Rang gzhan la gros 'debs dpyid kyi rgyal mo'i mgrin glu yid kyi gdung sel

From Shangpa Resource Center








Resource ID Bok1
Title rang gzhan la gros 'debs dpyid kyi rgyal mo'i mgrin glu yid kyi gdung sel
Topics Chant
Author Bokar Rinpoché

༈ །།རང་གཞན་ལ་གྲོས་འདེབས་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་ཡིད་ཀྱི་གདུང་སེལ་ཞེས་བྱ་བ་བཞུགས་སོ།

།ན་མོ་གུ་རུ།
བསྐལ་པ་བཟང་པོའི་སངས་རྒྱས་དྲུག་པ་སེངྒེའི་རྣམ་རོལ་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་སྒྲིབ་མེད་མངོན་པར་མཁྱེན་པས་ལུང་བསྟན་པའི་འབོ་དཀར་མཆོག་གི་སྤྲུལ་པའི་སྐུ་ཡི་ཕྲེང་བ་གཉིས་པར་བྱོན་པ་ངེས་དོན་ཆོས་ཀྱི་བློ་གྲོས་ཀྱིས་ཚུལ་གནས་ཐོས་བསམ་གྱི་རིམ་པ་མཐར་སོན་ནས། དཔལ་རྒྱལ་བའི་དབང་པོ་དང་། རྗེ་བླ་མ་རང་བྱུང་ཀུན་ཁྱབ་ཀྱི་ཞལ་སྔ་ནས་ཐབས་གྲོལ་གྱི་གདམས་པ་མང་དུ་གསན་པས། འཇིག་རྟེན་གྱི་གཡེང་བ་ཐམས་ཅད་སྤངས་ཏེ་མི་ལོ་དུ་མ་སྙིང་པོའི་དོན་སྒོམ་པ་ལ་བརྩོན་པའི་གདུང་ཤུགས་བཀའ་བརྒྱུད་གོང་མ་རྣམས་དང་མཚུངས་པ་མཛད་བཞིན་པའི་ངང་ནས། ཟུང་འཇུག་དགའ་ཚལ་གྱི་གླིང་གི་སྒྲུབ་གནས་གསར་དུ་བསྐྲུན་པའི་ནང་དུ་སྨིན་གྲོལ་གྱི་བདུད་རྩིས་སློབ་མའི་ཚོགས་ལེགས་པར་བསྐྱངས་པས། སེམས་ཉིད་གཉུག་མའི་ཡེ་ཤེས་ཀྱི་རང་ཞལ་མཇལ་བ་འགའ་བྱུང་བ་རྣམས་ལ་རང་གི་ཐུགས་ཉམས་སུ་ཤར་བའི་སྒོམ་དོན་གྱི་རིམ་པ་རྣམས་མགུར་དུ་བཞེངས་པ་ནི་འདི་ལྟར་རོ།

