Rje btsun grags pa rgyal mtshan pa'i rnam thar gsal byed dngul dkar me long

From Shangpa Resource Center








Resource ID Sup...
Title rje btsun grags pa rgyal mtshan pa'i rnam thar gsal byed dngul dkar me long
Topics Biography
Associated Person Drakpa Gyeltsen? 14th c. ?
Link MW23708 (v2p.27)

To be read back
༄༅། །རྗེ་བཙུན་གྲགས་པ་རྒྱལ་མཚན་པའི་རྣམ་ཐར་གསལ་བྱེད་དངུལ་དཀར་མེ་ལོང་བཞུགས་སོ།།

མཁས་པའི་མཁས་པས་རྨོངས་པའི་རྨོངས་པ་བཅོམ། །བླ་མའི་བླ་མས་སློབ་མའི་སློབ་མཆོག་བཏུལ། །སྣང་བའི་སྣང་པས་མུན་པའི་མུན་ནག་སེལ། །བླ་མའི་བླ་མ་ལྷའི་ལྷ་ལ་འདུད།
།བདག་བློ་དད་པའི་རྒྱས་ཤོག་ལ། །བླ་མའི་ཡོན་ཏན་འཛམ་བུའི་གསེར། །བློ་གྲོས་སྤིར་གྱིས་རབ་བླངས་སྟེ། །ཅུང་ཟད་བདག་གི་རི་མོར་བྲིས། །གུས་པའི་ཡིད་ཀྱིས་ཉན་པར་བགྱིས། །བླ་མ་རྡོ་རྗེ་འཆང་དངོས་ཡིན། །རྣམ་ཐར་ངོ་མཚར་སྨོས་ཅི་དགོས། །འདི་བཀོད་ཅུང་ཟད་རྣམ་ཐར་ལ། །སྐྱེ་བོ་ཡ་མཚན་འཛིན་པ་ནི། །སང་ན་གནས་པའི་བུ་ཆུང་གིས། །ཨ་ཞེས་ཁ་ནས་བྱུང་པ་ལ། །ཨ་མས་ཡ་མཚན་འཛིན་དང་མཚུངས། །འོན་ཀྱང་རྒྱ་ཁབ་མིག་དུ་ནི། །འཕྲ་བའི་དར་སྐུད་མ་རྟོགས་པ། །ལྷུན་པོ་བཅུག་ཀྱང་ཤོང་མི་འགྱུར། །དེ་བཞིན་དུས་ངན་སྐྱེ་བོའི་བློར། །རྣམ་ཐར་ཡོངས་རྫོགས་བློར་མི་ཤོང་། །ཅུང་ཟད་བརྗོད་ན་འདི་ལྟར་རོང་། །སྔོན་སྟོན་ཆོས་ཀྱི་རྡོ་རྗེ་ཡིས། །གདུང་རབས་དྲུག་རྒྱུད་ཚའོ་གཅིག །ཆོས་འཁོར་ལྷ་སའི་ལྷོ་ཡིས་ཕྱོགས། །གཡེང་ཡུལ་དྲིབ་ཀྱི་ལུག་ཁྱུར་ཕེབས། །མཚན་ལ་བློ་གྲོས་དབང་ཕྱུག་ཟེར། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །བསོད་ནམས་དཔལ་དང་བཟའ་མིར་གྱུར། །ཡབ་ཡུམ་གཉིས་ལ་སྲས་གསུམ་ལྔ། །ཆོས་རྗེའི་གོང་ན་ཨ་ཆེ་གཅིག །ཅུང་པོ་གནས་བཏན་ཀྲགས་བསམ་པ། །ངག་གིས་ནུས་པ་ཕྱག་རྡོར་དངོས། །ཆོས་རྗེ་རིན་པོ་ཆེ་པ་འདི། །ངོ་མཚར་ལྟས་དང་བཅས་ནས་སུ། །རྟའི་ལོ་ལ་སྐུ་འཁྲུངས་སོ། །སྐྱེ་བ་འདི་ཡིས་གོང་དུ་ནི། །སྔགས་པའི་རིགས་སུ་སྐུ་སྐྱེ་སླངས། །སྔགས་པ་ནང་དུ་བྱུང་པའི་རྟགས། །ཆོས་སྒོ་མ་ཞུགས་ཚུན་ཆད་དུ། །རྨི་ལམ་དང་ནི་ཉམས་སྣང་དུ། །མདའི་ཆར་པ་བརྒྱུན་དུ་བབས། །དགུང་ལོ་བཅུ་རྩམ་ལོན་པའི་ཚེ། །གུང་ཐང་ཆོས་འཁོར་གླིང་དུ་ནི། །མཁན་པོ་རྒྱལ་སྲས་བར་བྱུང་དང་། །མཁས་པ་རྟོགས་ལྡན་སྔོ་ཉལ་མའི། །དྲུང་དུ་ཆོས་ལ་མོས་ནས་བྱོན། །མཁན་ཆེན་བུདྡྷ་རཏྣ་དང་། །ཆོས་རྗེ་ཨ་མོ་གྷ་པ་ལ། །དགེ་ཚུལ་ཞུས་ནས་བསླབ་གསུམ་བསྲུངས།
རྟོགས་ལྡན་སྔོ་ཉལ་མ་ལ་སྤྱོད་འཇུག་དང་། །ཕར་ཚད་སོགས་ལ་སློབ་གཉེར་ལེགས་པར་འཛད། །སྐྱེས་སྟོབས་ཤེས་རབ་ཕུལ་དུ་ཕྱིན་པ་དང་། །སྦྱངས་སྟོབས་ཤེས་རབ་བཞན་ལ་མི་སློབ་པས། །རིང་པོར་མ་ཐོགས་མཁས་པའི་མཆོག་དུ་གྱུར། །སྨྲ་བ་ཟླ་མེད་ཁྱེད་ལ་གུས་ཕྱག་འཚལ། །དེ་རྗེས་ཁོང་ལ་དུས་འཁོར་དབང་ཞུས་ནས། །སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྣམས་སྐྱངས། །རིམ་ལྔ་དམར་ཁྲིད་རྒྱུད་འབུམ་ལུང་ལ་སོགས། །ཁོང་ལ་བཞུགས་པའི་བཀའ་ལུང་ཕལ་ཆེར་ཐོབ། །དེ་ནས་དགུང་ལོ་ཉི་ཤུའི་དུས་སུ་ནི། །ཡོལ་གྱི་མཁན་པོ་སངས་རྒྱས་བློ་གྲོས་དང་། །མཁན་ཆེན་བཀྲ་ཤིས་སེང་གེ་རྣམ་གཉིས་ལ། །གཉེན་པར་རྫོགས་ཤིང་ངར་མིག་འཛིན་པའི་མཆོག །ཉིས་རྒྱ་ལྔ་བཅུའི་ཁྲིམས་ཀྱི་ལེགས་བསྐོར་ཞིང་། །ཚུལ་ཁྲིམས་མིག་འབྲས་བཞིན་དུ་བཅེས་པར་བསྲུངས། །གནས་བཏན་འདུལ་བ་འཛིན་ལ་གུས་ཕྱག་འཚལ། །རྒྱལ་སྲས་ཆོས་རྗེ་གྲགས་པ་དོན་གྲུབ་ལ། །འདུལ་བ་མདོ་སྡེ་ཤེར་ཕྱོགས་བརྒྱུད་འབུམ་སོགས། །བཀའ་འགྱུར་ལུང་རྣམས་མ་ལུས་རྫོགས་པར་ཞུས། །བསྟན་འགྱུར་ལུང་ཡང་ཕལ་ཆེར་རྫོགས་པར་ཞུས། །བཀའ་འ་་་ན་དཀར་རྒྱ་ཆོས་དྲུག་ཁྲིད་ཆེ་བརྒྱ་་་། །མདོར་ན་ཞང་གི་ཆོས་སྐོར་རྫོགས་པར་ཞུས། །རི་ཆོས་བསྐོར་གསུམ་ཞི་བྱེད་རྒྱུད་ཕྱི་དང་། །རྫོགས་ཆེན་སྙིང་ཏིག་རྡོ་རྗེ་ཕྲེང་བའི་དབང་། །གྲུབ་པའི་རྒྱལ་མོའི་ཆོས་སྐོར་ལ་སོགས་པ། །ཁོང་ལ་བཞུགས་པའི་ཆོས་བསྐོར་ལེགས་པར་ཐོབ། །ཐུགས་སྲས་གྲགས་འོད་དོན་ཡོད་ཆོས་ཀྱི་རྗེ། །སྐུ་ཞང་གཉིས་ལ་ཤངས་པའི་ཆོས་རྣམས་དང་། །ཞང་གི་བཀའ་འབུམ་ལྷན་གཅིག་སྐྱེས་སྦྱོར་སོགས། །གདམ་ངག་ཟབ་མོ་མ་ལུས་རྫོགས་པར་ཞུས། །རྒྱལ་བ་བློ་གྲོས་སེང་གེ་ཞེས་བྱ་དང་། །གྲུབ་ཐོབ་ཆེན་པོ་དགེ་མདུན་སེག་གེ་ལ། །ཤངས་པའི་ཆོས་དང་ཨ་རྒྱན་གཉེན་བསྒྲུབ་ཞུས། །འཚལ་མིན་ཆོས་རྗེ་བསོད་ནམས་བཟང་པོ་ལ། །སྦྱོར་བ་ཡན་ལག་དྲུག་གི་་ཁྲིད་སོགས་བསན། །མི་ཏྲ་ཛོ་ཀའི་དངོས་སློབ་པཎྜི་ཏ། །ཤྲི་བྷ་་་་ཞེས་སུ་གྲགས་པ་ལ། །འཇམ་དབྱངས་དཀར་པོའི་བསྐོར་སོགས་འགའ་ཞིག་བསན། །ཤ་བ་རི་པའི་དངོས་སློབ་པཎྜི་ཏ། །ནགས་ཀྱི་རིན་ཆེན་ཞེས་པའི་བླ་མ་ལ། །གདུགས་དཀར་རྣམ་རྒྱལ་ཚེ་དཔག་མེད་ཀྱིས་བསྐོར། །མཚན་བརྗོད་ལ་སོགས་དམ་ཆོས་འགའ་ཞིག་ཞུས། །ཐེག་ཆེན་ཆོས་རྒྱལ་ཀུན་དགའ་བཀྲ་ཤིས་ལ། །རྒྱུད་འབུམ་ལམ་འབྲས་སསྐྱའི་ཆོས་རྣམས་ཞུས། །བསྒྲུབ་ཐབས་རྒྱ་རྩ་རྒྱ་མཚོའི་དབང་ཡང་ཐོབ། །རང་བྱུང་རྡོ་རྗེ་གཡག་སྡེ་པཎ་ཆེན་ལ། །རྒྱལ་སྲས་རིན་བཞོན་སྐྱེས་མཆོག་བསམ་གཏན་དཔལ། །དྲི་མེད་འོད་ཟེར་ལ་སོགས་ཐུགས་ཀྱི་སྲས། །སྐྱེས་མཆོག་བཀྲ་ཤིས་དཔལ་ཞེས་བླ་མ་ལ། །གྲུབ་ཆེན་ཀརྨ་པའི་ཆོས་སྐོར་ཚང་མ་དང་། །ཞང་གི་བཀའ་འབུམ་མ་ལུས་ཚང་མ་ཐོབ། །ཤངས་པའི་ཆོས་དང་སྦྱོར་བ་ཡན་ལག་དྲུག །རྫོགས་ཆེན་ཨ་རོ་སྙན་རྒྱུད་ལ་སོགས་བསན། །མཚན་ནི་བྱ་བྲལ་ཆོས་རྗེར་ཡོངས་གྲགས་པའི། །ལུང་མང་ཆོས་རྗེ་བློ་གྲོས་བཟང་པོ་ལ། །མདོ་རྒྱུད་སྙིང་པོ་མན་ངག་ཀུན་གྱིས་བཅུད། །ཡེ་ཤེས་མཁའ་འགྲོའི་ཁ་བླངས་མ་ཡལ་ཞིང་། །རིགས་འཛིན་མཁའ་འགྲོ་བྱེ་བ་བསྒྲོད་པའི་ལམ། །ནི་གུ་ཆོས་དྲུག་འཆི་མེད་ཆོས་དྲུག་དང་། །གའུ་མ་དང་ཁྲིད་ཆུང་དུ་མར་བཅས། །དགོས་དཀའ་སྤྱིར་བཀའ་དབང་ཀ་མ་ལུས་དང་། །སུ་ཀ་ཆོས་དྲུག་ཡེ་ཤེས་མགོན་པོའི་བསྐོར། །རྣམ་ཐར་རྒྱབ་ཆོས་བསྐྱེད་རིམས་རྫོགས་རིམས་སོགས། །ཤངས་པ་བཀའ་རྒྱུད་ཆོས་སྐོར་རྫོགས་པར་ཐོབ། །གངས་ཅན་བོད་འདིར་རྩོད་མེད་ཡོངས་གྲགས་པ། །མཉམ་མེད་དགས་པོ་བཀའ་རྒྱུད་ཞེས་བྱ་བ། །བསྒྲུབ་རྒྱུད་ཉི་མ་ཤར་ལྟར་ཕྱོགས་ཀུན་ཁྱབ། །དེ་ལས་རྒྱུད་པའི་མན་ངག་ཟབ་མོ་ནི། །མཁས་གྲུབ་ཁྲི་ཕྲག་དུ་མའི་བསྟན་པའི་ལམ། །ཕྱག་ཆེན་ཆོས་དྲུག་གཉིས་སུ་ཡོངས་འདུས་པའི། །ཡང་དགོན་ཆོས་ཀྱི་རྗེ་རྒྱུད་པ་ཡིས། །ཟབ་ཅིང་རྒྱ་ཆེ་རི་ཆོས་སྐོར་གསུམ་དང་། །སྨད་འབྲུག་ཆོས་རྗེ་ལོ་ནས་རྒྱུད་པའི་ཆོས། །གདམ་ངག་ཟབ་མོ་ཐུབ་པ་ལྔའི་ཁྲིད། །སྟོད་འབྲུག་རྒོད་ཚང་ཆོས་རྗེ་ནས་བརྒྱུད་པའི། །ཁྲིད་ཆེན་བརྒྱད་དང་ཁྲིད་ཆུང་དུ་མར་བཅས། །སྲེ་འཕོ་རོ་སྙོམས་བསྐོར་རྣམས་མ་ལུས་ཐོབ། །རས་ཆུང་སྙན་རྒྱུད་ཨ་རྒྱན་སྙེན་སྒྲུབ་དང་། །འཚལ་པའི་དམར་ཁྲིད་ཆོས་སྐོར་བློ་སྦྱོང་དང་། །སྤྱོད་ཡུལ་མི་ཏྲ་རྒྱ་རྩའི་དབང་ལ་སོགས། །ཐམས་ཅད་ལུང་མང་ཆོས་རྗེའི་དྲུང་དུ་ཐོབ། །རྟོགས་ལྡན་བསམ་གཏན་ལྷུན་གྲུབ་ཡབ་སྲས་ལ། །ཞི་བྱེད་རྒྱུད་པ་མ་་་་པའི་ཆོས་རྣམས་ཞུས། །ཨ་མོ་གྷ་ལ་ལམ་འབྲས་ཚང་མ་ཐོབ། །བཞན་ཡང་མཁས་གྲུབ་བླ་མ་འདི་ལྟར་རྟེན། །ཟླ་བ་འཐེབ་་་་་་མཁན་ཆེན་བླ་མ་དཔལ། །ས་སྐྱའི་བླ་མ་མཁས་བཙུན་བསོད་རྒྱལ་དང་། །ཕྱག་ཆེན་གནས་ལུགས་རྟོགས་པའི་འབའ་ར་བ། །ཕྱག་རྡོར་སྤྲུལ་པའི་ཆོས་རྗེ་ཤེས་རབ་དཔལ། །མཁས་པ་ལོཙྪ་བྱང་ཆུབ་རྩེ་མོ་དང་། །ལོཙྪ་སྐྱབས་མཆོག་ཀརྨ་དཀོན་བཞོན་དང་། །སྐྱེས་མཆོག་རིན་བཟངས་གཡག་སྤྲུག་སངས་རྒྱས་དཔལ། །རེ་༼་་་་༽བ་ནི་གཞོན་ནུ་བློ་གྲོས་དང་། །བློ་བཟང་གྲགས་པ་མཁས་པ་དབུ་ནག་པ། །དག་པོ་སང་རིན་མཁན་ཆེན་ཡོན་བློ་དང་། །བྱིན་བརླབས་ཅན་གྱི་བལ་པོ་མོན་སེང་དང་། །ཁྱད་པར་ཤེས་བཞིན་སྐྱེ་ལ་རང་དབང་ཐོབ། །མཚན་ཡོངས་སུ་གྲགས་པའི་ཀརྨ་པ། །རོལ་པའི་རྡོ་རྗེ་དེ་བཞིན་བཤེགས་པ་དང་། །མཐོང་བ་དོན་ལྡན་གསུམ་དང་ཞལ་འཇལ་ཞིང་། །དིང་ས་་་འཁྲུངས་པའི་སྐུ་སྐྱེ་འདི་བགྲངས་ན། །སྐུ་སྐྱེ་བཞི་་་་་་་་་་་ཚེ་སྙམ་གསུང་། །དེ་ལྟར་མཁས་གྲུབ་བླ་མ་འགའ་ཞིག་གིས། །ཞལ་མཐོང་འགའ་ལ་ཕྱག་དབང་མང་བ་ཐོབ། །འགའ་ཞིག་ལ་ནི་ཆོས་འབྲེལ་དབང་འབྲེལ་ཐོབ། །འགའ་ཞིག་ལ་ནི་ཆོས་དབང་རྫོགས་པར་ཐོབ། །མཁས་གྲུབ་བླ་མ་དུ་མའི་བུ་གཅིག་པོ། །མང་ཐོས་མཆོག་འགྱུར་ཁྱོད་ལ་ཕྱག་འཚལ་ལོ། །་་་་་ན་པོ་རྣམས་ནི་ཐོས་པའི་སྐྱོན་བརྗོད་ཀྱང་། །མཁས་པ་རྣམས་ནི་ཐོས་པ་ཆེར་ཆེར་སྔགས། །དེ་ཕྱིར་ཁྱེད་ཀྱི་ཐོས་མངས་རྩལ་འདི་འཚར། །