Rdo rje 'chang gi rnam thar

From Shangpa Resource Center








Resource ID SCv1p1
Title sangs rgyas rdo rje 'chang gi rnam par thar pa
sangs rgyas sku gsum gyi mdzad pa
Topics Biography
Author Mokchokpa Künga Ö
Link BDRC W23922
BDRC W1KG4284
BDRC W8LS37032 (p.183 + p.417)
BDRC W1KG1286
BDRC W8LS32723
BDRC W3PD988
Notes Author: Mokchokpa Künga Ö in shangs chos dkar chag zab rgyas chos kyi sgo 'byed lde mig

༄༅། །སངས་རྒྱས་རྡོ་རྗེ་འཆང་གི་རྣམ་པར་ཐར་པ་ཞེས་བྱ་བ་བཞུགས་སོ།

།བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།
།དམིགས་མེད་ཐུགས་རྗེ་མཁའ་ལྟར་དག་པ་ཡི། །ཕྲིན་ལས་མཆོག་གིས་འགྲོ་བའི་དཔལ་གྱུར་པ། །སྲིད་གསུམ་རེ་བ་ཡོངས་སུ་རྫོགས་མཛད་པའི། །རིན་ཆེན་མཆོག་གྱུར་བླ་མའི་ཞབས་ལ་འདུད།
།དེ་ལ་ད་ལྟར་གྱི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་འབྱུང་བ་ལ། སྔར་སངས་རྒྱས་གསུམ་བྱོན་ནས། འདི་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན། སྟོན་པ་དེ་ནི། ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྲས་དོན་གྲུབ་ཅེས་བྱ་བར་སྐྱེ་བ་བཞེས་ཏེ། མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་མངོན་པར་སངས་རྒྱས་ནས། སྟོན་པ་དེ་ཡང་ནང་ལྟར་ན། རྡོ་རྗེ་འཆང་དུ་གྱུར་ཏེ། དང་པོ་ཨིནྡྲ་བྷུ་ཏི་ལ་སོགས་པའི་གདུལ་བྱ་འདོད་ཆགས་ཅན་རྣམས་ཀྱི་དོན་དུ་ཆོས་རྒྱུད་སྡེ་བཞི་ལ་སོགས་པ་གསུངས། འཁོར་ཁྲོ་བོ་དང་ཁྲོ་མོ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དུས་སྲིད་པ་ཐ་མའི་དུས། གནས་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ། རྡོ་རྗེ་བཙུན་མོའི་བྷ་གའོ། །སྟོན་པ་དེ་ལ་ཅིའི་ཕྱིར་རྡོ་རྗེ་འཆང་ཞེས་བརྗོད་ན། ཆོས་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འཆང་བས་ན་རྡོ་རྗེ་འཆང་ཞེས་བྱ་སྟེ།
ཇི་སྐད་དུ། །རྡོ་རྗེ་འཆང་ཞེས་གསུང་དེ་ཅི། །སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །བྱང་ཆུབ་སེམས་ལྡན་གང་ཡིན་པ། །དེ་ཉིད་རྒྱལ་བ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཅེས་གསུངས་སོ།
།དེས་ན་སྤངས་པ་དང་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་ཏེ། ཕྱི་ལྟར་ན་ཤཱཀྱ་ཐུབ་པ། ནང་ལྟར་དུ་རྡོ་རྗེ་འཆང་། གཉིས་ཀའི་རང་བཞིན་ཆོས་ཀྱི་སྐུ། སྐུ་གསུམ་གྱི་བདག་ཉིད་སངས་རྒྱས་ཏེ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། དེ་ཡང་ཅི་ཞེ་ན།
རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་དང་ལྡན་པས་ཐབས་ཀྱི་མཐར་ཕྱིན་པའོ། །ཞེས་དང་།
སངས་རྒྱས་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།
།མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ།
།བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་པ་ཡིན་ཏེ།
དེ་ཡང་རྡོ་རྗེ་རྩེ་མོ་ལས། །བསོད་ནམས་ཚོགས་ལྡན་གཟུགས་ཀྱི་སྐུ། །ཡེ་ཤེས་ཚོགས་ལྡན་མཉམ་ཉིད་སྐུ། །བཙལ་ནས་ཐོབ་པ་མ་ཡིན་ཏེ། །རྒྱུ་ཡི་དུས་སུ་འབྲས་བུའི་ཚོགས། །ཞེས་སོ།
།ཐ་མ་མངོན་པར་རྫོགས་པར་སངས་རྒྱས་ཏེ།
དེ་ཡང་ལང་ཀའི་མདོ་ལས། །བྱ་བ་དང་ནི་མཚན་ཉིད་དང་། །དང་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་པར་ཤེས་པ་ལས། །བཟློག་པས་མྱ་ངན་ང་མི་འདའ། །ཞེས་སོ།
།དེ་ཡང་མདོ་ནས་སངས་རྒྱས་དཔག་ཏུ་མེད་པའི་མཚན་སྨོས་ཀྱང་།
མཚན་བརྗོད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་སྐུ་ལྔར་ཡང་བཤད་དོ།
།མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པའི་སྤྲུལ་སྐུ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པས་སྐུ་བཞིར་བཤད་དོ།
།གསང་འདུས་ལས། རྫོགས་ལོངས་སྤྱོད་པའི་མཚན་ཉིད་ཅན། །འདུས་མ་བྱས་པ་ཆོས་ཀྱི་སྐུ། །སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ། །སྐུ་གསུམ་ཐོབ་པར་གདོན་མི་ཟ། །ཞེས་སྐུ་གསུམ་དུ་བཤད་པ་དང་།
རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པས་སྐུ་གཉིས་སུ་བསྟན་ནོ།
།རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་ཡང་དག་ལྟོས། །ཞེས་པས་སྐུ་གཅིག་ཏུ་ཡང་བཤད་དོ།
།འོ་ན་དེ་རྣམས་མི་མཐུན་པ་ཅིའི་ཕྱིར་ཞེ་ན། དེ་ཡང་བསྡུས་པའི་ཡོན་ཏན་ཕྱོགས་རེ་ལ་དགོངས་ནས་གསུངས་སོ། །འོ་ན་སངས་རྒྱས་ཀྱི་དགོངས་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན།
གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་ལས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པས་དེ་ཡང་རང་དོན་གཉུག་མ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་གནས་པའོ། །དེ་ལྟ་བུའི་ངང་ལ་གནས་ཀྱང་སྔོན་གྱི་སྨོན་ལམ་རྣམ་པར་དག་པས་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱི་ཚུལ་བསྟན་ཏེ། དེ་ཡང་རང་རང་གང་དང་གང་ལ་མོས་པ་ལ་དེ་དང་དེའི་གཟུགས་སྐུ་བསྟན་ནས་སེམས་ཅན་གྱི་དོན་མཛད་དོ།
།དེ་ཡང་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་པ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཞེས་སོ།
།གཟུགས་སྐུ་གཉིས་ཀྱི་རྟེན་ཆོས་སྐུ་ཡིན་པ་ཡང་།
དུས་འཁོར་ལས། དཔལ་ལྡན་དག་པ་ལས་ནི་ཆོས་ཀྱི་སྐུ། །སྐུ་ནི་ཡིན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་ལས་སོ། །ལོངས་སྤྱོད་ལས་ནི་རྒྱལ་བའི་བདག་པོ་སྤྲུལ་པའི་སྐུ། །སྐུ་ནི་ཡིན་ཏེ་སེམས་ཅན་རྣམས་ཀྱི་དོན་རྒྱུད་ལས། །ཞེས་སོ།
།དེ་ལྟར་དམིགས་མེད་ཀྱིས་སྐུ་གསུམ་གཏན་ལ་འབེབས་ཏེ། དེ་ལ་དོན་བརྒྱད་དེ། སྐུ་གསུམ་གྱི་རྣམ་པར་བཞག་པ་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། གང་གནས་འགྱུར་བའི་འབྲས་བུ་ཇི་ལྟར་ཐོབ་པ་དང་། དེས་ཆོས་གང་བསྡུས་ཏེ་གང་ལ་གནས་པ་དང་། སྐུ་གསུམ་གྱི་ཚང་ཚུལ་ལོ།
།དང་པོ་སྐུ་གསུམ་གྱི་རྣམ་པར་བཞག་པ་ནི།
མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱིས། །སྐུ་བསྡུས་པར་ནི་ཤེས་བྱས་ཏེ། །སྐུ་གསུམ་དག་གི་རང་བཞིན་གྱིས། །དོན་འདི་རྟེན་དང་བཅས་པར་འདོད། །ཅེས་སོ།
།སྐུ་གསུམ་གྱི་ངོ་བོ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བའོ།
།ཅི་ཞེ་ན། གསང་འདུས་ལེའུ་བརྒྱད་པ་ལས། མ་སྐྱེས་པ་ཡི་ཆོས་རྣམས་ནི། །ངོ་བོ་ཉིད་ཀྱི་ཁྱད་པར་ཅན། །རྣམ་པར་མི་རྟོག་ཡང་དག་པས། །ཡེ་ཤེས་འབྱུང་བར་རབ་ཏུ་བཤད།
།ངེས་ཚིག་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ཆོས་སྐུའོ།
།ཅི་ཞེ་ན། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་གྱིས་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡིན་ནོ། །ཞེས་སོ།
།འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ལོངས་སྤྱོད་ཅིང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ནས་འཁོར་གྱི་དཀྱིལ་འཁོར་དུ་སྟོན་པ་རྡོ་རྗེ་འཆང་འདི་རྟེན་དུ་གྱུར་པ་ནི་ལོངས་སྐུའོ།
།ཅི་ཞེ་ན། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ།
།ཡོན་ཏན་དེ་ཡང་རང་བཞིན་མེད་བཞིན་དུ་དང་། མི་རྟག་བཞིན་དུའམ། འགྱུར་བ་བཞིན་དུ་སྣ་ཚོགས་སུ་སྤྲུལ་ནས་སྟོན་པའི་རྟེན་དུ་གྱུར་པ་ནི་སྤྲུལ་པའི་སྐུའོ།
།ཅི་ཤེ་ན། ཡང་། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་སོ།
།དབྱེ་ན་གསུམ་སྟེ། གཞི་རང་བཞིན་གྱི་སྐུ་གསུམ་དང་། ལམ་ཉམས་སུ་ལེན་པའི་སྐུ་གསུམ་དང་། འབྲས་བུ་ཤུགས་ལས་འབྱུང་བའི་སྐུ་གསུམ་དང་། གཞི་ལ་སྐུ་གསུམ་གནས་པ་ཡང་།
མཚན་བརྗོད་ལས། མཆོག་གི་དང་པོ་སྐུ་གསུམ་འཆང་། ཞེས་པས་ནང་བཅུད་ཀྱི་སེམས་ཅན་ལ་ཡང་སྐུ་གསུམ་རང་བཞིན་གྱིས་ཚང་སྟེ། འཆི་བ་ཆོས་སྐུ། གནས་པ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུའོ། །དེ་ཡང་གསང་འདུས་ལེའུ་བཅུ་པ་ལས། ཁམས་གསུམ་སེམས་ཅན་སྒོ་གསུམ་རྡོ་རྗེ་འཆང་། །སྐུ་གསུང་ཐུགས་འདུས་མཉམ་པ་ཉིད་དུ་བསྒོམ། །ཞེས་སོ།
།ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཡང་སྐུ་གསུམ་རང་བཞིན་གྱིས་ཚང་སྟེ། ནམ་མཁའ་ཆོས་སྐུ། འབྱུང་བ་བཞི་ལོངས་སྐུ། དེ་ལས་སྣ་ཚོགས་སུ་འབྱུང་བ་ནི་སྤྲུལ་སྐུའོ།
