Difference between revisions of "Rgyud sde lnga sogs ni gu chos drug gi 'jug sgo yon tan kun 'byung ma"

From Shangpa Resource Center
 
(3 intermediate revisions by the same user not shown)
(No difference)

Latest revision as of 11:16, 1 April 2024








Resource ID SCv9p551
Title rgyud sde lnga sogs ni gu chos drug gi 'jug sgo yon tan kun 'byung ma
Alt. title shangs pa bka' brgyud kyi chos skor rnams kyi 'jug sgo yon tan kun 'byung
Topics Initiation
Sub-Topics Illusory body
Author Gangtröpa
Link BDRC W23922
BDRC W3CN766
BDRC W23917 (p.1)
BDRC W1KG4284
BDRC W22103 (alt. p.136)
BDRC W8LS32725 (alt. p.16+228)
BDRC W22103 (p.136 alt. version)

༄༅། །རྒྱུད་སྡེ་ལྔ་སོགས་ནི་གུ་ཆོས་དྲུག་གི་འཇུག་སྒོ་ཡོན་ཏན་ཀུན་འབྱུང་མ་བཞུགས་སོ།།

ཨོཾ་སྭ་སྟི།
ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་ཀྱི་འཇུག་སྒོ་ཡོན་ཏན་ཀུན་འབྱུང་ཞེས་བྱ་བ།
རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མཁྱུང་པོ་རྣལ་འབྱོར་རིན་ཆེན་བརྩོན་འགྲུས་དང་། །དབོན་སྟོན་སྐྱེར་སྒང་སངས་རྒྱས་གཉན་སྟོན་དང་། །འགྲོ་མགོན་སྟོན་པ་མཁས་གྲུབ་ཆོས་རྗེ་དང་། །རིན་ཆེན་རྒྱལ་མཚན་སྦས་པའི་རྣལ་འབྱོར་དང་། །ཆོས་རྗེ་རྡོ་རྗེ་རྩ་བའི་བླ་མ་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །མཁའ་མཉམ་སེམས་ཅན་རྣམས་ལ་བྱིན་གྱིས་རློབས། །ཐབས་ལམ་སྒྱུ་ལུས་འབྱོངས་པར་བྱིན་གྱིས་རློབས། །རྨི་ལམ་འོད་གསལ་ཟིན་པར༴ འཕོ་ཐེབས་བར་དོ་ཆོད་པར༴ མཆོག་གི་དངོས་གྲུབ་ཐོབ་པར༴
འདིར་སྦྱོར་བ། དངོས་གཞི། རྗེས་གསུམ་མོ།
དང་པོ་ནི། ས་ཆོག་དགོས་པར་རྒྱས་བསྡུས་གང་རུང་འགྲུབ་ན་གཞན་དང་མཐུན་པར་བྱ། གནས་ཁང་ཕྱག་བདར་དང་། རྟེན་འགྲམ། གྲུབ་ན་དཀྱིལ་འཁོར་སྒོམ་པ་དང་མཐུན་པར་བྲི། མ་གྲུབ་ན་མཎྜལ་བཞིའི་ཐིག་གདབ། དང་པོ་ལ་ཆོས་འབྱུང་གཉིས་བརྩེགས་དཀར་པོའི་དབུས་སུ། མེ་ཏོག་ཚོམ་པུ་ལྔ་འམ། ལྷ་ལྔའི་ཕྱག་མཚན་ནམ། ས་བོན་ནམ། ཐིག་ལེ་དགོད། དེའི་མུ་ཁྱུད་ནག་པོ་དང་། རྩིབས་མཆན་དམར་པོ་དང་། དེའི་འོག་མ་ལ་པདྨ་འདབ་མ་བཞི་པ་ཕྱོགས་མདོག །གྲུ་ཆད་ལྗང་གུ །གསུམ་པ་ལ་ཆོས་འབྱུང་དམར་པོ། མེ་རིའི་གཞི་ལྗང་གུ། ཟླ་གམ་མཐིང་ལྗང་དཀར་པོ། བཞི་པ་ལ་མཐིང་ནག་གྲུ་གསུམ། མེ་རིའི་གཞི་དམར་པོ། ཟླ་གམ་ལྗང་གུ། དེ་རྣམས་ཀྱི་མུ་ཁྱུད་ནག་པོར་བྱ། མཎྜལ་ལས་མ་གྲུབ་ན། མུ་ཁྱུད་ཀྱི་ཕྱི་ནས་རྡོ་རྭ་མེ་རི་བྱ། ཡོངས་རྫོགས་གྲུབ་ན་ཐམས་ཅད་ཀྱི་ཕྱོགས་མདོག་སོགས་དཀྱིལ་འཁོར་སྒྲུབ་པ་དང་མཐུན་པར་བྲི། འོག་མ་གསུམ་པོ་ལའང་ཚོམ་བུ་ལ་སོགས་ལྔ་དགོད། བུམ་པ་མཚན་ལྡན་བཅུད་དང་། མགུལ་ཆིངས་ཁ་བརྒྱན་རྡོ་རྗེ་གཟུངས་ཐག །དུང་ཆོས་རྣམས་གཞན་དང་མཐུན་པར་མཎྜལ་གྱི་སྟེང་དུ་བཞག །བཞི་པའི་སྟེང་དུ་གཏོར་མ་གཙང་ཞིང་བཟང་བ་མདའ་དར་དང་བཅས་པ་བཞག །ཅི་འབྱོར་པའི་མཆོད་གཏོར་དང་། ཚོགས་ཀྱི་ཡོ་བྱད་བཤམ། སྔོན་འགྲོའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་བཏང་། མཆོད་པ་བྱིན་རླབས། ལས་ཀྱི་རྡོ་རྗེས་ཕྱི་རུ་མཎྜལ་དང་། སོ་སོ་ལ་མེ་ཏོག་ཕུལ་ལ་གསོལ་བ་གདབ། སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ་རྣམས་ཅི་འགྲུབ་བྱ། དེ་ནས་རང་བདེ་མཆོག་ཏུ་གསལ་བའི་ཐུགས་ཀའི་ཧཱུྃ་གིས་འོད་ཀྱིས། རྒྱུད་སྡེ་ལྔའི་ལྷ་ཚོགས་བླ་མ་གཙོ་བོའི་རིགས་བདག་ཏུ་བཞུགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་སྤྱན་དྲངས། ཕྱག་འཚལ་མཆོད་པ་འབུལ། རྒྱུན་བཤགས་བྱ། ཚད་མེད་པ་བཞི་བསྒོམ། ཤཱུ་ནྱ་ཏ་དང་སྭཱ་བྷཱ་ཝས་སྟོང་པར་བསྒོམས་པའི་ངང་ལས། བསྲུང་འཁོར་དང་། རྟེན་དང་བརྟེན་པར་བཅས་པའི་བདག་བསྐྱེད་ཡན་ལག་བཞི་རྫོགས་སུ་མདུན་བསྐྱེད་མཎྜལ་དང་པོ་སྒྲུབ་པའི་སྐབས་བཞིན་བསྒོམ། ཆོས་སྐོར་འདིའི་ལུགས་ཀྱི་རྫོགས་རིམ་གང་མོས་བསྒོམ་པར་བྱའོ།
།ལྷ་རང་རང་གི་ཐུགས་ཀར་པདྨ་དྔ་ཉི་མའི་སྟེང་དུ་ས་བོན་ཧཱུྃ་གི་མཐའ་མར་རང་རང་གི་སྔགས་ཀྱིས་བསྐོར་བར་བསྒོམས་ལ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དྷྲིཀྲ་ཧཱུྃ། ཨོཾ་ཨཱཿཧྲཱིཿཧཱུྃ་སྭཱ་ཧཱ། ཨོཾ་ཧྲཱིཿཥྚི་བི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་ཕཊ། ཅེས་པ་རྣམས་སོ་སོར་ཅི་ནུས་སུ་བཟླས་སོ།
།དེ་ནས་ཕྱི་མཆོད་རྣམས་སུམྦྷ་ནིས་བསང་། སྭཱ་བྷཱ་ཝས་སྦྱངས། ཨ་ལས་ཐོད་པ་གྲུ་གསུམ་ལས། ལྷ་དང་མིའི་མཆོད་རྫས་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་བསྐྱེད། རང་རང་གི་སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས་སོ།
