Ye shes mgon po thugs bskyed pa'i lo rgyus mai tri pas khyung po rnal 'byor la gsung pa

From Shangpa Resource Center








Resource ID SCv11p17
Title ye shes mgon po thugs bskyed pa'i lo rgyus mai tri pas khyung po rnal 'byor la ko sa la b+hi k+Shi'i dur khrod du gsungs pa
Topics Chadrupa
Sub-Topics Story
Author Maitripa
Associated Person Khyungpo Neljor
Link BDRC W23922

༈ ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མཻ་ཏྲཱི་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་ལ་བྷི་ཀྵིའི་དུར་ཁྲོད་དུ་གསུངས་པ་བཞུགས་སོ།།

༈ ༼ཁ༽ བླ་མ་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པས་ཕྱག་འཚལ་ལོ།
།ཡེ་ཤེས་ཀྱི་མགོན་པོ་ཐུགས་བསྐྱེད་པའི་ཚུལ་ནི། མངའ་བདག་རྒྱལ་བ་མཻ་ཏྲཱི་པ་ཆེན་པོ་ཀོ་ས་ལ་བྷི་ཀྵིའི་དུར་ཁྲོད་དུ་བཞུགས་པའི་དུས་སུ། བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་བདུན་ཕུལ་ནས། བོད་ལོངས་སྤྱོད་ཆུང་སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བས། ནོར་སྒྲུབ་མྱུར་ལ་རྟགས་མཚན་ཆེ་བ་གཅིག་ཞུ་འཚལ་བྱས་པས།
མཻ་ཏྲཱི་པའི་ཞལ་ནས་ཡིད་བཞིན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། འདིས་དང་པོར་བར་དོའི་འཇིགས་པ་ལས་སྐྱོབ། ལྷ་འདྲེ་མི་གསུམ་དབང་དུ་བསྡུད། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་། དགྲ་བགེགས་ཐམས་ཅད་རྩད་ནས་རློག་པར་བྱེད། གཞན་གྱི་བཟློག་པས་མི་ཚུགས་པ། མཆོག་ཐུན་མོང་ཐམས་ཅད་ལོ་ཟླ་ཙམ་གྱིས་འགྲུབ་པ། མཆོག་བསྒྲུབ་པས་ཐུན་མོང་ཞར་ལ་འབྱུང་བ། ཐུན་མོང་བསྒྲུབ་པས་མཆོག་ཞར་ལ་འབྱུང་བ་གཅིག་ཡོད་པས་དེ་སྦྱིན་གསུང་ངོ་།
།དེ་སུ་ལས་ཞུས་པ་ལགས་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོས་སེམས་བསྐྱེད་དེ། འཁོར་བའི་རྒྱ་མཚོ་ཆེན་པོ་འདི་ཉིད་སྟོང་པར་མ་གྱུར་གྱི་བར་དུ། བདག་འཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་སྐྱེད་པ་འདི་ལས་ཉམས་པར་གྱུར་ན། མགོ་བོ་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག །ཅེས་གདམས་ཏེ། རི་བོ་པོ་ཏ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་གང་ལ་གང་འདུལ་གྱི་དོན་བྱེད་པར་གྱུར་ཏེ། དེ་ནས་ལོ་དཔག་ཏུ་མེད་པའི་བར་དུ་སེམས་ཅན་གྱི་དོན་བྱས་པས་སེམས་ཅན་མང་པོ་ཐར་གྲོལ་བྱུང་ལས་ཆེ་སྙམ་ནས་པོ་ཏ་ལ་ནས་ཡེ་ཤེས་ཀྱི་སྤྱན་གྱི་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མི་མངོན་པའི་སྟེང་དུ། སྙིགས་མར་སོང་བས་ཉོན་མོངས་པ་རགས་ལ་གདུག་པ་ཆེར་སོང་འདུག་པས། ད་ནི་སེམས་ཅན་འགའ་ཙམ་ཡང་སྒྲོལ་བར་མི་ནུས་པར་འདུག་སྙམ་ནས་སེམས་བསྐྱེད་པ་སྒྱིད་པར་གྱུར་པས། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏེ། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་ཤིན་ཏུ་མ་ལེགས་པས། དེའི་བཤགས་པ་ལ་སླར་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་སྦྱོར་ཞིག་གསུངས་ནས། དབུ་སྟོང་དུ་གས་པ་དེ་དབུ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་ནས་སྔར་གྱི་སེམས་བསྐྱེད་དེ་བས་རྒྱ་ཆེ་བ་མེད་ཅིང་། དེ་དོན་ཆ་ཙམ་ཡང་མ་ནུས་པས་དེ་བས་རྒྱ་ཆེ་བའི་ཐབས་ནི་གང་ཡང་མེད་དོ་སྙམ་ནས་ཞག་བདུན་གྱི་བར་དུ་བརྒྱལ་བར་གྱུར་ཏེ། དེ་ནས་བརྒྱལ་བ་དེ་སངས་པ་དང་། ད་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་བ། བར་ཆད་མང་བས་རྐྱེན་དབང་འགའ་ཞིག་ཏུ་འགྲོ་བ། ལོངས་སྤྱོད་ཆུང་ཞིང་འཚེ་བ་དམན་པ་སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་བར་བཟློག་པ་དང་ནང་དམེ་བྱེད་པ། ཆོས་བྱེད་ཕལ་ཆེར་ཡང་བར་དོའི་འཇིགས་པ་ལས་མི་ཐར་གཟིགས་ནས། ཡུན་རིང་པོར་སྒྲུབ་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་པ་ཙམ་གྱིས་འདི་ཕྱིའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། མི་ནོར་ཟས་གསུམ་ཤུགས་ལ་འབྱུང་བ། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་སྐད་ཅིག་ཙམ་གྱིས་རློག་པར་བྱེད་པ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལོ་ཟླ་ཙམ་གྱིས་འབྱུང་བའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་དགོངས་ནས་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་ཕྱུང་བ་ལས། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་བསྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་། ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མགྲིན་གཅིག་ཏུ་རིགས་ཀྱི་བུ་སེམས་ཅན་གྱི་རེ་བ་ཡིད་བཞིན་དུ་བསྐང་བའི་སྤྱོད་པ་འདི་ལྟ་བུ་ནི་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་འདི་ཉིད་ཀྱི་ཕྲིན་ལས་ཀྱི་ནུས་པ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་ཅན་རྣམས་ཀྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱིས་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང་གཤིན་རྗེ་དང་། སྲིན་པོ་དང་བདུད་དང་མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་སྒྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་སྒྲུབ་པ་དང་། མཆོད་པ་དང་དྲན་པས་ཀྱང་དངོས་གྲུབ་མ་ལུས་པ་སྟེར་བར་འགྱུར་རོ། །མ་གྲུབ་པ་ཉིད་ན་ཡང་བྱིན་གྱིས་བརླབས་པ་དང་དེ་ཉིད་ཀྱི་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཞེས་བྱའོ། །དེ་ནས་དཔལ་ཤ་བ་རི་པ་ཞེས་པ་བྲམ་ཟེའི་རིགས་སུ་གྱུར་པ་དཔལ་ལྡན་འབྲས་སྤུངས་ཀྱི་ཉེ་བ་ན་གྲོང་ཁྱེར་ཆེན་པོ་སུམ་ཅུ་རྩ་གཅིག་ཡོད་པའི་དབུས་ན། ཏྲི་ས་ལ་ཞེས་བྱ་བའི་རོལ་མོ་མཁན་མཁས་པའི་མཆོག་གྱུར་ནས་སྔོན་སངས་རྒྱས་ལ་གླུ་དང་རོལ་མོས་མཉེས་པར་བྱས་པ་དེ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་པོ་གཅིག་ཏུ་བསྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ། །མཚན་མོ་ནམ་མཁའ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པ་དང་། ཡེ་ཤེས་མགོན་པོ་འདི་མངོན་སུམ་དུ་བྱོན་ཏེ། རིགས་ཀྱི་བུ་ངའི་སྒྲུབ་ཐབས་འདི་ཟུངས་ཤིག་གསུངས་ནས་སྒྲུབ་པའི་ཐབས་གསུངས་ཏེ། ཤ་བ་རི་པའི་སྒྲུབ་ཐབས་སོགས་ཡི་གེར་བཀོད་དེ། ཡང་རྗེ་བཙུན་མ་དང་། ཐུགས་རྗེ་ཆེན་པོ་དང་། སྒྲོལ་མ་གསུམ་བྱོན་ནས་སྒྲུབ་པའི་ཐབས་གསུངས་ཏེ་ཡི་གེར་མ་བཀོད། ངས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཕྱག་རྒྱ་ཆེན་པོའི་རྒྱུད་དང་གདམས་ངག་རྣམས་ཞུ་དུས་མགོན་པོ་འདི་ཡང་གནང་ནས་ཞག་ཉི་ཤུ་རྩ་གཅིག་ལ་ཞལ་མཐོང་ངོ་། །ཁྱོད་ཀྱིས་ཀྱང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ལ་ནས་རྗེན་བཏགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆད་པར་གྱིས། བྱ་རོག་དང་ཁྱི་ནག་པོ་ལ་རྡོ་མ་རྡེག །ཡིད་ཆེས་པར་གྱིས་ལ་བླ་མ་དང་མགོན་པོ་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་ནས་རི་ལ་སོགས་པ་སྒྲུབ་གནས་ཐམས་ཅད་དུ་འཚོ་བ་སྦྱོར་བར་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་གམ་བཅུ་གསུམ་གྱི་སློབ་མ་དང་བཅས་པ་ལ་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྟེར་བར་བྱེད་དོ། ཞེས་གསུངས་ནས་ལུང་བསྟན་ཏེ་བཀའ་བསྒོ་ལན་གསུམ་མཛད་དེ། ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མངའ་བདག་མཻ་ཏྲཱི་པས་ཁྱུང་པོ་རྣལ་འབྱོར་ལ་གསུངས་པའོ།
།ས་མ་ཡ་གུ་ཧྱ། འདི་ཁོ་ན་གཙོ་བོར་ཡིད་ཆེས་ཀྱི་གནས་སུ་བཟུང་ངོ་ཞེས། བླ་མ་དམ་པ་དག་བཞེད་ལ། །བདག་ཀྱང་དེ་ལྟར་སྨྲའོ།། །།