།དེ་ཡང་ནམ་མཁའ་ཆེ་ལས། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཆུབ་པར་གནས་པ་བྱང་ཆུབ་སེམས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་གསུངས་སོ།
།ལམ་ཉམས་སུ་ལེན་པའི་སྐུ་གསུམ་ནི། རང་གི་སེམས་ནམ་མཁའ་ལྟ་བུར་དག་པའི་ངང་ལ་གནས་པ་ཆོས་སྐུའོ། །སེམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལྡང་བ་ལོངས་སྐུའོ། །དེ་ལས་འོད་ཟེར་འཕྲོ་འདུ་ལ་སོགས་བྱེད་པ་སྤྲུལ་སྐུའོ།
།རྩ་རྒྱུད་ལེའུ་བཅུ་པ་ལས། ཆོས་ཀྱི་སྐུ་ཡི་ལུས་ཅན་ལས། །གང་ཚེ་སྒྲུབ་པ་པོར་གྱུར་པ། །དེ་ནས་མཉམ་པར་བཞག་པ་ལས། །ལོངས་སྤྱོད་རྫོགས་པར་ང་རབ་སྨྲ། །སྤྲུལ་པའི་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོར་གྱུར་པ། །དེ་ཚེ་སེམས་དེ་རྩེ་གཅིག་པས། །སྤྲུལ་པའི་སྐུ་ཡང་ང་སྨྲ་སྟེ། །ཡང་དག་ཐོབ་པར་གདོན་མི་ཟ། །བདག་ཉིད་ཤྲཱི་ཧེ་རུ་ཀར་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ།
།འབྲས་བུ་ཤུགས་ལས་འབྱུང་པའི་སྐུ་གསུམ་ནི། གཞི་ལ་རང་བཞིན་གྱི་གནས་པ་དེ་ཉིད་བླ་མའི་གདམས་ངག་གིས་ཉམས་སུ་བླངས་པས་འབྲས་བུ་མི་འདོད་ཀྱང་ཤུགས་ལས་འབྱུང་སྟེ། དཔེར་ན་སོ་ནམ་ཚུལ་བཞིན་བྱས་པས་འབྲས་དཀར་མོ་ལེགས་ན་ཕུབ་མ་ཞོར་ལ་འབྱུང་བ་དང་འདྲའོ། །དེ་ཡང་ཆོས་སྐུ་ནམ་མཁའ་ལྟ་བུ་ལས་གཟུགས་སྐུའི་སྣང་བ་ནམ་མཁའ་དང་མཉམ་པ་བྱུང་ནས་གདུལ་བྱའི་སེམས་ཅན་ནམ་མཁའ་དང་མཉམ་པའི་དོན་བྱེད་པའོ།
།དེ་ཡང་གསེར་འོད་དམ་པ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་མི་མངའ་བ་བཞིན་དུ་ཕྲིན་ལས་ལ་མངའ་བརྙེས་པ་ལགས་སམ། བཀའ་སྩལ་པ། དཔེར་ན་ཉི་ཟླ་དང་ཆུ་དང་མེ་ལོང་ལ་རྟོག་པ་མེད་བཞིན་གཟུགས་བརྙན་འབྱུང་བ་བཞིན་དུ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྟོག་པ་མེད་ཀྱང་། སྨོན་ལམ་གྱི་དབང་གིས་སེམས་ཅན་སྐལ་པ་ཅན་དག་ལ་གཟུགས་ཀྱི་སྐུ་གཉིས་ཀྱིས་དོན་བྱེད་དོ། །སྤྲུལ་པའི་སྐུ་ནི་ཕུང་པོ་ལྷག་མར་བཅས་པའི་མྱ་ངན་ལས་འདའ་བའོ། །ཆོས་ཀྱི་སྐུ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཞེས་པ་དང་།
ཕལ་པོ་ཆེ་ལས། ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། །ཇི་ལྟར་ཡིད་བསམ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། །རྟག་ཏུ་སྨོན་ལམ་རྫོགས་པས་གྲུབ། །དེ་ཡིས་སྨོན་ལམ་དེ་དག་གིས། །ཕྱོགས་བཅུ་དེ་དག་རྒྱལ་བས་གང་། །ཞེས་སོ།
།མཚན་ཉིད་ནི་ཡན་ལག་བདུན་དང་ལྡན་པ་སྟེ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེ་ཆེན་པོས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཅེས་གསང་འདུས་ལས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་གསུངས་ཏེ་སྐུ་གསུམ་ཀ་སྦྱོར་རོ།
།གང་གནས་འགྱུར་བའི་འབྲས་བུ་ཇི་ལྟར་ཐོབ་པ་ནི། རྒྱུ་སེམས་ཅན་གྱི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་དང་། ཡེ་ཤེས་ཀྱི་ཚོགས་མི་རྟག་པ་བསྒོམས་པའི་འབྲས་བུ་ཆོས་སྐུ་ཐོབ་པའོ། །དུས་ནམ་ཐོབ་ན་བདེན་པ་མཐོང་བའི་དུས་ན་ཐོབ་པའོ།
།དེ་ཡང་རྣམ་སྣང་མངོན་བྱང་ལས། །སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །སྟོང་པ་ཉིད་ཅེས་རྒྱལ་བས་བཤད། །དེ་ནི་སེམས་ཡོངས་ཤེས་པ་ལས། །ཐོབ་པར་འགྱུར་གྱི་གཞན་ལ་མིན། །ཞེས་སོ།
།ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་བ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་དང་། བསྐྱེད་རིམ་བསྒོམས་པས་འབྲས་བུ་ལོངས་སྐུ་ཐོབ་པའོ།
།དེ་ཡང་ས་བཅུ་པའི་མདོ་ལས། བསྐྱེད་པའི་རིམ་པ་ལྷར་གསལ་ན། །བསོད་ནམས་ཚོགས་ཀྱང་རྫོགས་པར་བཤད། །དེ་ཉིད་ཆུ་ཟླ་ལྟར་ཤེས་ན། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་བཤད། །ཅེས་སོ།
།སྒོ་ལྔའི་རྣམ་པར་ཤེས་པ་གནས་འགྱུར་བ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་དང་། འོད་ཟེར་གྱི་སྤྲོ་བསྡུ་ལ་དབང་ཐོབ་པའོ།
།བསོད་ནམས་ཀྱི་ཚོགས་བསགས་པས་གཟུགས་སྐུ་འབྱུང་བར་ལུང་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འབྱུང་བ་སྟེ། །དེ་ཕྱིར་བསོད་ནམས་བསགས་པ་གཅེས། །དེ་ཡང་ཡང་དང་ཡང་དུ་བསགས། །དེ་ཡང་མི་ཡི་རྟེན་གྱིས་བསགས། །ཅེས་སོ།
