Rlabs chen smon lam 'gro ba sgrol ba'i gru chen

From Shangpa Resource Center








Resource ID KRK5
Title dpal ldan shangs pa bka' brgyud kyi chos skor dang 'brel ba'i rlabs chen smon lam 'gro ba sgrol ba'i gru chen
Topics Prayer
Sub-Topics smon lam
Author Kalu Dorjé Chang
Link BUDA MW3CN2837 (p.377)
Traductions (PDF files) English


༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་འབྲེལ་བའི་རླབས་ཆེན་སྨོན་ལམ་འགྲོ་བ་སྒྲོལ་བའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།།

རྡོ་རྗེ་འཆང་དང་ཡེ་ཤེས་ཌཱ་ཀི་གཉིས། །ཁྱུང་པོ་རྣལ་འབྱོར་རྩ་བརྒྱུད་བླ་མ་དང་། །བདེ་དགྱེས་གསང་གསུམ་སྒྱུ་འཕྲུལ་ཆེན་མོ་དང་། །འཇིགས་བྱེད་རྟ་མཆོག་ལ་སོགས་ཡི་དམ་ལྷ།
།མཁའ་འགྲོ་སྡེ་ལྔ་མྱུར་མཛད་རེ་མ་ཏི། །བཀའ་སྡོད་བཞི་སོགས་དམ་ཅན་རྒྱ་མཚོའི་ཚོགས། །སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ། །མི་མངོན་དབྱིངས་ནས་བདག་ལ་དགོངས་སུ་གསོལ།
།ཁྱེད་རྣམས་བྱིན་རླབས་ཐུགས་རྗེའི་བདེན་མཐུ་དང་། །དུས་གསུམ་བསགས་པའི་དགེ་རྩ་ཅི་སྙེད་མཐུས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་མཛད་གསོལ།
།ཤིན་ཏུ་རྙེད་དཀའི་དལ་འབྱོར་རིན་ཆེན་འདི། །ཆུས་ཟོས་མི་བྱ་སྙིང་པོ་ལེན་པར་ཤོག
།མི་རྟག་མི་བརྟན་འགྱུར་བའི་ཆོས་ཅན་ལ། །བསམ་ཞིང་ལོངས་མེད་བློ་སྣ་ཐུང་བར་ཤོག
།དགེ་སྡིག་ལས་འབྲས་ཆེ་ཕྲ་ཐམས་ཅད་ལ། །ཡིད་ཆེས་སྐྱེ་ཞིང་རྒྱུ་འབྲས་སྲུང་ནུས་ཤོག
།ཁམས་གསུམ་འཁོར་བའི་སྡུག་བསྔལ་རབ་མཐོང་ཞིང་། །འཁོར་བའི་གནས་ནས་ངེས་པར་འབྱུང་བར་ཤོག
།བདག་སོགས་འདི་ཕྱི་བར་དོ་ཐམས་ཅད་དུ། །དཀོན་མཆོག་རྩ་གསུམ་སྐྱབས་འོག་ཚུད་པར་ཤོག
།མཁའ་མཉམ་ཕ་མ་འགྲོ་དྲུག་སེམས་ཅན་ལ། །བྱམས་དང་སྙིང་རྗེ་གཏིང་ནས་སྐྱེ་བར་ཤོག
།མཐུན་རྐྱེན་ཀུན་འཛོམས་དབེན་པའི་རི་ཁྲོད་དུ། །རྩེ་གཅིག་བསྒྲུབ་ནས་ཉམས་རྟོགས་མཐར་ཕྱིན་ཤོག
།ཚེ་རབས་ཀུན་ཏུ་ཡོན་ཏན་ཀུན་ལྡན་གྱི། །བླ་མ་དམ་པས་རྗེས་སུ་འཛིན་པར་ཤོག
།སངས་རྒྱས་སྐུ་དངོས་རྩ་བའི་བླ་མ་ལ། །བཅོས་མིན་མོས་གུས་སྙིང་ནས་སྐྱེ་བར་ཤོག
།ཡེ་ནས་རང་བྱུང་ལྷ་ཡི་དཀྱིལ་འཁོར་ལ། །ཡིན་པར་ཤེས་ཤིང་གསལ་སྣང་བརྟན་པར་ཤོག
།བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྒྲུབ་ཙམ་ཉིད་ནས་མངོན་སུམ་ཞལ་མཐོང་ཤོག
།ལུས་ལ་བདེ་དྲོད་བཟོད་མེད་རབ་འབར་ཞིང་། །སེམས་ལ་བདེ་སྟོང་ཏིང་འཛིན་བརྟན་པར་ཤོག
།ཆོས་རྣམས་སྒྱུ་མ་རྨི་ལམ་ལྟ་བུ་ལ། །བདེན་འཛིན་འཁྲུལ་པ་རྩད་ནས་ཞིག་པར་ཤོག
མཚན་མོ་རྩོལ་མེད་རྨི་ལམ་རབ་ཟིན་ཅིང་། །སྦྱོང་སྤེལ་སྤྲུལ་སྒྱུར་ཡུན་སྣང་ཕེབས་པར་ཤོག
།མ་རིག་གཏི་མུག་གཉིད་ཀྱི་མུན་ཁོང་ལ། །སྲབ་མཐུག་འོད་གསལ་ངོ་ཤེས་ཟིན་པར་ཤོག
།ཆོས་སྐུ་བླ་མ་ཡི་དམ་སྐར་ཁུང་མ། །མཁའ་སྤྱོད་ལ་སོགས་འཕོ་བ་འབྱོངས་པར་ཤོག
།སྐུ་གསུམ་རང་ཤར་འཆུགས་མེད་ལ་སོགས་ཀྱིས། །སྲིད་པ་བར་དོ་སྐུ་གསུམ་མངོན་གྱུར་ཤོག
།སྐྱོན་བཞི་རང་གྲོལ་སྐུ་བཞི་ལྷུན་གྲུབ་ལ། །ཕྱག་ཆེན་གནས་ལུགས་ཚེ་འདིར་རྟོགས་པར་ཤོག
།བླ་མ་མོས་གུས་སྣང་གྲགས་ལྷ་དང་སྔགས། །སྣང་སེམས་སྒྱུ་མ་རྨི་ལམ་ལམ་ཁྱེར་ཤོག
།བདེ་སྟོང་མཁའ་ལ་སྤྱོད་པའི་རྗེ་བཙུན་མས། །བསྐྱེད་རྫོགས་ལམ་གྲུབ་མཁའ་སྤྱོད་བགྲོད་པར་ཤོག
།ལུས་ཉིད་བེམས་པོ་སེམས་ནི་སྐྱེ་འཆི་བྲལ། །འབྲས་བུ་འཆི་མེད་འཆུགས་མེད་དོན་རྟོགས་ཤོག
།བླ་མ་མགོན་པོའི་ཞལ་བཟང་རབ་མཐོང་ཞིང་། །ལས་བཞི་མཆོག་གི་དངོས་གྲུབ་ཐོབ་པར་ཤོག
།སེམས་ཅན་རྣམས་ཀྱི་ནད་དང་སྡུག་བསྔལ་ཀུན། །ཞི་བའི་མཐུ་ཕྱིན་སངས་རྒྱས་ལྟ་བུར་ཤོག
།ཚེ་བསོད་དབང་ཐང་ཉམས་དང་རྟོགས་པ་སོགས། །དབྱར་གྱི་ཆུ་བོ་ལྟ་བུ་རྒྱས་པར་ཤོག
།བསྟན་དང་འགྲོ་ལ་མཆོག་ཏུ་ཕན་པའི་ཕྱིར། ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བར་ཤོག
།ཞིང་བཅུ་ཚང་བའི་དགྲ་བོ་སྒྲོལ་ནུས་ཕྱིར། །དྲག་སྔགས་ནུས་མཐུ་མེ་བཞིན་འབར་བར་ཤོག
།བདག་སོགས་སེམས་ཅན་བཅས་དང་རང་བཞིན་སོགས། །སྡིག་པ་གང་མཆིས་མ་ལུས་བྱང་བར་ཤོག
།ཟང་ཟིང་ཆོས་དང་མི་འཇིགས་སྦྱིན་པ་ཡིས། །སྐྱེ་རྒུ་ཐམས་ཅད་བདེ་ལ་འགོད་ནུས་ཤོག
།སོ་ཐར་བྱང་སེམས་གསང་སྔགས་དམ་ཚིག་སོགས། །དགེ་བའི་ཁྲིམས་རྣམས་དུས་ཀུན་སྲུང་ནུས་ཤོག
།སེམས་ཅན་གཅིག་གི་ཕྱིར་ཡང་བསྐལ་བརྒྱ་ཏུ། །བདག་ལུས་བྱེ་བར་གཏུབ་ཀྱང་བཟོད་པར་ཤོག
།བདག་གཞན་ཐར་པའི་ལམ་མཆོག་སྒྲུབ་པ་ལ། །ཐུབ་པའི་དབང་པོའི་བརྩོན་འགྲུས་མཚུངས་པར་ཤོག
།མཐའ་བྲལ་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །ཞི་ལྷག་ཏིང་འཛིན་མི་གཡོ་བརྟན་པར་ཤོག
།འཁོར་འདས་ཆོས་རྣམས་མ་ལུས་ཐམས་ཅད་ལ། །མཁྱེན་རབ་འཇམ་དཔལ་དབྱངས་དང་མཚུངས་པར་ཤོག
