Difference between revisions of "Chos rje byams pa dpal gyi rnam thar"

From Shangpa Resource Center
Line 8: Line 8:

|BDRC link=[https://www.tbrc.org/#library_work_ViewByOutline-O1GS662581GS66274%7CW20441 BDRC W20441]
[https://www.tbrc.org/#!rid=W4CZ58783 BDRC W4CZ58783 (p. 495)]
[https://www.tbrc.org/#!rid=W8LS37032 BDRC W8LS37032 (p. 295)]

༄༅། །འཇག་ཆེན་ཆོས་ཀྱི་རྒྱལ་པོ་བྱམས་པ་དཔལ་གྱི་རྣམ་པར་ཐར་པ་ཉི་མའི་དཀྱིལ་འཁོར་བཞུགས་སོ།།

།ན་མོ་གུ་རུ་མཻ་ཏྲི་ཤྲཱི་ཡ།
ཆོས་རྗེ་རིན་པོ་ཆེ་བྱམས་པ་དཔལ་བའི་རྣམ་པར་ཐར་པ་བརྗོད་པའི་གཏམ། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ།
རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།
།ཚོགས་གཉིས་ཤར་གྱི་ས་འཛིན་ལས་འོངས་ཤིང་། །བྱམས་བརྩེའི་དཔལ་༼ཡོན་༽ཡོངས་སུ་རྒྱས་པའི་རྗེ། །འཕྲིན་ལས་དཔལ་གྱི་འོད་ཟེར་འཕྲོ་བ་པོ། །མཚུངས་མེད་ནམ་མཁའི་ནོར་བུའི་ཞབས་ལ་འདུད། །རྣམ་དག་ཆོས་སྐུའི་ནམ་མཁའ་ཡངས་པ་ལ། །བདེ་ཆེན་ལོངས་སྐུའི་འོད་ཟེར་རབ་འཕྲོས་ནས། །ཚད་མེད་སྤྲུལ་སྐུ་འགྲོ་བའི་དོན་མཛད་པའི། །ཆོས་རྗེ་ཉིན་མོར་བྱེད་པ་གཙུག་གིས་མཆོད། །གང་ལ་ཁྱེད་སྐུའི་ཞལ་རས་རབ་བསྟན་ནས། ཡན་ལག་དྲུག་ཅུ་གསུང་བའི་དམ་ཆོས་དང་། །ཐུགས་རྗེའི་འོད་ཀྱིས་བདག་སོགས་སྨིན་མཛད་པའི། །བླ་མ་པདྨའི་གཉེན་མཆོག་རྒྱལ་གྱུར་ཅིག
།དེ་ཡི་རྣམ་ཐར་རྒྱ་མཚོ་ལས། །བདག་གི་རྣ་བར་གང་ལྷུང་བ། །རང་གཞན་དད་པ་གསོ་བའི་ཕྱིར། །ཅུང་ཟད་ཙམ་ཞིག་བརྗོད་པར་བྱ།
།འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རྒྱལ་སྲས་བྱང་སེམས་ཐམས་ཅད་ཀྱི་གཙོ་བོ། ཉན་ཐོས་རང་རྒྱལ་རྣམས་ཀྱི་འདྲེན་པ། གདུལ་བྱ་ལྷ་མི་རྣམས་ཀྱི་གཙུག་རྒྱན། སྲིད་གསུམ་མཚོ་ལས་སྒྲོལ་བའི་དེད་དཔོན། ངན་སོང་གནས་ནས་འདྲེན་པའི་ལྕགས་ཀྱུ། མ་རིག་མུན་པ་སེལ་བའི་སྒྲོན་མེ། ཐར་པའི་ཁང་བཟང་བགྲོད་པའི་ཐེམ་སྐས། ཆོས་ཀྱི་རྗེ་མཚུངས་པ་མེད་པའི་མཁྱེན་རབ་དང་། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚད་མེད་པ་མངའ་བ་ལ་བརྟེན་ནས། གདུལ་བྱ་རྣམས་ཀྱི་དཔལ་དང་། མགོན་དང་དཔུང་གཉེན་བླ་ན་མ་མཆིས་པར་གྱུར་པ་འདིའི་རྣམ་པར་ཐར་པ། བསམ་གྱིས་མི་ཁྱབ་པ། བརྗོད་པས་མི་ནུས་ནའང་། ཅུང་ཟད་བརྗོད་ན།
ཆོས་རྗེ་ཡི་ཞལ་ནས། ང་སྐྱེ་བ་སྔ་མ་ལ། རྒྱ་གར་ལྷོ་ཕྱོགས་སུ་གྲོང་ཁྱེར་སུམ་ཅུ་རྩ་ལྔའི་མཐའ་འཇག་སྤྱིལ་མང་པོས་བསྐོར་བའི་དབུས་ན། ས་ཕག་ལ་རྩིག་པ་བྱས་པའི་གཞལ་ཡས་ཁང་ལྟ་བུ་གློ་འབུར་བཞི་དང་བཅས་པ་ཡོད་པའི། ཕ་[[བྲམ་ཟེ་ཆོས་གྲུབ]]། མ་[[ལྷ་མོ་འོད་མཛེས་མ]]། དེ་གཉིས་ལ་བུ་སྤུན་གསུམ་ཡོད་པའི་འབྲིང་པོ་ཆོས་ཀྱི་རིན་ཆེན་ཞེས་བྱ་བའི་བཙུན་པར་གྱུར་ནས། ཕ་བློ་འབུར་ཤར་དང༌། ང་བྱང་ན་གནས་ཤིང་། བྱམས་པ་དང་སྙིང་རྗེའི་སྒོ་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེར་བྱུང་སྟེ། ཞིབ་པར་བཤད་ཀྱང་གཞན་ཡིད་ཆེས་པར་དཀའ། ད་རུང་དུའང་སྣང་ཡུལ་དུ་ཡུད་པ་རེ་མཐོང་གིན་འདུག་སྟེ། ཐོ་རེ་བ་གཅིག་མིན་པ་སྟོངས་འདུག །ཨ་ཙ་རའི་སྐད་དེ་རྣམས་ཀྱང་མི་གོ་བར་འདུག་གསུངས། མཚན་དེ་རྣམས་བོད་སྐད་དུ་ཇི་ལྟར་སྒྱུར་ལགས་ཞུས་པས། ཡིད་ལ་དེ་ལྟར་ཤར་བ་ཡིན་གསུངས།
།སྐུ་ཚེ་འདིའི་ལོ་རྒྱུས་ནི། རབ་དཀར་གངས་རིས་བསྐོར་བའི་ལྗོངས། ཆུ་བོ་ཆེན་པོ་པག་ཤུ་དལ་གྱིས་བབས་པའི་འགྲམ། བྱང་ཕྱོགས་[[Shang|གཡས་རུ་ཤངས་]]ཀྱི་བྱེ་བྲག །མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་པའི་གནས་མཆོག །ཡན་ལག་བརྒྱུད་དང་ལྡན་པའི་ཆུ་བོ་འདུས་པ་དང་བཅས་པ་འབབ་པའི་འགྲམ། ཁོང་ལམ་རྩ་ཐང་ཞེས་བྱ་བར། ཡབ་ཤུད་ཀྱི་[[བྱམས་པ་མགོན་]]དང་། ཡུམ་ལ་ཆིངས་[[སྲི་ཐར་འབུམ་]]གྱི་སྲས་བར་མར་སྐུ་འཁྲུངས་ཏེ། དེ་ཡང་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་ལུས་ཡང་བ་དང་། རྨི་ལམ་དུའང་ཉི་མ་ཤར་བ་དང་། འོད་གསལ་གྱི་སྣང་བ། ཉིན་མོ་ལྟ་བུ་འཆར་བ་བྱུང་། མ་གཅིག་ན་རེ། ངའི་བུ་འདི་ལ་ཆོས་པ་ཞིག་འོང་བར་འདོད་པས། འདི་ཡི་གཡོག་གྱིས་ཤིག །ཚོགས་རྫོགས་པ་ཡིན་ནོ་གསུང་ངོ་།
།དགུང་ལོ་ལྔ་ལོན་པའི་ཚེ། མ་ཎི་བགྲང་བ་དང༌། རྩེད་མོ་རྩེ་བའི་དུས་སུ། ཆོས་ཁྲི་དང་། སྤྱིལ་པོ་རྩིག་པ་དང་། ཆོས་འཆད་པ་དང་། བྱིས་པ་མང་པོ་ལ་རྔན་པ་བྱིན་ནས་ཀྱང་། མ་ཎི་འདྲེན་དུ་འཇུག་པ་དང་། ཉ་ལ་སོགས་པ་གསོད་པ་ལ་སྲོག་བླུ་བྱེད་པ་དང༌། བྱིས་པ་འགྲོ་མི་ཤེས་པ་རྣམས་ཁུར། སྙོམས་ཆུང་བ་རྣམས་ལ་ཟན་ལ་སོགས་པ་བྱིན་ནས་བསྐྱངས་པས། རྩྭ་ཐང་ན་བྱིས་པ་བྱང་ཆུབ་སེམས་དཔའ་ཞིག་ཡོད་པར་འདུག་ཟེར་བའི་གྲགས་པ་མི་ཤངས་ལ་སོགས་པར་བྱུང་གསུངས།
བརྒྱད་པ་ལ་ཡབ་ཀྱིས་རིན་པོ་ཆེ་ལ་གདན་དྲངས་ཏེ། བུ་འདི་ལ་ཆོས་པ་ཞིག་འོང་བར་ཡོད་པས། འདིའི་སྐྱིད་སྡུག་ཁྱེད་ཤེས་ཟེར་ནས་ཡབ་འདས་སོ།
།དེ་ནས་ལོ་བཅུ་པ་ལ་ཡང་དགོན་དུ་རིན་པོ་ཆེ་པ་ལ་དགེ་བསྙེན་མཛད།
བཅུ་གཅིག་པ་ལ་[[Tsangma Shangtön|མཁས་གྲུབ་ཤངས་སྟོན་]]ལ་མགོན་པོའི་རྗེས་གནང་དང༌། བླ་མ་མགོན་པོ་དབྱེར་མེད་གསན།
བཅུ་གཉིས་པ་ལ་[[Sengé Zangpo|སློབ་དཔོན་སེང་གེ་བཟང་པོ]]ས་ཁྲིད་ནས་ས་སྐྱར་བྱོན་ཏེ། བླ་མ་མཉམ་མེད་པས་མཁན་པོ། སློབ་དཔོན་སྐྱེས་མཆོག་པས་སློབ་དཔོན། [[Sengé Zangpo|སློབ་དཔོན་སེང་བཟང་]]གིས་གྲིབ་ཚོད་བ་མཛད་ནས། རབ་ཏུ་བྱུང་ནས། བླ་མའི་གསུང་ནས། དི་རིང་བྱམས་སྙིང་རྗེ་ལས་དྲས་པའི་མིང་ཞིག་འདོགས་དགོས་གསུངས་ནས། ཆོས་རྗེ་ལ་[[Jampa Pel|བྱམས་པ་དཔལ་]]དང་། གཞན་གཉིས་ལ་སྐྱོབ་པ་དཔལ་དང་། ཐུགས་རྗེ་དཔལ་དུ་བཏགས་ཏེ། སྙོག་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་མཛད་དོ། །བླ་མ་དེ་ཉིད་ལ་རིག་མཛོད་ལ་སོགས་པ་གསན་ནོ།
།བཅུ་དྲུག་པ་ལ༌ཡང་དགོན་དུ་[[Sengé Zangpo|སློབ་དཔོན་སེང་གེ་བཟང་པོ་]]ལ། ཀྱཻ་རྡོར། བདེ་མཆོག སྒྲོལ་མ་རྣམས་ཀྱི་དབང་སྒྲུབ། ཤེར་སྙིང་། ཨེ་ཀ་ཛ་ཏིའི་བློ་འཁེལ། ནམ་མཁའ་སྒོ་འབྱེད་ལ་སོགས་གཅོད་ཀྱི་སྐོར། ལམ་འབྲས་གཞུང་བཤད། ལམ་སྐོར་ལ་སོགས་པ་ཞུས་སོ། །དེ་ནས་བརྟག་གཉིས་ལ་སློབ་གཉེར་གྱིས་གསུངས་ནས། སློབ་གཉེར་མཛད་དོ།
།བཅུ་བདུན་པ་ལ་བཤད་གསར་མཛད་ཅིང་། ཆོས་འཆད་ཀྱང་ལོ་མང༌དུ་མཛད་དོ། །དེ་ནས་རིན་པོ་ཆེ་པའི་གསུང་ནས། རྣམ་འགྲེལ་ལ་སློབ་གཉེར་གྱིས་གསུངས་ནས། ནན་ཏན་འཇུར་པོ་མཛད་པས། ཁམས་འདུས་ཤིག་ཀྱང་བྱུང་བ་ལ། རིན་པོ་ཆེ་པས་ནད་འདོན་མཛད་པས་ཕན་ཏེ། ནད་དེ་ཤངས་པའི་ཆོས་སྐོར་འདི་དང་འཕྲད་པའི་རྟེན་འབྲེལ་ཡིན་པ་འདུག་གསུང་ངོ༌། །གཟིགས་རྟོག་གི་སྐབས་སུ། ས་སྐྱའི་དུར་ཁྲོད་དང་། ཨ་ཀ་དེ་བ་ལ་སོགས་ལ་གཅོད་མཛད་ཅིང་། དམ་ལ་བཏགས།