།ཐོག་མར་གང་ཐོབ་ན་ཆོས་སྐུ་ཐོབ་ནས། གཟུགས་སྐུ་གཉིས་རིམ་པ་བཞིན་ནོ། །དེ་ལས་བཟློག་པ་ནི་མི་སྲིད་དོ།
།གསེར་འོད་དམ་པ་ལས། རིགས་ཀྱི་བུ་སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ཏེ་མངོན་པར་སྣང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡང་དག་པ་སྟེ་ཅི་ལ་ཡང་མི་གནས་པའོ། །ཞེས་སོ།
།ཆོས་སྐུ་ལ་གཟུགས་སྐུ་འབྱུང་ན་མཐར་ཐུག་གི་འབྲས་བུ་གཟུགས་སྐུ་འབྱུང་ངོ་ཞེ་ན། དེ་ནི་འདོད་པ་སྟེ། ཆོས་སྐུའི་ཡོན་ཏན་ཕྲིན་ལས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །གཟུགས་སྐུ་གཉིས་རང་དུས་ནམ་འབྱུང་ཞེ་ན། ས་དང་པོ་ནས་ཀྱང་ཆ་ཤས་ཙམ་འབྱུང་ལ། མི་སློབ་པའི་དུས་ན་ནི་རྫོགས་པར་འབྱུང་ངོ་།
།དེ་ལ་ཆོས་གང་བསྡུས་ནས་ཏེ་གང་ལ་སྣང་བ་ནི། ཀུན་རྫོབ་འཁོར་བའི་ཆོས་ཐམས་ཅད་ནི་གཟུགས་སྐུས་བསྡུས་ལ། དོན་དམ་པ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཆོས་སྐུས་བསྡུས་པ་སྟེ། དེའི་ཕྱིར་བདེན་པ་གཉིས་སམ་འཁོར་འདས་གཉིས་དབྱེར་མེད་དེ་ལ་ཟུང་འཇུག་གི་སྐུ་ཞེས་བྱ་སྟེ་ཐ་མི་དད་དོ།
།དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པར་ན། །གང་དུ་དངོས་པོ་གཅིག་གྱུར་པས། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་སོ།
།དེ་གང་ལ་སྣང་ན། ས་དང་པོ་ཡན་ཆད་ནས་ནི་མཉམ་བཞག་ལ་ཆོས་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བར་སྣང་། དག་པའི་ས་གསུམ་ལ་གནས་པའི་རྗེས་ཤེས་ལ། ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་སྣང་། ས་བདུན་པ་མན་གྱི་རྗེས་ཤེས་དང་། ཚོགས་ལམ་ཆེན་པོ་ཡན་ཆད་དུ་སྤྲུལ་སྐུར་སྣང་ངོ་།
།དེ་ཡང་པུཎྜ་རི་ཀའི་མདོ་ལས། འཇིག་རྟེན་གྱི་ཁམས་གང་གཱའི་རླུང་གི་བྱེ་མ་སྙེད་ཕྲག་དགུའི་འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་ཐུགས་རྗེ་ཆེན་པོ་སྟོང་རྩ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་བཤད་དོ། །སེམས་ཅན་མོས་པས་སྤྱོད་པའི་ས་པ་རྣམས་ལ་ཉི་མའི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་ཀྱང་། དམུས་ལོང་གིས་མི་མཐོང་བའམ། རྒྱལ་པོ་མུ་ཁྱུད་འཛིན་ལ། འཕགས་པ་འཇམ་དཔལ་བསྟན་ཀྱང་ཁྱི་རྒན་ལས་མ་མཐོང་བ་ལྟ་བུ་ཡིན་ཏེ།
མདོ་སྡེ་རྒྱན་ལས། ཡོན་ཏན་མི་ཟད་མཉམ་མེད་ལྡན། །འཇིག་རྟེན་དག་དང་དཀྱིལ་འཁོར་དུ། །སྣང་བ་ལྷ་དང་མི་རྣམས་ཀྱང་། སྣང་བ་ཀུན་ཏུ་མི་མཐོང་ངོ་། །ཞེས་སོ།
།འོ་ན་སངས་རྒྱས་ཀྱི་སྣང་བ་ལ་ཕྱོགས་རིས་ཡོད་པའམ། ཡང་ན་མ་བྱོན་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ།
མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་རུལ་བ་མི་རུང་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་སོ།
།སྐུ་གསུམ་པོ་དེ་ཡང་གང་ཟག་གཅིག་ལ་ཚང་ཚུལ་ནི། བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་པ་དེ་བསྐལ་པ་གྲངས་མེད་པ་འདས་པའི་སྔོན་རོལ་དུ་སངས་རྒྱས་པ་དེ་ཆོས་ཀྱི་སྐུའོ། །གཟུགས་སྐུ་གཉིས་ནི།
ལང་ཀར་གཤེགས་པ་ལས། རྫོགས་པའི་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་གཅིག་པོ་འདིར་སངས་རྒྱས། །ཞེས་སོ།
།སྔོན་གྱི་སྨོན་ལམ་གྱི་མཐུ་དང་ཐུགས་རྗེའི་ཤུགས་ཀྱིས་གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཏེ། དེ་ལས་ཀྱང་གདུལ་བྱ་དག་པའི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ཏེ། ལོངས་སྐུ་དེས་ངེས་པ་ལྔའི་སྒོ་ནས་དོན་བྱེད་དེ། གནས་ངེས་པ་ནི་འོག་མིན་སྟུག་པོ་བཀོད་པའི་གནས་སུ་གཟུགས་ཁམས་ཀྱི་རྟེན་ལས་སངས་རྒྱས་ཚུལ་བསྟན་ཏེ། རྫོགས་པའི་སངས་རྒྱས་དེར་སངས་རྒྱས། །ཞེས་དང་།
དེ་ཉིད་བསྡུས་པ་ལས། ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་པའི་དུས་སུ་དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་ཙམ་འཇིག་རྟེན་དུ་ལྷགས་ནས། རྡོ་རྗེ་དབྱིངས་ཞེས་བྱ་བའི་མིང་གི་དབང་བསྐུར་ནས། ལྷའི་གནས་སུ་སེང་གེའི་ཁྲི་ལ་ཞལ་ཀུན་ཏུ་བསྟན་ནས་བཞག་གོ། །ཞེས་པའམ་ཡང་ན་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བའི་སངས་རྒྱས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ། རྡོ་རྗེ་བཙུན་མོའི་བྷ་ག་ཞེས་པའི་གནས་སོ། །སྟོན་པ་དེ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་ནམ་རིགས་རྣམ་པ་ལྔའི་བདག་ཉིད་དུ་བཞུགས་པ་ཡིན་ཏེ།