།མཎྜལ་དང་བུམ་པ་རྣམས་ཀྱི་རིམ་པར་བསང་སྦྱངས། སྟོང་པའི་ངང་ལས། ཐམས་ཅད་ཀྱང་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། རྩིགས་པ་ལྔ། ཕྱི་ནས་རིམ་པར་དཀར། སེར། དམར། ལྗང་། སྔོ་བ། འདོད་ཡོན་དམར་བ། ཕ་གུ་སེར་བ། དྲ་ཕྱེད་སྔོ། མདའ་ཡབ་སྣ་ཚོགས། སྒོའི་ཐད་སོར་རྟ་བབས་བང་རིམ་བཞི་པ་ལ། པདྨ་ལ་གནས་པའི་འཁོར་ལོ་དང་། རི་དྭགས་གཉིས་གཉིས་དང་བཅས་པའི་སྟེང་དུ། གདུགས་ཕུབ་པ། ནང་ཀ་བ་བརྒྱད་བརྒྱད་ཀྱིས་བཏེགས་ཅིང་། རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་། ནོར་བུའི་ཏོག་གིས་མཚན་པ། མཆོད་རྟེན་སྒོ་ལྔ་པའི་རྣམ་པ་ཅན། ཕྱི་རོལ་དུར་ཁྲོད་བརྒྱད་དང་། རྡོ་རྭ་མེ་རིས་བསྐོར་བ། སྣང་ལ་རང་བཞིན་མེད་པ། འོད་ཀྱི་རང་བཞིན་ནང་གི་ལྷ་རྣམས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུའི་ཕྲོ་བྲང་དང་པོའི་དབུས་སུ་ཤེལ་ལས་གྲུབ་པའི་ཆོས་འབྱུང་ཉིས་རིམ་གྱི་ལྟེ་བའི་དབུས་སུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པ་དང་། སྣ་ཚོགས་པདྨ་དང་ཉི་མའི་སྟེང་ན་འཇིགས་བྱེད་དུས་མཚན་མནན་པའི་བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་པ་བརྐྱང་བས་བཞེངས་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་བ།
དེའི་ཤར་དུ་གདན་བཞི་བརྩེགས་ཀྱི་སྟེང་ན། ཚངས་པ་བརྒྱ་བྱིན་མནན་པའི་ཀྱཻ་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་བདག་མེད་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ།
ལྷོ་ཕྱོགས་སུ་གདན་བཞི་བརྩེགས་ཀྱི་སྟེང་དུ་གསང་བ་འདུས་པ་སྐུ་མདོག་མཐིང་ཤུན་ལྟ་བུ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་རེག་བྱ་རྡོ་རྗེ་མ་སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བ་ལ་འཁྱུད་ཅིང་། གཉིས་ཀའང་སྐྱིལ་ཀྲུང་དུ་བཞུགས་པ།
ནུབ་ཏུ་གདན་བཞི་བརྩེགས་དང་རོའི་སྟེང་ན་མ་ཧཱ་མ་ཡ་མཐིང་ནག་གཡས་བརྐྱང་གཡོན་བསྐུམ་པ་ཞལ་གཅིག་ཕྱག་གཉིས་ཁ་ཊྭཱྃ་ག་དང་ཐོད་ཁྲག་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་མ་སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བ་ལ་འཁྱུད་པ།
བྱང་དུ་གདན་བཞི་བརྩེགས་ཀྱི་སྟེང་དུ་མ་ཧེའི་སྟེང་ན་རྡོ་རྗེ་འཇིགས་བྱེད་ནག་པོ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་རོ་ལངས་མ་དམར་མོ་གྲི་ཐོད་ཅན་ལ་འཁྱུད་པ།
ཤངས་འབུད་ཅིང་མཆེ་བ་གཙིགས་པ། ལྗགས་འདྲིལ་བ་སྐུ་ལུས་ཐུང་ཞིང་སྦོམ་པ། གསུས་ཁྱིམ་ཆེ་བ། སྦྲུལ་གྱིས་ལྷག་པར་བརྒྱན་པ། མཎྜལ་གཉིས་པའི་བུམ་པ་གཞལ་ཡས་ཁང་དུ་བསྒོམས་པའི་ནང་དུ། ཡང་ལྷ་ལྔ་གོང་བཞིན་བསྐྱེད།
མཎྜལ་གསུམ་པ་ཏིང་ངེ་འཛིན་གྱི་དབང་རྣམས་ཀྱི་རྟེན་ཡིན་ཏེ། དེའི་དབུས་སུ་བདེ་མཆོག་ལྷན་སྐྱེས་དང་། དེའི་ཕྱོགས་བཞིར་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་ཞལ་གཅིག་ཕྱག་གཉིས། གྲི་གུག་དང་ཐོད་པ་འཛིན་པ། གྲུ་མོ་ན་ཁ་ཊྭཱྃ་ག །གཡས་བསྐུམ་གཡོན་བརྐྱང་བས་རོའི་གདན་ལ་བཞུགས་པ། དེ་ལྟར་ཡབ་ཡུམ་ཐམས་ཅད་མཚན་དཔེས་བརྒྱན་ཅིང་། འོད་ཟེར་འབར་བ། མེ་དཔུང་གི་དབུས་ན་བཞུགས་པ། ཞལ་རེ་རེ། སྤྱན་གསུམ་གསུམ་པ། ཐོད་སྐམ་ལྔ་ལྔས་དབུ་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། ཡབ་ཐམས་ཅད་རུས་པའི་རྒྱན་དྲུག་དང་མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། དབུ་སྐྲ་དང་སྨ་ར་སེར་པོ་གྱེན་དུ་མཛེས་པ། ཡུམ་ཐམས་ཅད་སྒེག་ཅིང་འཛུམ་པ། བདེ་བའི་ཉམས་དང་ལྡན་པ། ཤ་རྒྱས་པ་ནུ་མ་འབུར་བ། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། དབུ་སྐྲ་སིལ་བུར་འཕྱང་བ། དེ་ལྟར་མཎྜལ་གསུམ་པོའི་གྲུ་ཆད་རྣམས་ལ་མཆོད་པའི་ལྷ་མོ་མཆོད་རྫས་སྣ་ཚོགས་ཐོགས་པ། ཁྱམས་རྣམས་སུ་ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་ལོངས་སྐུ་ཞལ་སྦྱོར་བདེ་བ་ཆེན་པོའི་རང་བཞིན་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུར་བསྒོམ། མཎྜལ་བཞི་པའི་སྟེང་དབུས་སུ། དཔལ་ཕྱག་དྲུག་པ་ལྷ་གཏོར་ཆོག་ལྟར་བསྐྱེད། དེའི་ཁྱམས་སུ་ཕྱོགས་སྐྱོང་བཅུ། གཙང་རིས་ཀྱི་མགོན་པོ་བདུན་བཅུ་རྩ་གཉིས། དམ་ཅན་རྒྱ་མཚོའི་ཚོགས་བསམ། དེ་རྣམས་ཐམས་ཅད་སྐད་ཅིག་དྲན་རྫོགས་བསམ། སྙིང་པོ་ཚིག་ཙམ་མམ། རྡོ་རྗེ་ཆོག་ག་གསུམ་ལས་བསྐྱེད་དོ།
།ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་གྱིས་བྱིན་གྱིས་རླབས། བདག་བསྐྱེད་མདུན་བསྐྱེད་རྣམས་ཀྱིས་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་པར་སྤྱན་དྲངས་ལ། སྔགས་ཙམ་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་བསྟིམ། ཡང་འོད་ཀྱིས་དབང་གི་ལྷ་རྣམས་སྤྱན་དྲངས་ནས་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ་གིས་གསོལ་བ་བཏབ། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཁེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། ཐམས་ཅད་ལ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ལ་ས་པཱ་རི་ཝཱ་ར་སྔོན་དུ་འགྲོ་བས། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ། རོལ་མོ་གོས་ཟུང་རྣམ་རང་རང་གི་སྔགས་ཀྱིས་ཐུན་མོང་དུ་དབུལ། སྤྲོ་ན་ཚིག་བཅད་ཀྱང་བྱ། ནང་མཆོད་ཀྱང་བསང་སྦྱང་བྱིན་གྱིས་རླབ་ལ། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་གྱི་མཐའ་དང་། ཡི་དམ་རྣམས་ཀྱི་སོ་སོའི་སྔགས་ལ་འབྲུ་གསུམ་བཏགས་ལ་དབུལ། ཆོས་སྐྱོང་ལ་སོགས་པ་ལ་ཡང་གཞན་དང་མཐུན་པར་དབུལ་ཞིང་ཅི་ཤེས་པས་བསྟོད་ལ། བུམ་བཟླས་བྱས་ཏེ། སླར་ཡང་མཆོད་ཅིང་བསྟོད་ལ། ཁྱོར་ཆུ་དབུལ། བདག་འཇུག་བྱ། གཏོར་མ་རྣམས་བསང་སྦྱངས་བྱིན་གྱིས་རླབས། ལྷ་ལྔ་གང་རུང་གི་ཆོ་ག་གཞན་དང་མཐུན་པར་བྱ། སོ་སོའི་སྔགས་སམ། གོང་གི་སྔགས་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་དབུལ། མཆོད་བསྟོད་བྱ་རྡོ་རྗེའི་གླུ་དང་བཀྲ་ཤིས་བརྗོད། མགོན་པོ་ལ་གཏོར་ཆོག་ལྟར་དབུལ་ལ་འཕྲིན་ལས་གཞོལ། སྤྱི་གཏོར་དང་གཞི་བདག་ལ་སོགས་པ་ལའང་ཕུལ། བགེགས་གཏོར་ཡང་བཏང་ངོ་།

༢ གཉིས་པ་དངོས་གཞི་ལ་གཉིས་ལས། ༼སྐབས་འདིར་བདེ་མཆོག་སོགས་རྒྱུད་སྡེ་ལྔ་གང་རུང་དང་མཐུན་པའི་གཏོར་མ་སྟ་གོན་གྲུབ་ན་ལེགས།༽
༢༡ དང་པོ་སྔོན་འགྲོ་འཇུག་པ་ནི། སློབ་མ་རྣམས་ཁྲུས་བྱས་ཕྱག་དང་མཎྜལ་འཇུག་ཡོན་ཕུལ་ནས་འཁོད་པ་ལ་འདི་བརྗོད་དོ།
ཀླུ་སྒྲུབ་ཀྱིས་རྒྱ་མཚོ་ཆེར་གཡེངས། གཉའ་ཤིང་བུ་གར་ནི། རུས་སྦལ་ཆུད་པ་བས་ཀྱང་དུད་འགྲོ་ལས། མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། དམ་ཆོས་སྤྱད་པས་འབྲས་བུ་མཆིས་པར་མཛོད། ཅེས་གསུངས་པས།
མི་ལུས་རྙེད་པར་དཀའ་བ་བཤད་ལ།
རྙེད་པའི་ཚེ་མ་འབད་ན། འཁོར་བ་དུ་ཁའི་རྒྱ་མཚོ་ཆེན་པོ་འདི་ལ་ཐར་པའི་གོ་སྐབས་མེད་པས་ཆོས་ལ་འཇུག་དགོས། དེ་ལ་ཐེག་པ་ཆུང་དུ་ཉན་ཐོས་རང་རང་ཞི་བདེ་ཙམ་ཐོབ་པར་འདོད། ལྟ་བ་གང་ཟག་དང་ཕྱོགས་ཀྱི་ཕྱོགས་ཅིག་བཟུང་བ་རང་བཞིན་མེད་པ་ཙམ་ལ་མ་གཏོགས་པའི་ལམ་དེ་ཐེག་ཆེན་ལ་ལྟོས་ནས། དམན་པར།
སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུད་གྱུར་ཅིང་། །ཀློང་གི་དབུས་སུ་ཆུད་པ་ལྟ་བུར་སྣང་བཞིན་དུ། སྐྱེ་ཤིང་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། རང་ཉིད་གཅིག་མཐར་བྱེད་ན་ཁྲེལ་བོར་གཞན་ཅི་ཡོད། ཅེས་གསུངས་པ་དང་།
མདོ་སྡེ་རྒྱན་ལས། དེ་གཉིས་ཡང་དང་ཡང་དུ་ཡང་། རང་སེམས་ཀུན་ཏུ་འབྱུང་ལྡན་པས། མྱང་འདས་ལ་མངོན་དག་པའི་ཕྱིར། རྟོགས་པ་ཕུལ་བ་ཡིན་པར་འརྗོད། ཅེས་གསུངས་པས་ན། གཞན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་ཅིང་། ལྟ་བས་བདག་མཐའ་རང་བཞིན་མེད་པར་རྟོགས་པའི་ཐེག་ཆེན་ལ་འཇུག་དགོས།
དེ་ལ་གཉིས་ཡོད་པའི་ཕ་རོལ་ཏུ་ཕྱིན་པ་བས། གསང་སྔགས་ཀྱི་ཐེག་པར། དོན་ཅིག་ན་ཡང་མ་རྨོངས་ཕྱིར། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་ཕྱིར། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཅེས་གསུངས་པ་དང་། དེ་ལ་འཇུག་དགོས་པ་ཡིན།
དེ་ཡང་རྡོ་རྗེ་མགུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། བྱ་མིན་རྣལ་འབྱོར་དེ་དག་ལ། སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག ༼།རྣལ་འབྱོར་བླ་མེད་དེ་ལྟག་ལ།༽ །ཅེས་གསུངས་པའི་བླ་མེད་ལ་འཇུག་པ་ཡིན་པས།
དེའི་ཐོག་མར་དབང་ཐོབ་དགོས་ཏེ། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཐོག་མར་སློབ་མ་གང་གི་ཚེ། བློ་ལྡན་ཡང་དག་དབང་བསྐུར་ནས། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། དེ་ཡི་ཚེ་ན་སྣོད་དུ་འགྱུར། ཡང་དག་དབང་བསྐུར་གྱིས་དབེན་ན། སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། སློབ་དཔོན་སློབ་མར་མཚུངས་པར་ནི། མི་བཟད་དམྱལ་བ་ཆེན་པོར་འགྲོ། ཅེས་དང་།
ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་མེད་ན་ནི་དངོས་གྲུབ་མེད། བྱེད་མ་བཙིར་ཡང་མར་མེད་བཞིན། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། དབང་བསྐུར་མེད་པར་འཆད་བྱེད་པ། སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། དེ་བས་འབད་པ་ཐམས་ཅད་ཀྱི། བླ་མ་ལ་ནི་དབང་ནོད་ཞུ། ཅེས་དང་།
མཆོག་གི་དང་པོ་སངས་རྒྱས་ལས། དབང་བསྐུར་མེད་པར་སྔགས་འཆད་དང་། ཟབ་མོ་དེ་ཉིད་སྒོམ་བྱེད་པ། དེ་དོན་ལེགས་པར་ཤེས་ན་ཡང་། དམྱལ་བར་འགྱུར་གྱིས་གྲོལ་བ་མིན། ཅེས་དང་།