མ་བསམས་ཆོས་ཀྱི་རྣམ་གཡང་མི་ཕྱེད་པས། །བསམས་ཤིང་རྟག་པས་ཆོས་དང་ཆོས་མིན་ཕྱེད། །དེ་ཕྱིར་ཁྱེད་ཀྱིས་ཁེགས་པར་བསམས་འདི་འཚར། །དེ་ལྟར་མཚོན་ཚུལ་ཚིག་ལ་མ་རྨོངས་ཀྱང། །ནང་དུ་སེམས་ཀྱི་གསང་འདི་མ་རྟགས་ན། །རྣམ་མཁྱེན་སངས་རྒྱས་ཐོབ་དཀའ་རབ་དགོངས་ནས། །རི་ཁྲོད་བས་མཐའ་དབེན་པའི་གནས་རྣམས་སུ། །ལུས་སྲོག་ཐེབས་བདེ་སྒྲུབ་ལ་བརྩོན་འདི་འཚར། །དེའང་རྫོགས་པའི་རིམས་པ་འདོད་རྣམས་ཀྱིས། །སྐྱེད་པའི་རིམ་ཀྱི་སྐས་ལ་མ་འཛེགས་ན། །རྣམ་མཁྱེན་ཁང་པའི་སྟེང་དུ་མ་ཕྱིན་པས། །ཡི་དམ་ལྷ་ཡི་རྟེན་བསྒྲུབ་འཛད་པའི་ཚེ། །ལུས་འདི་སྣང་སྟོང་ལྟ་རུ་འཇའ་ཚོན་འདྲ། །ངག་ནི་དྲག་སྟོང་འབྲུག་སྒྲ་ལྟ་བུའི་སྔགས། །སེམས་ནི་རིག་སྟོང་སྤྲོས་བྲལ་མཁའ་ལྟར་གསལ། །སྐུ་གསུང་ཐུགས་ཀྱི་དགེ་སྦྱོར་དང་རེ་སྤྲོ། །དེ་ལྟར་བསྐྱེད་པའི་རིམ་པ་ལ་དབང་པས། །རྟགས་ཀྱི་རིམས་པ་འདི་ལྟར་བྱུང་ཞེས་ཐོས། །བསམ་ཡས་འཆིང་ཕུར་འཇམ་དབྱངས་བསྒྲུབས་པའི་ཚེ། །ཐོ་རངས་ཁ་གཅིག་མགོན་པོ་འཇམ་པའི་དབྱངས། །སྐུ་མདོག་དམར་སེར་རལ་གྲི་གླེགས་བམ་འཛིན། །སེང་གེའི་སྟེང་ན་ཕྱིབས་པའི་ཕྱོགས་བཞི་ན། །དྲང་སྲོང་རེའི་འཁོར་དང་བཅས་པ་གཟིགས། །ཡབ་ཀྱི་འཇམ་དཔལ་རི་ཁྲོད་བཞུགས་པའི་དུས། །འཇམ་དཔལ་བཤིན་རྗེ་དོང་དྲུག་འཁོར་བཅས་མཐོང་། །མི་ཆུང་རི་རུ་ཕྱན་རས་གཟིགས་དབང་ཉིད། །མངོན་སུམ་འོད་བསྐོར་དཀྱིལ་ན་བཞུགས་པ་གཟིགས། །ཟུལ་ཕུའི་དབན་གནས་ལྷ་ཆོས་དགོན་པ་རུ། །གསང་བསྒྲུབ་ལྟེ་བ་སྤྲུལ་འཁོར་སྒོམ་པའི་ཚེ། །ཡེ་ཤེས་མཁའ་འགྲོ་སུ་ཀ་སིདྷི་ནི། །གྲུ་དམར་གཡུ་ཡི་མདོག་འདྲ་གཅིག་གཟིགས་གསུང་། །དབེན་གནས་དམ་པ་རིན་ཆེན་བྲག་དུ་ནི། །ཕྱག་དྲུག་མགོན་པོ་ཡང་དང་ཡང་དུ་གཟིགས། །བདེ་མཆོག་འཁོར་ལོ་དགེས་པ་རྡོ་རྗེ་དང་། །འཅི་བདག་འཇོམས་བྱེད་མགོན་པོ་ཚ་དཔག་མེད། །ཤར་ཕྱོགས་རྡོ་རྗེ་སེམས་དཔའི་ལྷ་ཚོགས་དང་། །རིག་མ་བཅུ་དྲུག་མཁའ་འགྲོ་སྡེ་ལྔ་རྣམས། །མངོན་སུམ་ཉམས་སྣང་རྨི་ལམ་སྤྱི་རིགས་པ། །རང་གི་ལག་བཞིན་ཡང་དང་ཡང་དུ་གཟིགས། །ལྷག་པའི་ལྷས་བཟུང་ཁྱེད་ལ་གུས་ཕྱག་འཚལ། །བཞོན་ནུའི་དུས་ནས་ད་ལྟ་དགུ་བཅུའི་བར། །དགེས་རྡོར་བདེ་མཆོག་ཚེ་དཔག་མེད་པ་ཡིས། །དབང་བཞི་རང་གི་སླངས་པའི་ཆོ་ག་རྣམས། །ཞག་རེ་བཞིན་དུ་ལེན་པ་མ་ཆགས་གསུང་། །དེ་ལྟར་བསྐྱེད་རིམས་བསྟན་པ་ཐོབ་ནས་སུ། །རྫོགས་རིམས་ཕྱག་རྒྱ་ཆེན་པོ་སྒོམ་པའི་ཚེ། །བཟུང་འཛིན་རྟོག་པ་མཁའ་ལ་འཇའ་ལྟར་ཡལ། །རྟོག་མེད་ངང་ནས་རང་གི་སེམས་ཉིད་འདི། །བེམ་པོ་མ་ཡིན་རིག་པའི་སྙིང་པོ་ཅན། །རིག་པ་ངོས་བཟུང་མེད་པའི་སྟོང་པ་ཉིད། །སྟོང་ཉིད་སྒྲིབ་གཡོགས་བྲལ་བའི་གསལ་དངས་ཅན། །གསལ་ལ་དངོས་པོར་མ་གྲུབ་ནམ་མཁའ་འདྲ། །སྔར་འདྲིས་མི་དང་ལམ་ཁར་འཕྲད་པ་བཞིན། །ཐེ་ཚོམ་བྲལ་བའི་གནས་ལུགས་ནང་ནས་རྟོགས། །རང་གི་ཉམས་མྱོང་བཞན་ལ་སྨྲ་མི་སྟུབ། །བཞོན་ནུས་བདེ་བ་མྱོང་པ་མི་འདྲའམ། །ཕྱག་ཆེན་དོན་རྟོགས་ཁྱེད་ལ་ཕྱག་འཚལ་ལོ། །་་་་་་་་་་་་སྤྱིར་ཡང་མ་གྲུབ་ཆོས་ཀྱི་སྐུ། །ལྟ་བའི་ལྷ་ཚོགས་ཁྱེད་ཀྱིས་གཟིགས། །་་་་་་་་་་་་ཅིར་ཡང་འཆར་བའི་ངེས་མེད་པོ། །གྲངས་མེད་སྤྲུལ་སྐུའི་ལྷ་ཚོགས་མཐོང་། །བློ་ཤར་གྲོལ་དུས་མཉམ་ལོངས་སྤྱོད་རྫོགས། །སྣང་སྟོང་ལོངས་སྐུའི་ལྷ་ཚོགས་གཟིགས། །ལྷ་དེ་གསུམ་མཐོང་བའི་རྟོགས་ལྡན་ཁྱེད། །ཕྱི་ཀུན་རྫོབ་ལྷ་ལ་ཞེན་པ་མེད། །ནམ་མཁའི་རྣལ་འབྱོར་ཁྱེད་ལ་གུས་ཕྱག་འཚལ། །རྫོགས་རིམས་ཐབས་ལམ་གཏུམ་མོ་སྒོམས་པའི་ཚེ། །སྟོང་ཕྲག་རྒྱ་བཅུ་རྩ་གཉིས་གནས་པའི་རྩ། །ཉི་ཁྲི་ཆིག་སྟོང་དྲུག་རྒྱ་གཡོ་བའི་རླུང་། །བཀོད་པ་བྱང་ཆུབ་སེམས་ལ་སོགས་པ་་་་་་་། །རྡོ་རྗེ་ལུས་ཀྱི་གནས་ལུགས་ཇི་ལྟ་བར། །ལག་མཐིལ་རི་མོ་བཞིན་དུ་མཐོང་ཞེས་གསུངས། །གཟུགས་འཛིན་ལས་རླུང་རྣམ་རྟོག་སྐྱེད་པའི་རྩ། །གཡོན་པ་རོ་རྐྱང་ཉི་ཟླའི་ལམ་བཀག་་་་། །སྤྲོས་བྲལ་དབུ་མའི་ལམ་ལ་བཞུགས་པ་འཚར། །སྣང་སྟོང་ཞེན་བྲལ་སྒྱུ་ལུས་སྒོམ་པའི་ཚེ། །ཀུན་རྫོབ་རང་སྟོང་རྟེན་འབྲེལ་ཆོས་རྣམས་ཀྱན། །འཁྲུལ་སྣང་ཡིན་ཕྱིར་དོན་ལ་མ་གྲུབ་ཏེ། །རྐྱེན་ལས་སྐྱེས་ཕྱིར་སྐྱེ་བ་མེད་པར་རྟོགས། །སྒྱུ་མ་རྨི་ལམ་དྲི་ཟའི་གྲོང་ཁྱེར་དང་། །ཆུ་ཟླ་འཇའ་ཚོན་མེ་ལོང་གཟུགས་སྙན་ནམ། །བྲག་ཅ་སྒྲ་སྙན་སྤྲུལ་པ་ཇི་ལྟ་བར། །སྣང་ཡང་བདེན་མེད་རང་རང་ངོ་བོས་སྟོང་། །རང་སེམས་འགག་པ་མེད་པའི་རྩལ་དུ་ཤེས། །སྣང་སྟོང་དབྱེར་མེད་སྒྱུ་མར་ཡོངས་ཤེས་ན། །ཆགས་སྡང་རང་སར་གྲོལ་བ་ཁྱོད་ལ་སྟོད། །རྨི་ལམ་སྤྲུལ་བསྒྱུར་གར་ལ་་་་་་ས་རོལ་ནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། །པདྨ་སྟོང་ལྡན་འོད་འབར་ཟེ་འབྲུ་ལ། །སངས་རྒྱས་སྟོང་བཞུགས་པ་མཐོང་ཞེས་གསུངས། །རྨི་ལམ་བྲ་དོའི་འཁྲུལ་པ་བསང་ལ་་་་་་། །གསལ་སྟོང་འཛིན་མེད་འོད་གསལ་ཆོས་ཀྱི་སྐུ། །བདེ་སྟོང་ཟག་མེད་ཟུང་འཇུག་བདེ་བའི་ཐུགས། །ཉིན་མཚན་སྙིང་རྗེས་འདྲེས་པའི་འཁོར་ཡུག་་་་་་། །འོད་གསལ་མ་བུ་འཕྲོད་ལ་ཕག་འཚལ་ལོ།
།ནམ་ཞིག་རྟགས་རྣམས་བྱུང་རྩ་ན། །སྒོ་བརྒྱད་འཁོར་བའི་སྒོ་བཀག་ནས། །སྒོ་གཅིག་ཕྱག་ཆེན་ལམ་ཆེན་སྟེ། །རླུང་གི་བཞུ་ལ་སེམས་ཀྱི་མདའ། །་་་་་་་་་རླབས་སྐྱེས་བུའི་མདའ་བཞིན་དུ། །གང་འདོད་གནས་སུ་འགྲོ་ཞེས་གསུངས། །བདག་དེ་ལྟ་བུའི་རྣལ་འབྱོར་ལ། །བར་དོའི་སྣང་བ་མི་འཆར་གསུང་། །གདེངས་་་་་ཁྱད་པར་མི་འཕགས་་་་་།