དེ་ཡང་སམྦུ་ཊི་ལས། སྟོང་པའི་རྡོ་རྗེ་ཅན་གཅིག་ནི། །རིགས་ནི་རྣམ་པ་ལྔ་རུ་འགྱུར། །ཞེས་པས། སྟོང་པ་ཉིད་དེ་ཉིད་རྡོ་རྗེའི་རང་བཞིན་ཅན་ཡིན་ལ། དེ་ལ་བདག་གཞན་གྱི་དགོས་འདོད་འབྱུང་བ་ལས། རིན་པོ་ཆེའི་རིགས་སོ། །དེས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་བྱེད་པ་ལས་ལས་ཀྱི་རིགས་སོ། །དེས་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པས་འཁོར་ལོའི་རིགས་ཀྱང་ངོ་། །ཁྱད་པར་དུའང་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་གདུལ་བྱ་འདོད་ཆགས་ཅན་རྣམས་ལ་རིགས་ལྔ་འདུས་པ་དྲུག་པ་རྡོ་རྗེ་འཆང་གི་སྐུར་སྣང་བའོ།
།རྡོ་རྗེ་འཆང་དེ་རང་བཞིན་ཇི་ལྟ་བུ་ཞེ་ན། རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་འཆང་ཞེས་གསུངས་པ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །བྱང་ཆུབ་སེམས་ལྡན་གང་ཡིན་པ། །དེ་ཉིད་རྒྱལ་བ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཅེས་སོ།
།ཡང་ཅིའི་ཕྱིར་ན་རྡོ་རྗེ་བརྗོད། སྲ་ཞིང་སྙིང་པོ་ཁོག་སྟོང་མེད། །དབྲོག་མེད་བཅད་དུ་མེད་པ་དང་། །གཞིག་ཅིང་གཞོམ་དུ་མེད་པ་དང་། །སྟོང་པ་ཉིད་ནི་རྡོ་རྗེ་བརྗོད། །ཅེས་སོ།
།དེ་ལྟར་ན་ད་ལྟར་གྱི་རྟོགས་ལྡན་རྣམས་ཀྱང་རྡོ་རྗེ་འཆང་དུ་འགྱུར་རོ། །སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་འཆང་བའི་ཕྱིར་ཞེ་ན། དེ་ནི་འདོད་པ་སྟེ།
དེ་ཉིད་ལས། རྡོ་རྗེ་འཆང་བ་རྣམས་ཉིད་དུ། །ཕྱོགས་རྣམས་ཀུན་ཏུ་ཡོངས་ཁྱབ་པའི། །བྱང་ཆུབ་སེམས་དཔའ་མཁས་པ་ནི། །ཆོས་དབྱིངས་དང་མཉམ་ཐུག་པ་མེད། །རྡོ་རྗེ་འཆང་རྣམས་དེ་ཉིད་དོ། །ཞེས་སོ། །འོ་ན་དེ་ཉེར་ལེན་གྱི་ཕུང་པོ་ལྔ་བཟུང་ནས། ཐ་མལ་པའི་གཟུགས་སུ་འོང་བར་མི་རིགས་སོ་ཞེ་ན།
གུར་ལས། གང་ཕྱིར་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་བཟུང་སྟེ། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་སོ།
།དེ་རྡོ་རྗེ་འཆང་ཡིན་ན། རྒྱུད་གསུངས་བར་རིགས་སོ་ཞེ་ན། དེ་ནི་ཕུན་སུམ་ཚོགས་པ་དང་ལྡན་ཏེ། བསྟན་པ་འཇིག་པའི་དུས་སུ་ཆོས་གསུངས་པ་ནི་དུས་འཆོལ་བར་འགྱུར་བའི་ཕྱིར་དང་། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་ཡོང་པའི་ཕྱིར་རོ། །འཁོར་ངེས་པ་ནི། ཁྲོ་བོ་ཁྲོ་མོ་ལ་སོགས་པ་དེ་བཞིན་གཤེགས་པའམ། དག་པའི་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན་པོ་རྣམས་ལ་གསུངས་སོ། །སྟོན་པ་དང་འཁོར་གཉིས་ཀ་རང་བཞིན་གཅིག་ཡིན་ཏེ།
བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་སོ།
།ཆོས་ངེས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་གྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། བསྡུ་ན་ཐེག་པ་གསུམ་ལ་ཉན་རང་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྔགས་རིག་པ་འཛིན་པའོ།
།དེ་ཡང་མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པས། དེ་ལ་སྔགས་ཀྱི་ཐེག་པ་འདི་ནི་ཐེག་པ་གསུམ་པའོ། །ཐེག་པ་ཆེན་པོར་གཅིག་པུར་ངེས་པའི་རྒྱུ་མཚན་ཡོད་དེ།
ཡེ་ཤེས་གྲགས་པའི་དེ་ཁོ་ན་ཉིད་འཇུག་པ་ལས། ཆོས་དབྱིངས་དབྱེ་བ་མ་མཆིས་པས། །གཙོ་བོ་ཐེག་དབྱེ་ཡོད་མིན་གྱི། ཁྱེད་ཀྱི་ཐེག་པ་གསུམ་གསུངས་པ། །སེམས་ཅན་རྣམས་ནི་འཇུག་ཕྱིར་རོ། །ཞེས་སོ།
།འོ་ན་ཆོས་དེ་ནས་བཏགས་གསུངས་ནས། དམ་པའི་ཆོས་དར་བའི་དུས་དང་། གནས་པའི་དུས་དང་། འཇིག་པའི་དུས་དང་གསུམ་ལས། དང་པོའི་དུས་དེར་བརྗོད་བྱ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་དོན་བརྗོད་བྱེད་ཀྱི་ཚིག་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པ། རིག་པ་འཛིན་པའི་སྡེ་སྣོད། རྒྱུད་སྡེ་རིན་པོ་ཆེ་བཞིའི་དོན་དུ་གསུངས་པའོ། །དེ་ཡང་སྔགས་ཀྱི་ཐེག་པས་ནི་ཚེ་གཅིག་སངས་རྒྱས་ཏེ།
སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བར་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བཅོམ་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུ་ཅན་གྱི་མིང་ནས་བོས། །ཞེས་སོ།
།དུས་ངེས་པ་ནི། ལོངས་སྐུ་ལ་འདས་གྲོངས་མི་མངའ་བར་དུས་རྟག་ཏུ་བཞུགས་པ་ནི་འཁོར་གྱི་སྣང་བ་དག་པའོ། །དེ་ཡང་མདོ་མྱ་ངན་འདས་པ་ལས། སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །ཞེས་སོ། །སྤྲུལ་པའི་སྐུ་ནི་འདིར་སངས་རྒྱས། །ཞེས་པ་ནི། རྡོ་རྗེའི་གདན་ལ་མིའི་རྟེན་ལ་བསྟན་ནས་སངས་རྒྱས་ཚུལ་བསྟན་པ་ཡིན་ཏེ། མ་ངེས་པ་ལྔའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་དོ།
།དེ་ལྟར་ཡང་ཕྲིན་ལས་རྫོགས་པའི་རྒྱུད་ལས། སངས་རྒྱས་ནི་རྒྱུའི་མཚན་ཉིད་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ། །ས་བོན་ལས་མྱུ་གུ་སྐྱེ་བ་བཞིན་ནོ། །ཞེས་སོ།
།དེ་ཡང་གནས་མ་ངེས་པ་ནི། ད་ལྟར་གྱི་བསྟན་པ་འདི་ལ་ཆགས་པའི་དུས་སུ་སངས་རྒྱས་སྟོང་རྩ་གཉིས་འབྱུང་བའི་སྔ་ལྟས་སུ། སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས། ཆུའི་ཕུང་པོའི་ནང་ནས་ཡར་ལ་པདྨའི་སྡོང་པོ་སྟོང་རྩ་གཉིས་འབྱུང་སྟེ། དེ་ལ་གཟུགས་ཁམས་ཀྱི་ལྷ་རྣམས་ཀྱིས་བསྐལ་པ་འདི་ནི་བཟང་པོའོ། །ཞེས་བརྗོད་པས་དེ་ལྟར་གྲགས་པའོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་སྤྲུལ་པ། རྒྱལ་པོ་ཡུལ་འཁོར་སྲུང་གི་སྲས་སྟོང་དང་རྩ་གཉིས་ཀྱིས་སངས་རྒྱས་གཅིག་པའི་བསྟན་པ་བྱུང་སྟེ།
དེ་ཡང་པུཎྜ་རི་ཀའི་མདོ་ལས། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་དགུའི་འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་། ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་བཤད་དོ། །དེ་ཡང་རྣམ་པར་གཟིགས་དང་། གཙུག་གཏོར་མངའ་བ་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་དང་དྲུག་སོང་ནས། འདི་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་ཏེ། གདུལ་བྱའི་ཞིང་ཁམས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་ཉོན་མོངས་པ་རྣམས་དང་མི་མཇེད་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཞེས་བྱའོ།
།དེ་ཡང་རྡོ་རྗེ་གདན་ལ་སོགས་པ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར། རིགས་དྲུག་གིས་གནས་སུ་བྱོན་ཏེ།
སྙིང་རྗེ་རྣམ་པར་རོལ་པ་སངས་རྒྱས་པའི་མདོ་ལས། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར། རྒྱལ་བ་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱར་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་དོ། །ཞེས་སོ།
།སྟོན་པ་མ་ངེས་པ་ནི། གདུལ་བྱ་མ་དག་པ་རྒྱུ་དྲུག་གི་སེམས་ཅན་རྣམས་ལ། དེ་ཡང་རང་རང་གི་སྣང་ཚུལ་དང་བསྟུན་ནས་གང་ལ་གང་གིས་འདུལ་བ་ལ་དེ་དང་དེའི་དོན་མཛད་དོ།
།ཡབ་སྲས་མཇལ་བ་ལས། བརྒྱ་བྱིན་ཚངས་པའི་ཆ་བྱད་དང་། །ལ་ལར་བདུད་ཀྱི་ཆ་བྱད་ཀྱིས། །སེམས་ཅན་རྣམས་ཀྱི་དོན་མཛད་དེ། །འཇིག་རྟེན་ཁམས་ཀྱིས་རྟོགས་མི་ནུས། །ཞེས་སོ།
།ཡང་ལ་ལར་བལྟམས་པ་ཡོངས་སུ་བསྟན། །ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར། །ལ་ལར་སྤྱོད་པ་སྤྱད་པར་མཛད། །ཅེས་སོ།
།སྤྲུལ་སྐུ་དེ་ལ་དབྱེ་ན་གསུམ་སྟེ།
མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་པས། བྱང་ཆུབ་ཆེན་པོའི་སྤྲུལ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྟེ། དེ་ལ་བཞེད་པ་གཞུང་མི་མཐུན་པ་གསུམ་སྟེ། འཕགས་པ་ཉན་ཐོས་པ་སྐྱེ་བ་འདི་ལ་སངས་རྒྱ་བར་འདོད། དབུ་མ་པ་སྐྱེ་བ་གཅིག་གི་ཐོབ་པའི་བྱང་ཆུབ་སེམས་པར་བྱེད། སྔགས་པ་ནི་སྤྲུལ་སྐུ་ཡིན་པར་བཞེད་དོ། །དེས་མཛད་པ་མཐར་འདོན་གྱི་སངས་རྒྱས་ཞེས་བྱ་སྟེ། མཆོག་གི་སྤྲུལ་པའོ།
།དེ་ཡང་འདི་སྐད་དུ། ཀྱཻ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ། །སྙིང་པོ་རབ་འབྱམས་བླ་མེད་ཉག་གཅིག་པོ། །འཛམ་གླིང་སྣོད་དང་ལྡན་པ་ངེས་དོན་འགྲོ། །ལྷ་མིའི་སྟོན་པ་བྱམས་པ་མགོན་གྱིས་མཛད། །ཅེས་གསུངས་ནས།
རི་རབ་ཀྱི་རྩེ་མོ་ལ་བྱོན་ནས། གཟིགས་པ་རྣམ་པ་ལྔ་ལ་གཟིགས། །གླིང་དང་ཡུལ་དང་གྲོང་ཁྱེར་དང་། །རིགས་དང་ཡུལ་ལ་གཟིགས་པའོ། །དེ་ནས་མི་ཡུལ་དུ་མཛད་པ་བཅུ་གཉིས་བསྟན་ཏེ།
མདོ་རྒྱ་ཆེར་རོལ་པ་ལས། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་ཏེ་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །གཞོན་ནུ་རོལ་རྩེད་མཛད་པ་དང་། །བཙུན་མོའི་འཁོར་གྱིས་བསྐོར་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་མཛད་སངས་རྒྱས་དང་། །ཆོས་འཁོར་མྱ་ངན་འདའ་སྟོན་དང་། །ཞེས་མཛད་པ་བཅུ་གཉིས་བསྟན་པའོ།
།བཟོའི་སྤྲུལ་པ་ནི། ཤིང་བཟོ། སྣལ་བཟོ་ལ་སོགས་པ་འཇིག་རྟེན་གྱི་ཕན་དགུ་ཅོག་སྟེ། བཟོ་བོ་བི་ཤྭ་ཀརྨ་ལྟ་བུའམ། དྲི་ཟའི་རྒྱལ་པོ་རབ་དགའ་བཏུལ་བའི་ལོ་རྒྱུས་བཞིན་ནོ། །སྐྱེ་བའི་སྤྲུལ་པ་ནི། སེམས་ཅན་གྱི་སྐྱེ་བའི་སྤྲུལ་པ་སྟེ།
སམྦུ་ཊི་ལས། ཟླ་བ་བཅུ་ནི་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། །ཞེས་སོ།
།གཞན་ཡང་སྐྱེས་རབས་ལས་གསུངས་པ་ལྟ་བུའམ། བྱ་དང་སྤྲེའུ་སོགས་སྤྲུལ་པའི་ལོ་རྒྱུས་བཞིན་ནོ། །རིན་ཆེན་རྟོག་ལས། སྐྱེས་པས་འདུལ་བ་རྣམས་ལ་ནི་སྐྱེས་པ། བུད་མེད་ཀྱིས་འདུལ་བ་རྣམས་ལ་ནི་བུད་མེད། ཅེས་པ་དང་།
ཡབ་སྲས་མཇལ་བ་ལས། །བུད་མེད་ཆ་བྱད་སྤྱོད་པ་མཛད། །དུད་འགྲོའི་སྐྱེ་གནས་རྣམས་ནའང་གདའ། །འཇིག་རྟེན་ཆོས་ཀྱིས་མ་གོས་ཏེ། །པདྨོ་ཆུ་ཡི་མ་ཆགས་བཞིན། །ཞེས་སོ།
།སྐྱེས་བུ་ཐོར་བུ་ལ་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དོ། །བླ་མ་མཚན་ལྡན་དེ་སངས་རྒྱས་དངོས་རང་ཡིན་ནོ།
།སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་སྟེ། །བླ་མ་དམ་པ་མཆོག་ཉིད་ལ། །བདག་ཉིད་གུས་པས་ཕྱག་འཚལ་ལོ། །ཞེས་པའོ།
།དཀོན་མཆོག་གསུམ་ཡང་ཚང་བའོ། །དེ་ལ་སངས་རྒྱས་ཡིན་ན་ཉེར་ལེན་གྱི་ཕུང་པོ་ལྔ་བཟུང་ནས་ཐ་མལ་གྱི་གཟུགས་སུ་སྟོན་པ་མི་རིགས་སོ་ཞེ་ན། ཨཱརྱ་དེ་ཝའི་སྤྱོད་བསྡུས་ལས། ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་ཤ་རུས་རྐང་མེད་ཀྱང་། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ཡིན། །ཞེས་སོ།
།སེམས་ཅན་རེ་རེ་ལ་སྤྲུལ་པ་རེ་རེ་འབྱུང་སྟེ། ཆུ་སྣོད་རེ་རེ་ལ་ཟླ་བ་རེས་ཁྱབ་པ་བཞིན་ནོ། །སྤྲུལ་སྐུ་དེས་སེམས་ཅན་གྱི་དོན་ཇི་ཙམ་མཛད་ཞེ་ན། འཁོར་བ་མ་སྟོང་བར་དུ་མཛད་དེ།
ལུང་ལས། ཇི་སྲིད་ནམ་མཁའ་གནས་ཀྱི་བར། །གཞན་དོན་འཁོར་བར་འཁོར་བྱེད་ཀྱང་། །སྙིང་རྗེ་ཅན་རྣམས་ཅི་སྟེ་སྐྱོ། །ཞེས་སོ།
།སྟོན་པ་གཉིས་ཀྱི་སྣང་བ་ནི་ངོ་བོ་གཅིག་པ་ལ་ཐེག་པ་གཉིས་ཀྱི་གདུལ་བྱ་ལ་སྣང་ཚུལ་སོ་སོར་འབྱུང་བ་ནི།
རྡོ་རྗེ་ཨ་རལླིའི་རྒྱུད་ལས། རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །ཕ་རོལ་ཕྱིན་པའི་ཐེག་པ་དང་། །སྔགས་ཀྱི་ཐེག་པ་གཉིས་སུ་གསུངས། །ཞེས་སོ།
།འཁོར་མ་ངེས་པ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་གདུལ་བྱ་བསམ་གྱིས་མི་ཁྱབ་པ་ལ། འདུལ་བྱེད་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འབྱུང་བའོ།
།དེ་ལ་ཕྱི་རྒྱུད་ས་གསུམ་ལས། བདེ་གཤེགས་སློབ་མར་གྱུར་པའི་འགྲོ་དྲུག་དག །འཇིག་རྟེན་ཁམས་ན་གནས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱིས། །གང་ཟག་མ་ལུས་པར་ནི་འདིར་གཤེགས་ཤིག །ཅེས་པས་ནད་པ་སྨན་པ་གཡོག་པོའི་དཔེ་བཞིན་ནོ།
།ཆོས་མ་ངེས་པ་ནི། ཐེག་པ་སྣ་ཚོགས་སུ་གསུངས་ཏེ།
བཟང་སྤྱོད་ལས་ཀྱང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་པས་སྤྲུལ་པའི་སྐུ་དེས་སྲིད་པ་གསུམ་དུ་ཆོས་སྟོན་པའོ།
།ཇི་ལྟ་བུ་གཅིག་སྟོན་ན། དེ་ཡང་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་རྒྱུ་སྟེ། འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་དང་། གཏི་མུག་དང་དེ་གསུམ་ཆ་མཉམ་པའང་དེ་བཞིན་ནོ། །དེའི་གཉེན་པོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་ཏེ། འདོད་ཆགས་ལ་འདུལ་བ་ཉི་ཁྲི་ཆིག་སྟོང་། དེ་བཞིན་དུ་ཞེ་སྡང་ལ་མདོ་སྡེ། གཏི་མུག་ལ་མངོན་པ་དེ་གསུམ་ཆ་མཉམ་ལ་སྔགས་རིག་པ་འཛིན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་སྟེ། བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དེ་ཡང་བསྡུ་ན། དྲང་དོན། ངེས་དོན། སྙིང