren bla ma'i zhal shes

From Shangpa Resource Center








Resource ID kinnaur7
Title ni gu chos drug gi lung 'dren bla ma'i zhal shes
Topics Six doctrines of Niguma
Sub-Topics Instructions
Author Gyeltsen Bum, author is uncertain
Link BDRC W4CZ58783 (p.61)
Notes This text is composed of parts included in chos spyi'i nyer 'kho by Gyeltsen Bum with slight differences.

ནི་གུ་ཆོས་དྲུག་གི་ལུང་འདྲེན་བླ་མའི་ཞལ་ཤེས།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
སྒྱུ་ལུས་དབང་པོ་ཐ་མའི་ཞེན་མེད་རང་ཤར་གྱི་སྐབས་སུ།
བསྡུས་པ་ལས། གལ་ཏེ་སེམས་ཅན་ལ་ལས་ཙན་དན་ཕུར་མ་བླངས། །རབ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ལ། །གཞན་ཞིག་མེ་མདག་མགོ་ལ་འཐོར་བྱེད་གཉིས་ཀ་ལ། །དེ་ཡིས་མཉམ་ཤིང་སྙོམས་པའི་ཡིད་ནི་སྐྱེད་པར་བྱ། ཅེས་དང་།
རྣམ་འགྲེལ་ལས། བླང་དང་དོར་བྱ་སྤངས་པའི་ཕྱིར། །ཐམས་ཅད་ལ་ནི་མཉམ་སྙོམས་ཅན། །ཙན་དན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། ཅེས་སོ།
།རྨི་ལམ་རང་ཟིན་གྱི་སྐབས་སུ།
བླ་མ་རྨོག་ཅོག་པས། ཆོད་སྐུ་གཏན་ལ་ཕེབས་པ་ལ་སྒྱུ་མ། སྒྱུ་མ་གཏན་ལ་ཕེབས་པ་ལ་རྨི་ལམ། རྨི་ལམ་གཏན་ལ་ཕེབས་པ་ལ་དད་གུས། དད་གུས་གཏན་ལ་ཕེབས་པ་ལ་བླ་མ། ཅེས་པས།
བླ་མ་ལ་མོས་གུས་དང་མདུན་པ་བྱས་པས་རྨི་ལམ་ཟིན། རྨི་ལམ་ཟིན་པས་སྒྱུ་མ་གཏན་ལ་ཕེབས། སྒྱུ་མས་ཆོས་སྐུ་གཏན་ལ་ཕེབས་སོ། །ཡང་རྨི་ལམ་ཟིན་མ་ཐོག་མིག་ཕྱེ་ན་སད་འབྱམས་སུ་འགྲོ་བས་མིག་མི་འབྱེད་པར་འདུན་པ་བྱས་པས་སད་འཇམས་སུ་མི་འགྲོ་ཞིང་། སྦྱོང་སྤེལ་ཡུན་རིང་དུ་བྱར་འབྱུང་དེས་ནི།
ནི་གུ་མས། །དེ་ཡང་མིག་ནི་མི་འབྱེད་པར། །དྲན་སྣང་རྟོག་པའི་རི་མོ་རྣམས། །འདུན་པ་དྲག་པོས་ཉམས་སུ་བླངས། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱང་། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རྟེན་དང་བརྟེན་པར་བསྒོམ་བྱས་ནས། །དེ་ཉིད་སྒྱུ་མ་རྨི་ལམ་དུ། །ཡང་ཡང་སྦྱངས་པ་གནད་དུ་ཆེ། ཅེས་སོ།
གཉིད་སད་རྗེས་ཉིན་ནུབ་བསྲེ་བ་ནི།
ནི་གུ་མས། །དེ་ཡང་དྲན་འདུན་མོས་གུས་དང་། །བསྲེ་འཕོའི་གནད་ཀྱི་འཚམས་སྦྱར་ནས། །གཉིད་ལོག་སད་པར་གྱུར་པ་དེས། །སྔར་གྱི་རྨི་ལམ་ཟིན་པ་དང་། །སད་པའི་འཁྲུལ་སྣང་ཁྱད་མེད་བསྒོམ། ཅེས་སོ།
།འཆུག་མེད་ཀྱི་སྐབས་སུ།
བླ་མ་རྨོག་ཅོག་པས། དེ་ལྟར་ཡང་དང་ཡང་བསྒོམས་པས། །དམ་དུམ་ཀྱམ་ཀྱེམ་ཟིན་པར་འགྱུར། །གཉིད་སད་དུས་ན་བསྲེ་བ་བཅེས། །ཤར་དང་སྣང་དང་དོན་བྱེད་ནུས། །ཤེས་ནས་གྲོལ་བར་བྱེད་པ་ཡིན། ཅེས་པས།
ཉིན་ནུབ་གཉིས་ཡིད་ལ་ཤར་བ་དང་། མིག་སྔར་སྣང་བ་དང་། དོན་བྱེད་ནུས་པ་དང་། རྨི་ལམ་དུ་ཤེས་ནས་མི་བདེ་བ་ལས་གྲོལ་བར་བྱེད་པའི་སྒོ་ནས་མཉམ་གསུང་ངོ་།
།རྟོག་བཅས་ལམ་དུ་འཁྱེར་བའི་སྐབས་སུ།
ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱི་མགྲིན་པར་གནས། ཡི་གེ་ཨཾ་བཅས་གནས་པ་ཉིད། ཅེས་སོ།
