Rab gnas kyi zhal gdams

From Shangpa Resource Center








Resource ID SCv10p263
Title rab gnas kyi zhal gdams
Topics Consecration
Sub-Topics Instructions
Associated Person Khyungpo Neljor
Link BDRC W23922
BDRC W3CN18508 (v2p.656)

༼རབ་གནས་ཀྱི་ཞལ་གདམས།༽
༈ རབ་གནས་ཀྱི་མེ་ཏོག་འཐོར་བའི་དུས་སུ། རང་ཉིད་སྒྲོལ་མ་ལྗང་སེར་གཅིག་ཏུ་བསམས་ལ། ན་མོ་བུདྷ་ཡའི་གསོལ་བ་འདེབས་ཀྱིན་གཏོར་རོ།
།སྒྲོལ་མ་ལས་ཀྱི་ལྷ་ཡིན། །སྐུ་མདོག་ལྗང་སེར་གྱིས་རྒྱས་པའི་ལས་གྲུབ་པ་ཡིན་གསུང་། གཏོར་བའི་དུས་ཚོད་ནི་རི་རྩི་ལ་ཉི་མ་ཤར་བ་ལ་བཤད་ཀྱང་། ལག་ལེན་དུ་ནམ་ཕྱེད་ཡོལ་བ་ལ་ལྷ་འདྲེ་མི་གསུམ་ཉལ་བའི་དུས་ཚོད། མིས་མ་ཚོར་བར་གཏོར་གསུང་ངོ་།
རི་རྩེ་ལ་ཉི་མ་ཤར་བའི་དུས་སུ་ཡང་མི་དང་བསྟན་ནས་གཏོར་བ་ཡིན་གསུང་། །བླ་མ་ཤངས་པའི་རབ་གནས་ཞལ་གདམས་ཟབ་མོ་ཨྀཐིཿ

༈ རབ་གནས་ཀྱི་ཞལ་གདམས་ཡོད།།
ན་མོ་གུ་རུ།
རབ་ཏུ་གནས་པ་འདི་ལ་གཉིས་ཏེ། །རབ་གནས་མི་དགོས་པ་དང་། དགོས་པའོ།
།དང་པོ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས། དགག་སྒྲུབ་ཀྱི་བློ་དང་བྲལ་བའོ། །དེ་ནི་རབ་ཀྱི་སྤྱོད་ཡུལ་ལོ། །རྟེན་སྤྲུལ་སྐུ་དངོས་སུ་ཤེས་པ་ལ་ཡང་མི་དགོས་ཏེ། འབྲིང་གི་སྤྱོད་ཡུལ་ལོ།
གཉིས་པ་ནི། དགག་སྒྲུབ་ལ་གནས་པས། དབང་པོ་ཐ་མའི་སྤྱོད་ཡུལ་ལ་དགོས་སོ།
།དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ།
།དང་པོ་ལ་ལྔ་སྟེ། རྟེན་གྱི་མཚན་ཉིད། སློབ་དཔོན་གྱི་མཚན་ཉིད། ཡོན་བདག་གི་མཚན་ཉིད། སྟ་གོན་བྱ་བ། བསྙེན་པ་བྱ་བའོ།
།དེ་ལ་གསུམ་སྟེ། གུ་གུལ། ཉུངས་ཀར། ནས་འབྲས་སོ།
།དང་པོ་ནི། རྗེས་སུ་ཡི་རང་དང་ལྡན་པས་སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཁྱད་པར་དུ་ཁྲོ་བོ་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྟིམ་ནས་སྔགས་བཟླས་པར་བྱའོ།
།གཉིས་པ་ནི། ཡི་རང་དང་ལྡན་པས། སྤྱིར་ཁྲོ་བོ་ཐམས་ཅད། ཁྱད་པར་དུ་ཡི་དམ་གྱི་བསྐྱེད་གཞུག་བྱས་ལ་བཟླས་པ་བྱའོ།
།གསུམ་པ་ནི། ཡི་རང་དང་ལྡན་པས། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། ཁྱད་པར་དུ་རྟེན་གང་ཡིན་དེ་དང་། ཡི་དམ་གྱི་ལྷ་བསྐྱེད་གཞུག་དང་བཟླས་པ་བྱའོ།
།གཉིས་པ་དངོས་གཞི་ནི། གུ་གུལ་གྱི་དུད་པ། ནུས་མཐུ་ཅན་གྱིས་བགེགས་བསྐྲད། ཡུངས་ཀར་ཁོ་བོས་བགེགས་བཏུལ། སྒྲོལ་མ་ལྗང་སེར་གྱི་ང་རྒྱལ། འབྲས་བུ་སངས་རྒྱས་ཀྱི་རང་བཞིན་སྤྱི་བྱེ་བྲག་ཆར་ཞིང་དབབ་པར་བྱའོ།
།གསུམ་པ་རྗེས་ལ་ལྔ་སྟེ།
དང་པོ་ཆོས་སྐྱོང་ལ་གཏད་པས་བརྟན་པར་བྱ་བ་ནི། གཏོར་མ་གཉིས་བཤམས་ལ། རང་དང་དེའི་ཆོས་སྐྱོང་དུ་བསྐྱེད། དབང་བསྐུར། བདུད་རྩིས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་པས་མནའ་དགགས་ལ་གཏད་པར་བྱའོ།
།གཉིས་པ་རྟེན་མི་དགུལ་བར། རྟེན་དང་ཆོས་སྐྱོང་མཆོད་པས་བརྟན་པར་བྱ་བ་དང་།
།གསུམ་པ་བཀྲ་ཤིས་ཀྱི་རྫས་དང་ཚིགས་བཅད་ཀྱིས་བརྟན་པར་བྱ་བ་དང་།
བཞི་པ་རྟེན་འབྲེལ་གྱིས་༼ལེགས་ལེགས་དང་བརྟཻན་༽བརྟན་པར་བྱ་བ་དང་།
ལྔ་པ་ལུས་གནད་༼སྐྱིལ་ཀྲུང་༽དང་༼རྡོ་རྗེ་ལྟ་བུའི།༽ཏིང་དེ་འཛིན་གྱིས་བརྟན་པར་བྱ་བའོ།། ཞལ་གདམས་ཨྀཐིཿ
འོད་ཟེར་མ། ནུས་མཐུ་མ། སྐུ་གཟུགས་མ། འདི་ཡོད་ན་རབ་གནས་ལ་ཉེས་མེད་གསུང་ངོ་།།