།སྦྱོར་བ་ཡན་ལག་དྲུག་གི་ཁྲིད་དང་ནི། །ཟབ་མོ་ཨ་རྒྱན་སྙན་སྒྲུབ་སྒོམ་པའི་ཚེ། །རླུང་སེམས་ཐིག་ལེ་ལས་སུ་་་་ང་བ་དང་། །རྟགས་བཅུ་ཡོན་ཏན་རྫོགས་པད་བྱུང་ཞེས་ཐོས། །དམ་ཆོས་རྫོགས་པ་ཆེན་པོ་སྒོམ་པའི་ཚེ། །ཟབ་མོ་ཕྱི་ནང་རྟགས་ཀྱི་རིམ་པ་རྣམས། །མངོན་སུམ་སྣང་ནས་ཉམས་སྣང་གོང་དུ་འཕེལ། །རིག་པའི་ཚད་འབེབས་ཆོས་ཉིད་ཟད་པར་འཁྱོལ། །དཀར་འཇམ་དངས་པ་རྩའི་ལམ་ཕྱེ་ཏེ། །རྒྱང་ཞག་སྒྲོན་མེ་རིག་པའི་ཚུགས་བཟུང་ནས། །ཡེ་ཤེས་ལྷུག་པར་ཤར་ལ་གུས་ཕྱག་འཚལ། །ཡི་དམ་གཉེན་པ་ཚད་དུ་འཁྱོལ་བའི་རྟགས། །ཀླུ་གོང་རྒྱལ་པོ་དཀར་ཆུང་རྒྱལ་པོ་དང་། །རྒྱ་འདྲེ་ལ་སོགས་སྟོབས་ལྡན་གདོན་རྣམས་ཀྱང་། །བསྲུངས་སྐུད་སྔགས་ཆུ་སྤྲིང་ཡིག་བཏང་རྩམ་གྱིས། །ཐུལ་བ་འདི་ནི་ཀུན་གྱི་སྤྱན་ལམ་གསལ། །ཡེ་ཤེས་ནད་རིམས་ནད་དྲག་པོས་བཏབ་པ་རྣམས། །གཉན་དང་ཚད་པ་གག་ལྡོག་གཟེར་གསུམ་ནད། །སྐྲང་དང་སྐྲང་འབུར་རྨ་དང་རྨ་འབྲས་སོགས། །ནད་གདོན་དྲག་པོས་གཟིར་བ་རྣམས་ལ་འང་། །བསྲུང་སྐུད་སྔགས་ཆུ་གསང་ཆབ་མཐུངས་རྩམ་གྱིས། །ནད་དང་གདོན་ལས་གྲོལ་བ་དངོས་སུ་མཐོང་། །ནད་པ་འཅི་ངོ་ཤེས་ཤིང་འགུལ་མི་ནུས། །ཉེ་དུ་བསོན་དུ་དེ་ཐག་ཆད་པ་ལ། །ཆོས་རྗེས་དབང་བསྐུར་ལན་རེ་འཛ་་་་་་་་ཡིས། །འཆི་བདག་གཤིན་རྗེའི་ཁ་ནས་ལྡོགས་པ་མང་། །མཚོ་མོ་ཁ་རལ་མཚོ་སྨན་ལ་སོགས་པ། །དཀར་ཕྱོགས་ནག་ཕྱོགས་ལྷ་འདྲེ་དུ་མ་ཡང་། །ཆོས་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་། །བཀའ་ཉན་གསུང་བསྒྲུབ་ཆོས་དབང་གདམས་པ་ཞུ། །དེའི་རྒྱུ་མཚན་ཁོ་བོས་མང་དུ་ཁུམས། །དིང་སང་དགུང་ལོ་བཞི་བཅུ་བཞེས་དུས་ཡང་། །སྲོད་ལ་ཡི་དམ་སྙེན་བསྒྲུབ་གཏོར་མ་དང་། །ཐོ་རངས་སྲོག་རྩོལ་རླུང་གི་རྣོད་སྒོམ། །བརྒྱུན་དུ་ཕྱག་ཆེན་ངང་ལས་མི་གཡོ་བ། །སྤྱོད་ལམ་འདི་གསུམ་མི་ཚེལ་སྐྱལ་བ་འཚར། །ཆོས་ཀྱི་འཁོར་ལོ་བརྒྱུན་དུ་བསྐོར་བའི་མཐུས། །བུ་སློབ་ཡོན་ཏན་ཅན་ཡང་འདི་ལྟར་བྱོན། །བརྒྱལ་བའི་བསྲས་པོ་གསེར་གླིང་བྱམས་པ་དང་། །ཐུགས་སྲས་ཆོས་རྗེ་ཡོན་ཏན་བཟང་པོ་གཉིས། །ཡེ་ཤེས་མཁའ་འགྲོ་མོན་མོ་བསྒྲུབ་ཆེན་མ། །དེ་ལ་སོགས་པའི་བུ་ཆེན་ཡོན་ཏན་ཅན། །ལྷོ་བྲག་གཡོར་པོ་ཀྱི་ཤོད་སྒོ་ཡབ་དང་། །འཕན་ཕོ་ཨུར་སྟོད་ཕྱོགས་ནས་མང་དུ་བྱོན། །བློ་གྲོས་གངས་རི་སྒྲ་བའི་སེང་གེ་འགྱིངས།
།ཐབས་དང་ཤེས་རབ་གཡུ་རལ་བརྒྱན་གྱིས་མཛེས། །ལུང་དང་རིག་པའི་མཆེ་སྡེར་རབ་རྒྱས་ནས། །ཕས་སྒོལ་གླང་པོ་བཀྲག་འཛད་སེང་གེའི་དཔོན། །དྲགས་པ་རྒྱལ་མཚན་རི་དགས་རྒྱལ་པོ་འདྲ།
།ཚད་མེད་བཞི་ལྡན་ཐེག་པའི་གླང་པོ་ལ། །འདུལ་བ་རྣམ་བཞི་གསེར་གྱི་དྲ་བས་གཡོགས། །བདེ་ཆེན་སྐུ་བཞིའི་ཁུར་གྱིས་ཀུན་ནས་བརྗིད། །དྲགས་པ་རྒྱལ་མཚན་རབ་རྟན་གླང་པོ་འདྲ།
།སྟོང་ཉིད་སྙིང་རྗེའི་ལུས་སྟོབས་རབ་རྒྱས་ཤིང་། །དགེ་བཅུ་སྤྱོད་པའི་སྤུ་དུག་ཡིད་དུ་འོང་། །ཐར་ལམ་བསྒྲོད་པ་རླུང་གི་ཤུགས་འཆང་པའི། །དྲགས་པ་རྒྱལ་མཚན་ལྕང་ཤེས་རྒྱལ་པོ་འདྲ།
།ཡོན་ཏན་རྒྱ་མཚོར་གདུལ་བའི་ངང་མོ་འདུས། །ཡོན་ཏན་ཅ་ཅོ་སྒྲོག་པའི་གླང་ཡང་ལེན། །ཡོན་ཏན་རླབས་ཀྱི་ཕྲེང་བ་ཕྱོགས་བཞིར་གཡོ། །དྲགས་པ་རྒྱལ་མཚན་ཆུ་གཏེར་རྒྱ་མཚོ་འདྲ།
