Zhus len nyi ma'i dkyil 'khor

From Shangpa Resource Center








Resource ID SCv10p339
Title nyams myong ma rig mun sel zhus len nyi ma'i dkyil 'khor
Topics Six doctrines of Niguma
Sub-Topics Instructions
Author Sangyé Tönpa
Link BDRC W23922
BDRC W4CZ58783 (p.137)
BDRC W3CN18508 (v2p.494)
BDRC W8LS32723
BDRC W22103 (p.338)

༄༅། །༼ཉམས་མྱོང་མ་རིག་མུན་སེལ་༽ཞུས་ལེན་ཉི་མའི་དཀྱིལ་འཁོར་བཞུགས།། །།

ན་མོ་རཏྣ་གུ་རུ།
།སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན། །རང་བཞིན་སྐྱེ་བ་མེད་པའི་དོན་རྟོགས་པའི། །གནམ་ལྕགས་མི་རྫི་སྣང་སྟོང་ལྷ་ཡི་སྐུ། །རྒྱུན་ཆད་མེད་པར་མཁྱེན་གཉིས་འགྲོ་དོན་མཛད། །རྟོགས་པའི་ཉི་ཟེར་འགྲོ་བའི་མུན་སེལ་བའི། །མཚུངས་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད།
།འགྲོ་མགོན་དཔལ་ལྡན་བླ་མའི་ཞལ་སྔ་ནས། །བླ་མའི་དྲིན་གྱིས་གདམས་ངག་ཐོས་པ་རྣམས། །གཟུང་འཛིན་འཁྲུལ་པས་བཅིངས་པའི་ལུས་འདི་ཡི། །གནས་ལུགས་འདི་ལྟར་ཡིན་པར་ཤེས་པར་བྱ།
།རྣམ་སྨིན་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མ་དེ་སྐད་གསུང་།
།བག་ཆགས་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མ་དེ་སྐད་གསུང་།
།ཡིད་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མ་དེ་སྐད་གསུང་།
།དེ་ལ་རྣམ་སྨིན་གྱི་ལུས་ལ་རྒྱལ་བའི་སྐུ་འགྲུབ་པའི་གནད་ལ་ཤེས་ཤིང་མ་རྟོགས་ན། ཐམས་ཅད་མཁྱེན་པའི་སངས་རྒྱས་མི་ཐོབ་བོ། །དེའི་གནད་གང་ཡིན་ན། སྒྱུ་མ་རང་ཤར་དུ་འབྱུང་བ་སྟེ། སྣང་བ་འདི་སྣང་ཡང་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་ཏེ། སྣང་བ་འདི་རང་བཞིན་མེད་པར་ཤེས་པའམ། རྟོགས་པ་ལ་རྒྱལ་བའི་སྐུ་རང་ཤར་དུ་འབྱུང་བས། །བསམ་པ་ཙམ་གྱིས་དོན་འགྲུབ་པར་བྱེད་པའོ།
།དེ་ལ་བླ་མའི་མོས་གུས་དང་། སྒྲུབ་པ་ཚུལ་བཞིན་ཉམས་སུ་བླང་པ་ལ། སྒྱུ་མ་རང་ཤར་དུ་འབྱུང་ལ། དེའི་གནད་ཀྱིས་སྨིན་དཀའ་ཚོལ་བའམ། རང་ཤར་དུ་འཔྱུང་སྟེ། ཐུན་མོང་གི་དོན་སྣ་ཚོགས་ཡང་འབྱུང་བར་འགྱུར་རོ།
།དེ་ཡང་སྣང་བ་འདི་རང་སྣང་ཡིན་པའི་གནད་དཀས། རྒྱལ་བའི་སྐུ་གང་བསམ་པ་དེ་མཐོང་བའམ། མཐར་ཕྱིན་པར་འགྱུར་རོ། །གཞན་ཡང་སྣང་བ་དང་སྟོང་པ་དབྱེར་མེད་པར་རྟོགས་པ་དེ་ལ། སྒྱུ་མའི་རྟོགས་པར་འདོད་པ་ཡིན་ནོ།
།དེ་ལ་ཐེག་པ་ཆེན་པོའི་ཆ་མཐུན་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ནོ། །རང་སྣང་སྒྱུ་མར་འབྱོངས་ཏེ་གཞན་དོན་དུ། གཟུགས་སྐུ་རང་ཤར་དུ་འབྱུང་སྟེ། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་། རྒྱུན་མི་ཆད་པར་འགྱུར་རོ། །འཁོར་བར་ལྡོག་པའི་དུས་དང་། ཡེ་ཤེས་སླེབ་པའི་ཚད་ནི། ལས་དང་པོ་པ་ནས་འཇིག་རྟེན་ཆོས་མཆོག་མན་ཆད་དུ་ཆ་མཐུན་རེ་རྩིར་ཡོད་པས། ཡེ་ཤེས་ཀྱིས་སླེབ་པ་ནི་ཤིན་ཏུ་གལ་ཆེའོ། །དང་པོ་འཁོར་བར་ལྡོག་པའི་དུས་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲག་ལ་བཟོད་ཐབས་མེད་པ་སྐྱེས་པའི་དུས་དེ་ཡིན། །ཡེ་ཤེས་སླེབ་པའི་ཚད་ནི། སྒྱུ་མ་ཡིན། རྨི་ལམ་ཡིན། རང་དབང་མེད་པ་ཡིན་སྙམ་དུ་ཤེས་པའམ། རྟོགས་པ་དེ་ཡིན་ནོ། །སྣང་བ་དགྲར་ལངས་ཀྱི་འཕྲང་བྱུང་པའི་དུས་སུ་ཡང་དེ་རྣམས་རྨི་ལམ་སྒྱུ་མར་ཆོད་པར་བྱ། །སྒྱུ་མ་རྨི་ལམ་ངོ་བོ་ངོས་བཟུང་ཐམས་ཅད་བྲལ་པ། མཚན་ཉིད་བློའི་ཡུལ་ལས་འདས་པའི་དོན་རྟོགས་པ་དང་། ཡེ་ཤེས་ཀྱིས་སླེབ་པ་ཚད་ཡིན་ནོ། །གཟུང་འཛིན་འཁྲུལ་པས་བཅིངས་པའི་ཟག་བཅས་ལུས།
།སྣང་སྟོང་སྒྱུ་མའི་ལྷ་སྐུ་སྤྲིན་བྲལ་གྱིས། །ཟླ་བ་རྒྱས་བཞིན་ཡོན་ཏན་རབ་རྫོགས་ནས། །ལུས་ཅན་ཀུན་གྱིས་སྐུ་གསུམ་མཆོག་ཐོབ་ཤོག
།དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་གཏིབས་པ་ཡི། །ས་ཕྱོགས་ཡིད་འོང་ཉམས་རྟོགས་འཕེལ་གྱུར་ཞིང་། །འོག་མིན་གནས་མཆོག་རི་གོང་ཡང་དགོན་དུ། །གསུང་མཆོག་འདི་བཀོད་བྱང་ཆུབ་གནས་སུ་བསྔོ།
།ཉམས་མྱོང་མ་རིག་མུན་སེལ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་རྫོགས་སོ།། མངྒ་ལཾ།