སངས་རྒྱས་ཐོད་པ་ལས། དཔེར་ན་པི་ཝང་འབྱོར་ཚོགས་ཀུན། རྒྱུ་དང་བྲལ་ན་བརྡུང་མི་ནུས། དེ་བཞིན་དབང་བསྐུར་མེད་པ་ལ། དེ་ལ་མཆོག་གི་དངོས་གྲུབ་མེད། ཅེས་དང་། ཐོབ་ན་དེ་རྣམས་ལས་བཟློག་པའི་ཕན་ཡོན་འབྱུང་སྟེ།
ཐུན་གསང་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། དེ་བས་སྐྱེ་བ་བདུན་ན་དེ། མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། ཅེས་གསུངས་སོ།
།དབང་གི་སྔོན་དུ་དཀྱིལ་འཁོར་འགྲོ་དགོས་ཤིང་། དེ་ལ་ཡང་གསུམ་དུ་གསུངས་ཏེ།
རྡོ་རྗེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བས། རྡོ་རྗེ་འཆང་གིས་གསུངས་པ་དེ། །ཞེས་དང་།
ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། དབང་བསྐུར་དབང་པོའི་བྱེ་བྲག་གིས། ཏིང་འཛིན་མེ་ཏོག་རྡུལ་མཚོན་ནོ། ཅེས་དང་།
སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དཀྱིལ་འཁོར་སློབ་མ་རབ་འབྲིང་ཐ། ཏིང་འཛིན་མེ་ཏོག་རྡུལ་མཚོན་རིམ། ཅེས་གསུངས་པའི་ད་ལན་དཀྱིལ་འཁོར་གསུམ་ཀར་དུ་རིམ་པས་འཇུག་ཅིང་དབང་བསྐུར་བ་ཡིན།
དེ་ལ་བསྐུར་བྱེད་བླ་མའི་མཚན་ཉིད་མང་དུ་གསུངས་པ་རྣམས། ས་སྐྱ་པཎ་ཆེན་གྱིས། གཙང་མཁས་གཞན་ལ་མཁས་པར་བརྩོན། ཞེས་གསུངས་པར་འདུག་པས། སྒོ་གསུམ་ཀུན་སྤྱོད་གཙང་བ། ལུང་རིག་ཆོ་ག་མཁས་པ། བསམ་སྦྱོར་གཞན་ལ་ཕན་ལ་ཕན་པར་བརྩོན་པ་གཅིག་དགོས། བསྐུར་བྱ་སློབ་མའི་མཚན་ཉིད་ཀྱང་། བློ་གསལ་དོན་གཉེར་བླ་མར་གུས། རྩེས་པས་འཛིན་སྤྱོད་ལ་བློ་གསལ། སྨིན་ལམ་དོན་དུ་གཉེར་བ། བླ་མ་ལ་རྩེ་གཅིག་ཏུ་གུས་པ་ཅིག་དགོས་ལ། བསྐུར་བའི་ཆོ་ག་ལ་གསུམ་ཡོད་པས་ལས།
དེའི་སྔོན་འགྲོ་འཇུག་པ་བཅུ་གཉིས་ཡོད་པའི།
༢༡༡ དང་པོ་སྐྱབས་འགྲོ་ནི། སངས་རྒྱས་ཆོས་ཀྱི་སྐུ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ། ཆོས་ཞི་བ་དོན་དམ་མྱ་ངན་ལས་འདས་པ། དགེ་འདུན་དག་པའི་ས་ལ་གནས་པ་རྣམས་ལ་སྐྱབས་སུ་འགྲོ་བའི་བསམ་པས། རང་གི་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་བླ་མ་ལ་བློས་ཕུལ་ལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་ཀྱི་མཆོག་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་དོན་དམ་པ་མྱ་ངན་ལས་འདས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ།
༢༡༢ གཉིས་པ་སེམས་བསྐྱེད་ལ་གཉིས་ལས།
༢༡༢༡ དང་པོ་སྨོན་པ་ནི། བླ་མ་ལ་སངས་རྒྱས་ཀྱི་སྔར་མཆོད་ལ། བརྗོད་པར་འགྱུར་པའི་དོན་བསམས་ཤིང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ་སྦྱིན་པའི་རང་བཞིན་ཅན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་ཅན་དང་། སྒོམ་པའི་རང་བཞིན་ཅན་གྱིས་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། ཇི་ལྟར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ།
༢༡༢༢ གཉིས་པ་འཇུག་སེམས་ནི། དེ་བླང་བའི་བསམ་པས་བརྗོད་པའི་དོན་སེམས་ཤིང་། སྔར་བཞིན་དགོངས་གསོལ་གྱི་རྗེས་སུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཐར་གྱི་བསླབ་པ་དང་། མཐར་གྱི་སྒྲུབ་པ་དང་། མཐར་གྱི་ནན་ཏན་དུ་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་ནས། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཐར་གྱི་བསླབ་པ་དང་། མཐར་གྱི་སྦྱང་བ་དང་། མཐར་གྱི་ནན་ཏན་གྱི་བསམ་པ་གཏན་པོ་བསྐྱེད་པོ་བསྐྱེད་པར་བགྱིའོ། །ཕར་ཕྱིན་གཞན་ཡང་སོ་སོའི་མིང་བཏགས་སུ་བརྗོད་ནས། བསླབ་སྦྱངས་ནན་ཏན་གྱི་བསམ་པ་སྔར་བཞིན་བརྗོད་དོ། དེ་ལྟར་ལན་གསུམ་བརྗོད་དོ།
༢༡༣ །སྤྱིའི་གསུམ་པ་གསོལ་བ་གདབ་པ་ནི། སྔར་ཕུལ་བའི་མཎྜལ་ཡོན་དུ་ཕུལ་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་སོགས་ལན་གསུམ་བྱའོ།
༢༡༤ བཞི་པ་གནང་བ་སྦྱིན་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་གཤེགས་པའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དེ་རྣམས་ཀྱི་ཀྱང་གསང་སྔགས་ཀྱི། །ཆོ་ག་བཟབ་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེས་བརྩོམ་སྟེ། །འཇིག་རྟེན་རྗེས་འཇུག་པར་ཤེས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དོ།
༢༡༥ ལྔ་པ་རྟོག་པ་བསྡུ་བ་ནི། །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །རྗོད་ངས་བློ་ལ་རྡོ་རྗེ་སེམས་སོགས་དང་། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་པས་སོ།
༢༡༦ དྲུག་པ་རྒྱུན་བཤགས་སྔོན་དུ་འགྲོ་བས། །གསང་སྔགས་སུ་སེམས་བསྐྱེད་པ་ནི། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིས། །ཞེས་སོགས་ལན་གསུམ་གྱིས་སོ།
༢༡༧ །བདུན་པ་རིགས་ལྔའི་སྡོམ་པ་བཟུང་བ་ནི། །སྲས་བཅས་སངས་རྒྱས་ཐམས་ཅད་དང་། །ཅེས་སོགས་ལན་གསུམ་གྱིས་སོ།
