Thugs rje chen po gtso 'khor gsum gyi rjes gnang sogs

From Shangpa Resource Center
Revision as of 18:50, 24 January 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv10p347
Title thugs rje chen po gtso 'khor gsum gyi rjes gnang sogs
Topics Chenrezi, Consecration
Sub-Topics Initiation, Instructions
Author Öntön Kyergangpa
Link BDRC W23922

༄༅། །ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་རྗེས་གནང་སོགས་བཞུགས་སོ།།

གཙོ་འཁོར་གསུམ་གྱི་རྗེས་གནང་བྱེད་པར་འདོད་པས། སློབ་དཔོན་གྱི་བྱ་བ་དང་སློབ་མ་ལ་བྱ་བ་གཉིས།
སློབ་དཔོན་གྱི་བྱ་བ་ནི། མདུན་དུ་མཎྜལ་གྱི་སྟེང་དུ་ཚོམ་བུ་གསུམ་བཀོད་པའི་མཐར་བྱང་ཤར་དུ་འཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་སིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་དང་ཤར་ལྷོརགཏོར་ཆུང་རེ་རེ་རྣམས་བཤམས། བདག་བསྐྱེད་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་ཝ་སོགས་ཀྱི་སྟོང་པར་སྤྱངས། སྟོང་པའི་ངང་ལས་པདྨ་ར་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿཀར་པོ། དེ་འོང་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་པའི་དབུས་ཀྱི་ཐིག་ལེ་ཆེ་བ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཀྱི་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་ཤེལ་དཀར་པོའི་ཕྲེང་བ་བརྒྱ་རྩ་བརྒྱད་བསྣམས་པ། གཡོན་གཉིས་པ་ནམ་ཏོག་པདྨ་དཀར་པོ་སྙན་གྱི་ཐད་ཁར་ཁ་བྱེ་བ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་བརྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། གཡས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཇོ་མོ་ནོར་བུ་འཛིན་པ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ན་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུལ་དང་བཅས་པ་བསྣམས་པ། གཡོན་གྱི་གཉིས་པས་རིན་པོ་ཆེ་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེ་དང་དར་གྱི་ན་བཟས་མཛེས་པ། སྤུས་མོ་གཙུགས་ནས་སྤྱན་གཉིས་ཇོ་བོའི་སྨྲིན་ཕྲག་ཏུ་གཟིགས་པ། གཡོན་གྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཡུམ་ཇོ་མོ་འབྲུ་དྲུག་མ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གིས་ཕྲེང་བ་བསྒྲོན་པ། གཡོན་གྱི་གཉིས་པས་ཨུཏྤལ་ལ་འཛིན་པ། རིན་པོ་ཆེ་རྒྱན་དང་དར་གྱི་ན་བཟས་མཛེས་པ་དཔུས་མོ་གཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་འཁོར་གསུམ་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ལ། སངས་རྒྱས་དང་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་འོད་དཔག་མེད་དང་། འཁོར་གཉིས་ལ་གཙོ་བོ་ཉིད་ཀྱི་དབུ་བརྒྱན། ཨོཾ་མ་ཎི་པདྨེ་ཧཱུཾ། །ཞེས་པ་བརྒྱ་རྩ་སྟོང་རྩ་བཟླས། མདུན་གྱི་མཆོད་པ་བྱིན་གྱིས་རླབས། མདུན་གྱི་ཚོམ་བུ་གསུམ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ་ཞུ་བ་ལས་ཐིག་ལེ་དཀར་པོ་ཆེ་ཆུང་གསུམ་དུ་གྱུར་པའི་དབུས་ཀྱི་ཐིག་ལེ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། གཡས་ཀྱི་ཐིག་ལེ་ཇོ་མོ་ནོར་བུ་འཛིན་པ། གཡོན་གྱི་ཐིག་ལེ་ཡུམ་ཇོ་མོ་འགྲོ་དྲུག་མར་བསྐྱེད་པ་སོགས་བདག་མདུན་གྱི་ཁྱད་པར་མ་གཏོགས། བདག་བསྐྱེད་ལྟར་བསྐྱེད། གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རིགས་བདག་གི་རྒྱས་བཏབ་ལ། ལོ་ཀེ་ཤྭ་ར་སྔོན་དུ་འགྲོ་བས་མཆོད་པ་རྣམས་ཀྱིས་མཆོད། གཏོར་མ་གཉིས་བདུད་རྩིར་བྱིན་གྱིས་རླབས་ལ། གཏོར་མ་དང་པོ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མཾ་ལྔས་གཙོ་འཁོར་གསུམ་ལ་ཕུལ། གཏོར་མ་གཉིས་པ་བྷ་རུ་ཎ་ཨི་དཾ༴ ཞེས་པས་ཆུ་བདག་བྷ་རུ་ཎ་ལ་ཕུལ་ཏེ། སློབ་དཔོན་གྱི་བྱ་བའོ།
།གཉིས་པ་སློབ་མ་ལ་བྱ་བ་ནི། སློབ་མ་རྣམས་མདུན་དུ་བོས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་གནང་ཟབ་མོ་གསན་སྙམ་པ་མཛོད། །རྗེས་གནང་གི་ཡོན་དུ་མཎྜལ་འབུལ་དུ་བཅུག
།གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས།
།ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ཞེས་པ་ལན་གསུམ་གྱི་གསོལ་བ་གདབ།
།རྒྱུན་བཤགས་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ནས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ། དངོས་གཞི་ལ། རྗེས་གནང་གི་གཞི་འགོད་པ་དང་། རྗེས་གནང་དངོས་གཉིས་སུ་ཡོད་པ་ལས།
རྗེས་གནང་གི་གཞི་འགོད་པ་ནི། །ཨོཾ་སྭཱ་བྷཱ་ཝ་སོགས་བརྗོད་ནས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས། པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧྲཱིཿདཀར་པོ་རེ་རེར་གྱུར། དེ་ཞུ་བ་ལས་ཐིག་ལེ་ཆེ་ཆུང་གསུམ་དུ་གྱུར་པའི། དབུས་ཀྱི་ཐིག་ལེ་ཆེ་བ་ཐུགས་རྗེ་ཆེན་པོ། གཡས་ཀྱི་ཐིག་ལེ་རྫོ་མོ་ནོར་བུ་དང་། གཡོན་གྱི་ཐིག་ལེ་ཇོ་མོ་འགྲོ་དྲུག་མར་བསྐྱེད་པ་སོགས། སྔར་བདག་བསྐྱེད་ཀྱི་སྐབས་ཇི་ལྟ་བ་བཞིན་དུ་བ་སྐྱེད། རྗེས་གནང་དངོས་ལ། རྗེས་སུ་བཟླས་པའི་ལུང་། དམ་བཅའ་བའི་ལུང་། བྱིན་གྱིས་རླབས་པའི་ལུང་དང་གསུམ་དུ་ཡོད་པ་ལས། དང་པོ་ནི་སློབ་དཔོན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿལས་སྔངས་ཀྱི་འཕྲེང་བ་དཔག་ཏུ་མེད་པ་བྱུང་།
སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་གི་མཐའ་མར་གཡས་སྐོར་དུ་འཁོད་པའི་མོས་པ་མཛོད། ཞེས། ཨོཾ་མ་ཎི་པདྨེ་ཧཱུཾ་བཟླས་ལུང་ཐོབ་པའི་ཡོན་དུ་སློབ་དཔོན་ལ་མེ་ཏོག་གཏོར་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་མགོ་བར་མཛོད། །ཞེས་ལན་གསུམ་བརྗོད་དུ་བཞུག །ཁྱེད་རང་གི་ཕུལ་བའི་མེ་ཏོག་གི་འཕྲེང་བ་དེ། སྔགས་ཀྱི་འཕྲེང་བར་བྱིན་གྱིས་རླབས་ཏེ། ཁྱེད་རང་རྣམས་ཀྱི་བརྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིབ་ཀྱིས་རློབས། །ཞེས་བརྗོད་ཅིང་མེ་ཏོག་གཏོར།
།དམ་བཅའ་བའི་ལུང་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །སོ་སོའི་མིང་བརྗོད་ཅིང་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །ཞེས་པ་ལན་གསུམ་བརྗོད་དུ་བཞུགས།
བྱིན་གྱིས་རླབས་པའི་ལུང་ནི། སློབ་དཔོན་ལ་གུས་འདུད་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། མདུན་གྱི་གཙོ་འཁོར་གསུམ་གྱི་ཐུགས་རྒྱུད་བསྐུལ། གཙོ་འཁོར་གསུམ་གྱི་ཐུགས་ཁ་ནས་རང་རང་གི་སྐུ་མཐེ་བོང་གི་ཚད་ཙམ་པ་རེ་ཆད་ནས་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ནས་ཐིམ་པས། རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། །མེ་ཏོག་གཏོར་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི་ཞེས་སོགས་སྔར་བཞིན་མཛོད། །དངོས་གཞིའི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་ཚོགས་རྣམས་ཚུལ་བཞིན་དུ་བཟུང་སྙམ་པའི་འདིའི་རྗེས་བཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཞེས་སོགས་ལན་གསུམ་བརྗོད་དུ་བཞུག །རྗེས་གནང་གི་ཡོན་དུ་མཎྜལ་འབུལ་དུ་བཞུག །མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཀྱང་འབུལ་སྙམས་པས་འདིས་རྗེས་བཟློས་མཛོད། །དེང་ནས་ཙམ་སྟེ་བདག་བྲན་དུ། །ཞེས་སོགས་བརྗོད་དུ་བཞུག །རྗེས་ནི་མདུན་གྱི་མཆོད་པ་རྣམས་ཁ་གསོས་བྱིན་གྱིས་རླབས་ནས་ལོ་ཀེ་ཤྭ་ར་སྔོན་དུ་འགྲོ་བའི་མཆོད་སྔགས་ཀྱིས་མཆོད། སྐྱོན་གྱི་མ་གོས་སྐུ་མདོག་དཀར་སོགས་ཀྱིས་བསྟོད། །ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད་སོགས་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ། །དམ་ཚིག་པ་རང་ལ་བསྡུའོ། །དགེ་བ་འདི་ཡི་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། མངྒ་ལཾ།།
Consecration Kagyama and instructions
༄། རབ་གནས་བཀའ་རྒྱ་མ་རབ་གནས་ཀྱི་ཞལ་གདམས་བཞུགས་སོ།།
ན་མོ་གུ་རུ།
རབ་གནས་དང་བྱེད་ཀྱི་སྔོན་དུ་བསྙེན་པ་ནི་གལ་ཆེ་གསུང་། རང་རྗེ་བཙུན་མ་སྒྲོལ་མར་བསྐྱིད། མདུན་གྱི་མེ་ཏོག་རྣམས་ཀྱང་སྒྲོལ་མར་བསྐྱེད། དེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསྟིམ་ཞིང་། རྟེན་འབྲེལ་སྙིང་པོ་བཟླ་གསུང་། མེ་ཏོག་གཏོར་ཙམ་ན། ལྷ་གད་ཡིན་དེར་བསྐྱེད་ནས། ལྷ་ལ་ལྷ་ཐིམ་པར་བསམ། འདི་གཞད་ཆེ་བ་ཡིན་གསུང་། ཚེ་དང་བསོད་ནམས་རྒྱས་པར་འདོད་པས། འདོད་ལྷ་ལྟ་བུའི་རབ་གནས་བྱེད་ན། མེ་ཏོག་རིན་ཆེན་འབྱུང་ལྡན་དུ་བསམ་ནས་བསྙེན་པ་བྱ། མཐོར་ཡང་དེ་བཞིན་བྱ་གསུང་། །དབང་གི་ལྷའི་ལྷ་གནས་བྱེད་ན། སྦྱར་བ་མཐར་ཡས་སུ་བསམ། ཁྲོ་བོ་འདོད་པའི་རྒྱལ་པོ། གཡས་ལྕགས་ཀྱུ། གཡོན་ཞགས་པ། སྐུ་མདོག་དམར་པོ་རུ་མེ་ཏོག་རྣམས་བསྐྱེད་ལ། བསྙེན་པ་བསྐྱལ། དགུག་གཞུག་བྱེད་གསུང་། དམར་པོ། ཕྱག་གཡས་དབྱུག་ཐོ་དང་། གཡོན་སྡིགས་འཛུབ། ཞལ་གཅིག་སྤྱན་གསུམ། མཆེ་བ་གཙིགས་པ། དབུའི་སྟེང་དུ་རྟ་མགོ་ལྗང་ཞུར་ཐོན་པའོ། །གཡོན་དུ་ཡི་གེ་དྲུག་མའོ། །ཐོད་པ་ཡང་དེ་བཞིན་ནོ། །དེ་ལ་ཡེ་ཤེས་བ་བསྟིམ་ནས། མཆོད་བསྟོད་བཟླས་པ་བྱའོ།
།གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་ལ། གསོལ་བ་གདབ་པ། གནང་བ་སྦྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། བཤགས་པ་བྱ་བ། གསང་སྔགས་འབྱུང་ཚུལ་སྟོན་པ་རྣམས་སྟོན་པར་བྱའོ།
།དེ་ནས་མདུན་དུ་ཐོད་པར་རྣམ་སྨིན་གྱི་ལུས་འདི་བཅུག་ལ། བདུད་རྩི་བྱིན་གྱིས་བརླབས་ཏེ་ཕུལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་གི་ལུས་ངག་ཡིད་གསུམ་གྱི། ནད་གདོན་སྡིག་སྒྲིབ་མཚམས་མེད་པ་ལྔའི་ལས་བསགས་པ། དམ་ཚིག་འགལ་འཁྲུལ། དཀོར་སྐུ་གླུད་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ།
།ཞེས་སོགས་བདག་ལ་བུམ་དབང་གི་གསོལ་བ་བཏབ་པས། གཙོ་བོའི་སྐུ་ལས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་བྱུང་། རང་གི་སྤྱི་བོར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་སྤྲུལ་སྐུ་ཡང་སྔར་ཞིང་མཆོད་དེ་གསང་དབང་གི་གསོལ་བ་བཏབ་པས། ནོར་བུ་འཛིན་པ་ལས་བདུད་རྩི་སྔོན་མ་བཞིན་བྱུང་སྟེ། རང་གི་ལྕེ་ཐོག་ཏུ་ཐིམ་པས། ངག་གི་སྡིག་སྒྲིབ་དག །གསང་དབང་དང་ལོངས་སྐུ་ཐོབ་པར་བསམ་མོ།
།ཡང་མཆོད་དེ་གསུམ་པའི་གསོལ་བ་བཏབ་པས། ཡི་གེ་དྲུག་མ་ལས་བདུད་རྩི་འི་རྒྱུན་སྔོན་པོ་བྱུང་སྟེ། རང་གི་སྙིང་གར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག་ནས། གསུམ་པ་དང་ཆོས་སྐུ་ཐོབ་པར་བསམ་མོ།
།ཡང་མཆོད་དེ་བཞི་པའི་གསོལ་བ་བཏབ་པས། ལྷ་ཆོགས་ཐམས་ཅད་ལས་ཁ་དོག་སྣ་ཚོགས་པའི་བདུད་རྩི་བྱུང་སྟེ། ལྟེ་བར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་འཛིན་རྟོག་ཐམས་ཅད་དག་སྟེ། དབང་བཞི་པ་དང་བདེ་བ་ཆེན་པོའི་སྐུ་ཐོབ་པར་བསམ་མོ། །དེས་མཚམས་མེད་ལྔ་བྱས་པ་དང་། ཆོས་སྤང་བ་དང་། དཀོར་སྐུ་གླུད། སྐུར་ལ་སོགས་པའི་ཉེས་ལྟུང་ལྕི་བ་ཐམས་ཅད་དག་ནས། ཚེ་འདི་གཉིད་དུ་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ།
།གསུམ་པ་ནི་ཚོགས་ལ་ལོངས་སྤྱོད། གཏོར་མ་བཏང་། སྨོན་ལམ་དང་བསྔོ་བ་བྱ། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་བ་རྣམས་བྱའོ།།
ཐུགས་རྗེ་ཆེན་པོའི་གསང་སྒྲུབ་ཀྱི་དབང་བསྐུར་བའི་ལག་ལེན་མདོར་བསྡུས་གྲུབ་ཐོབ་སྐྱེར་སྒང་པས་མཛད་པ་རྫོགས་སོ།། བཀྲ་ཤིས། །།