་པོའི་སྐོར་དང་གསུམ་ལས། དེ་ཡང་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས། དང་པོ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་བསྐོར་བ་དང་། གཉིས་པ་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་དོན་དམ་པ་སྟོང་པ་ཉིད་ཀྱི་འཁོར་ལོ་གཉིས་ཀའང་། བླ་ན་མཆིས་པ་དང་། སྐབས་མཆིས་པའི་དོན་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པའོ། །གསུམ་པ་ལྷའི་གནས་གསུམ་མམ། བཙུན་མོའི་བྷ་གར་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱིས་ངོ་བོ་ཉིད་མ་མཆིས་པ་ལས་བརྩམ་པ། སྐྱེ་བ་དང་འགག་པ་མ་མཆིས་པ་དང་། གདོད་མ་ནས་ཞི་བ་དང་། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། འདི་ནི་བླ་ན་མ་མཆིས་པའོ། །སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ལགས་སོ། །ཞེས་དགོངས་པ་ངེས་པར་འགྲེལ་བ་ལས། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་གསུངས་པའོ། །དེ་ལ་འདིར་ནི་ཆོས་འཁོར་གསུམ་པ་བསྔགས་སོ།
།དུས་མ་ངེས་པ་ནི། སྐུ་ཚེ་རིང་བས་ཕན་པ་ལ་རིང་བ། ཐུང་བས་ཕན་པ་ལ་ཐུང་བའོ།
།དེ་ཡང་། ལ་ལར་མེད་བཞིན་མྱ་ངན་འདའ། །ལ་ལར་བྱང་ཆུབ་སངས་ཀྱང་རྒྱ། །སངས་རྒྱས་རྣམས་ནི་རྟག་པའི་སྐུ། །ནམ་ཡང་མེད་པ་མ་ཡིན་ནོ། །ཞེས་སོ།
།འདས་གྲོངས་མངའ་བ་ནི། འཁོར་གྱི་སྣང་བ་མ་དག་པའི་སྐྱོན་ཡིན་ཏེ། དེ་ཡང་མཆོག་གི་སྤྲུལ་པ་རྒྱལ་བ་ཤཱཀྱ་ཐུབ་པ་དེ་དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ལ་དགེ་བསྙེན་ཙུ་ཏས་གསོལ་བ་བཏབ་པས་ལོ་གཉིས་ནུར་ཏེ། བརྒྱད་ཅུ་རྩ་གཉིས་ལ་མྱ་ངན་ལས་འདའ་ཚུལ་བསྟན་ཏེ།
གསེར་འོད་དམ་པ་ལས། །སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ལ་ཕན་གདག་ཕྱིར། །རྒྱལ་བ་མྱ་ངན་འདའ་ཚུལ་བསྟན། །ཞེས་སོ།
།དེ་ལ་སངས་རྒྱས་ཀྱི་འཁོར་དཔག་ཏུ་མེད་པའི་ནང་ནས། བཀའ་སྡུད་པ་པོ་ཡང་སྔགས་ཀྱི་སྡུད་པ་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེར་གྲགས་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སོགས་ལ་ནི་ཀུན་དགའ་བོར་གྲགས་ཏེ། དེ་ཉིད་ཀྱང་ངོ་བོ་གཅིག་ལ་སྣང་ཚུལ་ཐ་དད་པ་སྟེ།
བསིལ་བའི་ཚལ་གྱི་མདོ་ལས། མང་དུ་ཐོས་ཤིང་གསང་སྔགས་འཆང་། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ།
།དེ་ནས་འཁོར་རྣམས་ཀྱིས། སངས་རྒྱས་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་བསྟན་པ་སུས་འཛིན་ཞུས་པས། སངས་རྒྱས་ཀྱི་ཞལ་ནས། ས་ར་ཧ་དང་། ཀླུ་སྒྲུབ་ཀྱིས་འཛིན་པར་གསུངས་ཏེ། གྲོང་ཁྱེར་ཝཱ་རཱ་ཎ་སཱིར་ས་ར་ཧ་འབྱོན་པར་གསུངས་པ་ནི། མདོ་སྡེ་གསུངས་བཀོད་པ་ལས་གསུངས་ཏེ།
ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །ས་ར་ཧ་ཞེས་བྱ་བ་ཡིས། །སྙིང་པོ་དོན་གྱི་བསྟན་པ་འཛིན། །ཞེས་སོ།
།ཀླུ་སྒྲུབ་ཀྱིས་འཛིན་པ་ཡང་། མདོ་སྡེ་ལང་ཀར་གཤེགས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ལྷོ་ཕྱོགས་བྷ་ག་ལ་ཞེས་པར། །དགེ་སློང་ཀླུ་སྒྲུབ་ཞེས་བྱ་འབྱུང་། །ཡོད་དང་མེད་པའི་ཕྱོགས་སྤངས་པའི། །དེ་ཡིས་ང་ཡི་བསྟན་པ་འཛིན། །ཞེས་སོ།
།ཞིང་ཁམས་རྣམ་དག་དཀྱིལ་འཁོར་གཞལ་ཡས་ན། །དག་པའི་འཁོར་འདུས་ཧེ་རུ་ཀ་དཔལ་གྱིས། །བདག་མེད་ཡུམ་ལ་གཉིས་མེད་བདེ་བར་རོལ། །རྡོ་རྗེ་འཆང་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྡོ་རྗེ་འཆང་གི་རྣམ་ཐར་ཟུར་ཙམ་འདི། །བརྒྱུད་འཛིན་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། །ཀུ་སུ་ལུ་ཡི་སྤྲང་པོ་རྨོག་ལྕོག་པས། །གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས་སྦྱར། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག
W8LS37032: ༼།རྡོ་རྗེ་འཆང་དང་ནི་གུ་མའི། །ཡི་གེ་ཐུང་རྫོགས་ཤ་འགྱུར་ཅན། །སྙིངས་པ་ཐུགས་རྗེ་སྐྱབ་པ་ཡིན། །རྐོས་བྱེད་ཌཱ་ཀི་མང་ཐོས་སོ། །མཁའ་མཉམ་སེམས་ཅན་ཚོགས་རྫོགས་ཤོག།༽
རྨོག་ལྕོག་པ་ལ་བླ་མ་ཀུན་བསོད་པས་བསྐུལ་ཕྱིར་མཛད། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་མཛད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དགེའོ།། །།