༢༡༨ །བརྒྱད་པ་སྔགས་ཀྱི་ཆེ་བ་བརྗོད་པས་སྤྲོ་བ་བསྐྱེད་པ་ནི། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཞེས་པ་ནས། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཅེས་པའི་དོན་ཡང་ཅི་རིགས་སུ་བརྗོད་དོ། །དཀྱིལ་འཁོར་མ་མཐོང་བའི་བརྡར། །ཨོཾ་ཨཱ་ཁཾ་ཝི་ར་ཧཱུྃ་གིས་གདོང་བཅིངས།
༢༡༩ །དགུ་པ་བདེ་སྟོང་དུ་སེམས་བསྐྱེད་པ་ནི། །སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར། །ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་དང་། །དེའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོར་མོས་སུ་བཅུག་ནས། །དེ་བརྟན་པའི་དོན་དུ། །དཔོན་སློབ་གཉིས་ཀས། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི་ཅེས་དང་། སློབ་དཔོན་གྱི་སློབ་མའི་སྙིང་གར་རྡོ་རྗེ་རེག་ཅིང་། །ཨོཾ་སུ་ར་ཏེ་ས་མ་༼ཡ་༽སྟྭྃ་ཧོཿསིདྡྷི་བཛྲ་ཡ་ཐ་སུ་ཁཾ། །ཞེས་བརྗོད་ནས། དེ་བཞིན་གཤེགས་པ་ཐམས་ཅན་གྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། །མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཧཱུྃ་ཛ་ཧཱུྃ་ཞེས་གསང་བར་གདམས་པའོ།
༢༡་༡༠ །བཅུ་པ་ནང་དུ་གཞུག་ཅིང་ཡེ་ཤེས་དབབ་པ་ནི། །སློབ་དཔོན་གྱི་དཀྱིལ་འཁོར་གྱི་ཤར་སྒོ་ནས་རྡོ་རྗེས་ཁྲིད་པར་བསམ་ཞིང་། །ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས། མགོ་དུད་པ་རེ་བྱེད་དུ་བཅུག་ནས། ནང་དུ་ཞུགས་ནས་འཁོད་པ་ལ། །སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་ནས། །ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། །དངོས་གྲུབ་གཞན་ལྟ་ཅི་སྨོས་དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། །བུ་ཁྱེད་དམ་ཚིག་ཉམས་པར་གྱུར་ཏ་རེ། །ཅེས་ཕན་ཡོན་དང་། །སྙིང་གར་བཟུང་ལ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཅེས་དང་། །ཡང་སྤྱི་བོར་བཟུང་ལ། །འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། །གལ་ཏེ་ཚུལ་འདི་ལྟ་བུ་སུ་ཡང་རུང་བ་ལ་སྨྲས་ན། །འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཞེས་པས་ཉེས་དམིགས་དང་། །བུམ་ཆུ་དང་། བདུད་རྩི་བསྲེས་ལ། ཁྱོར་བ་གཡས་པར་སྦྱིན་ལ་འཐུང་དུ་གཞུག་ཅིང་། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ། ཅེས་པས་གཉིས་ཀ་དང་ཡང་སྤྱི་བོར་རྡོ་རྗེ་བཟུང་ལ། །དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་གང་འདི་བྱོས་ཤིག་བྱས་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་བརྙས་པ་མ་བྱེད་ཅིང་། །བྱས་ན་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ཏེ། །དམྱལ་བ་ཆེན་པོ་ལྷུང་བར་གྱུར་ཏ་རེ། །ཅེས་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་ནས། །ཡེ་ཤེས་དབབ་པར་གསོལ་བ་གདབ་པར་བསམ་པས། །རྗེས་ཟློས་བྱེད་དུ་གཞུག་ཅིང་། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། །ཅེས་ལན་གསུམ་བརྗོད་ལ། །སློབ་མ་རྣམས་ལུས་ཀྱི་སྤྱོད་ལམ་ཕན་ཚུན་མ་རེག་པར། །སྤྱི་བོར་ཐལ་མོ་སྦྱར་ལ་ཅོག་པུར་འདུག །བླ་མ་ལ་རྡོ་རྗེ་འཆང་དངོས་ཀྱི་འདུ་ཤེས་ཀྱིས་མོས་གུས་དྲག་པོ་གྱིས་ལ། །བདག་ཏུ་བཟུང་བ་ཐམས་ཅད་ལྟོས་མེད་དུ་ཐོང་། །རང་ཧེ་རུ་ཀ་ཕྱག་གཉིས་པའི་རྐང་མཐིལ་གཞིབས་ནས་ལངས་པར་མོས་པའི་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཀྱི་ནང་དུ། །རྒྱུད་གྱེན་ལ་བསྟན་པའི་གཞུའི་དབྱིབས་ཀྱི་རྣམ་པ་ཅན་དུ། །རྒྱུད་གྱེན་ལ་བསྟན་ལ་བསྟན་པའི་རྐང་མཐིལ་གཉིས་སུ་ཛཻཾ་མེའི་རང་བཞིན་རླུང་གིས་བསྐྱོད་པས། མེ་འབར་བ་རྩ་ནང་ན་ཡར་སོང་། །སུམ་མདོའི་མེ་དང་། །ལྟེ་བར་རེ་རེ་ལས་མེའི་རང་བཞིན་དང་འདྲེས། །སྙིང་གར་མྃ་ལས་སའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་བསྲེགས་པ་ལས། །མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་བྃ་གིས་མཚན་པར་བཀོལ། །སྤྱི་བོར་ཡྃ་ལས་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུས་འཐུར་དུ་གནས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རྒྱུད་སྡེ་ལྔའི་སྣ་ཚོགས་ཀྱི་རྣམ་པར་ཐིམ་པར་སྒོམ་དུ་གཞུག །སློབ་དཔོན་གྱིས། །ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཿ བཛྲ་ཨ་བེ་ཤ་ཡ་ཨ་ཨཿ ཅེས་བརྗོད་ཅིང་རོལ་མོ་བྱ། ཨོཾ་ཏིཥྛ་བཛྲ་བརྟན་པར་བྱའོ།
༢༡་༡༡ །བཅུ་གཅིག་པ་མེ་ཏོག་དོར་ནས་མགོ་ལ་བཅིང་བ་ནི། །ལྷ་ཐམས་ཅད་དག་པ་ཡེ་ཤེས་པ་ཅིག་གི་སྣང་བ་ཡིན་པས་བཟང་ངན་མེད་ཀྱང་། ལས་བསགས་པའི་ལྷ་གཅིག་ལ་བབས་པར་གྱུར་ཅིག་སྙམ་པས། །ཨོཾ་པྲ་ཏི༼ཙྪ༽་བཛྲ་ཧོཿ ཞེས་བརྗོད་པས་མེ་ཏོག་དོར་ནས། །གང་ལ་ཕོག་པའི་ལྷའི་སྙིང་པོ་སྔོན་དུ་འགྲོ་བས། །ཨོཾ་པྲ་ཏི་གྲྀཧྣ་སྭ་མི་མཾ། སཏྭ་མ་ཧཱ་བཱ་ལ་ཨོཾ། ཅེས་པས་སྤྱི་བོར་སྦྱིན་ནོ།