ན་མོ་གུ་རུ་བྷྱཿ
རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་མཁྱེན་བརྩེ་ནུས་པ་གཅིག་བསྡུས་པ། །རིགས་ཀུན་གྱི་བདག་ཉིད་འགྲོ་བའི་མགོན། །མི་བདག་གི་འདྲེན་མཆོག་ཆོས་ཀྱི་རྗེ། །དཔལ་༧རྒྱལ་བའི་དབང་པོ་ཀརྨ་པ། །དོན་དབྱེར་མེད་དྲིན་ཅན་བླ་མར་འདུད། །དུས་འདི་ཕྱི་ཀུན་ཏུ་ཐུགས་རྗེས་བཟུང་། །མི་བདག་ལ་རེ་ས་ཁྱེད་ལས་མེད། །སྔོན་ལས་དང་བསོད་ནམས་མི་ཞན་པས། །རྟེན་དལ་འབྱོར་མཚན་ལྡན་དགེ་བའི་བཤེས། །མགོན་ཤཱཀ་ཐུབ་བསྟན་པའི་སྙིང་པོ་བཅས། །མ་ལུས་ཕུན་ཚོགས་ཀྱི་གནས་སྐབས་འདིར། །ཆོས་རྣལ་མ་ཉམས་སུ་མ།ལོན་པར། །འཕྲལ་རྣམ་གཡེངས་ངང་དུ་མི་ཚེ་འཕུལ། །ལས་ཅི་བྱས་མི་དགེའི་ཡོ་ལང་ཉིད། །དུས་ནམ་ཞིག་འཆི་ཚེ་འགྱོད་པས་གདུངས། །འདི་བསམ་ཀྱིན་རང་ལ་ཡིད་རེ་ཆད། །དུས་སྙིགས་མའི་སྐྱེ་བོ་བསམ་སྤྱོད་མང་། །བློ་ཡིད་གཏད་མི་ཐུབ་འགྱུར་ལྡོག་ཆེ། །ལས་རྒྱུ་འབྲས་སྡོམ་པ་དམ་ཚིག་དང་། །ཁྲེལ་ངོ་ཚ་མི་ཤེས་ངན་སྤྱོད་ཀྱིས། །རང་གཞན་ཀུན་གཏན་དུ་ཕུང་ལ་སྦྱོར། །སྐྱབས་བསླུ་མེད་དཀོན་མཆོག་མ་གཏོགས་པར། །བློ་བརྟན་ཐུབ་ཀྱི་གྲོགས་པོ་ངས་མ་རྙེད། །ད་སུ་ལའང་རེ་བའི་ཁོ་ཐག་ཆོད། །སློབ་གཉེར་དང་ཆོས་སྤྱོད་བཙུན་ཚུགས་བཟང་། །གཞན་དོན་ཕྲིན་ལས་ཀྱི་འདུ་ལོང་རྒྱས། །ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པའི་ཁུར། །ཁྱེར་བར་རློམས་ཀྱང་རང་འདོད་ཀྱི། །ཁེ་གྲགས་ཆོས་བརྒྱད་ཀྱི་དྲི་མས་བསླད། །ཡང་དག་པའི་ཆོས་སུ་ག་ལ་འགྲོ། །ཞུས་ཞུས་ཐོབ་ཐོབ་ཀྱི་ཁེངས་སེམས་ལ། །བྱས་བྱས་སྒྲུབ་སྒྲུབ་ཀྱི་ཁོང་ཡུས་འཚངས། །ཚུལ་ཆོས་མཛེས་ཁྲིག་གི་ཆོས་སྤྱོད་འདི། །སྙིང་པོའི་གཏན་འདུན་དུ་འགྱུར་རམ་ཅི། །ད་རང་དྲིན་རང་ལ་མ་ཆུང་བར། །མགོན་བཀའ་བརྒྱུད་གོང་མའི་རྣམ་ཐར་སོམས། །ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་པར། །ཞེན་ལོག་དང་བྱང་སེམས་བསྐྱེད་རྫོགས་སོགས། །ཁ་བཤད་ཀྱི་འཇའ་ཚོན་བཀྲ་ན་ཡང་། །རྐྱེན་རང་ཐོག་ཏུ་བབས་ཚེ་ཐ་མལ་པ། །འདི་བསམ་ཀྱིན་རང་ལ་སྙིང་ནས་ཁྲེལ། །དོན་ཉམས་ལེན་གྱིས་རང་རྒྱུད་མ་གྲོལ་པར། །གཞན་གྲོལ་བར་འདོད་པ་ཨ་རེ་འཁྲུལ། །ཡིད་རློམས་ཀྱི་དབང་བསྐུར་འཆད་སྤེལ་འདིས། །རང་གཞན་ཀུན་ཉེས་སྟུང་གི་ཁུར་གྱིས་ནོན། །སོས་དལ་དུ་བསྡད་ན་ཉེས་པ་ཆུང་། །ད་ལེགས་པར་སོམས་དང་ཀླད་མེད་པོ། །ཕ་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན། །གནས་ངེས་མེད་དབེན་པའི་རི་སུལ་དུ། །རྩེ་གཅིག་ཏུ་སྒྲུབ་པའི་སྐལ་མེད་ཀྱང་། །རྗེ་སངས་རྒྱས་ཀུན་དངོས་བླ་མ་ཡིས། །ཐུགས་བརྩེ་བས་ཞལ་གྱི་གདམས་པའི་བཅུད། །དོན་མེད་ཆུད་ཟོས་སུ་མི་གཏོང་བར། །སྒྲུབ་པ་ལ་ནན་ཏན་བྱེད་པར་ཤོག །ཐུན་མོང་སྔོན་འགྲོ་རྣམ་པ་བཞི། །སྙིང་ལ་རྡོ་རུས་འཕྲོད་པ་ཡིས། །ལོང་མེད་ཞེན་ལོག་གི་རྐང་པ་བརྟན། །བློ་དམ་པའི་ཆོས་སུ་འགྲོ་བར་ཤོག །ཐུན་མིན་གྱི་སྔོན་འགྲོ་རྣམ་བཞི་ཡིས། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང་། །ཁྱད་པར་ཟབ་ལམ་མོས་གུས་ཀྱིས། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །བླ་མེད་རྡོ་རྗེ་ཐེག་པ་ཡི། །རིམ་གཉིས་ཐབས་གྲོལ་གདམས་ངག་གིས། །ཐ་མལ་འཁྲུལ་པའི་སྣང་ཞེན་སྦྱང་། །དག་པ་ཟུང་འཇུག་སྐུ་བཞི་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག །ཕ་བླ་མ་ཆོས་སྐུ་རྡོ་རྗེ་འཆང་། །ཡིད་འབྲལ་མེད་མོས་གུས་གདུང་དབྱངས་ཀྱིས། །ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་རྒྱུད་བསྐུལ་ནས། །བྱིན་རླབས་དོན་བརྒྱུད་ཀྱི་དགོངས་པ་འཕོས། །བླ་མ་དང་རང་སེམས་དབྱེར་མེད་དང་། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་ཡོད་པ་མ་ཡིན་སྟོང་པ་ཉིད། །གཟུགས་ཁ་དོག་རྫས་སུ་གྲུབ་པ་མེད། །མེད་པ་མ་ཡིན་ཅི་ཡང་འཆར། །འོད་གསལ་འཁོར་འདས་ཀུན་གྱི་གཞི། །བློ་འདས་ཆོས་ཉིད་འདུས་མ་བྱས། །སྒྲ་དང་ཚིག་གིས་བརྗོད་དུ་མེད། །སོ་སོ་རང་རིག་སྤྱོད་ཡུལ་གྱི། །ཐ་མལ་ཤེས་པ་རྗེན་པ་འདི། །བཀའ་མདོ་རྒྱུད་ཀུན་གྱི་བརྗོད་བྱའི་དོན། །དུས་གསུམ་རྒྱལ་བའི་དགོངས་པའི་བཅུད། །ཆོས་སྐུ་ཕྱག་རྒྱ་ཆེན་པོར་བརྗོད། །འདི་ཚིག་གིས་ལྟ་བ་མཚོན་ཙམ་ལས། །དོན་གནས་ལུགས་སྒོམ་པས་ཉམས་སུ་མྱོང་། །ཉམས་མྱོང་ལ་བརྟེན་རྟོགས་པ་འཐོབ། །རྟོགས་པས་ཚེ་འདིར་མངོན་སངས་རྒྱས། །དེ་ཚུལ་བཞིན་རང་ངོ་འཕྲོད་པ་དགོས། །རྣམ་རྟོག་སྤང་བྱར་མི་འཛིན་ཅིང་། །མི་རྟོག་ཆེད་དུ་མི་སྒྲུབ་པར། །ཐ་མལ་ཤེས་པ་ལྷུག་པ་ཉིད། །མ་ཡེངས་མི་སྒོམ་བཟོ་མེད་ངང་། །རྒྱུན་ཆད་མེད་པར་མཉམ་པར་བཞག །གསལ་ལ་མི་རྟོག་རྩེ་གཅིག་པ། །ཞི་གནས་སྒོམ་གྱི་རྩ་བ་སྟེ། །བྱིངས་ན་སྒྲིམ་ཞིང་རྒོད་ན་གློད། །ལྷག་མཐོང་སེམས་ཀྱི་གནས་ལུགས་ལ། །བལྟས་པས་ངོས་བཟུང་མཚན་མ་ཞིག །ཡིན་ལུགས་ཁོ་ཐག་ནང་ནས་ཆོད། །དབྱེར་མེད་ཟུང་འཇུག་ཕྱག་རྒྱ་ཆེ། །རྒྱུད་ལྡན་བླ་མའི་མན་ངག་དང་། །རང་གིས་སྒོམ་པའི་ཉམས་མྱོང་གིས། །ངེས་ཤེས་བརྟན་པ་ཐོབ་པར་གཅེས། །ཐབས་ཀྱི་རྒྱལ་པོ་ཟླ་མེད་པ། །བླ་མའི་མོས་གུས་གསོལ་འདེབས་དང་། །མི་རྟག་སྐྱོ་ཤས་སྙིང་རྗེ་བཅས། །མ་བྲལ་ཐབས་ཤེས་ཟུང་འཇུག་གིས། །གེགས་སེལ་བོགས་འདོན་གནད་ཀྱི་མཆོག །ལམ་གྱི་འཁྲུལ་པ་སེལ་བར་ཤོག །རྣལ་འབྱོར་བཞི་གསུམ་བཅུ་གཉིས་ཀྱི། །སྒོམ་མེད་ཆོས་སྐུ་ཆེན་པོའི་བར། །ནང་གི་ས་ལམ་གཅིག་ཆར་བགྲོད། །ཉམས་དང་རྟོགས་པའི་རྩལ་ཆེན་རྫོགས། །འཁྲུལ་སྣང་ཡེ་ཤེས་ཆེན་པོར་འཆར། །འཁོར་འདས་སྤྲོས་པ་གཤིས་ལ་དག །དགག་སྒྲུབ་མཚན་མ་རང་སར་གྲོལ། །ལྟ་སྒོམ་སྤྱོད་པའི་ཞེ་འདོད་ཟད། །གཞི་ལམ་འོད།གསལ་མ་བུ་འདྲེས། །རང་གཞན་དོན་གཉིས་མཐར་ཕྱིན་པའི། །སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། །ཚེ་གཅིག་ལ་རྡོ་རྗེ་འཆང་དབང་འཐོབ། །དུས་གཏན་གྱི་འདུན་མ་འདི་ན་གྲུབ། །ཕ་བཀའ་བརྒྱུད་ཀྱི་རྒྱལ་ས་ཟིན་པར་ཤོག
།ཅེས་མངའ་བདག་མཻ་ཏྲི་པས་བྱིན་གྱིས་བརླབས་པའི་གནས་སྔར་མཻ་ཏྲིའམ་དུས་ཕྱིས་མི་རིགས་སུ་གྲགས་པ་སྨན་ལྗོངས་ས་ལའི་ནགས་ཚལ་ཉམས་དགའ་བར་སྩལ་བའོ།།