།དེ་ནས་ཉེར་ལྔ་པ་ལ། [[མཁན་པོ་སེང་གེ་དཔལ་བ]]ས་མཁན་པོ། རིན་པོ་ཆེ་པས་ལས་སློབ། [[སློབ་དཔོན་གྲུབ་སེང་]]གིས་གསང་སྟོན་མཛད་ནས། འདུལ་བ་ལུགས་ཀྱི་དཔྱིད་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་སྔ་དྲོའི་ཆ་ལ། [[འཇག་]]ཏུ་བསྙེན་པ་རྫོགས་ཤིང༌། དགྲ་བཅོམ་པ་ལྟ་བུར་གྱུར་ནས། དིང༌སང་དགེ་ཚུལ་ལ་སོགས་པའི་མཁན་པོ་ཆེན་པོར་བཞུགས་པ་འདི་ལགས་མོད། དེ་ནས་རིན་པོ་ཆེའི་གསུང་ནས། ད་རུང་ས་སྐྱར་རྣམ་འགྲེལ་རེ་ཤོད། ངས་གསེར་ཞོ་༼བཅོ་༽བརྒྱད་ཙམ་སྐུར་གྱིས་གསུངས་པ་ལ། རིན་པོ་ཆེ་ལ་སྐུ་ཁམས་བཟང་པའི་དུས་འདིར། ཆོས་དྲུག་ལ་སོགས་པའི་ཁྲིད་རྣམས་དང་། གཞན་ཡང་དབང་ལ་སོགས་ཀྱང་ཞུ་འཚལ། ད་ནམ་འཆི་ཆ་མེད་པས། ཐ་སྙད་ཚིག་གི་སྤྲོས་པ་གཅོད་པའང་དེ་ཙམ་དུ་གདའ་བས། སྒྲུབ་པ་ཁོ་ན་བྱེད་པ་ཞུ་ཞེས་ནན་ཆེར་ཞུས་པས། འོ་ན་ས་སྐྱར་ཇ་སྐོལ་དུ་སོང་གསུངས་ནས། ཆས་ཁ་རྣམས་ཁྱེར་ཏེ། ཇ་སྐོལ་ནས་མར་བྱོན་ཏེ། ཀ་ཙར་བཞུགས་པའི་སྲོད་ཀྱི་རྨི་ལམ་དུ། ཁྱི་དང་། གཡག་ནག་པོ་མང་པོ་བྱུང་ནས། རྨུགས་པ་དང་། བརྡུང་བ་ལ་སོགས་པ་བྱེད་དུ་བྱུང་བ་ལ། འདི་རྣམས་རྨི་ལམ་ཡིན་པ་འདུག་པས། རྨི་ལམ་ལ་གང་སྦྱང་སྦྱང་ཡིན་སྙམ་ནས། སྤྱང་ཁྱི་མང་པོར་སྤྲུལ་ཏེ། ཁྱི་རྣམས་ཟོས། གཡག་རྣམས་གར་སོང་ཆ་མེད་ལ་སོང་འདུག །བླ་མའི་དྲུང་དུ་མཇལ་དགོས་སྙམ་ནས། རྡོ་རྗེ་འཇིགས་བྱེད་དུ་སྤྲུལ་ནས་ནམ་མཁའ་ལ་འོངས་པས། བླ་མ་རིན་པོ་ཆེ་འཇག་ན་མི་བཞུགས་པར་འདུག །ཡང་ཕྱིན་པས་[[Kuklung|སྐུ་ལུང་]]ན། མི་བརྒྱ་ཙམ་ཞིག་ལ་སྒྱུ་ལུས་ཀྱི་དབང་བཀའ་མཛོད་ཀྱིན་འདུག་པ་ལ། ངས་ཀྱང་དབང་རྣམས་ཇི་ལྟ་བ་བཞིན་ཐོབ་སྟེ། སྔ་མའི་བག་ཆགས་དང་། བླ་མའི་བྱིན་རླབས་ཡིན་པ་འདུག་གསུངས། དེ་ནས་[[འཇག་]]ཏུ་ཕེབས་ཙ་ན། གཟིམས་ཁང་ན་[[སློབ་དཔོན་གྲུབ་སེང་]]འདུག །ཁོང་གི་གསུང་ནས། རིན་ཆེན་དཔལ་དང་སྡོང་ལ་མཛོ་དེད་ལ་ཤར་ཤོག་གསུང་བའི་ཞལ་ཏ་ཡོད་གསུངས་པས། སྔར་གྱི་དེ་དྲན་ནས་ཤིན་ཏུ་དགའ་བར་གྱུར་ཏེ། གསོལ་འདེབས་ཤིག་མཛད་པས། དེའི་ནུབ་མོ་མི་ནག་པོ་ཨ་ཙ་རའི་ཆ་བྱད་ཅན། གོས་པུས་གོང་མ་ཞིག་གྱོན་པ། ལྟག་ལྷས་བྱས་པ། ལག་ན་རལ་གྲི་ཐོགས་པ་གཅིག་ན་རེ། ཁྱེད་བསུར་འོངས་བ་ཡིན་ཡར་གཤེགས་ཟེར། གར་འགྲོ་བ་ཡིན་གསུངས་པས། བླ་མས་བསུར་བཏང་བ་ཡིན། ཁྱེད་ཆོས་ཞུ་བ་ཡིན་གསུང་བ་ལ་ངས་གྲོགས་ལ་འོངས་པ་ཡིན་ཟེར་ནས་མི་སྣང་བར་ཐལ་གསུངས། དེ་ནས་[[Kuklung|སྐུ་ལུང་]]དུ་སླེབས་པའི་ཉིན་ནས་དག་བྱེད་ཨའི་སྟོང་ར་གནང་ཞིང་། དེའི་ནུབ་མོ་ནས་བཟུང་སྟེ། ནུབ་འགའ་ཞིག་ཏུ་སྒྲིབ་པ་ཟད་པ་དང་། ནད་གདོན་ཐོན་པའི་རྟགས་རྣམས་ཇི་ལྟར་གསུངས་པ་བཞིན་བྱུང་གསུངས། ལུས་གནད་མེའི་སྟོང་རའི་སྐབས་སུ། དགུན་གྲུང་དུས་ཡིན་ཡང་། གཡབས་གྲང་མོ་ཞིག་ཏུ་རས་རྐྱང་ཐུབ་པ་ཞག་ཉེར་ལྔ་བྱུང་ཞིང་། དེ་ནས་བདེ་དྲོད་རང་འབར་དང༌། ༼སྣང་བ་ཐམས་ཅད་རང་སྣང་དང་༽། རྨི་ལམ་སྒྱུ་མ་ལྟ་བུ་བཅོས་མ་མ་ཡིན་པ་ཆགས་སྡང་ཐམས་ཅད་དང་བྲལ་བ་བྱུང༌། མཚན་མོ་རྨི་ལམ་བཟུང་ནས། བླ་མའི་དྲུང་དུ་མཇལ་བ་དང། ཆོས་གསན་པ་དང། རི་དང་བྲག་ལ་སོགས་པ་ལ་ཕར་ཐལ་ཚུར་ཐལ་བྱེད་པ་དང་། འོད་གསལ་གྱི་གསལ་སྣང་གི་སྒོ་ནས་ཐག་ཉེ་རིང་ཀུན་མཐོང་བ་བྱུང་ཞིང༌། དེ་ནས་རིན་པོ་ཆེ་འཁོར་ཆེན་མཛད་པའི་མཆོད་གཡོག་ལ་ཤོག་གསུངས་ནས་ཕྱིན་པས། དྲོད་དང་རྨི་ལམ་གྱི་སྟོབས་ཆེན་པོ་དེ་འགྲིབས་ནས་ཞག་མང་པོར་སོར་མ་ཆུད། མི་མང་པོའི་གྲིབ་ཀྱིས་ལན་འདུག །དེས་ན་སྒྲུབ་པ་བྱེད་དུས་སུ། གྲིབ་ལ་འཛེམས་པ་ཤིན་ཏུ་གལ་ཆེ་བ་གདའོ་གསུངས། རིན་པོ་ཆེ་པ་ལ་སྔ་ཕྱིར་ཆོས་གསན་པ་ལ། རྭ་འབྲོའི་ལུགས་ལ་སོགས་པ་དུས་འཁོར་གྱི་སྐོར། ཀྱཻ་རྡོར་གྱི་དབང་ལ་སོགས་པ་ལམ་འབྲས་ཀྱི་སྐོར། བདེ་མཆོག་དཀར་པོ་ལ་སོགས་པ་བདེ་མཆོག་གི་སྐོར། གཤེད་དམར་ལ་སོགས་པ་གཤིན་རྗེའི་སྐོར། འཁོར་ཆེན་ལ་སོགས་པ་ཕྱག་རྡོར་གྱི་སྐོར། འཇམ་རྡོར་ལ་སོགས་པ་རྡོར་འཕྲེང་གི་སྐོར། གཉན་ལོའི་ལུགས་སོགས་སྒྲོལ་མའི་སྐོར། གྲུབ་རྒྱལ་སོགས་ཚེ་དཔག་མེད་ཀྱི་སྐོར། [[བྷིར་ཝ་པ་]]ལ་སོགས་རྣམ་འཇོམས་ཀྱི་སྐོར། གཏུམ་པོ་ལ་སོགས་མི་གཡོ་བའི་སྐོར། དྲག་པོའི་སུམ་སྦྲག་ལ་སོགས་རྟ་མགྲིན་གྱི་སྐོར། རིན་ཆེན་རྒྱན་འདྲ་ལ་སོགས་ཕག་མོའི་སྐོར། རྡོར་དབྱིངས་ལ་སོགས་ཡོ་གའི་སྐོར། སེང་གེ་སྒྲ་ལ་སོགས་སྤྱན་རས་གཟིགས་ཀྱི་སྐོར། རྣམ་རྒྱལ་ལ་སོགས་བྱ་སྤྱོད་ཀྱི་སྐོར། ཡི་གེ་བཞི་པ་ལ་སོགས་ཕྱག་ཆེན་གྱི་སྐོར། བསྙེན་སྒྲུབ་སོགས་དབུ་རྒྱན་པའི་ཆོས་སྐོར། རྒྱལ་བ་རྒྱུ་མཚོ་སོགས་ཀརྨ་པའི་ཆོས་སྐོར། ཚ་གོང་གཏོར་མ་སོགས་གཏོར་མའི་སྐོར། སྡེ་འཆའ་ལ་སོགས་དཀའ་ཐུབ་ཀྱི་སྐོར། གཞན་ཡང་དབང་དང་རྗེས་གནང་སོགས་བྱིན་རླབས་སྣ་ཚོགས་པ། སྒྲུབ་ཐབས་སྣ་ཚོགས་པ། མན་ངག་སྣ་ཚོགས་པ། འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་སྡེའི་སྐོར། རྒྱལ་པོ་མདོ་ལྔ་ལ་སོགས་མདོ་སྡེའི་སྐོར། སེམས་འགྲེལ་སྐོར་གསུམ་ལ་སོགས་བསྟན་ཆོས་ཀྱི་སྐོར། ཡང་དག་སོགས་རྙིང་མའི་སྐོར། དེ་ལྟར་ཁ་ཅིག་ནི་ཐམས་ཅད་རྫོགས་པ། ཁ་ཅིག་ནི་ཐམས་ཅད་མ་རྫོགས་པ། ཁ་ཅིག་ནི་དབང་བཀའ། ཁ་ཅིག་ནི་བཤད་བཀའ། ཁ་ཅིག་མན་ངག་གི་བཀའ་རྣམས་དང་། ཁྱད་པར་དུ་ཤངས་པའི་ཆོས་སྐོར་ལ། བྱིན་རླབས་ཁོག་འབུབས་ཀྱི་བཀའ་གཉིས། བྱིན་རླབས་གཞུང་ཤིང་གི་བཀའ་བརྒྱད། ཕྱག་རྒྱ་ཆེན་པོའི་བཀའ་ལྔ། མཁའ་སྤྱོད་ཀྱི་བཀའ་ལྔ། མགོན་པོའི་བཀའ་ལྔ་ལ་སོགས་པ་དང་། ཆོས་དྲུག་ལ་སོགས་པའི་ཁྲིད། སྒྱུ་མ་ལམ་རིམ་ལ་སོགས་པའི་ལུང་རྣམས་གསན་ཅིང་། དེ་ལྟར་ཆོས་གསན་པ་ཐམས་ཅད། མདོ་རྒྱུད་སོགས་ནས་ཇི་ལྟར་བཤད་པ་བཞིན་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས། གདུལ་བྱ་རྣམས་ཀྱི་གཙུག་རྒྱན་དུ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མེད་དུ་བཞུགས་པ། ད་ལྟ་གཟིགས་པས་གསལ་བ་འདི་ལགས་མོད།
ཆོས་རྗེའི་ཞལ་ནས། རིན་པོ་ཆེ་པས་བདེ་མཆོག་གི་ཡི་གེ་བདུན་པའི་ཟླས་པ་དུང་ཕྱུར་ཕྲག་བདུན་སོང་གསུང་བས། བདེ་མཆོག་ཏུ་མཐོང༌ཐང་བར་འདུག་སྟེ། ངས་ཐུགས་རྗེ་ཆེན་པོ་དངོས་སུ་མཐོང་ཞིང་། དེ་ནས་བཟུང་སྟེ་ཐ་མལ་གྱི་རྟོག་པ་སྐྱེ་མ་མྱོང་གསུང་ངོ་།
།ཡང་[[འཇག་]]གི་གཟིམས་སྤྱིལ་དུ་ཕྱག་ཆེན་གྱི་སྒྲུབ་པ་མཛད་པའི་དུས་སུ། སྒོམ་ཁང་དུ་ལྟ་སྟངས་མཛད་དུས། ཐོག་མར་ཐོག་མཚམས་སུ་འོད་དཀར་པོ་འཁྱིལ་བ་ཞིག་བྱུང་། དེ་ཇེ་གསལ་ལ་སོང་ནས། བྱེ་བའི་མཆོད་རྟེན་ཡན་ཆད་དཀར་ལྷག་གིས་མཐོང་། དེ་ཇེ་གསལ་ལ་སོང་ནས། སྲེག་ཤིང་ཡན་ཆད་ཀྱི་མི་རྣམས་ལུད་སྐྱེལ་བ་དང་། བྲོ་ཟ་བ་ལ་སོགས་དང༌། སྲོག་ཆགས་གཞན་ཐམས་ཅད་ཅི་བྱེད་པ་གསལ་སིང་མཐོང་། མཉམ་གཞག་དེ་ལས་ལངས་པ་དང་། གསལ་སྣང་དེའང་འགྲིབས་སོང་གསུང་ངོ་། །དེ་ཡང་དེ་ནུབ་རྨི་ལམ་བཟུང་ནས་[[འཇག་]]ཕྱེ་བ་ན་ཕར་ཕྱིན་པས་ཐུགས་རྗེ་ཆེན་པོ་ཞལ༌གཅིག་ཕྱག་བཞི་པ་ཞིག་ཏུ་འགྱུར་སོང་། རྨི་ལམ་དུ་འདུག་པས་པོ་རྟ་ལ་བལྟ་དགོས་སྙམ༌སྟེ། དཀྱིལ་ཀྲུང་བཅས་ནས་ནམ་མཁའ་ལ་ཕྱིན་པས། པོ་ཏ་ལ་ཡིན་ཟེར་བའི་བྱེ་མའི་རི་ལ་ཤིང་རྩི་དང་བྱ་སྣ་ཚོགས་པ་ཡོད་པའི་རྩེ་ན། མཆོད་རྟེན་དཀར་པོ་ཞིག་འདུག །དེའི་ནང་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་ཞིག་བཞུགས་པ་མཐོང་། མོས་པ་དང་གུས་པ་ཚད་མེད་པ་སྐྱེས་ཏེ། བྱིན་རླབས་ཞུས་པས། ཇོ་བོས་ངའི་མཀོ་ཐོག་ཏུ་ཕྱག་བཞག་སྟེ། ཁྱོད་ཀྱིས་སྐྱེ་བ་སྔ་མ་ལ་བྱམས་སྙིང་རྗེ་བསྒོམས་པས། སྐྱེ་བ་འདིར་བདག་དང་མཇལ་བ་ཡིན། འདིའི་ཕྱི་མ་ལ་རྒྱ་གར་དུ་སྐྱེས་ནས། བྱམས་སྙིང་རྗེས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་འགྲུབ་པར་འགྱུར་གསུངས། དེ་ནས་ཆོས་ཤིག་ཞུ་དགོས་བསམ་པ་དང་། གཉིད་སད་ནས་ཆོས་ཞུ་པའི་ལོང་མ་བྱུང་གསུངས། དེ་ནས་སྐུ་མཚམས་དམ་པར་མཛད་པས། རྣལ་ལམ་ཟིན་ནས། བྲག་རི་ལ་སོགས་པ་ལ་ཕར་ཏལ་ཚུར་ཏལ་བྱེད་པ་སོགས་སྦྱོང་སྤེལ་གང་ལ་ཡང་ཐོགས་པ་མེད་པ་དང་། ཉིན་བར་ནམ་མཁའ་དང་བར་སྣང་ལ་བསྟན་གཙོ་དང་། བདེ་མཆོག་དང་། དགེས་རྡོར་ལ་སོགས་ལྷ་སྐུ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བ་དང་། རིགས་དྲུག་གི་སྣང་བ་ཡང་བསམ་གྱིས་མི་ཁྱབ་པ་མཐོང་སྟེ། རིན་པོ་ཆེ་པ་ལ་ཞུས་པས། ལྷ་སྐུ་རང་ཡང་དོན་དམ་པའི་སྲིད་པ་གསུམ་བྱ་བ་ཡིན། ངོ་བོ་ལ་དེ་ལས་བོགས་དབྱུང་རྒྱུ་མེད་གསུངས། དེ་ནས་རིན་པོ་ཆེ་པའི་གསུང་ནས། ངའི་གཡོག་རྣམས་ཀྱིས། བྱིན་རླབས་འཇུག་པ་ཡིན་གསུངས་ནས། ལོ་བཅུ་གསུམ་གྱི་བར་དུ་ཞབས་ཏོག་དང་སྒྲུབ་པ་སྤེལ་མར་བྱས་ཤིང་། ཁྱད་པར་ས་སྐྱ་ལ་སོགས་པར་འབུལ་འགྱེད་སོགས་ཀྱི་བྱ་བ་རྣམས་གུས་པར་བསྒྲུབས་པས། རྣལ་ལམ་གྱི་སྟོབས་ཤིན་ཏུ་ཆེ་བ་དང༌། [[Niguma|ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་]]སོགས་བརྒྱུད་པའི་བླ་མ་མང་པོ་དང་མཇལ་ཞིང་། མ་འོངས་པའི་ལུང་བསྟན་འགའ་རེ་བྱུང་ཞིང་། ཡང་[[Kuklung|སྐུ་ལུངས་]]གཟིམས་ཁང་དུ་བསྡད་དུས། རྨི་ལམ་དུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཞལ་མཐོང་ཞིང་། མགོན་པོའི་ཞལ་ནས། ང་དང་བླ་མ་དབྱེར་མེད་དུ་སྒོམས། བྱིན་རླབས་འཇུག་པ་ཡིན་གསུངས། ཆོས་རྗེའི་ཞལ་ནས། མཁས་གྲུབ་པ་དང་ང་གཉིས་ཀ་བས། མགོན་པོ་ཁྱོད་ལ་འགོ་བ་ཞིག་ཡོང་པར་འདུག་ཡང་ཡང་གསུངས། ཡང་རིན་པོ་ཆེའི་གསུང་ནས། ད་ལོ་ཡང་ས་སྐྱ་སོགས་སུ་ཚ་བ་འདྲེན་དུ་རྒྱུག་གསུངས་ནས་བྱོན་ཏེ། ཉི་ཐོག་འབུམ་ཁང་དུ། གཟིམས་པའི་ནུབ་མོ་བུད་མེད་དཀར་མོ་གཅིག་མངོན་སུམ་དུ་བྱུང་ནས། ༼བླ་མ་༽མྱུར་པོ་གཤེགས་པ་ཡོད་པས། མྱུར་པོར་སོང་ལ་ཆོས་ལྷག་མ་རྣམས་ཞུས་ཟེར་ཏེ། མྱུར་དུ་བྱོན་ནས་ཆོས་ལྷག་མ་འགའ་རེ་གསན། རིན་པོ་ཆེ་པ་སྐུ་གཤེགས་ཁར་འོ་སྐོལ་ལ་བུ་སློབ་བཟང་ལ་མང་བ་བདོག་པས། གདན་ས་བ་ཞིག་བསྐོས་པ་དྲག་ལགས་ཞུས་པས། ནང་རྟེན་ཕྱི་རྟེན་དང༌། དཔེ་ཆ་འདི་པའི་གཉེར་པ་ཁྱོད་ཀྱིས་ཡོང་མོད་གསུངས་པས། བདག་གིས་ཞལ་ཏའི་ལུགས་བཞིན་༼ལུས་ཀྱི་༽ཞབས་ཏོག་བགྱིས་པས། ཡོན་ཏན་དང་མི་གཞི་ལ་སོགས་པས་མི་ཡོང་ལགས་ཞུས་པས། ལོ་ལྔའི་བར་དུ་ཁྱོད་རང་མི་ཡོང་ཀྱང་ཡོང་ལོད། མི་ཤེས་ཀྱང་ཤེས་ལོད་གྱིས། དེ་ནས་རི་ཁྲོད་ཡིན་པས་ནང་རྟེན་གར་སྡོད་དུ་གདན་དྲོངས། མ་ཐེག་ན་སྲེག་ཤིང་ངམ་[[Kuklung|སྐུ་ལུངས་]]སུ་གདན་དྲངས་ནས་ཕྱིན་པས་ཆོག །ཅིང་གོག་པོ་འདི་ཚོ་ལ་ཆགས་མི་དགོས་གསུངས། དེ་ནས་རིན་པོ་ཆེ་པའི་གཤིགས་རྫོངས་ཀྱི་ཚེ། མཁན་ཆེན་སྲེག་ཤིང་པ་སོགས་ཀྱི་གཙོ་མཛད་རྣམས་ལ་གདན་ས་བ་གཞན་ཞིག་བསྐོས་པ་དྲག་ལགས་ཞུས་པས། ཁོང་རྣམས་ན་རེ། རིན་པོ་ཆེའི་ཞལ་ཏ་བཅོས་སུ་མི་བཏུབ་གསུངས་ནས། དབང་མེད་གདན་ས་བྱས་གསུང་ངོ་། །དེ་ནས་ལོ་གཅིག་གི་བར་དུ་སྒྲུབ་པ་མཛད་པའི་རྣལ་ལམ་དུ་རིན་པོ་ཆེ་པ་བྱོན་ནས། ད་དབང་བསྐུར་དང་ཁྲིད་ལ་སོགས་པ་གྱིས། བྱིན་གྱིས་ངས་བརློབས་པ་ཡིན་མོད། ཅེས་ལན་གསུམ་དུ་བྱུང་ཞིང་། དེ་ནས་དགེ་སློང་དཔལ་སེང་དང་། བྱང་ཆུབ་དཔལ་ན་རེ། ད་ལོ་དབང་དང་ཁྲིད་མཛད་པའི་ཞུ་བ་བྱེད་ཟེར་བས། ངས་དབང་ཁྲིད་མི་ཡོང་བྱས་པས། ཡང་རིན་པོ་ཆེ་པ་རྨི་ལམ་དུ་བྱོན་ནས། ཆོས་དྲུག་གི་ཁྲིད་ཕོག །སྒྱུ་ལུས་ཀྱི་དབང་སོགས་ངས་བྱེད་པ་ཡིན་མོད་གསུངས་ནས། མི་བདུན་ཅུ་ཙམ་ལ་ཁྲིད་བཏབ་པས། ཆོས་བཤད་པ་ལ་ཐེ་ཚོམ་བྱུང་བའི་ཚེ། རིན་པོ་ཆེ་ལ་བྱོན་ནས། འདི་བཞིན་བྱེད་པ་ཡིན་མོད་གསུངས་ནས། མ་བདེ་བ་རྣམས་གསལ། བུ་སློབ་རྣམས་ལའང་ངེས་ཤེས་སྐྱེས་པ་དང་། རྨི་ལམ་དང་འོད་གསལ་ཟིན་པ་དང༌། སྒྱུ་མའི་ཉམས་ཤར་བ་བྱུང་ཞིང་། ཁྱད་པར་དུ་ཞོང་ཁམས་ན་རེ། ངེད་ཆོས་ཉན་རྣམས་ཀྱི་གྲལ་ལ་བུད་མེད་མང་པོ་ཆོས་ཉན་པ་དངོས་སུ་མཐོང་ཟེར། ལས་དག་པས་བལྟས་ན་དེ་འདྲ་འདྲ་འགའ་རེ་ཡོད་བྱས་གསུངས། ཡང་སློབ་བུ་གཅིག་པས་འཁོར་ཆེན་གྱི་དབང་དགོས་ཟེར་བས་ངས་མི་ཤེས་བྱས་པས་མ་ཉན། ཡང་སློབ་དཔོན་གྲུབ་སེང་ལ་མ་བདེ་བ་རྣམས་དྲིས་ཤིང་བྱེད་དགོས་སྙམ་པའི་ནུབ་མོ། རིན་པོ་ཆེ་པ་བྱོན་བྱུང་ནས། འདི་བཞིན་བྱེད་པ་ཡིན་མོད། འདུག་བྱེད་པ་ཡིན་མོད་གསུངས། དབང་གི་དུས་སུ་སློབ་མ་རྣམས་ལ་བཤད་པས། ཁོང་རྣམས་མོས་ནས་མཆི་མ་ལྷུང་ལྷུང་བྱུང་། འཁོར་ཆེན་འདི་བྱིན་རླབས་ཆེན་པོ་ཞིག་འདུག་སྟེ། སྟོན་བཀྲས་ལ་མནམ་གཟེར་ཁག་པོ་ཞིག་འདུག་པ་ལ། འདིའི་དབང་ལན་ཞིག་བྱས་པས་ཕན་བྱུང་གསུངས། དེ་ནས་རིན་པོ་ཆེ་པ་ལ་མན་ངག་མ་གསན་པ་རྣམས་གསན་པར་དགོངས་ཏེ། རིན་པོ་ཆེ་བློ་བཟང་པ་ལ། བདེ་མཆོག་བཅུ་གསུམ་མ་སོགས་[[Rechungpa|རས་ཆུང་པ]]འི་སྐོར་དང་། ལྷ་བཞི་ལ་སོགས་[[Rahula|ར་ཧུ་ལ]]འི་ཆོས་སྐོར། ཀུ་སུ་ལུའི་ཚོགས་གསོག །ཤ་བ་རི་པའི་ལུགས་སོགས་གསན། མཁན་ཆེན་སྲེག་ཤིང་པ་ལ། གསང་འདུས་ཀྱི་རྒྱབ་ཆོས་དོན་བཞི་མ་སོགས་དང༌། བླ་མ་འཇམ་རིན་པ་ལ་གསང་འདུས་ཀྱི་དམར་ཁྲིད་ལ་སོགས་དང་། གཞན་ཡང་བླ་མ་རྣམས་ལ་ཆོས་གསན་པ་རྣམས་གསན་ཡིག་ཏུ་ལྟོས་ཤིག །[[བླ་མ་སངས་རྒྱས་རྒྱལ་མཚན་]]ལ། གཡག་ཐང་དུ་སྦྱོར་དྲུག་གསན་པའི་ཚེ། གཡག་ཐང་གི་ཐང་ཞབས་ན་མར། མི་དང་ཁལ་པ་ལ་སོགས་འགྲོ་བ་༼ཇི་ལྟ་བ་བཞིན་༽མུན་ཁང་ནས་མཐོང་། དེ་ལ་མཆེད་ནས་མི་ཤངས་ལུང་པ་དང་། འཇུག་ལུང་པའི་མི་རྣམས་ཅི་བྱེད་དང་། ཁྱད་པར་རང་ངེའི་གཡོག་པོས་མཛོད་ནས་ནས་རྐུ་བའང་མཐོང་གསུངས། རྨི་ལམ་བཟུང་ནས་རྒྱལ་ཆེན་རིགས་བཞིའི་གནས་གཟིགས་སུ་བྱོན་པས། གཟུགས་ཤིན་ཏུ་རིང་ཞིང་། གོས་༼རིང་པོ་༽ཁྱད་འཕགས་གྱོན་པ། བུད་མེད་གར་བྱེད་ཅིང་རོལ་མོ་དང་། མཆོད་པ་སྣ་ཚོགས་འབུལ་བ་ལ་སོགས་པ་བཀོད་པ་བསམ་གྱི་མི་ཁྱབ་པ་གཟིགས། ལྷ་མ་ཡིན་གྱི་གནས་ཀྱང་མཐོང་། དེ་ན་སྡུག་པོ་འདུག་གསུངས། གཞན་ཡང་ཡི་དམ་ལྷ་མང་པོའི་ཞལ་ལྟ་བ་དང་། རང་གི་ལུས་མང་པོར་སྤྲུལ་ནས་དེ་དག་ལ་མཆོད་པ་བསམ་གྱིས་མི་ཁྱབ་པའང་འབུལ་ནུས་པ་བྱུང་གསུངས། བླ་མ་དེ་སྦྱོར་དྲུག་ལོ་རེ་རྫོགས་པར་མི་གནང་ཡང་། ཉམས་རྟོགས་ལ་མཉེས་ནས། བུ་བཟང་གསུངས་ནས། ཟླ་བ་གཉིས་ལ་ཐམས་ཅད་རྫོགས་པར་གནང་ཞིང་། སྲོག་རྩོལ་གྱི་སྐབས་སུ། ལུས་ཁྲུ་གང་ཙམ་གྱི་ནམ་མཁར་འཕགས་ནས་ཡུན་རིང་པོར་གདན་ལ་མི་ཕེབས་ཤིང་། རླུང་རྒྱུ་བ་ཞག་འགའ་རེ་མི་ཚོར་བ་དང་། ཉིན་མཚན་མེད་པར་བར་སྣང་ཐམས་ཅད་འོད་ཀོར་གྱི་ནང་དུ་ལོངས་སྐུ་དང་སྤྲུལ་སྐུ་ལ་སོགས་པའི་ལྷ་སྐུ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བ་དང༌། པི་ཝང་དང་། གླིང་བུ་དང་། སྒྲ་སྣ་ཚོགས་རྒྱུན་མི་ཆད་དུ་བྱུང་བས། སོ་མ་བསོད་པ་སྙམ་བྱེད་པ་དང་། ལྕེའུ་ཆུང་ལ་རོ་ཤིན་ཏུ་མངར་བ་བྱུང་བ་ལ་བརྟེན་ནས། ཞག་མང་པོར་ཟས་བཟའ་མི་དགོས་པ་དང་། ལྷ་ས་དང་ས་སྐྱ་ལ་སོགས་པ་ཐག་ཉེ་རིང་མང་པོ་གཏན་ལ་ཕེབས་པ་དང༌། ལྕང་ལོ་ཅན་ཡིན་ཟེར་བའི་ས་ཕྱོགས་རང་བཞིན་གྱིས་སྔོ་བ། ཁང་པ་ཐམས་ཅད་ལྕགས་ལ་རི་ཐམས་ཅད་ཀྱང་རྩེ་མོ་རྣོ་བ། མི་ལ་སོགས་པ་ཐམས་ཅད་ཀྱང་ཁོག་སྔོན་པོ། སྐད་རིགས་མི་འདྲ་བ་མང་པོ་ཡོད་པའི་དབུས་ན། དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་དངོས་སུ་མཐོང་ཞིང་། གཟུགས་རིས་ཀྱི་ལུང་ཡང་གནང་གསུངས། རྣལ་ལམ་བཟུང་ནས་རྡོ་རྗེ་གདན་དང་། རི་བོ་རྩེ་ལྔ་དང་། བདེ་བ་ཅན་དང་། དགའ་ལྡན་ལ་སོགས་པ་གཟིགས། རེས་འགའ་ཡི་དྭགས་ཀྱི་གནས་དངོས་སུ་མཐོང་བ་ལ་བརྟེན་ནས། སྙིང་རྗེ་དྲག་པོ་སྐྱེས་ཏེ། མཚན་ཐལ་གྱིས་ངུ་དགོས་པ་ཡང་བྱུང་གསུངས། བུམ་པ་ཅན་སྒོམ་པའི་ཚེ། སྔོན་ལ་ལུས་ལ་ཟུག་གཟེར་དང་། མཐར་སོར་མོའི་རྩེ་ལ་རླུང་རྒྱུ་བའི་སྒྲ་སི་སི་ཟེར་བ་དང་། དེ་ནས་ལུས་ལ་སྲོག་ཆགས་གཙོས་འབྲད་པ་དང་། འཁྱུག་པ་ལྟ་བུ་དང༌། དེ་རྗེས་ལུས་ཀྱི་ཁོལ་བུར་བདེ་བ་དང་། ལུས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པའང་བྱུང་གསུངས། ཡང་སློབ་དཔོན་ཡོན་ཚུལ་ལ་འཕྲུལ་འཁོར་བབས་འདུག་པ་ཁོང་གིས་དེ་ང་ལ་འགོས་ནས། ལུས་ཀྱི་འཕྲུལ་འཁོར་དུ་བྱེད་ཅིང་། ངག་གིས་སཾསྐྲི་ཏའི་སྐད་དང་། ཆོས་འཆད་པ་དང༌། ངུ་བ་དང་། དགོད་པ་ལ་སོགས་པ་དང་། རིས་འགའ་མི་མང་པོས་འཐབ་མོ་སོགས་བྱས་པས། སྙིང་རླུང་འཇུག་པ་ལྟ་བུ་རྣམ་འགྱུར་དུ་མ་བྱུང་ཞིང་། དེ་ནས་ཚུར་སླེབས་དུས་སུ་ཡང་འཕྲུལ་འཁོར་བབས་བྱུང་བ་ལ། མི་བཅུ་གཉིས་ཀྱིས་གཟུང་བས་མ་ཐུབ། པུ་ཤུའི་སྟེང་ན་ཕར་ཕྱིན་པས། མི་དེ་རྣམས་ཀྱང་ལུས་ལ་བཏགས་པ་ལྟར་ཕྲུལ་ཕྲུལ་འདུག །མཛོ་མི་སྲུན་པ་ཞིག་ཡོད་པའི་ཟེ་བ་ལ་འཚང་རའི་སྟེང་དུ་རྐང་པ་བཞག་སྟེ་ཀེར་བྱས་པས། མཛོ་ཁོ་མི་ལྷུང་བར་འདུག་ཅིང་། དེ་ལ་སོགས་པ་མང་པོ་བྱུང་ནའང་། བརྗོད་ཀྱིས་མི་ལང་༼གསུང་ངོ་༽། དེ་ནས་[[བླ་མ་རང་བྱུང་རོལ་པའི་རྡོ་རྗེ་]]ཀོང་པོ་ནས་ཕྱག་ཕེབས་འདུག་ཟེར་ནས། རིན་པོ་ཆེའི་བླ་མར་གདའ་བས། འབུལ་བ་སྐྱེལ་བ་དང་། ཇོ་བོ་སྐོར་བ་ལ་ཕྱིན་པས། རྩ་རར་སླེབས་པའི་ནུབ་མོ། སྐོར་མོ་ཆེ་ཐམས་ཅད་འདི་ནས་ལྡོག་དགོས་པར་འདུག །ལྷ་ས་དམག་གིས་གང་ནས་འགྲོ་ས་མི་འདུག་ཟེར་བ་ལ། དེའི་ནུབ་རྨི་ལམ་དུ་བུད་མེད་དམར་པོ་གཅིག་བྱུང་ནས། ཡར་ལྡོག་མི་དགོས་སང་བསུ་མི་ཡོང་བ་ཡོད་ཟེར་བས། རྐྱེན་བྱས་ཏེ་རྨི་ལམ་བཟུང་ནས་ཇོ་བོའི་དྲུང་དུ་ཕྱིན་པས། ཇོ་བོའི་དྲུང་ན་བུད་མེད་དཀར་མོ་ལོ་བཅུ་དྲུག་ཙམ་ལོན་པ་ཞིག་འདུག་པ་ན་རེ། ཁྱོད་ལ་ད་ལྟ་ཡང་འགྲོ་དོན་ཆེ་རབ་འདུག་སྟེ། འདི་བཞག་ནས་སྒྲུབ་པ་ཁོ་ན་བྱས་ན། ཕྱི་མ་ལ་འགྲོ་དོན་ཆེན་པོ་ཡོང་བ་ཡོད། ཟེར་ཙ་ན། མི་རྣམས་ཀྱིས་ཀུ་ཅོ་བཏབ་པས་གཉིད་སད་༼ནས་༽གསུང་། གཞན་འབྱོན་ལོང་དང་ཇོ་བོའི་དྲུང་དུ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཞིག་འབུལ་དགོས་སྙམ་ནའང་༼འབུལ་བའི་ལོངས་༽མ་བྱུང་། དེ་ནས་མི་རྣམས་ཇོ་བོའི་དྲུང་དུ་ཕྱིན་པས། དམག་གིས་གནོད་པ་མི་ཡོང་པ་ཡོད་གསུང་བྱོན་པས། ནང་པ་གྲགས་དམ་གྱི་མི་གཅིག་དང་། རང་རེའི་སློབ་མ་གཅིག་དང་གཉིས་བྱུང་ནས་ངེད་ཀྱིས་བསུར་ཡོང་པ་ཡིན་ཕྱིན་པས་ཆོག་པ་ཡོད་ཟེར་ནས་ཞུ་ཡིག་ཁྱེར་ནུས་ས་ཆེར་རྡོར་དཔལ་གྱིས་ཟབ་ཁར་སླེབས་བྱུང་གདའོ། །ཡར་ཕྲང་ལ་བྱོན་ནས་ལྷ་ས་ལ་བསྐོར་དུས། ཤུག་པ་རྩའི་རང་བྱོན་འཕགས་པ་མཆེད་གཉིས་སུ་གཟིགས། དེ་ནས་སྐབས་འགའ་ཞིག་གི་ཚེ། ངང་ཤངས་ཀྱི་རི་ལ་གཅོད་མཛད་པས། ཐུགས་དམ་ལ་བོགས་ཆེན་པོ་ཐོན། དེ་དུས་ཆུ་སི་རི་མོར་ཚ་བ་ཐོན་ནས། ཉི་མ་ལ་བཞུགས་པའི་ཚེ། བུད་མེད་དམར་པོ་ཞིག་བྱུང་ནས། ༼ཀ་ཡེ་༽ཡ་ཀིར་ལྟོས་དང་ཟེར་ནས་གཟིགས་པས། བྲག་ཟེ་དེ་ན། རྡོ་རྗེ་འཇིགས་བྱེད་ཤིན་ཏུ་ཆེ་བ་ཞིག་མངོན་སུམ་དུ་གཟིགས། ཆོས་རྗེའི་ཞལ་ནས། དེ་ལ་ཤིན་ཏུ་འཇིགས་པ་དང་། མོས་གུས་སྐྱེས་པ་གཉིས་བྱུང་ཞིང་། ཡང་འཇིགས་བྱེད་ཀྱི་བསྐྱེད་རིམ་བསྒོམས་ནས། སྒོ་ལ་འགྲོ་དུས་ཡོན་བྱས་ནས་མ་ཕྱིན་ན་སྒོ་ལ་ར་ཐོགས་པ་སྙམ་བྱེད་པ་བྱུང་གསུངས། ཡང་མི་ཤངས་ལ་གཅོད་ལ་ཕྱིན་པས། སློང་ཚད་དང་ཚར་ཚད་གཉིས་ཀ་ཞག་གཉིས་ལ་བྱུང་ཞིང་། ཡང་དེའི་གཞི་བདག་བཙན་གཅིག་བར་ཆད་བྱེད་དུ་བྱུང་བ་ལ། ངས་གཤིན་རྗེ་དགྲ་ནག་ཏུ་སྤྲུལ་ནས། བཏུལ་བས་སྲོག་སྙིང་ཕུལ། མཆོད་པོ་དྲངས། བཀའ་འབངས་སུ་ཁས་བླངས། ཡང་འཇིགས་བྱེད་དུ་སྤྲུལ་ནས། གཟུ་རུའི་ཀླུ་བདུད་བཏུལ་བས། བཀའ་འབངས་སུ་ཁས་བླངས་གསུངས། ཡང་[[Shongshong|ཞོང་ཞོང་]]གི་སྐུ་འབུམ་དྲུང་དུ། ཞལ་དྲུག་གསོལ་བ་འདེབས་ཀྱིན་བསྡད་པས། རྨི་ལམ་འབད་མེད་འཁོར་མར་ཟིན། ནུབ་ཅིག་རྨི་ལམ་དུ་བུད་མེད་དམར་མོ་ཞིག་གིས་འགྲམ་པ་ལ་ཐལ་ལྕག་བདེན་པ་ཞིག་བརྒྱབ་སྟེ། ཡར་ལོངས་ལ་དགེ་སྦྱོར་གྱིས་ཁྱོད་ལོ་གསུམ་ན་འཆི་བའི་ཚེ་ངས་བསྲིངས་ཡོད་ཟེར། གཉིད་སད་ནས་ཀྱང་འགྲམ་པ་ཚ་བེ་རེ་འདུག །ཡང་བྲག་ཞུང་གོང་མར་མཚམས་བཅད་པའི་ཚེ། ནུབ་གཅིག་གཉིད་ཙམ་མ་བྱུང་བར། གསོལ་འདེབས་ཤིག་བྱས་པས་མོས་གུས་ཚད་མེད་པ་སྐྱེས། དེ་གོང་དུ་བདེ་མཆོག་ལ་ཡི་དམ་གཙོ་བོར་བྱེད་ཀྱིན་ཡོད་པ་ལ། དེ་ནུབ་རྨི་ལམ་དུ་ནམ་མཁའ་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་འཛུམ་མུལ་ལེ་བྱོན་ནས། ཁྱོད་ཀྱི་ཡི་དམ་གྱི་ལྷ་ང་ཡིན་གསུངས། དེ་ནས་དངོས་སུ་ཡང་མཐོང་གིན་འདུག་ཅིང་། དེ་ནས་ཕྱག་དྲུག་པ་འདི་ཡང་ལས་མྱུར་དུ་སོང་བྱུང་སྟེ། འདི་རྣམས་ཀྱང་སྲོག་གཅིག་པ་ཡིན་པར་འདུག་གསུངས། དེའི་རྗེས་ལ་རྡོ་རྗེ་རྣལ་འབྱོར་མའི་ཞལ་མཐོང་ཞིང་། ཆོས་ཁྱད་འཕགས་ཤིག་གནང་སྟེ། རྗེ་བཙུན་མའི་བཀའ་རྒྱ་ཡོད་པས་བཤད་དུ་མི་བཏུབ་གསུངས། ཡང་གསང་འདུས་རིམ་ལྔ་ལ་ཐུགས་དམ་མཛད་དུས། སྒྱུ་ལུས་ཀྱི་སྐབས་སུ་སྒྱུ་མའི་ཉམས་དང་། ཉིན་བར་ལྷ་སྐུ་ལ་སེམས་བཟུང་བས། མཚན་མོ་རང་ཉིད་ལྷ་སྐུ་རང་ཤར་དུ་སོང་ཤིང་། དེ་ལ་མཆེད་ནས་སྣང་བ་ཐམས་ཅད་ལྷ་སྐུར་མཐོང་བ་ཡང་བྱུང་གསུངས། རྨི་ལམ་གྱི་སྐབས་སུ་རྨི་ལམ་བཟུང་ནས། [[Shalu|ཞ་ལུ]]ར་[[མཁན་ཆེན་བུ་སྟོན་]]པ་ལ་མཇལ་དུ་ཕྱིན་པས་གཤེད་དམར་གྱི་དབང་མཛད་པ་དང་ཐུག །དབང་ཞུས་པས་ཇི་ལྟ་བ་བཞིན་ཁོང་བས་ཀྱང་བསྐུར་རོ་གསུངས། ཡང་ཆོས་རྗེའི་ཞལ་ནས། གཤེད་དམར་འདི་སྐྱེ་བ་སྔ་མའི་ཡི་དམ་ཡིན་པར་འདུག་སྟེ། ངས་ཉལ་ནས་དེའི་སྐྱེད་རིམས་ཤིག་བསྒོམས་པས། གཤེད་དམར་ཡང་གཟིམས་བ་ཞིག་མཐོང་། སྔགས་ལ་ཞུ་དག་མཛད། སྔགས་ཀྱི་འཁོར་ལུགས་དང་། ཁོག་འདི་ལྟར་ཡིན་གསུངས་ཏེ་འཇིགས་པ་འདུག །དེའི་རྗེས་རིན་པོ་ཆེ་པ་བྱོན་ནས། དེ་ལ་འཇིགས་རྒྱུ་མེད་འདི་བཞིན་དུ་སྒོམ་པ་ཡིན་གསུངས་ནས། སྒྲུབ་ཐབས་ཀྱི་ལུང་ཞིག་མཛད་གསུངས། གཤེད་དམར་གནས་གང་དུ་ཞལ་གཟིགས་ལགས་ཞུས་པས། གང་དུའང་མཐོང་གིན་འདུག་གསུངས། ཡང་མཁན་ཆེན་སྲེག་ཤིང་པ་བྲག་ཁུང་འོག་མར་བྱོན་དུས། ཁོང་ཞག་བདུན་དུ་སྐུ་ཚགས་མི་གཤིག་པར་ཡོད་ཟེར་བས་ལྟ་དགོས་སྙམ་པ་དང་། རྨི་ལམ་དུ་འདི་སངས་རྒྱས་དངོས་ཡིན་ཟེར་བའི་སྒྲ་ཞིག་བྱུང་བ་དང་། གཉིད་སད། ཡང་དངོས་སུ་ཡང་སྒྲ་དེ་ལན་གསུམ་བྱུང་སྟེ། དེ་ནས་ཅུང་ཟད་ན་རྨི་ལམ་བཟུང་ནས་ཁོང་ཅན་ཕྱིན་པས། དྲུང་ན་སྲོད་སྐྱེམས་ཀྱི་མར་མེ་ཞིག་འདུག །སྐུ་ཚགས་མ་བཤིག་པར་ཀྲོང་ངེར་རྣལ་དུ་སོང་འདུག་པ་ལ། ཕྱག་འཚལ་བྱིན་རླབས་ཞུས་པས། ཁོང་པ་ན་རེ། [[སློབ་དཔོན་༼དབོན་པོ་༽]]བྱོན་ཨ། ཁྱེད་བྱོན་པ་དེ་དགའ་གསུངས་ནས་བྱིན་རླབས་མཛད། གསུང་གླེང་ཞིག་བྱེད་དགོས་སྙམ་པ་ལ། མི་ཚོར་ནས། [[Khyungpo Neljor|བླ་མ་ཁྱུང་པོ་]]བཞུགས་ཟེར་བ་ལ་མཇལ་དུ་ཕྱིན་པས། །སྤྱིལ་པོ་དཀར་པོ་ན་ཚོད་དེ་རྣལ་དུ་སོང་འདུག་ཅི་ཡང་མི་ཟེར། དེ་ནས་ཟམ་བུའི་བྱ་ཚང་མོ་ན་བུ་བལྟ་དགོས་སྙམ་ཆུ་བི་བི་མོ་ལ་རྒྱངས་ཏེ་མཚོངས་པས། ཐོར་མ་ཞིག་བྱད་ལ་བྱུང་ནས་གཉིད་སད་བྱུང་གསུངས། སང་མཁན་ཆེན་པ་ལ་ཇ་ཞལ་ལ་ཕྱིན་པས། ཁོང་གི་གསུང་ནས་སློབ་དཔོན་དབོན་པོ་མདང་བྱོན་པ་གསུངས། དེ་ནས་བཟུང་ནས་མོས་གུས་ཚུད་པ་བྱུང་གསུངས། དེ་ནས་[[དགེ་བཤེས་ཀུན་དགའ་]]སྐྱབས་ཀྱི་ཡིད་ལ། ཁ་སང་ནས་མ་བྱོན་པར་མདང་བྱོན་པ་དེ་ཇི་སྐད་ཟེར་སྙམ་པ་ཞིག་བྱུང་ལ། ཆོས་རྗེ་པའི་ཞལ་ནས། སྤྱིར་གྱིས་ཕྱག་དྲུག་པ་འཁོར་བཅས་ཀྱིས་བཀའ་བསྒོ་སྒྲུབ་ཅིང་། ཁྱད་པར་དུ་ཀྵེ་ཏྲ་པཱ་ལ་འདི་གོས་པུས་གོང་མ་གྱོན། ཕུ་ཐུང་ཅུང་ཟད་བརྗེས་ནས་རྒྱུན་དུ་རྩ་རུ་འོངས་ནས་དགེ་མི་དགེ་རྣམས་བཤད་ཀྱིན་འདུག་གསུངས། [[སྟོན་པ་སེང་གེ་དར་]]གྱིས། བླ་མ་འདི་གཉིས་ཀ་ལོག་པ་ཞིག་འདུག །དགེ་སྦྱོར་དང་ཅི་འདྲ་བྱེད་༼ཀྱིན་ཡོད་༽པ་ཡིན་ནམ་བྱས་པས། ཁོའི་སྣང་བ་ལ། མི་ནག་པོ་གཅིག་གིས་ལྕགས་ཀྱི་ཐུར་མ་ཞིག་ཁོའི་ལྕེ་སྟེང་དུ་བཙུགས་ནས། ལྐོག་མར་ཐལ་གྱིས་བརྒྱབ་བྱུང་བ་ལ། ངས་ཅི་ཉེས་བྱས་པས། ཁྱོད་[[སློབ་དཔོན་དབོན་]]སྟོན་ལ་ཁ་གཏོང་བ་ཅི་ཡིན་ཟེར་བྱུང་ངོ་གསུངས། ཡང་གཞན་ཞིག་ཏུ་འགྲོ་དགོས་པ་བྱུང་ནས། དབོན་སྟོན་དབང་རིན་གཟིམས་ཁང་སྲུང་དུ་བཅུག་པས། ཁོས་སྒོ་བསྡམས་ནས་ཚོམས་སུ་ཉལ་བས་གཉིད་དུ་སོང་བ་དང༌། ཀྵེ་ཏྲ་པཱ་ལ་བྱ་བ་འདིས་ཕྱི་རུ་བཏོན་ཏེ། གཉིད་སད་པ་དང་སྒོ་མ་ཕྱེ་བར་ལས་ཐེབས་ཆག་པ་བྱུང་འདུག་གསུངས། དེ་ལ་སོགས་པ་ཀྵེ་ཏྲ་པཱ་ལས་ཕྱི་རུ་བཏོན་པ་འགའ་ཡར་བྱུང་གདའོ། ཡང་གཟིམས་ཆུང་ན་ཐུགས་དམ་ལ་བཞུགས་པའི་ཚེ། མི་ཁ་ཅིག་སྨོན་ལམ་དི་རི་རི་འདོན་གིན་གྲགས་པ་ལ། ཀྵེ་ཏྲ་པཱ་ལ་དྲུང་ན་ཡོད་པ་དེ་ཁོག་སྟེ་ལངས་ནས་སོང་ནས། དེ་འདྲོག་ལ་ལོག་བྱུང་ནས། མི་རྣམས་ཀྱིས་ཁྱེད་ཀྱི་ཐུགས་དམ་བཅོག་པར་འདུག་ནས་ངས་སྒོ་བཅད་ཡོད་ཟེར་ཙ་ན། སྒོའི་ཡག་ཤིང་ནང་ནས་འབྱེད་དགོས་པ་ཞིག་ཡོད་པ་དེ། དང་པོ་མ་བཅད་པར་ཡོད་པས། དངོས་སུ་འབྱེད་དགོས་པ་བྱུང་གསུངས། དེ་ནས་གྲམ་དགའ་ལྡན་དུ་བཞུགས་དུས། འཁོར་བས་ཐུགས་སྐྱོ་བར་ཡོད༌པ་དེའི་ཚེ། རྣལ་ལམ་དུ་རིན་པོ་ཆེ་པ་ནམ་མཁའ་ལ་བྱོན་ནས། ཁྱོད་རང་དགེ་སྦྱོར་བྱིན་གྱིས་རློབ་པ་ཡིན་མོད་གསུང་བ་དང་། དེ་སོགས་སྔ་ཕྱིར་ཞལ་བྱོན་པ་མང་དུ་ཡོད་པ་རྣམས་ཡི་གེ་མང་བར་འཇིགས་པས་མ་བྲིས་སོ།
།ཡང་ཆུམས་ཀྱི་ཉུང་མ་རིར་བཞུགས་དུས་མཚན་མོ་ཇོ་བོ་གལ་ལྗང་གིས་བསྙེན་བཀུར་ཇི་ལྟར་བྱས་པ་དེ། ཉིན་མོ་ཡུལ་བ་རྣམས་ཀྱིས་བྱེད་ཀྱིན་འདུག་གསུངས། ཆོས་རྗེའི་ཞལ་ནས། ངས་མི་ཙམ་མེད་པའི་ཡུལ་རེར་ཕྱིན་ཡང་བསྙེན་བཀུར་བྱེད་པ་མང་པོ་ཡོང་གིན་འདུག་གསུངས། ཀྵེ་ཏྲ་པ་ལས་མི་རྣམས་རྒྱུད་སྐུལ་བ་ལགས་མོད་ཞུས་པས། དེ་ཡིན་པར་འདུག་གསུངས། ཡང་གུར་གར་དུ་བཞུགས་དུས། ༼འཁོར་བ་ལ་ཐུགས་སྐྱོ་བར་ཡོད་པའི་ཚེ།༽ རྣལ་ལམ་དུ་[[Tsangma Shangtön|མཁས་གྲུབ་ཤངས་སྟོན་]]བྱོན་ནས་ཁྱོད་ཀྱི་འདི་ལ་མི་ཡོང་། སྒོམ་ཆེན་པ་བྱ་བ་མཚམས་དམ་པོ་དང་། སྔགས་འདྲེན་སྒྲ་བརྗོད་བྱེད་དགོས་པ་ཡིན། ད་མཚམས་གྱིས། འཆི་བའི་སྲོག་ངས་བསྐྱབས་ཡོན། དགེ་སྦྱོར་ལ་འབད་པ་ཐོན་གསུངས་ནས། སེམས་འཆི་མེད་ཚར་གཅིག་གསུངས། གཞན་ཡང་གཉིད་ཆེ་དུས་དགེ་སྦྱོར་ལ་སྐུལ་བ་དང་། གཞི་བདག་གིས་བསྙེན་བསྐུར་ཡང་ཡང་བྱེད་པ་དང་། རྣལ་ལམ་འཁོར་མར་ཟིན་ཅིང་། མི་མ་ཡིན་མང་པོས་མཇལ་འཕྲད་བྱེད་པ་དང༌། འོད་གསལ་གྱི་སྣང་བ་རྒྱ་ཆེན་པོ་དང༌། རྣལ་ལམ་བཟུང་ནས་ལྷ་ས་བསྐོར་བ་དང་། ཁྲིམས་དམག་ཡོང་གིན་ཡོད་ཟེར་ནས། ཡོང་གིན་འདུག་མི་འདུག་གཟིགས་པ་དང་། གླང་ཁང་རྣམས་དང་། སྔར་གྱི་བྲག་ཕུག་ཆེན་པོ་ཕྱིས་མི་རྙེད་པ་ཞིག་ཀྱང་གཏན་ལ་ཕེབས་པ་ལ་སོགས་གང་འདོད་འབྱུང་བས། གུར་གར་དུ་དགེ་སྦྱོར་ཤིན་ཏུ་འཕེལ་གསུངས། ཆོས་རྗེའི་གསུང་ནས་དབང་བསྐུར་ལ་སོགས་ལ་འགྲོ་དགོས་པ་བྱུང་དུས། ཡོན་བདག་དེའི་ནང་ན་དངོས་པོ་ཆ་རྐྱེན་འཛོམས་མི་འཛོམས་ལ་སོགས་པའི་རྨི་ལམ་བཟུང་ནས་ཡུལ་པ་དེ་དག་གཏན་ལ་ཕབ་གསུངས། ཡང་གོ་ཚང་དུ་རྒྱུད་སྡེ་ལྔའི་དབང་མཛད་དགོས་པའི་ནུབ་ཅིག །ཆོས་རྗེའི་སྟོན་པ་ཡིན་ཟེར་བའི་དགེ་༼བའི་༽བཤེས་གཉེན་གཅིག་དང་མཇལ། རྒྱུད་སྡེ་ལྔའི་དབང་བསྐུར་ཞུས། ཁོང་པས་རྒྱུད་སྡེ་ལྔའི་ཐང་སྐུ་གཅིག་དང༌། རྒྱུད་སྡེ་ལྔའི་གྲིབ་སེལ་ཡིན་ཟེར་བའི་དཔེ་གཅིག་གནང་ནས། འདིས་ཁྱོད་ལ་ཕན་ཐོགས་པར་འདུག་གིས་གསུངས། དེ་ནས་རྨི་ལམ་དུ་གོ་ཚང་གི་བྲག་འདི་ལ་སློང་སྤེལ་ཞིག་བྱ་དགོས་སྙམ་པ་དང༌། རིན་པོ་ཆེ་པ་ནམ་མཁའ་ལ་བྱོན་ནས། ཞི་བདེའི་སྤྱོད་པ་མ་བྱེད་པར། །ཅིར་སྣང་བླ་མར་ལམ་དུ་ཁྱེར། །མི་རྟག་བྱམས་དང་སྙིང་རྗེ་སྒོམས། །བུ་ཁྱོད་འཁོར་བའི་འཇིགས་ལས་སྒྲོལ། །ཅེས་གསུངས་སོ།
།དེ་ནས་ཡང་ཆོས་ཤིག་ཞུ་དགོས་སྙམ་ཙ་ན། ཡོས་འཐག་པ་ཡིས་རྐྱེན་བྱས་ནས་གཉིད་སད་གསུངས། ཡང་ཕྱག་རྒྱ་ཆེན་པོའི་ཁྲིད་བསྐྱངས་དུས། དཔག་ཤི་དགོས་པ་དར་ལ་ཞི་གནས་ཀྱི་ཉམས་འཁོར་མ་སད་པ་དང་། །དྲོད་ཆེན་པོ་སྐྱེས་པ་དང་། ངེད་ཀྱི་མཚམས་ལ་ཕན་པར་བྱུང་ཟེར་ནས་མོས་གུས་ཆེན་པོ་ཐོབ། དངུལ་གྱི་ཕུད་ཕོར་སོགས་ཕུལ་ལོ།
།ཡང་[[Kuklung|སྐུ་ལུངས་]]སུ་བྱོན་པ་དང༌། རིན་པོ་ཆེ་བློ་བཟང་པའི་གསུང་ནས། ད་ལོ་འདིར་ཁྱེད་ཀྱིས་ཁྲིད་ཅིག་སྐྱོངས་གསུངས་ནས། རྒྱུད་སྡེ་ལྔ་ལ་སོགས་པའི་ཐང་སྐུ་རྣམས་གནང་ནས། འདིས་ཁྱེད་ལ་ཕན་ཐོགས་པར་འདུག་གསུངས། དེ་ནས་མཁན་པོ་དོན་ཡོད་པས་གཙོ་མཛད་པའི་མི་བརྒྱ་ཙམ་ལ་ཁྲིད་ཕོག་པས། བདེ་དྲོད། སྒྱུ་མའི་ཉམས་། རྨི་ལམ་སྦྱོང་སྤེལ། ཡུལ་སྣང་ལ་སོགས་ཁྱད་འཕགས་འབྱུང་ཞིང་། ངེད་ལ་ཡང་དགེ་སྦྱོར་བོགས་ཆེན་པོ་བྱུང་སྟེ། སློབ་མ་རྣམས་དམ་ཚིག་གཙང་བ་ཡིན་པར་འདུག་གསུངས། གཞན་ཡང་འབྲམ་ཆུམས། དཀར་པོ་བྲག །གུར་ཕྱོགས། ཉུག །ཡོ་བྲོ་བོ་ལ་སོགས་པར་ཁྲིད་བསྐྱངས་པས། སློབ་བུ་རྣམས་ལ། ཉམས་རྟོགས་ཕུན་སུམ་ཚོགས་པ་འབྱུང་ཞིང་། ཁྱད་པར་བླ་མ་རིན་ཆེན་དཔལ་ལ་ཁྲིད་ཞུར་ཡོང་བའི་ལམ་དུའང་རྨི་ལམ་སོགས་ཟིན་པ་བྱུང་འདུག་སྟེ། [[རིན་པོ་ཆེ་མཁས་བཙུན་སངས་རྒྱས་]]ཀྱི་བྱིན་རླབས་སུ་འདུག་གསུངས། རྫོང་ཁ་བའི་དམག་དེ་ཡོང་བའི་གོང་དུ་ཆོས་སྐྱོང་གི་རྣམ་འཕྲུལ་ཆེན་པོ་བྱུང་བས། མཇལ་པ་རྣམས་ལ་ཆོས་སྐྱོང་གི་འཁོར་རྣམས་ཀྱིས་སྐྱིལ་གྱིས་ཟེར། ནང་རྟེན་སོགས་སྲེག་ཤིང་དུ་གདན་དྲོངས་གསུང་བའི་ཞལ་ཏ་ཡོད་པས་སྐྱེལ་བྱས་པས་ཉན་དུ་མ་འདོད། དེ་ནས་དབོན་པོ་ཟླ་བས་འགོ་བྱས་ཀྱི་དམག་ན་རེ། ཁྱེད་དཔོན་སློབ་ཀྱི་བླ་མ་ཡིན་ཨང་། ངེད་ཀྱི་དགྲ་ལ་ཁྱེད་ཀྱིས་གཉེན་ཟེར་ཏེ། གཟིམས་ཁང་ལ་མེ་བརྒྱབ། གཞན་རྣམས་སྒྱེལ། ང་ཡ་ཚད་ཁྲིད་པས། དེ་འདྲོག་ལ་སེར་བ་དྲག་པོ་ཞིག་བབས་པས། ཁོང་རྣམས་ན་རེ། སེར་བ་འདི་ཆོད། མི་གཅོད་ན་གསོད་པ་ཡིན་ཟེར་བས། ངས་འབྱུང་བ་མི་ཆོད། གསོད་ན་ཁྱེད་རང་རྣམས་དབང་ཆེ་བྱས་མ་ཐག་སེར་བ་ཆད་སོང་བས། ད་ཅི་རང་བྱས་ཏེ་ཟེར་ནས་བདེ་བར་བཏང་གསུངས། སྒྱུ་མ་རྨི་ལམ་གྱི་ཉམས་བཟང་པོ་འདིས། དམག་མི་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས་ཤིང་ཞེ་སྡང་མ་སྐྱེས་སོ། །དེ་ནས་ཆོས་སྐྱོང་གི་རྒྱུན་གཏོར་བཏང་ན་མ་བསད་ཀྱང་གནོད་པ་བྱུང་གིས་དོགས་ནས་གཏོར་མ་མ་བཏང་གསུངས། དེ་ནས་རིན་ཆེན་སྒང་ན་བཞུགས་དུས། ཨ་ཅ་ར་ལྟག་ལྟས་ཅན། གོས་པུས་གོང་མ་གྱོན་པ་གཅིག་མངོན་སུམ་དུ་བྱོན་ནས། འོ་སྐོལ་ལ་གནོད་པ་བྱས་པས་ངས་བསད་པ་ཡིན་ཟེར་ཏེ། དབོན་པོ་ཟླ་བས་འགོ་བྱས་མི་མགོ་བཞི་བཤར་ཟེར་བསྐྱུར་བྱུང་བས་ང་རང་ཡང་སྐྲག་ནས་སྟན་ཐོག་ནས་འཕར་བྱུང༌། དེ་ནས་རྨི་ལམ་དུ། བུད་མེད་དམར་མོ་གཅིག་ན་རེ། ད་ལོ་དབང་དང་ཁྲིད་སོགས་གྱིས། ཆོས་སྐྱོང་ལ་ཡང་གཏོར་མ་ཐོང་ཟེར་ནས། སྲེག་ཤིང་དུ་དགེས་རྡོར་ལ་སོགས༌པ་མཛད་གསུངས། ཡང་དཀར་པོ་བྲག་རུ་བཞུགས་དུས། སྲོད་ལ་རྣལ་ཟི་ཟིའི་དུས་སུ་མི་ནག་པོ་ཞིག་བྱུང་སྟེ། ལས་སྒྲུབ་འོངས་དུས་བཀྲེས་པོ་འདུག་གཏོར་མ་རེ་ཙམ་ཡང་སྦྱིན་ཟེར་བྱུང་བས། གཏོར་སྒྲུབ་ཟླ་གཅིག་མཛད་དོ།
།དེ་ནས་ཁོང་ལམ་དུ་བཞུགས་དུས་ཡང་མི་ནག་པོ་གཅིག་གིས་མང་པོའི་མགོ་ལག་ཁྱེར་བྱུང་བས། ཁྱེད་རྣམས་མི་གསོད་ན་ང་གཏོར་མ་མི་གཏོང་བྱས་ནས་གཏོར་མ་ཞག་མང་པོ་མ་བཏང་གསུངས། དེ་ནས་ཡང་སྔར་བཞིན་བྱུང་ནས་གཏོར་སྒྲུབ་མཛད་དོ།
།དེའང་ལས་མྱུར་པོར་བསྒྲུབས་འོངས་དུས། གདོང་པ་དམར་ཆིལ་བྱས་ནས་ཡུས་དང་བཅས་ནས། ལས་ཅུང་ཟད་རེ་མ་བྱས་ན་ངོ་མི་སྟོན་པ་བཞིན་བྱས་ནས་འོང་གིན་འདུག །གང་ལྟར་ཡང་ལོག་འགྲོ་དུས་རྒྱབ་མི་སྟོན་པར། ཟུར་འགྲོས་བྱེད་ཅིང་ཐག་རིང་ཚད་སླེབས་པ་དང་། མི་སྣང་བར་འགྲོ་ཡིན་འདུག་གསུངས། དེ་ལྟར་བདག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ་འདིས་སྐུལ་རྦད་ལ་སོགས་པ་ཅུང་ཟད་ཀྱང་མི་མཛད་ནུའང་། ཆོས་སྐྱོང་ལ་མངའ་མཉེས་པ་འི་རྟགས་ནི། དཔོན་ཤག་གིས་ཆོས་རྗེ་ལ་རྡོ་བསྣུན་པས་དེ་མ་ཐག་སྲན་ཞུགས་ནས་ཤི་བ་དང་། བཀྲ་ཤིས་མགོན་ལ་སོགས་པས་དགོན་པའི་ཞབས་ནས་ཕྱི་ཚང་བཏོན་པས། མི་འཚམ་པ་དུ་མ་བྱུང་བ་དང་། རྐུན་མ་གཉིས་ཀྱིས་མགོན་གཡག་བརྐུས་ཏེ་མི་ཤངས་ཆུ་ལ་གཉིས་པོས་ཞོན་ཏེ་བརྒལ་བས། གཡག་གིས་ཆུ་ལ་དྲིམས་ཏེ་ཤི་བ་དང་། རྐུན་མ་བཞིས་ཁོང་ལམ་ནས་ཕྱུགས་དེད་པ་ཆོས་རྗེས་གཟིགས་པས། དེ་མ་ཐག་ཁོང་བཞི་ཕྱིན་པ་རེངས་ནས་འགྲོ་མི་ཤེས་པ་བྱུང་ཞིང་ཟླ་གཅིག་ནས་ཤི་བ་ལ་སོགས་པ་བརྗོད་ལས་འདས་སོ། །ཆོས་རྗེའི་གསུང་ནས། དམག་དེའི་གྲིབ་ཀྱིས་རྨི་ལམ་གྱི་སྟོབས་ཆེན་པོ་དེ་ཟླ་བ་མང་པོའི་བར་དུ་འགྲིབས་ནའང་། ཕྱིས་སོར་ཆུད་ནས། སྦྱོང་སྤེལ་དང་། ཞིང་ཁམས་མང་པོར་སངས་རྒྱས་མང་པོ་ལ་ཆོས་ཞུ་བ་ལ་སོགས་ཡུལ་སྣང་རྩོལ་མེད་དུ་འགྲུབ་གསུང་ངོ་།
།དེ་ནས་[[Shongshong|ཞོང་ཞོང་]]སྐུ་འབུམ་གྱི་ཞིག་གསོས་དང་། རྫ་སོ་འགྱེལ་བའི་ཚེ། ཕ་ཇོ་ལུག་སྐྱེས་ཀྱི་རྨི་ལམ་དུ། བུད་མེད་དང༌། ཁྱད་པར་མི་ཉག་མང་པོ་བླ་མ་འཇག་པའི་རྫ་སྐྱེད་པ་ཡིན་ཟེར་ནས། རྫ་མང་པོ་སྐྱེད་ཅིང་དེའི་ཁ་ཏ་བུད་མེད་སྔོ་སངས་མ་ཆེན་མོ་ཞིག་གིས་བྱེད་ཀྱིན་གདའ། བདག་ལ་རྫ་རྨི་ཐབས་མེད་པས། དྲུང་ནས་སྐུ་རིམས་ཤིག་སྒྲུབ་འཚལ་པར་གདའ་ཞུས་པས། སྐུ་འབུམ་གྱི་ཞིག་གསོས་བྱེད་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་གིས་བྱེད་པ་ཡིན་མོད་བྱས་གསུང་ངོ་། །དེ་ནས་ཞིག་གསོས་ཚར་དུས་ཐུགས་དགོངས་ལ་དངོས་པོ་ལམ་མེ་བ་ཞིག་ཡོད་ན་རབ་གནས་ལ་མཁན་ཆེན་པ་གདན་འདྲེན་པ་ཡིན་ཏེ་སྙམ་པ་ཞིག་བྱུང་བ་དང༌། རིན་པོ་ཆེ་པ་མངོན་སུམ་དུ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རབ་གནས་ངས་བྱས་པས་ཆོག་གསུངས་ནས། དེ་འདྲོག་མཆོད་པ་བཤུམས་ནས་མེ་ཏོག་གཏོར་གསུངས། གཞན་ཡང་རིན་པོ་ཆེ་པས་གཙོ་མཛད་པའི་བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད་པའི་ཕྱིར། ཕྱག་ཏུ་བྱུང་བའི་རྫས་རྣམས་ཀྱང་། [[ས་སྐྱ་]]དང་[[སྣར་ཐང་]]རྣམས་སུ་མང་ཇ་རེ་འདྲེན་དང་། ཁྱད་པར་སྲེག་ཤིང་དང་[[འཇག་]]ཏུ་ཚ་བ་དང་། མཆོད་པ། འབུལ་འགྱེད་སོགས་ཡང་ཡང་མཛད་པ་ཉིད་དོ། །དེ་ནས་ཡོ་བྲོ་བར་བྱོན་ཏེ། ཁྲིད་བསྐྱངས་ཤིང་། ཁྲིད་པ་རྣམས་ཀྱི་སྤྱོད་པ་འགའ་རེ་མཁྱེན། དེ་ནས་ལྷ་བཞུག་ཏུ་བྱོན་དུས། ཕག་ལ་སོགས་ཀྱི་བུ། ཕོ་མཆིན་པ་ན་བ་ཁ་བྱིན་རླབས་མཛད་པས་ཕན་ཞིང་ཁོ་མོས་པར་གྱུར་ཏོ། དེ་ལ་སོགས་པ་ནད་པ་ལ་བྱིན་རླབས་མཛད་པས་ཕན་པ་ཤིན་ཏུ་མང་ངོ༌།
།དེ་ནས་བདག་ལ་མཛོ་ཁལ་ར་ལ་གཏད་དེ། རྟེན་དང་ཕྱག་རྫས་ཀྱི་དངོས་པོ་ངོ་མཚར་བ་རྣམས་གནང་ཞིང་རྒྱལ་ཚབ་ཏུ་བསྐོས༌ཏེ། ནང་དུ་ཐུགས་དམ་ཟབ་མོ་ལ་བཞུགས་ཤིང་། རྩོལ་བ་མི་མངའ་བའི་ངང་ནས་ཕྱི་རུ་ཕྱོགས་རིས་ནས་བྱོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པའི་དོན་གཉེར་རྣམས་ལ་དབང་བཀའ་དང་། ཁྲིད་བཀའ་ལ་སོགས་པ་གང་ལ་གང་འཚམ་པའི་ཆོས་གསུང་པའི་སྐབས་ཤིག་ཏུ་རྣམ་རྒྱལ་རྩེར་བྱོན་ཏེ། དབང་པ་དང་བདག་མོ་བ་ལ་སོགས་ལ་ཁྲིད་གསུངས་པས། རྟོགས་པ་ཁྱད་པར་ཅན་འཁྲུངས་ཤིང་། གཟིམས་གཡོག་པས་ཁྲིད༌ཀྱི་བར་ལ་རྩེད་མོ་བྱས་པ་ཡང་མཁྱེན་ཏེ། དེ་ནས་ཉུག་ཏུ་བྱོན་ཏེ། སི་དུ་བ་ཡབ་ཡུམ་ལ་སོགས་ལ་གཤེད་དམར་སོགས་མཛོད་ནས། བཙུན་གྲོང་དང་། སྣ་དཀར་དུ་ཞག་རེ་རེ་བཞུགས་པར་ཞུས་པས། ཆུ་སྐྱེ་བར་འདུག་མི་སྡོད་གསུངས་ནས། དུལ་དུ་ཕེབས་པའི་ནུབ་མོ་ཆུ་དམར་ལོང་ལ་སྐྱེས་བྱུང་བ་དང་། ཁ་རྩང་བུད་མེད་དམར་མོ་གཅིག་བྱུང་ནས། ཆུ་སྐྱེ་བར་འདུག །ད་ལྟ་རང་རྒྱུག་ཟེར། ང་བདེན་པ་ཨེ་འདུག་གསུངས། དེའི་དབྱར་གྲམ་དུ་བཞུགས་ནས་ཆོས་དྲུག་སོགས་གསུངས་སོ། །དེ་ནས་རིན་ཆེན་རྩེར་དུ་དབེན་ཤོ་རྒྱལ་མཚན་སྐྱེས་ལ་ཁྲིད་གསུངས་དུས། ཁོང་གི་རྟོག་པ་འགྱུས་ཚད་ཆོས་རྗེས་མཁྱེན། ཆོས་ཟབ་དུས་སུ་རྟོག་པ་གཞན་བཀའ་ནས་སྒོམས་འཚལ་གསུངས་པས། ཁོང་དད་ནས་རྨི་ལམ་སྦྱོང་སྤེལ་དང་། ཁྱད་པར་འཕོ་བ་འབྱོངས་ཤིང་། ཤངས་ཕུ་མདའི་ཁྲི་ར་ལ་སོགས་པ་ཕུལ་ཏེ། དགེ་བ་ལ་བརྩོན་པར་གྱུར་ཏེ། དེ་ནས་སློབ་བུ་བཅུ་སུམ་ལ་འཁྲུལ་གཅོད་ཀྱི་བཀའ་མཛད་དུས། ལ་ལས་ལུས་ཀྱི་གར། ལ་ལས་ངག་གིས་སཾསྐྲྀ་ཏའི་སྐད་སྨྲ་བ་༼ལ་སོགས་པ་༽བྱུང་ཞིང་། འཁྲུལ་གཅོད་ཀྱི་བཀའ་འདི་བྱིན་རླབས་ཆེ་བ་འདུག་གསུངས། དེ་རྗེས་ཕྱག་ཆེན་གྱི་ཁྲིད་བཏབ་པས་སྒོམ་ལོ་ལེགས་སོ། །དེ་ནས་དཔོན་མོ་སངས་རྒྱས་འབུམ་ན་ནས་འཆི་བ་ལ་ཐུག་བྱུང་དུས། ཆོས་རྗེ་གདན་དྲངས་ཏེ། གཤེད་དམར་གྱི་དབང་མཛད་པའི་ཚེ། དྲུང་དུ། དུ་དབེན་ཤོས་ནད་མ་འདི་མི་གསོན་པོར་གདའ། མར་གཅིག་སྒྲུབས་ན་དྲུག་གམ་ཞུས་པས། ཆོས་རྗེས་བན་ཆེན་གྱིས་གནོད་གྱིན་འདུག་སྟེ་ངམ་འཇིགས་བྱེད་དུ་སྤྲུལ་ནས་བཏུལ་ཡོད། ད་མི་སྐྱོན་པར་ཡོད་གསུང༌བ་བཞིན་བྱུང་ངོ༌། །ཡང་དུ་དབེན་ཤོ་འཆི་བ་ལ་བཏུགས་ཏེ་ཁ་ཆེམས་དྲིས་ནས་ཆོས་རྗེ་གདན་དྲངས་པས། དྲུང་ནས་སྲུང་སྐུད་དང་གསོལ་རས་ལ་སོགས་བསྐུར་ཞིང་མི་སྐྱོན་པར་འདུག་གསུངས་ནས། མ་བྱོན་པས། ཁོང་ཁམས་འདུས་ནས། སྲུང་སྐུད་མི་དགོས། ང་འཆི་བའི་སྲོག་ནས་ཁོང་གིས་མི་ཟིན། ཤངས་ལུང་པར་ཡོང་ནས་གློ་སྙིང་བྲང་གསུམ་ཁོང་ལ་གཏད་ཅིང་། བླ་མ་ཡིན་པས་དམིགས་པ་ཞིག་གསོ་པ་དང་། བྱིན་རླབས་ཤིག་མཛད་པ་ལ་འབྱོན་མི་དགོས་སམ་ཟེར་ནས་བསྐྱར་མས་གདན་དྲངས་ཏེ། ཕེབས་དུས་ཀྱང་ཡུས་དང་བཅས་ཏེ་༼གོང་བཞིན་༽ཞུ་ཡིན་འདུག །ཆོས་རྗེས་གཤེད་དམར་གྱི་དབང་མཛད་ནས། མོ་འདྲེ་བཞིན་གནོད་ཀྱིན་འདུག་པ་ངས་བཏུལ་ཡོད། མི་སྐྱོན་པར་འདུག་གསུང་བ་བཞིན་བྱུང་ངོ་།