༢༡་༡༢ །བཅུ་གཉིས་པ་གདོང་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། །མིག་འབྱེད་པ་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཏ་ལཾ་ཧྲཱི་ཏྲཾ། །ཅེས་པས་གདོང་གཡོགས་བསལ། །དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པའི་སྐབས་བཞིན་བརྟན་པར་བྱའོ། །དེ་ཡང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་རྒྱུ་རིན་པོ་ཆེ་ལས་གྲུབ་པ། །ཕྱི་མཆོད་རྟེན་གྱི་རྣམ་པ། །ནང་གཞལ་ཡས་ཁང་གི་རྣམ་པ། །རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་རྣམ་པ་འདི་ལྟ་བུ་ཡོད་ལ། །དེའང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ངོ་བོ་ཡིན་ཏེ།
།དཔལ་དུས་འབྱུང་གི་རྒྱུད་ལས། །དེ་ནས་ཡང་དག་བཤད་བྱ་བ། །སྐུ་ནི་ཀྱཻ་རྡོ་རྗེ་ལ། །གསུང་གི་རྫུ་འཕྲུལ་རྡོ་རྗེ་མ། །ཐུགས་ནི་འཁོར་ལོ་སྡོམ་པ་ཆེ། །ཕྲིན་ལས་རྡོ་རྗེ་འཇིགས་བྱེད་དེ། །བདག་ཉིད་གསང་བ་འདུས་པར་བརྗོད། །མ་འོངས་སེམས་ཅན་དོན་དུ་ནི། །ཐབས་འདི་དག་ནི་བསྟན་པ་ཡིན། །ཐབས་ཀྱི་རིམ་པ་འདི་དག་ནི། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །དཀྱིལ་འཁོར་གཅིག་ཏུ་བསྡུས་དབང་བསྐུར། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས། །རྒྱུད་སྡེ་རྣམ་པ་ལྔ་གང་བསྟན། །ཀླ་ཀློའི་སྐད་ཀྱིས་འདི་སྦས་པས། །ཐུབ་པའི་ཞལ་ཐེབས་གསང་བ་འདི། །སྙིང་པོ་ཀུན་གྱི་རྒྱུད་དོན་གྱིས། །དཀའ་ཐུབ་སྤྱོད་བྱེད་ཐུན་མོང་མིན། །ཅེས་པ་དང་།
།སློབ་དཔོན་རྡོ་རྗེ་གདན་པས་མཛད་པའི་བསྟན་བཅོས་ལས་ཀྱང་། །རྡོ་རྗེ་འཆང་ཆེན་ལྷ་ཡི་གཙོ། །སྐུ་ནི་ཀྱཻ་རྡོ་རྗེ་ལ། །གསུང་ནི་སྒྱུ་མ་ཆེན་མོ་ཡིན། །ཐུགས་ནི་རྡོ་རྗེ་གསང་བ་འདུས། །གཅིག་བསྒོམས་པས་སངས་རྒྱས་བསྒོམས་པར་འགྱུར་ཏེ།
།རིན་པོ་ཆེ་རྒྱ་མཚོའི་རྒྱུད་ལས། རྒྱལ་བ་གཅིག་བསྒོམས་སངས་རྒྱས་ཀུན་གྱི་ངང་། །སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་ནོ། །ཅེས་ངོ་སྤྲོད།
༢༢ གཉིས་པ་དབང་དངོས་ལ། །བུམ་པའི་དབང་དང་ཏིང་ངེ་འཛིན་གྱི་དབང་གཉིས་ལས།
༢༢༡ །བུམ་པའི་དབང་གི་དོན་དུ་མཎྜལ་ཕུལ་ལ། །བསམ་གྱི་མི་ཁྱབ་དམ་ཆོས་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། །སྡོམ་པ་རྒྱ་མཚོ་དང་། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །སྐྱོབ་པའི་དཀྱིལ་འཁོར་མངོན་སུམ་དུ། །ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །དེ་ཉིད་ལས་ནི་དབང་བསྐུར་བར། །དཀྱིལ་འཁོར་དེ་ཉིད་རིག་པས་སམ། །ཞེས་པ་ལྟར་དཔོན་སློབ་གཉིས་ཀས་བསམ་ཞིང་བུམ་པ་སྤྱི་བོར་བཞག
།ཧཱུྃ་ཇི་ལྟར་བལྟམས་པ་རྩམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། །ཞེས་པས་སྤྱི་བོར་གཏོར་ཅིང་། །ཁར་ཡང་ལུད་པས་ལུས་ཀྱི་དྲི་མ་དག །བུམ་༼ལུས་སྣང་སྟོང་གི་ཡེ་ཤེས་སྐྱེས་༽དབང་ཐོབ་པར་བསམ་མོ།
༢༢༡༢ །གཉིས་པ་གསང་དབང་ནི། །བདེ་མཆོག་མྱུ་གུ་ལས། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱིས། །མཁའ་མཉམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ནས་བྱུང་ནས་ནི། །བདེ་བ་བསྐྱེད་ཅིག་རིགས་ཀྱི་ཡུམ། །སྲས་བཅས་གསང་བའི་དབང་བསྐུར་བྱ། །ཅེས་གསུང་པ་ལྟར་བསམ་ལ། །བུམ་ཆུ་དང་མངར་གསུམ་སྦྱར་བ་སློབ་མའི་ཁ་ར་སྦྱིན་ཞིང་།
།ཧཱུྃ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡིན། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་མོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་མི། །ཅེས་པས་ངག་གི་དྲི་མ་དག །གསང་དབང་༼སྒྲ་གྲག་སྟོང་གི་ཡེ་ཤེས་སྐྱེས་༽ཐོབ་པར་བསམ་མོ།
༢༢༡༣ །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། །སྔར་སྦྱིན་པའི་༼བུམ་ཆུ་དང་མངར་གསུམ་སྦྱར་བ་༽དབང་རྫས་བཐུང་པས། །སྙིང་ག་ཡན་ཆད་ཁེངས་པས། །ཡིད་ཀྱི་དྲི་མ་དག་ཅིང་། །གསུམ་པའི་ཡེ་ཤེས་བདེ་སྟོང་དག་པར་སྒོམ་དུ་བཅུག །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥེཉྩ་མི། །ཅེས་བརྗོད་དོ།
༢༢༡༤ །དེ་ནས་དབང་བཞི་པ་ན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ཏུར་ཨ་བྷི་ཥེཉྩ་མཾ། །ཞེས་བརྗོད་པས། །བུམ་ཆུས་ལུས་ཀྱི་ནང་ཐམས་ཅད་གང་བས་དྲི་མ་ཐམས་ཅད་དག །དབང་བཞི་པ་ཐོབ། །འཛིན་རྟོག་ཐམས་ཅད་བྲལ་ལྷན་ཅིག་སྐྱེས་པར་བསམ་མོ། །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པར་བསྒོམ་མོ།
༢༢༢ །གཉིས་པ་ཏིང་ངེ་འཛིན་གྱི་དབང་ལ། །གདམས་ངག་དང་འབྲེལ་བ་དང་། །དབང་གདམས་ངག་དང་འབྲེལ་བ་དང་། །དབང་གདམས་ངག་དང་འགྲེལ་བ་ལས།