།མདོ་རྒྱུད་གསར་རྙིང་ཆོས་རྣམས་མ་ལུས་ཀུན། །ཉམས་སུ་གང་བླངས་མཐའ་རུ་ཕྱིན་པར་ཤོག
།གཟུགས་མཛེས་དབྱངས་སྙན་ཚེ་དཔལ་སྟོབས་འབྱོར་ལྡན། །གང་མཐོང་ཡིད་འོང་བརྩེ་བའི་སེམས་ཐོབ་ཤོག
།རྒྱལ་བསྟན་སྤྱི་དང་ཤངས་བརྒྱུད་བསྟན་པ་ལ། །འཛམ་གླིང་རྒྱན་དང་ཤིང་རྟ་བརྒྱད་ལྟར་ཤོག
།འཆི་བའི་དུས་སུ་གནད་གཅོད་མི་འབྱུང་ཞིང་། །འཇའ་འོད་རིང་བསྲེལ་འགྲོ་བ་འདྲེན་བྱེད་ཤོག
།བདག་གཞན་འཕོས་མ་ཐག་ཏུ་བདེ་བ་ཅན། ཁྱུང་པོ་ཡབ་སྲས་ཞབས་དྲུང་སྐྱེ་བར་ཤོག །སྐྱེ་མ་ཐག་ཏུ་ས་བཅུ་རབ་ཐོབ་སྟེ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག
།སྲིད་ཞིའི་མཐའ་ལ་མི་གནས་འགྲོ་བའི་དོན། །རྒྱལ་བ་སྲས་བཅས་ཀུན་དང་མཚུངས་པར་ཤོག །མཐོང་ཐོས་དྲན་རེག་ཟས་ཆོས་འབྲེལ་བ་ཀུན། །གདུལ་བྱ་འཁོར་གྱི་ཐོག་མར་སྐྱེ་བར་ཤོག
།གདུལ་བྱ་རྣམས་ལ་ཉེ་ལམ་གསང་སྔགས་དང་། །ཐེག་ཆེན་ཆོས་ཀྱི་ཆར་པ་ཕབ་པར་ཤོག
།མཐར་ཐུག་སེམས་ཅན་གཅིག་ཀྱང་མ་ལུས་པ། །བདག་ཉིད་ཁོ་ནས་སངས་རྒྱས་སར་བཀོད་ཤོག །བདག་གཞན་སངས་རྒྱས་ས་ལ་མ་འཁོད་བར། །ཆོས་འགལ་བར་ཆད་སྐད་ཅིག་མི་འབྱུང་ཤོག
།བདག་གི་བདེ་དང་དགེ་བ་ཅི་མཆིས་པ། །འགྲོ་དྲུག་སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །དེ་ཐོབ་བདེ་དང་དགེ་བ་ལ་བརྟེན་ནས། །དུས་རྣམས་ཀུན་ཏུ་བདེ་སྐྱིད་འབྱུང་བར་ཤོག
།།འགྲོ་བའི་སྡུག་བསྔལ་སྡིག་སྒྲིབ་ཅི་མཆིས་པ། །བདག་ཐིམ་བདག་གིས་སྡུག་བསྔལ་མྱོང་བར་ཤོག །དེ་མྱོང་སྟོབས་ཀྱིས་སེམས་ཅན་མ་ལུས་པ། །སྡུག་བསྔལ་སྡིག་སྒྲིབ་གཏན་ནས་མི་འབྱུང་ཤོག
།དཀོན་མཆོག་རྩ་བ་གསུམ་གྱི་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་། །དོན་དམ་འགྱུར་བ་མེད་པའི་བདེན་པ་དང་། །ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་མཐུས།
།ཇི་ལྟར་བཏབ་པའི་སྨོན་ལམ་དེ་དག་ཀུན། །མྱུར་བ་ཉིད་དུ་ཡིད་བཞིན་འགྲུབ་པར་ཤོག །དེ་ལྟར་སྨོན་པའི་དགེ་བའི་རྩ་བ་དེ། །མ་གྱུར་ནམ་མཁའི་མཐའ་མཉམ་ཀུན་ལ་བསྔོ།
།སྡུག་བསྔལ་ཀུན་བྲལ་བདེ་བ་མཆོག་ཐོབ་ནས། །ཕྱམ་གཅིག་སངས་རྒྱས་གོ་འཕང་ཐོབ་པར་ཤོག
།ཅེས་པའང་དཔལ་ལྡན་ཤངས་པའི་གྲལ་མཐར་འཁོད་པ་ཀརྨ་རང་བྱུང་ཀུན་ཁྱབ་པས་ས་ཕོ་འབྲུག་གི་ལོར་སྨྲས་པ་འདིས་ཀྱང་འགྲོ་ཕན་རྒྱ་ཆེར་འབྱུང་བར་གྱུར་ཅིག །མངྒ་ལཾ།། །།