།རྣམ་སྐྲ་མེ་ཏོག་རྒྱས་པའི་ནགས་འཚལ་ན། །རྣམ་མང་་་་་བའི་གདུལ་བྱ་འདུས་པ་ལ། །རྣམ་གྲོལ་ཆོས་ཀྱི་མདར་རྩི་རྩོལ་འཛད་པའི། །དྲགས་པ་རྒྱལ་མཚན་སོས་ཀའི་ལྡུམ་ར་འདྲ།
།ལེགས་འདོམས་ཐོས་པའི་བླ་ཁབ་རྒྱས་པ་ལ། །ལེགས་བསམ་རིག་པའི་མདུང་གི་ཀུན་ནས་ཕིགས། །ལེགས་སྒོམ་འབྲས་བུའི་དར་ཆེན་གྲ་བཞིར་འཕྱར། །དྲགས་པ་རྒྱལ་མཚན་རྣམ་རྒྱལ་ཁང་བཟང་འདྲ།
།སུམ་བཅུ་རྩ་གཉིས་དབུ་མའི་མར་རྩེ་ན། །་་་་དབང་པོ་གཉིས་རྩའི་འདབ་མ་ལ། །ཧཾ་ཡིག་ཞུ་བ་ལྷ་དབང་ཆོས་ཆར་འབེབས། །དྲགས་པ་རྒྱལ་མཚན་ལྷའི་དབང་པོ་འདྲ།
།སྔོ་བསང་མ་ཁྱོད་ཀུན་ལ་ཁྱབ་པ་ཡིས། །མཁྱེན་གཉིས་ཉི་ཟླའི་མིག་ནི་རབ་འཇེས་ཤིང་། །ཡོན་ཏན་རྒྱུ་སྐར་ཕྲེང་བས་ཀུན་ནས་བསྐོར། །དྲགས་པ་རྒྱལ་མཚན་ཀུན་ཤོང་ནམ་མཁའ་འདྲ།
།མཁྱེན་རབ་ནམ་མཁར་རྩེ་བའི་སྤྲིན་དཔུང་འཁྲིགས། །སྤོབ་པའི་ཀློག་འགྱུ་སྟོང་ཉིད་འབྲུག་སྒྲ་སྒྲོགས། །སྙིང་རྗེའི་ཆར་གྱིས་གདུལ་བྱའི་ལོ་ཐོག་རྒྱས། །དྲགས་པ་རྒྱལ་མཚན་ཆུ་འཛིན་ཟིལ་པ་འདྲ།
།ཚོགས་གཉིས་རྒྱ་མཚོ་ཆུ་སྟེར་བ་་་་བས་ལས་འཁྲུགས། །རིམ་གཉིས་མཐར་སོན་བ་་་་་་་་འི་ཟླ་བ་ཁྱེད། །ཚ་བའི་དཔལ་འཕྲོག་ཀུ་མུ་ཏའི་གཉེན། །དྲགས་པ་རྒྱལ་མཚན་བསིལ་ཟེར་གསུམ་རྒྱས་འདྲ།
།མཁྱེན་གཉིས་སྣང་བྱེད་རྟ་བདུན་རབ་རྒྱས་ནས། །སྒྲིབ་གཉིས་མུན་པའི་མཚན་མོ་ཕྱིར་གསལ་ཏེ། །སྐུ་གཉིས་པདྨོའི་ཉིན་མོར་འཛད་པ་པོ། །དྲགས་པ་རྒྱལ་མཚན་སྣང་བྱེད་ཉི་མ་འདྲ།
།ཆོས་དྲུག་རྡོ་རྗེའི་དོན་ལ་མངའ་མཉེས་ཤིང་། །ཡུལ་དྲུག་ཆུའི་ཟླ་བ་ལྟ་བུར་གཟིགས། །རིགས་དྲུག་འགྲོ་བའི་དཔལ་དང་མགོན་དུ་བྱོན། །དྲགས་པ་རྒྱལ་མཚན་ནཱ་རོ་ནི་གུ་འདྲ།
།རྟོགས་པ་མཐར་ཕྱིན་ས་ར་ཧ་དངོས་ཡིན། །མཁྱེན་པ་མཐར་ཕྱིན་ཀླུ་གྲུབ་མགོན་དང་མཚུངས། །ནུས་པ་མཐར་ཕྱིན་འབིར་བ་པ་ཡི་དངོས། །དྲགས་པ་རྒྱལ་མཚན་ཏི་ལི་ཤེར་བཟང་འདྲ།
།འགྲོ་ལ་མ་ལྟར་ཁྱེད་བྱམས་ཀྱང་། །བདུད་སྡེ་དཔུང་དང་བཅས་པ་བཅོམ། །ཤེས་བྱ་ཀུན་ལ་ཁྱེད་མཁས་ཀྱང་། །མ་དག་སྤྱོད་པ་ཁྱེད་མི་ཤེས། །མཁའ་ལ་འཕྱར་བ་ཉི་ཟླ་འོད། །ནམ་ཞིག་འདིས་ཀྱང་འཇིག་རྟེན་འདིར། །མུན་པ་ཉིད་དུ་བྱེད་ཀྱང་སྲིད། །ཁྱེད་ཀྱིས་ཤེས་བྱ་ཇི་ལྟ་དང་། །ཇི་སྙེད་་་འི་འོད་འདི་ནི། །ནམ་ཡང་སྒྲིབ་པ་མ་འཆིས་སོ། །ཉལ་འགྲོའི་བུ་མོ་ཐོར་ཅོག་མ། །དག་བྱེད་ཆུའི་བརྒྱུན་འདི་ཡང་། །ནམ་ཞིག་གྱེན་ལ་བཟློག་ཀྱང་སྲིད། །ཁྱེད་ཀྱི་འགྲོ་ལ་ཕན་དགོངས་པའི། །བསམས་པ་དེ་ལས་བཞན་དུ་ནི། །ནམ་ཡང་ལྡོག་པ་མ་འཆིས་སོ། །ཉི་ཟླའི་འོད་ཀྱི་གླིང་བཞི་དང་། །ཁྱེད་ཀྱི་འཕྲིན་ལས་ཕྱོགས་བཅུ་ཏུ། །ཁྱབ་འདི་ཕན་ཚུན་འདྲན་པ་འདྲ། །ནམ་མཁའ་འཇའ་ཚོན་ལྐུག་པའི་ངག །འདི་གསུམ་ཁྱེད་ཀྱི་ལྟ་བའི་དཔེ། །རི་བོ་རྒྱ་མཚོ་བུམ་ནང་མར། །འདི་གསུམ་ཁྱེད་ཀྱི་སྒོམ་པའི་དཔེ། །གླང་པོ་བུ་ཆུང་་་ང་བ་གསུམ། །འདི་གསུམ་ཁྱེད་ཀྱི་སྤྱོད་པའི་དཔེ། །ནོར་བུ་ཉི་ཟླ་དཔག་བསམ་ཤིང་། །འདི་གསུམ་ཁྱེད་ཀྱི་འབྲས་བུའི་དཔེ། །ཤེལ་དང་མེ་ལོང་ཆུ་དང་གསུམ། །འདི་གསུམ་མཁྱེན་པའི་ཡེ་ཤེས་དཔེ། །དེ་ལྟར་འདྲ་བའི་དཔེ་བསྟན་ནས།