༢༢༢༡ །དང་པོ་ནི། དཔོན་སློབ་གཉིས་ཀས། །མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་དཔག་ཏུ་མེད་པ་ཏིལ་གྱི་གོང་བུ་བཞིན་དཔག་ཏུ་མེད་པ་ཏིལ་གྱི་གོང་བུ་ཁ་བ་བཞིན་བྱེ་བ་བཞིན་བསམ་སྟེ། །སློབ་མས་མཎྜལ་ཐེངས་གསུམ་ཕུལ་ལ།
གསོལ་བ་གདབ་པ་ནི། །རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ། །ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ། །ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་ཞུ་བ་དང་། །ལམ་ཉམས་སུ་ལེན་པ་ལ་བར་ཆད་མི་འབྱུང་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ།
།དེ་ནས་སློབ་མའི་སྤྱི་བོར་ཨོཾ་དཀར་པོ་གཅིག་བསམ། །དེ་ལས་འོད་ཟེར་དཀར་པོ་འཕྲོས་པས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་ཡོན་ཏན་ཐམས་ཅད་བསྡུས། །སླར་ཨོཾ་ལ་ཐིམ་པས་དེ་ཞུ་བ་ཚངས་བུག་ནས་ལྟེ་བར་བྱོན། །ཐིག་ལེ་དཀར་པོ་གཅིག་ཏུ་གྱུར། དེས་གཏི་མུག་དག །ཆོས་དབྱིངས་ཡེ་ཤེས་སུ་བྱིན་གྱིས་རླབས། །དེ་བཞིན་དུ་སྤྱི་བོར་ཨ་དམར་པོ། །ཧཱུྃ་སྔོན་པོ། ཏྲྃ་སེར་པོ། ཨ་ལྗང་གུ་རྣམས་རིམ་པ་བཞིན་དུ་བསམ་པ་ལ། །ཡི་གེ་རང་རང་དང་འདྲ་བའི་འོད་ཟེར་འཕྲོས། །སངས་རྒྱས་བྱང་སེམས་ཀྱི་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་ཡོན་ཏན་རྣམས་བསྡུས། ཡི་གེ་སོ་སོ་ལ་ཐིམ་པས། །དེ་ཞུ་ནས་ཚངས་བུག་ནས་ལྟེ་བར་བྱོན་པས། །རང་རང་གི་ཁ་དོག་ཅན་གྱི་ཐིག་ལེར་གྱུར་པས། །འདོད་ཆགས། ཞེ་སྡང་། ང་རྒྱལ། སེར་སྣ། ཕྲག་དོག་གི་དྲི་མ་རྣམས་དག །སོ་སོར་རྟོགས་པ། མེ་ལོང་ལྟ་བུ་མཉམ་པ་ཉིད། །བྱ་བ་གྲུབ་པའི་ཡེ་ཤེས་རྣམས་སུ་གྱུར་ནས། རང་ཡེ་ཤེས་རང་སྣང་གི་བདེ་མཆོག་ལྷན་སྐྱེས་སུ་བསྒོམ་མོ།
༢༢༢༢ །གཉིས་པ་དབང་གདམས་ངག་དང་འབྲེལ་བ་ནི། །མཎྜལ་གསུམ་པའི་སྟེང་གི་ནམ་མཁར། །རིན་པོ་ཆེའི་ཁྲི་སེང་གེས་བཏེགས་པར། །པདྨ་ཉི་ཟླའི་གདན་ལ་བླ་མ་བདེ་མཆོག་དང་གཉིས་སུ་མེད་པ། །སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་ནས། རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ཕུལ་ནས། །མོས་གུས་བྱ་ཞིང་། །བླ་མ་རིན་པོ་ཆེས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མའི་སྨིན་ཕྲག་ལས་འོད་ཟེར་དཀར་པོ་བྱུང་། རང་གི་སྨིན་ཕྲག་ཏུ་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དང་ནད་གདོན་ཐམས་ཅད་བསང་དག །རང་ལྷ་སྐུ་སྔར་བས་ཀྱང་གསལ་བར་བསམ། །ཡང་མཆོད་པ་ཕུལ། གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐིག་ལེ་དཀར་དམར་བྱུང་། །རང་གི་ལྕེ་ལ་ཐིམ། ངག་གི་དྲི་མ་དག །ལྷ་སྐུར་སྔར་བས་གསལ་བར་བསམ། ཡང་མཆོད་དེ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ༴ ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་ལྔ་བྱུང་། རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་དྲི་མ་དག །ལྷ་སྐུ་སྔར་བས་གསལ་བར་བསྒོམ། དེའི་ངང་ནས་ལུས་ཁོང་གློད། སེམས་སྤྲོས་མེད་ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེན་པོའི་ངང་དུ་ལྷན་གྱིས་བཞག་པ་ནི་དབང་བཞི་པའོ།
ཡང་དབང་གདམས་ངག་དང་འབྲེལ་བ་ལ་གསུམ་སྟེ།
དང་པོ་སྟོང་པས་གཞི་བྱས་རིག་པ་སྣ་ཚོགས་སུ་འཆར་བ་ནི། རང་གི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྤྱི་གཙུག་དང་གསང་གནས་སུ་ཐུགས་པ་གསལ་བཏབ་པའི་ནང་དུ་སྙིང་གི་ཐད་ཀར། །ཨ་དཀར་པོ་བསམ་ལ། དེ་ངག་ཏུ་ཡང་མང་དུ་བརྗོད་པས་དབུ་མ་ཇེ་གསལ་མཐར་སྟོང་ཉིད་འོད་གསལ་གྱི་ངང་ལ་སིང་ངེ་བཞག་གོ
།གཉིས་པ་རྩ་ལམ་སྦྱངས་ནས་རིག་པ་སྣ་ཚོགས་སུ་འཆར་བ་ནི། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཨ་ལྗང་གུ་བསམ། ཨོཾ་ལས་འོད་དཀར་པོ་གསལ་སིང་ངེ་འཕྲོས། སྤྱི་བོའི་རྩ་མདུད་གྲོལ། མགྲིན་པའི་ཨཱཿགསོས། དེ་ལས་འོད་དམར་པོ་གསལ་སིང་ངེ་བ་བྱུང་། མགྲིན་པའི་རྩ་མདུད་རྣམས་གྲོལ། སྙིང་གའི་ཧཱུྃ་གསོས་དེ་ལས་འོད་ཟོར་སྔོན་པོ་གསལ་སིང་ངེ་བ་བྱུང་། སྙིང་གའི་རྩ་མདུད་རྣམས་གྲོལ། ལྟེ་བའི་ཨ་གསོས། དེ་ལས་འོད་ཟེར་དམར་ལྗང་གསལ་སིང་ངེ་བ་བྱུང་། ལྟེ་བ་ནས་རྐང་མཐིལ་ཡན་ཆད་ཀྱི་རྩ་མདུད་རྣམས་གྲོལ། བདེ་སིང་ངེ་བ་ལ་སེམས་གཏད་པའི་ངང་ནས་ལྷན་སྐྱེས་སུ་ལམ་གྱིས་སྒོམ་མོ།