བླ་མ་རྨོག་ཅོག་པས། རྨི་ལམ་ཟིན་པ་དེ་མཁའ་འགྲོ་བདེ་ལྔའི་ཞིང་སླེབ་པ་འདྲ་གསུང་། དེ་ཡང་ལུང་པའི་མདའ་གཅིག་ན་སྟག་དང་སེང་གེ་ལ་སོགས་པ་གཅན་ཟན་དུ་མས་བཀག་ནས་འགྲོར་མི་སྟེར་དེ་ལས་ཐར་ན། ལུང་པའི་ཕུ་ཡངས་པོ་ལག་སོར་བཀྲམ་པ་ལྟ་བུ་ཉམས་དགའ་ལོ་ལྔ་ཡོད་པ་ལྟར། རྨི་ལམ་ཟིན་དུ་མི་སྟེར་བ་དེ། དུག་གསུམ་ལ་སོགས་པས་བཀག་པའོ། །རྨི་ལམ་ཟིན་ན་མཁའ་འགྲོ་སྡེ་ལྔ་སྟེ། རྨི་ལམ་ཟིན་ནམ་སྒྱུ་མར་ཤེས་འམ། བདེན་མེད་དམ། རང་སེམས། སྟོང་པའམ། གང་དུ་ཤེས་ནས་ཀྱང་མི་བདེ་བ་ཐམས་ཅད་ལས་གྲོལ་བར་འགྱུར་རོ།
།ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བའི་སྐབས་སུ།
རྟགས་གཉིས་ལས། དང་པོར་ནག་པོར་རབ་ཏུ་སྒོམ། །གཉིས་པ་དམར་པོར་རྣམ་པར་སྒོམ་། །ཅེས་སོ།
།འོད་གསལ་གྱི་རྩ་བ་མི་རྟག་སྐྱོ་ཤས་ཀྱི་དུས་སུ།
ནི་གུ་མས། །འཁོར་བར་སྐྱིད་མེད་དགའ་གདུང་དང་། །སྣང་བ་སླུ་བྲིད་མཁན་འདི་ལ། །སྐྱོ་ཤས་དྲག་པོས་རྒྱབ་ཕུལ་ནས། །འདུན་པ་དྲག་པོས་བཅུད་ལ་བོར། །ཚེ་འདི་བློ་ཡིས་མ་ཐོངས་ན། །ཅི་བྱས་དོན་མེད་སྡུག་བསྔལ་ཏེ། །འཁོར་གཡོག་མང་པོ་གྲོག་ཚང་འདྲ། །ལོངས་སྤྱོད་མི་རྟག་སྤྲིན་དང་འཚུངས། །ནགས་ཁྲོད་འདུག་ཀྱང་རི་དགས་ཡིན། །ཐ་སྙད་མཁས་ཀྱང་ནེ་ཙོ་འདྲ། །དེ་ཕྱིར་བསམ་དང་ལྡན་པ་ཡིས། །ལོ་ཀ་འདི་ལ་ཆགས་མི་བྱ། །སྤྱོད་ལམ་སྣང་གྲགས་ཐམས་ཅད་ཀུན། །གཉིད་སོང་འདུན་པས་ཉམས་སུ་བླང་། །དངོས་སྣང་དང་ནི་རྨི་ལམ་གཉིས། ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །མ་རྟོགས་པ་ལ་གཉིས་སུ་སྣང་། །དེ་ཕྱིར་དེ་ལས་གཞན་དུ་མིན། ཅེས་དང་། ཡང་། འདིར་ནི་སྒྲུབ་པ་གཙོར་བྱེད་པས། །ཐ་སྙད་མིག་སྒྱུ་དག་དང་འཚུངས། །དེ་ཕྱིར་ཆོས་ལ་ལུང་མེད་ཡང་། །འཇིག་རྟེན་འདི་ཉིད་བློས་བཏང་ཏེ། །བླ་མ་དམ་པ་མཆོག་རྟེན་ནས། །རྟོགས་པ་མངོན་དུ་གྱུར་བར་བྱ། །ཚེ་འདི་ཡུན་ཐུང་ཤེས་བྱ་མང་། །ཚེ་འདིའི་ཚད་ཀྱང་མ་ངེས་ལ། །ངང་བས་འོ་མ་ལེན་པ་ལྟར། །རང་གི་དགོངས་པ་བླང་བར་བྱ། །ཇི་སྲིད་འདུ་ཤེས་གནས་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་པར་གྱུར་པ་ན། །ཐེག་པ་མེད་ཅིང་བརྗོད་དུ་མེད། ཅེས་སོ།
།ཉིན་བར་སྐུ་གསུམ་ལམ་ཁྱེར་གྱི་སྐབས་སུ།
ཡེ་ཤེས་རྒྱ་མཚོ་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ཡང་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། ཅེས་སོ།
བལྟ་སྟངས་ཀྱི་མཉམ་རྗེས་བསྲེ་བའི་སྐབས་སུ།
དམ་པ་རྒྱ་གར་གྱིས། ལྟ་སྟངས་ཀྱིས་སྟོད་ལ་མནན་ན་ཕྲ་རགས་ཀྱི་རྟོག་པ་འགག །ཅེས་དང་།
ཡུམ་ལས། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཅེས་དང་།
གསལ་སྟོང་རང་ཤར་སྐབས་སུ།