།རྡོ་རྗེའི་༼སྐུ་་་་༽འདས་གྲོངས་མིངའ་ཡང་། །བདག་འཛིན་ཅན་རྣམས་དགེ་ལ་བསྐུལ་བྱའི་ཕྱིར། །བདག་གི་བླ་མ་འགྲོ་བའི་དཔལ་མགོན་དེ། །ཡུན་རིངས་བཞུགས་པར་གསོལ་བ་བཏབ་གྱུར་ཀྱང་། །ཞིང་ཁམས་བཞན་དུ་གདུལ་བྱ་ཆེར་་་་་་་་་། །སྐུ་ཆེའི་མཐར་ཐུག་རྒྱ་བཅུ་གྱ་དགུ་དང་། །ཁྱི་ལོ་ཟླ་བ་བཞི་པའི་ཉེར་བརྒྱད་ལ། །ངོ་མཚར་ལྟས་བཅས་མངོན་དགའི་ཡུལ་དུ་བཤེགས། །དཔའ་བོ་མཁའ་འགྲོ་ནམ་མཁའི་ཕྲིན་བཞིན་བཏིབས། །མེ་ཏོག་ཆར་པ་ཁ་བའི་རྒྱུན་བཞིན་བབས། །ཞི་བར་བཤེགས་ནས་བཞི་བཅུ་ཞེ་དགུའི་བར། །ནམ་མཁའ་ཐམས་ཅད་འཇའ་དང་འོད་ཀྱིས་ཁྲིགས། །ཐུབ་བསྟན་ཉི་མའི་དཀྱིལ་འཁོར་བཤེགས་པའི་ཚེ། །དེ་སྲས་ཉི་འོད་རྣམས་ཀྱིས་དེ་རྗེས་བཞུད། །འཛམ་གླིང་མུན་པའི་ཁྲོད་དུ་གྱུར་པ་ལ། །ཆོས་རྗེ་ཟླ་བའི་དལ་བྱོན་ནས་ཀྱང་། །མ་རིག་བློའི་མུན་པ་བསལ་ནས་ཀྱང་། །དཀར་ཕྱོགས་ཀུ་མུ་ཏ་རྣམས་རྒྱས་པར་མཛད། །ཇི་ཞིག་ལྟར་ན་ཟླ་བའི་དཀྱིལ་འཁོར་ཡང་། །དུས་ཀྱི་དབང་གི་་་་་ས་རིའི་ཕ་རོལ་བཞུད། །ད་ནི་མ་རིག་མུན་པ་གང་གིས་སེལ། །ཀྱེ་མ་ཆོས་རྗེ་ད་ཏུང་གནས་འདི་ཏུ། །བྱོན་ནས་ཐུབ་སྟན་རྒྱས་པར་འཛད་དུ་གསོལ། །སྐུ་གདུང་བི་རི་མཆོད་ཉེན་ནང་ན་བཞུགས། །བླ་མ་མཆོག་འདི་ཐུགས་དགོངས་རྫོགས་བྱའི་ཕྱིར། །བླ་མའི་ཆོས་རྒྱུད་འཛིན་པའི་ལྷོ་བྲག་པ། །བླ་མ་ལ་གུས་སྨོན་ལམ་དབང་ཕྱུག་གིས། །གླང་དཀའི་ལྷ་གདོང་རྡོ་ཡུལ་ལྷ་གདོང་དང་། །འཕྲེང་དགའ་བར་་་བ་ཆོས་འཁོར་ལྷ་ས་དང་། །དེ་བཞིན་སེ་ལུང་དགའ་ལོ་སྣའི་བྲག །ཡ་འབྲོག་ར་མ་འོད་དང་རོལ་པོའི་རྫ། །གཉན་མདའ་གྲག་གདོང་་་་ད་མོ་བྲག་གདོང་དང་། །བ་ལམ་ཤར་གྱི་མཁའ་རོག་ལྷ་གདོང་སྟེ། །དེ་བསྲོག་བྲག་ལ་འབུར་དུ་དོད་པའི་ལྷ། །སྐུའི་རྟེན་དུ་རྡོ་ལྷ་བརྒྱད་རྒྱ་དང་། །གསུང་གི་རྟེན་དུ་མཚན་བཟུང་བརྒྱད་རྒྱ་དང་། །ཐུགས་ཀྱི་བརྟེན་དུ་མཆོད་རྟེན་བཅུ་གསུམ་དང་། །བཞན་ཡང་ཐུགས་དགོངས་རྫོགས་ཐབས་འགའ་ཞིག་སྒྲུབས། །བླ་མའི་རྣམ་ཐར་དངུལ་དཀར་མེ་ལོང་འདི། །བླ་མས་རྗེས་བཟུང་སྨོན་ལམ་དབང་ཕྱུག་གིས། །བླ་མའི་གདན་ས་རིག་འཛིན་བྲག་དུ་སྦྱར། །དད་ལྡན་བུ་སློབ་རྣམས་ཀྱི་དཔལ་དུ་ཤོག
།དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་རྣམས། །མཐའ་མེད་འཁོར་བའི་གནས་ནས་ཐར་གྱུར་ནས། །མཐའ་ཡས་བླ་མ་དམ་པས་རྗེས་བཟུང་ཏེ། །མཐའ་བྲལ་གནས་ལུགས་ངང་དེད་གྲོལ་གྱུར་གཅིག
དགེ་ཞིང་བཀྲ་ཤིས་སོ། བྷ་ཝནྟུ། ཤུ་བྷཾ།