།གསུམ་པ་ལུས་དག་པ་ལྷ་སྐུར་སྒོམ་པ་ནི། ལྷན་སྐྱེས་སུ་གསལ་བ་དེའི་ནོར་བུའི་རྩེ་མོར་ཧཱུྃ་སྔོན་པོ་མགོ་གྱེན་ལ་བསྟན་པའི་རྩེ་མོར་ཐིག་ལེ་དམར་པོ་སྲན་མ་ཙམ་བསམ་ལ། ཧཱུྃ་གིས་ནུས་པ་ནོར་བུ་ཕྱིར་ཟློག་པ་བཞིན་དུ་སྙིང་གར་སླེབས། སྨད་ཀྱི་འདོད་ཆགས་སངས་དག་པར་བསམ། དབུ་མའི་ཡར་རྩེ་སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་བསྟན་གྱི་རྩེ་ལ་ཐིག་ལེ་དཀར་པོ་བསམ་ལ། དབུ་མ་ནས་ཡར་བྱུང་། སྙིང་གར་སླེབས་པས་གཏི་མུག་དག་པར་བསམ། ཞེ་སྡང་རང་དག་ཡིན་གསུངས། དེ་ནས་ཡང་ཡང་གསལ་གདབ་ཅིང་། ཐིག་ལེ་གཉིས་པོ་སྙིང་གར་རང་ཐག་བཞིན་འཁོར་བ་ལ་དམིགས་པ་གཏད་པ་བུམ་དབང་། གཅིག་ལ་གཅིག་རེག་པ་བདེ་སིང་ངེ་བ་ལ་དམིགས་པ་གཏད་པས་གསང་དབང་། ཕན་ཚུན་འདྲེས་པས་དེ་སིང་སིང་བ་གསུམ་པ། གཅིག་ལ་གཅིག་ཐིམ་པས་རང་འོད་དུ་ཡལ་སོང་ནས་སྟོང་ཉིད་དུ་ལྷན་བཞག་པ་ནི་དབང་བཞི་པའོ།
།དེ་རྣམས་ནི་ཆོས་དྲུག་གའུ་མ་དང་བཅས་པའི་འཇུག་ཐུན་མོང་དང་བཅས་པ་ཡིན་ལ། གང་ཟག་སྤྲོས་པ་ལ་དགའ་བས་སོ་སོར་ཕྱེ་ན། མཎྜལ་དང་པོ་གཉིས་དང་། བཞི་པ་ལ་བརྟེན་ནས། བདག་བསྐྱེད་བུམ་པ་ཆོས་སྐྱོང་རྣམས་བསྐྱེད་པ་ནས། བུམ་དབང་དང་འབྲེལ་བའི་དབང་བཞི་ཡན་ཆད་བསྐུར་བ་ནི། སྤྱིའི་འཇུག་སྒོ། རྒྱུད་སྡེ་ལྔའམ། བཞིའི་དབང་ཡིན། དེ་ནས་མཎྜལ་བསྐྱེད་ཆོག་བཞིན། བདག་བསྐྱེད། བསྒོམ་བཟླས། མཆོད་གཏོར་རྣམས་བྱས། དབང་གི་སྔོན་འགྲོའི་ཆོས་རྣམས་རྒྱུན་བཤགས་ཡན་ཆད། དྲུག་པ་གོང་བཞིན་གྲུབ་ན་ལེགས། ཅི་སྟེ་མ་གྲུབ་ན། སྐྱབས་འགྲོ་སེམས་བསྐྱེད་ཙམ་བྱས་ནས། ཏིང་ངེ་འཛིན་གྱི་དབང་གིས། གདམས་ངག་དབང་དང་འབྲེལ་བ་ནི། སྒྱུ་ལུས་ཀྱི་སྒོ་ནས་དབང་གདམས་ངག་དང་འབྲེལ་བ་གོང་མའི་དམིགས་པ་ནི། གའུ་མའི་སྒོ་ནས་དབང་། དབང་གདམས་ངག་དང་འབྲེལ་བ་འོག་མའི་སྟོང་པ་བཞི་བྱས་རིག་པ་སྣ་ཚོགས་སུ་འཆར་བ་འོད་གསལ་གྱི་སྒོ་ནས་དབང་། རྩ་ལམ་སྦྱངས་རིག་པ་སྣ་ཚོགས་སུ་འཆར་བ་དང་སྲིད་པའི་དབང་ཞུ་བ་ཐབས་ལམ་གྱི་སྒོ་ནས་དབང་། རང་ལུས་དག་པ་ལྷ་སྐུར་སྒོམ་རྨི་ལམ་གྱི་སྒོ་ནས་དབང་དུ་ཡང་འགྲོ་སྟེ། རྨི་ལམ་ཟིན་ན་བར་དོ་ཉམས་འོག་ཏུ་ཆུད་པས་སོ། འཕོ་བ་ལ་རྣལ་འབྱོར་མའི་བྱིན་རླབས་གང་རུང་ཏེ། མཁའ་སྤྱོད་མའི་ཐོབ་ན་ལེགས་སོ།

གང་ལྟར་ཡང་གསུམ་པའི་རྗེས་ལ་བླ་མ་ལ་ཡོན་ཕུལ། ཚོགས་ལ་རོལ། ལྷག་གཏོར་དང་། རྡོ་རྗེའི་གླུ། བཀྲ་ཤིས་དང་བསྔོ་བ་སྨོན་ལམ་བྱ། གཏོང་རག་གི་མཆོད་པ་དབུལ། འདོད་དོན་ལ་གསོལ་བ་བཏབ། བཟོད་གསོལ་དང་གཤེགས་གསོལ་བྱ། ཡི་གེ་གསུམ་གྱིས་བདག་ཉིད་བསྲུང་། ལས་ཀྱི་རྗེས་མི་མངོན་པར་བྱ།
འཆུག་མེད་ལམ་ཁྱེར་རྣམ་གསུམ་གྱི་འཇུག་གོ་དང་། །འཆི་མེད་ཀྱི་འཇུག་སྒོ་ཟུར་ན་ཡོད། འདི་དག་གིས་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་གསུང་ངག་ལས། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱི་ཞིབ་པར་བཀྲོལ་བ་ལས། རང་གི་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་ཚོད་རྣམས་བདེ་བར་དཀྲོལ་བ་ནི། དགེ་བའི་བཤེས་གཉེན་གྲུབ་ཐོབ་དར་མ་བློ་གྲོས་ལ་སོགས་གུས་ལྡན་སློབ་མས་གསོལ་བ་བཏབ་ནས། སྒྱུ་ལུས་ཀྱི་བཙུན་པ་གང་པས་ཡོས་བུའི་ལོ་ཟླ་བ་བཞི་པའི་ཚེས་བཅུ་དྲུག་ལ་གྲུབ་པར་དབེན་གནས་རྡོ་རྗེའི་གདན་དུ་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག །འདིས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག

།འདིའི་མཆོད་གཏོར་གྱི་སྐབས་སུ་ལྷ་ལྔའི་བསྟོད་པ་རྒྱས་པར་མ་གྲུབ་ན།
ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད།
།ཐམས་ཅད་དངོས་པོ་རང་བཞིན་མཆོག །གདོད་ནས་ཐམས་ཅད་རང་བཞིན་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱཻ་རྡོ་རྗེ་ལ་ཕྱག་འཚལ།
།མི་བསྐྱོད་ཡེ་ཤེས་རྡོ་རྗེ་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག༴
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་གྱིས། །བདེ་བ་མཆོག་ལ་རྣམ་རོལ་པའི། །སྒྱུ་མ་ཆེན་མོ་ལ་ཕྱག་འཚལ།
།ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པའི། །དུད་ཁ་མུན་ཆེན་ཁྱོད་ལ་འདུད།
།ཅེས་པས་བསྟོད། མདོར་བསྡུས་པ་ནི། །རིགས་ལྔའི་སྤྱི་བསྟོད་གང་ཡང་རུང་བ་བྱའོ།

།འདི་བྲིས་དགེ་བས་སྡིག་སྒྲིབ་བྱང་གྱུར་ནས། །ཚོགས་གཉིས་རྫོགས་ནས་དོན་གཉིས་ལྷུན་གྲུབ་ཤོག། ཤུ་བྷཾ།།
ངེས་འབྱུང་བསྐྱེད་ཅིང་སྐྱབས་འགྲོ་སྨོན་འཇུག་བྱ། །གསོལ་གདབ་སྤྲོ་དང་སེམས་བསྐྱེད་སྡོམ་པ་བཟུང་། །ཆོས་བཤད་གཏོང་ཞིང་སེམས་བསྐྱེད་གསང་བར་གདམས། །དམ་བཞག་ཡེ་ཤེས་དབབ་ཅིང་མེ་ཏོག་དོར། །མིག་འབྱེད་ལྷ་བསྟན་ནང་དུ་འཇུག་པའོ། །གསོལ་གདབ་དབང་བཞི་བསྐུར་ནས་སྔགས་བཞི་བརྗོད། །གདམས་ངག་དབང་དང་དབང་སྡུད་གདམས་ངག་འབྲེལ། །སྟོང་པ་བཞི་བྱས་རྩ་ལམ་སྦྱང་བ་དང་། །ལུས་ངག་ལྷ་སྐུ་སྲིད་བའི་དབང་ཡང་ཞུ། །རེ་རེ་ལ་ཡང་མཎྜལ་གསུམ་གསུམ་དང་། །གསོལ་གདབ་ཏིང་འཛིན་དབང་བསྐུར་ཀུན་ལ་འགྲེ། །མཁའ་སྤྱོད་དམར་མོ་ཆོས་སྐྱོང་རྗེས་གནང་གིས། །ཆོས་དྲུག་འཇུག་སྒོ་སྤྱི་དང་བྱེ་བྲག་ཤེས། །འཆི་མེད་འཆུག་མེད་སྤྱི་དང་བྱེ་བྲག་ཤེས། །འཇམ་དཔལ་གྲགས་པས་སྡོམས་ཙམ་ཡི་གེར་བཀོད། །ནོངས་པ་བླ་མ་མཁའ་འགྲོའི་ཚོགས་ལ་བཤགས།། །།