Rdor slob bla ma bka' brgyud bstan 'dzin dang grub dbang nor bu don grub gnyis kyi rnam thar

From Shangpa Resource Center
Revision as of 10:39, 1 February 2022 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID ND1
Title
Topics Biography
Associated Person Khedrup Kagyü Tendzin
Norbu Döndrup
Link BUDA

༄༅། །རྡོར་སློབ་བླ་མ་བཀའ་བརྒྱུད་བསྟན་འཛིན་དང་། གྲུབ་དབང་ནོར་བུ་དོན་གྲུབ་གཉིས་ཀྱི་རྣམ་ཐར།

འདིའི་མདུན་ནས་དཔལ་སྤུངས་རྡོར་སློབ་བླ་མ་ཀར་བསྟན་ནམ་བཀའ་བརྒྱུད་བསྟན་འཛིན་གྱིས་གསན་ཏེ། འདི་ཉིད་ཀྱི་རྣམ་ཐར་ཡིག་ཆ་སོགས་མ་མཇལ་བས་ཞིབ་པར་འབྲི་རྒྱུ་རྔོ་མི་ཐོགས་ཀྱང་། འཇམ་མགོན་བློ་གྲོས་མཐའ་ཡས་དང་། མཁན་ཆེན་བཀྲ་ཤིས་འོད་ཟེར་སོགས་བླ་མ་མང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་ཀུན་ལ་མཁས་ཤིང་། ཁྱད་པར་ཟབ་ལམ་ནཱ་རོ་དང་ནི་གུ་ཆོས་དྲུག །ཕྱག་ཆེན་དང་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ཉམས་བཞེས་སོགས་ཕུལ་དུ་ཕྱིན་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་དེའི་མདུན་ནས་རྡོར་སློབ་བླ་མ་གྲུབ་དབང་ནོར་བུ་དོན་གྲུབ་ཀྱིས་ཞུས་པ་ཡིན་ཏེ། འདི་ནི་སྡེ་དགེ་ཨ་བཀྲ་ནང་ཞེས་པར་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཀྱང་རབ་ཏུ་བྱུང་ཞིང༌། ཚེ་བློས་བཏང་གིས་ཐོས་བསམ་སྒོམ་གསུམ་སྤྲུགས་མར་མཛད་དེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། མཁས་ཤིང་གྲུབ་པའི་དབང་ཕྱུག་བླ་མ་དུ་མའི་མདུན་ནས་མདོ་སྔགས་གསར་རྙིང་གི་ཆོས་སྒོར་མཐའ་ཡས་པ་ཞིག་གསན་བསམ་ཉམས་བཞེས་དཔྱིས་ཕྱིན་པ་གནང་ཞིང་། དུས་འཁོར་ཉམས་བཞེས་མཛད་ཚུལ་ལ་མཚོན་ན། ཐོག་མར་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མདུན་ནས་དུས་འཁོར་དབང་ཆེན་ཚར་གཅིག་གསན། དེ་རྗེས་འཇམ་མགོན་ཞལ་སློབ་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་མདུན་ནས་དུས་འཁོར་དབང་ཆེན་ལན་གཅིག་གསན་ཏེ་དུས་འཁོར་བློ་འཛིན་མཁན་དུ་གྱུར་ནས་ཆོ་ག་ཕྱག་ལེན་སོགས་ལ་ཤིན་ཏུ་མཁས་པར་གྱུར། དེ་རྗེས་སྒྲུབ་ཁང་དུ་བཞུགས་སྐབས་འཇམ་མགོན་ཡབ་སྲས་ཀྱི་ཞལ་སློབ་རྡོར་སློབ་བླ་མ་དྭགས་པོ་བཀའ་བརྒྱུད་པའི་བླ་མ་བརྒྱུད་རིམ་གྱི་རྣམ་ཐར། ཀར་བསྟན་གྱི་མདུན་ནས་དུས་ཀྱི་འཁོར་ལོའི་དབང་ཆེན་ཆ་ཚང་དང་། ལྷ་དགུའི་དབང་། ལྷན་སྐྱེས་ཀྱི་དབང་། བསྐྱེད་རིམ་ལྷ་ཁྲིད། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་བཅས་གསན་ནས་བསྐྱེད་རྫོགས་ཀྱི་ཉམས་ལེན་མཐར་ཕྱིན་པ་གནང་། བར་སྐབས་སུ་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་སྐུ་ཚེའི་ཚེ་སྒྲུབ་དང༌། སྐུ་འཁྲུས་ཚེ་དབང་འབུལ་མཁན་ཞུས། དགུང་གྲངས་བཞི་བཅུ་སྐོར་ནས་རི་མཚམས་དང་བཅད་རྒྱ་འཁོར་ཡུག་ཏུ་མཛད། སྒྲུབ་གནས་གཙོ་བོ་ནི་དཔལ་སྤུངས་གདན་ས་ནས་རི་ཁྲོད་གོང་ལ་འགྲོ་བའི་ལམ་བར་དུ་ཉི་མ་མཁར་སྒོ་ཞེས་པའི་གནས་དེར་མཛད། དགུང་ལོ་བདུན་བཅུ་ནས་འདིར་སྣང་གི་མཚན་འཛིན་རྩད་ནས་ཞིག་སྟེ་མཉམ་རྗེས་དབྱེར་མེད་དུ་འདྲེས། དོན་བཞི་ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་སྐབས་སྐུ་གདུང་བྱིས་པ་ལོ་བརྒྱད་ཙམ་དུ་གྱུར། དེ་ཉིད་རྒྱུད་སྡེ་ཆེན་པོ་བཞིའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཞུགས་ལ་བཞེན་པའི་ཉིན་ཐོག་ཐག་ཏུ་ནམ་མཁར་འཇའ་ཚོན་གྱི་དྲྭ་བས་སྦྲེལ། ཁ་དོག་སྣ་ཚོགས་ཀྱི་གདུང་དང་རིང་སྲེལ་གྲངས་མེད་པ་བྱོན་པ་སོགས་ཕྱག་ཆེན་ལྟར་ན་སྒོམ་མེད་ཆེན་པོ་དང་། རྫོགས་ཆེན་ལྟར་ན་བློ་འདས་ཆོས་ཟད་ཆེན་པོའི་དགོངས་པ་མངོན་དུ་གྱུར་པའོ་ཞེས་རྗེ་བླ་མའི་ཞལ་སྔ་ནས་ཐོས་པ་ལྟར་བཀོད་པའོ།།