གཅོད་ཀྱི་གཞུང་ལས། མཚན་ཉིད་སྟོང་པའི་དོན་རྟོགས་ན། །རྟགས་སམ་འབྲས་བུ་ཕྱི་རོལ་དུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་སྒྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་རང་གསལ་ཏེ། །ནང་དུ་ཉོན་མོངས་ཕྲ་རགས་པ་དང༌། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང༌། །གཉིས་མེད་རང་གྲོལ་རྩིས་ལས་འདས། །དེ་ལྟར་རྟོགས་ན་ཆོས་ཉིད་ལ། །གནས་ཤར་གྲོལ་བར་གྱུར་པ་དེ། །གསེར་གླིང་དག་ཏུ་ཕྱིན་དང་འཚུངས། །སྐྱེས་བུའི་སྲོག་རྩ་གཅད་གྱུར་ན། །མིག་ལ་སོགས་པ་དབང་པོ་ཡི། །སྒོ་ནི་ཆེད་དུ་དགག་མི་དགོས། །དེ་བཞིན་རང་སེམས་རྩད་གཅད་ནས། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། ཅེས་སོ།
།ཟབ་ཞི་སྤྲོས་བྲལ་གྱི་སྐབས་སུ།
ཟབ་པ་ནི། མངོན་རྟོགས་བརྒྱན་ལས། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། ཅེས་སོ།
།ཞི་བ་ནི། དབུ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་སོ།
།འོད་གསལ་བ་ནི། བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ། །སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཅེས་སོ།
།སྤྲོས་བྲལ་གྱི་མཐའ་གཉིས་ནི། གཅོད་ཀྱི་གཞུང་ལས། ཕྱི་ནང་ལྷ་འདྲེ་འཁོར་དང་བཅས། །སྣང་དང་སྟོང་ལ་སོགས་པ་ཡི། །གཉིས་སྣང་བྲལ་བའི་སངས་རྒྱས་ཀྱང་། །དགོས་པ་མ་ནོར་མ་བཅོས་པའོ། །ཅེས་སོ།
།བཞི་ནི། དུས་འཁོར་ལས། ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཅེས་སོ།
།བརྒྱད་ནི། དབུ་མ་ཚིགས་གསལ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །སྐྱེ་བ་མེད་ཅིང་འགག་མེད་པ། །ཆད་པ་མེད་ཅིང་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་གཅིག་དོན་ཉིད་མིན། །སྤྲོས་པ་ཉེར་ཞི་ཞིར་སྟོན་པའི། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཅེས་སོ།
།འདུས་མ་བྱས་པས་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། ཅེས་སོ།
།དེ་རྣམས་ཀྱང་མདོ་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་གོ །སུ་ལ་སྟན་ཀྱང་གོ་བར་མི་འགྱུར་བས། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ཅེས་སོ།
།གགས་སེལ་ཉེས་སྐྱོན་རང་གྲོལ་གྱི་སྐབས་སུ།
།གཅོད་ལས། རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི་རང་གི་སེམས་ལས་བྱུང༌། །སེམས་ལས་བྱུང་བ་གནས་པ་དང༌། །འགྲོ་བར་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་སུ་མི་འགྱུར། །འཁྲུལ་ནས་འཁོར་བར་འཁྱམ་མི་སྲིད། །དགེ་སྡིག་ལས་ཀུན་རྣམ་པར་དག །དེ་དག་ཡེ་གྲོལ་ཡེ་སངས་རྒྱས། ཅེས་སོ།
།ཁྱད་འཕགས་འཆར་སྒོ་ངོས་འཛིན་གྱི་སྐབས་སུ།
རིན་ཆེན་རྒྱ་མཚོའི་རྒྱུད་ཕྱི་མ་ལས། །བླ་མའི་བྱིན་བརླབས་འོད་གསལ་ནི། །ཐོ་རངས་ཚེ་འམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་དམ་པའི་ཞལ་ལས་དྲིས། ཅེས་སོ།
།བདུན་ཕྲག་དང་པོར་ལོངས་སྐུ་སངས་རྒྱ་བའི་སྐབས་སུ།
ནི་གུ་མས། །རྨི་ལམ་ཟིན་ནས་ལྷའི་སྐུ། །རང་ཤར་ཡུད་ཙམ་བྱུང་གྱུར་ན། །བར་དོ་ཟིན་པར་ཐེ་ཚོམ་མེད། །སྒྱུར་མར་གྱུར་པ་དེ་དང་འཚུངས། ཅེས་སོ།
།རྫོགས་སོ།