།ཡང་འདོག་གཅོད་དཔོན་དགེ་ན་ནས། ཆོས་རྗེས་གདན་འདྲེན་སླེབས་པའི་ནུབ་མོ། ༼ཁོང་ལ་༽གཅོད་པའི་བཙན་ཞིག་གིས་བསུ་བ་དང་བསྙེན་བཀུར་བྱས། མར་ཕེབས་དུས་ཁོང་མལ་ན་ཚུད་ནས་ལབ་བཤའ་མ་མི་ཤེས་ཤིང་། འཁོར་རྣམས་ཀྱང་ཡིད་ཁོང་དུ་ཚུད་ནས་འདུག་ནའང་། ཆོས་རྗེས་གཤེད་དམར་གྱི་དབང་མཛད་པས་འབྱོན་དུས་སྐྱེལ་ཐུང་བྱེད་པ་བྱུང་ངོ་། །དེ་བཞིན་དུ་དཔོན་དཔལ་ལ་སོགས་པའི་ནད་པ་འཆི་ངེས་པ་དང་། དཔོན་མོ་ཞི་བ་རྡོ་རྗེ་ལ་སོགས་པའི་སྙིང་དུ་འདྲེ་ཞུགས་པ་ལ། ཆོས་རྗེས་དབང་བྱིན་རླབས་ཐེངས་རེ་མཛད་པས་ནད་གདོན་ལས་གྲོལ་བ་བསམ་གྱིས་མི་ཁྱབ་བོ། ཡང་[[ལོ་ཙཱ་བ་དོན་བཟང་]]ཁྲིད་གསན་དུས། ཁོང་གིས་འདུལ་བའི་གཞུང་བསྐྱངས་པ། ཆོས་རྗེས་མཁྱེན་ནས། ཁྱེད་གཤེར་བའི་དཔེ་ཆ་དེ་ཅི་ཡིན་གསུངས་པས། ཁོང་སྐྱེངས་ཏེ་ཆོས་རྗེ་རིན་པོ་ཆེ་འདི་ལ་ཐུགས་ཤེས་ཐོགས་མེད་དུ་མངའ་འདུག་སྙམ་ནས་དད་གུས་ཆེན་པོ་ཐོབ་ཏེ་རྟོགས་པ་ཁྱད་པར་ཅན་འཁྲུངས་སོ། །དེ་ལ་སོགས་པ་ཆོས་རྗེས་སྔ་ཕྱིར་མཁྱེན་པ་དང་གཟིགས་པ་ནི། སྟོན་པ་དཔལ་འབྱོར་གྱིས་ཆོས་ཁྲིམས་པ་བྱུང་གི་དོགས་ནས་མལ་སའི་གསེབ་ཏུ་རན་མ་སྦས་བ་དང༌། ཁ་ཅིག་གིས་མི་ཚངས་པར་སྤྱད་པ་དང་། སྲོག་ཤིང་མཁན་པོས་ཁྲིད་ཀྱི་བར་ལ་དཔེ་བྲིས་པོ་དང་། རྡོ་རྗེ་བཟང་པོས་སྒོམ་ཁང་དུ་མགོ་བོ་སྟན་ལ་བཙུགས་པ་སོགས་ཀྱི་རྩེད་མོ་བྱས་པ་སོགས་མང་དུ་མཁྱེན་ནོ། །སྲེག་ཤིང་མཁན་པོ་སྐུ་གཤེགས་ཁར་སེང་གེ་དཀར་མོ་ལ་ཆིབས། རབ་ཏུ་བྱུང་བ་མང་པོའི་འཁོར་གྱིས་བསྐོར་ནས། ང་ནུབ་བདེ་བ་ཅན་དུ་རིན་པོ་ཆེའི་དྲུང་དུ་འགྲོ། ཁྱེད་རང་ཡང་འདེང་གསུངས། བདག་ཅག་ལོ་འགའ་མི་འགྲོ་བྱས་གསུངས། རིན་པོ་ཆེ་བློ་བཟང་བའི་དྲུང་དུ་བྱོན་ནས་གོང་བཞིན་གསུངས་པ་དང༌། [[Khyungpo Neljor|བླ་མ་ཁྱུང་པོ་]]བ་རྟ་སྔོན་པོ་ལ་ཆིབས། དེའི་རྐང་ལག་བཞི་ནས་བུད་མེད་སྔོ་སངས་མ་བཞིས་བཏེགས་ནས་གཡུ་ལོ་བཀོད་པར་འགྲོ་གསུང་བ་ལ་སོགས་གཟིགས་སོ། །ཆོས་རྗེའི་ཞལ་ནས། མཚན་མོ་རྨི་ལམ་གྱི་སྟོབས་ཇི་ལྟར་རྒྱ་ཆེ་ཞིང་། ཉིན་མོ་ཡུལ་སྣང་རྒྱ་ཆེ་བར་འདུག་གསུངས། དེ་ནས་ཡང་རྫོང་ཁ་བས་གདན་འདྲེན་ཟེར་བྱུང་དུས། སློབ་དཔོན་ཀུན་རིན་གྱི་རྨི་ལམ་དུ། མི་ནག་པོ་ཐུ་བ་གཉིས་བརྫེས་པ་གཅིག་བྱུང་སྟེ། ངས་དྲུང་བ་རྫོང་ཁ་བས་གདན་ཨེ་འདྲེན་བལྟར་ཕྱིན་ཏེ། རྫོང་པས་གདན་མི་འདྲེན་པར། མཐོང་སྨོན་པས་གདན་འདྲེན་པར་ཡོད་ཅིང་། བཞུགས་ས་དགོན་ཁང་སྟེང་དུ་བྱེད་པ་ཡོད་ཟེར་བ་ཞིག་བྱུང་ནས། དྲུང་དུ་ཞུས་པས། ཆོས་སྐྱོང་གི་འཁོར་ཡིན། ང་ཅན་དུ་ཡོང་བ་ཞིག་ཡིན། ཁྱོད་ཟེར་བ་བཞིན་ཡོང་བར་འདུག་གསུང་ཞིང་དེ་བཞིན་བྱུང་ངོ་། །ཡང་དཔོན་ལེགས་ལྡན་པའི་ཆུ་སྐོར་གྱི་རབ་གནས་ལ་སང་འབྱོན་པའི་དེ་ནུབ། རྣལ་ལམ་བཟུང་ནས་མེ་ཏོག་གཏོར་ཞིང༌། སང་དངོས་སུ་མཛད་ན་བཀྲ་ཤིས་པར་འགྱུར་ཞིང་། དེ་བཞིན་དུ་མགྲོན་ཁང་ལ་སོགས་པ་ལ་ཆོས་རྗེས་རབ་གནས་༼མཛད་པས།༽ བཀྲ་ཤིས་པ་རྣམས་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་འདི་ལགས་སོ། །ཡང་རྟོགས་ལྡན་དཀར་པོས་ཁྲིད་ཞུས་དུས། ཁོང་གིས་རྨི་ལམ་བཟུང་ནས་ཡོང་པ་མཁྱེན་ཏེ། མདང་ཁྱེད་ཀྱིས་ཡོང་དུས་ཀྱི་སྤོས་དྲི་ཞིམ་པོ་དེ་གང་ནས་བྱུང་གསུངས་པས། ང་ལ་འབུལ་རྒྱུ་མི་འདུག །ཁྱེད་རང་ལ་བུད་མེད་རུས་རྒྱན་ཅན་མང་པོས་འབུལ་གྱིན་འདུག་ཟེར། གཞན་ཡང་དུས་བཟང་དང༌། སྦྱིན་བདག་དད་པ་ཅན་གྱིས་མཆོད་པ་འདྲེན་དུས། སྤོས་དྲི་ཞིམ་པོ་ཁྱད་པར་ཅན་རེ་ཡང་ཡང་འབྱུང་བར་གདའོ།
།དེ་ནས་ཆེན་པོ་རིན་རྒྱལ་བས་གདན་དྲངས་ཏེ། དབང་བསྐུར་མཛད་པའི་ཚེ། [[རྟ་ནག་]]ཏུ་ཁོང་གིས་མི་བཅུ་གཅིག་བསད་ཟེར་ནས་དྲུང་དུ་ཐུགས་དམ་ལ་འདོགས་པ་ཞུ་དུས། གཤིན་པོ་རྣམས་དྲུང་དུ་བྱུང་ལགས་སམ་ཞུས་པས། བདུན་བྱུང་། བཞི་ཤི་བ་མི་འདུག་གསུང་བ་བཞིན་བྱུང་བས། ཆེན་པོ་བ་ན་རེ། ཕྱི་མའི་ཡར་འདྲེན་དང་། གཤིན་པོའི་ར་མདའ་ལ་བླ་མ་འདི་ལྟ་བུ་ཞིག་དགོས་པ་འདུག་ཟེར་ནས་མོས་གུས་ཆེན་པོ་ཐོབ་བོ། །ཡང་ཁོང་གི་སྲས་ཆུང་མ་གཅིག་ལ་གདོན་ཁ་ཟུག་ནས་གཞིས་ཁར་གསོས་པ་མེད་པ་ལ། ཆོས་རྗེ་གདན་དྲངས་ནས་གཤེད་དམར་ལ་སོགས་པའི་དབང་ཞུས་པས། གདོན་ལས་གྲོལ་ལོ། །ངས་ཁོང་ཅན་ཕྱིན་དུས། ཆང་ཉེས་པ་ཐམས་ཅད་ལ་བྱིན་རླབས་བྱས་པས་ཁུགས་བྱུང་སྟེ། ང་ནུས་པ་ཁྱད་པར་ཅན་ཡིན་གསུང་ངོ༌། །དེ་ལ་སོགས་ཆང་ཉེས་པར་བྱིན་རླབས་བྱས་པས་ཁུགས་པ་ཡང་མང་ངོ་། །ཡང་ཆོས་རྗེའི་ཞལ་ནས། ངས་བྱིན་རླབས་དབང་བསྐུར་བྱས་པ་ལ་བར་ཆད་དང་གྲིབ་ལ་སོགས་པ་ཡོང་མ་མྱོང་ཞིང་། གཞན་ལ་ཚེ་དབང་བྱས་ན་ང་རང་ལ་ཚེ་འཕེལ་བའི་ལྟས་རེ་ཡོང་གསུང་ངོ་། །ཡང་[[Shongshong|ཞོང་ཞོང་]]གི་གདུགས་ལ་སོགས་པ་མཆོད་པ་ལ་ཆོས་རྗེ་སང་འབྱོན་པའི་དི་རིང་། བླ་མ་རྒྱ་པ་བལ་ཐོད་དུ་ཕྱིན་ནས་གདོང་ནག་ན་ཡར་སླེབས་པ་དང་། འབུམ་པ་ལ་མི་མང་པོས་སྐོར་བ་དང་། གདོད་ནས། རྣམ་དག་གི་གསོལ་འདེབས་དི་རི་རི་བྱེད་ཅིང་། ཁྲོམ་མར་མེར་རེ་འདུག་པས། ཁོང་གི་ཡིད་ལ་འཇག་པ་རྣལས་སང་འབྱོན་ཟེར་བས། དི་རིང་ཕེབས་པ་ཡིན་པར་འདུག་སྟེ། མི་མང་སྙམ་ནས་[[Shongshong|ཞོང་ཞོང་]]དུས་སླེབས་དུས་གར་སོང་ཆ་མེད་ལ་སོང་འདུག་ཟེར། ཡང་ཆོས་རྗེའི་ཞལ་ནས། བླ་མ་སྒྲུབ་པ་པོ་བསོད་ནམས་བཟང་པོ་ཡོང་དུས་ཀྵེ་ཏྲ་པཱ་ལའི་གཡོག་གནོད་སྦྱིན་ཞིག་ཡོད་པ་བྱུང་ནས། ངས་བསུང་ཕྱིན་པ་ཡིན། ལམ་དུ་ཅི་ཡང་མི་ཡོང་བ་ཡོད་ཟེར། སྒྲུབ་པ་པོ་དེ་དད་གུས་ཅན་ཞིག་འདུག །ཁོང་ཡོད་ཀྱི་བར་ལ་ང་ཁམས་བདེ་ཞིང་། རིག་པ་དངས་པས། དགེ་སྦྱོར་གྱི་སྣང་བ་འགའ་ཞིག་བྱུང་གསུངས། དེ་ནས་རྣམ་རྒྱལ་རྩེར་གདན་དྲངས་དུས། རྩེ་ཆུ་གྱོངས་བ་པ་དེས་ཆོས་ལུང་དུ་བཞུགས་མཛད་པས། ཇོ་བོ་གྲོགས་མཆོག་རྟ་པ་དམར་པོ་བདུན་དངོས་སུ་བྱུང་ནས། རྩེར་འབྱོན་པར་ཞུ། ཆུའི་ཞབས་ཏོག་བདག་གིས་བྱེད་པ་ལགས་ཟེར་ནས། རྩེར་བྱོན། དབང་རྒྱུད་སྡེ་ལྔ་ལ་སོགས་པ་མཛད་ནས། ཕུར་ཤར་ལ་འབྱོན་དུས། རྒྱལ་པོ་བཙན་གྱི་ཚ་བོ་ལོ་ལྔ་ལོན་པ་གཅིག་གིས། སྔར་ཆོས་རྗེ་པ་མ་མཐོང་ཡང་། སོ་སོའི་བླ་མ་འབྱོན་གྱིན་འདུག །དེའི་སྔོན་ལ་[[Öntön Kyergangpa|དབོན་པོ་སྟོན་པ་སྐྱེར་སྒང་པ་]]ཡིན་ཟེར་བ་ཞིག་འབྱོན་གྱིན་འདུག་ཟེར། མར་ལམ་ཁོང་ཅན་གདན་དྲངས་དུས། གཞན་ཞུ་མཁན་མེད་ཀྱང་། བཞུགས་གདན་ལ་ཕེབས་མ་ཁད། བྱིས་པ་དེ་ལ་ཁྱོད་ཀྱིས་[[Öntön Kyergangpa|དབོན་སྟོན་སྐྱེར་སྒང་པ་]]མཐོང་ངམ། དེའི་སྔོན་ལ་ཨ་ཙ་ར་བདུན་ཡོད་པ་ཁྱོད་ཀྱིས་མ་མཐོང་བ་འདུག་པ་སོགས་གསུངས་ཟེར། དེ་ནས་དབང་པོ་སོགས་ཀྱིས་སྐྱེལ་ཐུང་མཛད་དུས། སྤྱན་ནམ་མཁའ་ལ་གཟིགས་ནས་དེ་རིང་ཉི་མ་དྲོ། ཨ་ཙ་ར་རྣམས་མ་བྱུང་། ཁོང་རྣམས་ཡོང་དུས་རྡུལ་ཚུབ་རེ་ཡོང་གིན་ཡོད་གསུངས་ཟེར། དེ་ནས་མཐོང་སྨོན་རྩེར་བྱོན་ནས། སི་ཏུ་བ་ལ་སོགས་ལ་གྲུབ་རྒྱལ་མ་ལ་སོགས་པའི་དབང་མཛད། དེའི་གཞི་བདག་ཕོ་མོ་གཉིས་འདུག་པ་ཕྱག་བྱེད་དུ་བྱུང༌། དེ་ནས་གྲམ་དུ་བྱོན་ནས་བཞུགས་དུས། གུར་ཕྱོགས་སུ་ཤཱཀྱ་བཤེས་གཉེན་འདས་པའི་ཆོ་ག་ནར་མ་མཛད་པའི་ཚེ། ཆུམས་ལྷ་སྡིངས་པས་གདན་དྲངས་ཏེ། འཇིགས་བྱེད་ཀྱི་དབང་སོགས་མཛད་དུས། ཇོ་བོ་གལ་ལྗང་ཕྱག་དང་གུས་པ་བྱེད་ཀྱིན་གདའ་གསུངས། དེ་ནས་དཔལ་རྫོང་དཔོན་གྲུབ་ཀྱིས་གདན་དྲངས་ཀྱང་མ་འདྲོངས་པར། མྱུར་དུ་གྲམ་དུ་བྱོན་ནས་ཕེབས་དུས་ཤཱཀྱ་བཤེས་གཉེན་ཁོ་གོས་ཧྲུལ་ལེ་བ་ཞིག་གྱོན་བྱུང༌། དེ་ནུབ་ཁོའི་བདུན་ཚིགས་ལ་ཆོ་ག་ཞིག་བྱེད་དགོས་པས་མྱུར་པོར་ཡོང་པ་ཡིན་གསུངས། དེ་ནས་དགོན་པར་བྱོན་དུས། ཆུ་སྐྱེས་ཨེ་འདུག་ཡང་ཡང་གསུངས། དགོན་པར་ཕེབས་དུས། མཐོང་སྨོན་པ་ཟླ་ཕྱེད་བཞུགས་པར་ཞུས་པས་མ་གསན་པ་ཅི་ལགས་ཞུས་པས། ནུབ་ཅིག་ཀྵེ་ཏྲ་པཱ་ལ་བྱུང་ནས། མ་བདེ་བ་ཡོང་པར་ཡོད་མྱུར་དུ་རྒྱུག་ཟེར། མི་བདེ་བ་ཁོ་པས་མི་མང་པོ་གསར་པ་དེའི་གྲིབ་བྱུང་གིས་དོགས་པར་འདུག་གསུངས། གྲམ་ནས་བྱོན་དུས། ཆུ་སྐྱེས་ཨེ་འདུག་ཡང་ཡང་ལྟོས་གསུངས་པ་དེ་ཅི་ལགས་ཞུས་པས། ནུབ་ཅིག་ཀྵེ་ཏྲ་པཱ་ལ་ལན་གསུམ་བྱུང་ནས། ཆུ་སྐྱེས་འོང་བར་ཡོད་མྱུར་དུ་རྒྱུག་ཟེར་གསུང་ངོ༌། །དེ་ནས་སློབ་དཔོན་ཆོས་མགོན་པ་སོགས་ལ་ཁྲིད་གསུང་དུས། ཆོས་རྗེའི་ཞལ་ནས། ངས་རྨི་ལམ་བཟུང་ནས་ཁྲིད་པ་རྣམས་བལྟར་ཕྱིན་པས། དགེ་བཤེས་རྡོར་རྒྱལ་གྱིས་ཚོར་འདུག །གཞན་སུས་ཀྱང་མ་རིག་གདའ། སློབ་དཔོན་ཆོས་མགོན་དེའང་ཕར་ཕྱིན་དང་། དུས་འཁོར་ལ་སོགས་པའི་བསམ་བློ་མིན་པ་སྒོམ་གཅིག་ཀྱང་མི་བྱེད་པར་འདུག །འདུན་པའི་སྐབས་མིན་པ་རྨི་ལམ་ཡང་མི་ཟིན་པར་འདུག །སྤྱིར་ཡང་མི་མཁས་པ་ཕལ་ཆེ་བ་དྲེགས་པས་བཅིངས་ནས་དགེ་སྦྱོར་དཀའ་བར་གདའ་གསུངས། ཡང་ད་ལོའང་དམག་ཅིག་ཡོང་པར་གདའ་གསུང་བ་བཞིན་བྱུང་ངོ་།
།དེ་ནས་དཔོན་དཔལ་སྙིང་ལ་སོགས་པ་འདས་པའི་ཐུགས་དམ་མཛད་པའི་ཚེ། དཔོན་དཔལ་སྙིང་དེ་ཡང་གཞོན་པ་ལ་ཤི་བ་སྙིང་རེ་རྗེ་སྙམ་པ་ཞིག་ལ་རྟོག་པ་འཕྲོས་ནས་སྙིང་རྗེ་དྲག་པོ་སྐྱེས་ནས་མཆི་མ་མང་པོ་བྱུང་གསུང་ངོ༌། །དཔོན་དཔལ་སྙིང་དེ་ཡང་གཞོན་པ་ལ་ཤི་བ་སྙིང་རེ་རྗེ་སྙམ་པ་ཞིག་ལ་རྟོག་པ་འཕྲོས་ནས་སྙིང་རྗེ་དྲག་པོ་སྐྱེས་ནས་མཆི་མ་མང་པོ་ཤོར་གསུང་ངོ༌། །དཔོན་དཔལ་སྙིང་དྲུང་དུ་བྱུང་ལགས་སམ་ཞུས་པས། ངོ་ནོང་ངེ་བ་ཞིག་བྱས་ནས་བྱུང་ཞིང་། གཞན་ཡང་གཤིན་པོ་རྣམས་བྱུང་ནས། བླ་མའི་གཏོར་མ་དེ་ནས་མི་ཐོབ་པར་གདའ་ཟེར་བས། ཁོང་རང་རྣམས་ལ་ཟན་ཆུང་ཇ་སྣ་དང་བཅས་པ་རེ་མདུན་དུ་ཞོག་ཅིག་གསུངས། དེ་ནས་དཔལ་སྡིངས་མཁན་པོ་འཇལ་དུ་བྱུང་ནས་ཐེགས་པ་དང་། ཆོས་རྗེའི་ཞལ་ནས། དཔལ་སྡིངས་མཁན་པོ་དེ་ལ་མི་རྣམས་འཐབ་ཀྱིན་འདུག་ནའང་། ང་ལ་མདང་བརྒྱུད་པའི་བླ་མ་གཅིག་བྱོན་ནས། ཆོས་མང་པོ་གསུངས། ལུང་བསྟན་འཛད་ཅིང་། དེ་རིང་ཁམས་དང་རིག་པ་དྭངས། ཏེ་ཁོང་ལ་སྨྲས་ན་ཁོང་ང་རྒྱལ་སྐྱེས་ཀྱི་དོགས་ནས་མ་བཤད་གསུངས། དེ་ལ་སོགས་པ་སློབ་མ་དད་གུས་ཆེ་ཆུང་། དམ་ཚིག་དང་སྡོམ་པ་གཙང་མི་གཙང་། ཉམས་དང་རྟོགས་པ་བཟང་མི་བཟང་ཐམས་ཅད་ངས་ཤེས་ཏེ་ང་འཇིགས་པ་ཡིན་གསུངས་ངོ༌།

W4CZ58783 stops here.
༼W8LS37032 ends here with: །ཡང་ཆོས་རྗེ་སྒོད་ཚང་ན་བཞུགས་དུས། ཆོས་རྗེའི་ཞལ་ནས། ་་་
5 pages
་་་ །ཆོས་རྗེའི་ཞབས་དྲུང་ངེས་པར་སྐྱེས་གྱུར་ནས། །མཆོད་པ་ཀུན་གྱིས་བླ་མ་མཉེས་པར་ཤོག །བདག་སོགས་བདེ་བ་ཅན་དུ་སྐྱེ་བར་ཤོག །དེར་སྐྱེས་ནས་ནི་བླ་མ་མཉེས་བྱེད་ཤོག །དགེའོ།།༽

།ཆོས་རྗེ་ཤངས་ཕུ་ན་བཞུགས་དུས། དགེ་བཤེས་ཚུལ་ཁྲིམས་བརྩོན་འགྲུས་དང་། ཉེ་གནས་དོན་གྲུབ་དཔལ་བཟང་གཉིས་ལ། རྗེའི་ཞལ་ནས། རྟག་སྣ་སྐོར་བའི་དམག་རྣམས་ལོག་འགྲོ་ཡིན་ཡོད་པ་འདུག་གསུངས། དེ་ཅི་ལགས་ཞུས་པས། མདང་ཀྵེ་ཊ་པཱ་ལས་མི་ལྭ་བ་ཅན་གཅིག་དང༌། གོས་སེར་གྱོན་པ་དང་གསུམ་ཁྲིད་བྱུང་ནས། འདི་ཚོས་ཞོང་ཞོང་སྐུ་འབུམ་ལ་གནོད་པ་བྱས་པས་འདི་རྣམས་གསད་པ་ཡིན་ཟེར་ནས་ངས་མ་གསོད་བྱས་ཡོད་གསུངས། དཔོན་དབང་སྭི་ཏུ་བའི་དྲུང་ནས། དད་གུས་ཆེན་པོ་ཡོད་པའི་སྟོབས་ཀྱིས་གཤེགས་བཞུད་ཅི་བྱེད་ཀྱང་རྗེའི་དྲུང་དུ་ཞལ་ཏ་ཞུ་ཞིང་ཐགས་ཆེས་པར་ཡོད་བས། འབྲི་གུང་པས་དབུས་ཕྱོགས་སུ་རྫོང་གཅིག་བརྩིགས་པས། ཕག་གྲུ་བས་དཔོན་དབང་སྭི་ཏུ་རྫོང་ནང་ན་ཡོད་ཟེར་ནས་ཡིད་མི་ཆེས་པ་སྭི་ཏུས་གསན་ནས། ངེད་ལ་ཡིད་མི་ཆེས་བྱེད་ཀྱིན་ཡོད་པ་འདུག་པས། བྱང་རྒྱབ་ལ་ཕྱིན་པ་དྲག་ལགས་སམ་གཞུང་ལ་ཕྱིན་པ་དྲག་ལགས་ཞུས་པས། གཞུང་ལ་བྱོན་པ་འཐད་གསུངས། རྫོང་གྲུབ་ཆེ་ཆུང་ཅི་འདྲ་གདའ་ཞུས་པས། ལྕགས་རི་གྱང་རིམ་བཞི་ཙམ་དང་། ནང་ན་བཅམ་ཡོད་རེ་ཕུབ་པ་ཞིག་འདུག་གསུངས། དམག་མང་ཚད་ཀྱིས་བསྐོར་འདུག་སྟེ། འཐབ་པ་མི་འདུག་གསུངས། དེ་ནས་ཞལ་ཏ་བཞིན་གཞུང་ལ་བྱོན་པས། རྫོང་ནང་ན་ཡོད་པའི་རྣམ་རྟོག་ཀྱང་སངས། རྫོང་གྲུབ་པ་སོགས་ཞལ་ཏ་བྱོན་པ་བཞིན་འདུག་པས། བླ་མ་སངས་རྒྱས་སུ་འདུག་སྙམ་ནས་ངེས་ཤེས་སྐྱེས་གསུངས། ཆོས་རྗེའི་གསུང་ནས། ད་འོ་ཅག་གླང་པོ་ཤོངས་སུ་འགྲོ་མི་དགོས་པ་འདུག་གསུངས། ཅི་ལགས་ཞུས་པས། མདང་བདེ་བ་ཅན་དུ་ཕྱིན་པས་སྒོ་གདོང་ན་མི་ནག་པོ་གཅིག་འདུག་པས། མི་གཞན་རྣམས་ནང་དུ་མི་གཏོང་བར་འདུག་སྟེ། ང་ནང་དུ་བཏང་ནས་ཕྱིན་པས། རིན་པོ་ཆེ་སྣ་ཚོགས་པའི་ཁྲི་ལ་མཁས་བཙུན་རིན་པོ་ཆེ་དང་། མཁན་ཆེན་ཀུན་དགའ་མགོན་པོ་གཉིས། རིན་པོ་ཆེ་དབང་གི་པྲོག་ཞུ་གསོལ་ནས་བདག་འཇུག་ཅིག་ལེན་གྱིན་འདུག་པས། དེར་ང་ལ་ཡང་སྡོད་གསུངས་ནས། དེའི་རྒྱུ་མཚན་དང་བླ་མའི་བྱིན་རླབས་དང་། དཀོན་མཆོག་ལ་གསོལ་བ་བཏབ་པའི་ཐུགས་རྗེ་དང༌། རང་གི་དགེ་སྦྱོར་གྱི་སྟོབས་ཀྱིས་གླང་པོ༌ཤོ་་་་ས་སུ་མི་འགྲོ་གསུངས། ཆོས་རྗེ་པའི་དྲུང་ནས་རྒོད་ཚང་ན་བཞུགས་དུས། རི་གོང་དབོན་པོ་ལ་སོགས་མི་ལྔ་ལ་སྒྱུ་ལུས་ཀྱི་དབང་བསྐུར་མཛད་དུས། ནམ་མཁའ་སྤྲིན་མེད༌དྭངས་པ་ལ་མེ་ཏོག་གི་ཆར་པ་བར་སྣང་ཁེངས་པ་བྱུང་ནས། ཆོས་རྗེའི་དྲུང་དུ་ཞུས་པས། ས་གནས་གཙང་ས་དང་། སློབ་མ་དང་། དད་གུས་ཆེ་ཞིང་དམ་ཚིག་གཙང་བའི་སྟོབས་ཀྱིས་མི་མ་ཡིན་དང་། མཁའ་འགྲོ་ཆོས་སྐྱོང་མང་པོ་འདུས་ནས་མཆོད་པ་འབུལ་བའི་རྟགས་སུ་གདའ་གསུང་། ཡང་ཅུང་ཞིག་སྐུ་ཁམས་བཟི་དུས། མཁའ་འགྲོ་མ་བདུན་གདན་འདྲེན་དུ་བྱུང་ནས་བདེ་བ་ཅན་དུ་གཤེགས་ཟེར། མཁའ་འགྲོ་མ་ཉེག་མོ་གོས་སྨུག་མོ་གྱོན་པ་གཅིག་གིས་ཡང་ཡང་གཤེགས་ཟེར་ནས་ནན་ཆེན་པོ་བྱེད་ཀྱིན་འདུག་སྟེ། ངས་མི་འགྲོ་བྱས་ཡོད། ཡང་དེ་དུས་བཙུན་པ་དར་ཞྭ་གྱོན་པ་གཅིག་གིས་རྟ་གྲོ་དཀར་ཞིག་ལ་དེར་གྱི་ལྷབ་ལྷུབ་མང་པོ་བཀལ་ནས་འདི་རྣམས་ལྷའི་ན་བཟའ་པན་ཙ་ལི་ཀ་བྱ་བ་ཡིན། འདི་རྣམས་གསོལ་ལ་རྒྱ་གར་ལྷོ་ཕྱོགས་སུ་གཤེགས་དང་། འདི་བས་དེ་ན་གདུལ་བྱ་ཆེ་བ་ཡོད་ཟེར་ནའང་མི་འགྲོ་བྱས་གསུངས། སློབ་དཔོན་ཀུན་དགའ་བ་གྲོགས་མཆེད་ཕྱག་ཆེན་ཞུ་བའི་དུས་སུ། རྗེའི་ཞལ་ནས། དགེ་སྦྱོར་སྐྱེས་མ་སྐྱེས་དང་། སྒོམ་བྱེད་མི་བྱེད་ང་རང་གིས་ལེགས་པར་ལྟ་ཡིན་ཡོད་གསུངས། དེ་དུས་ཁོང་གྲོགས་མཆེད་རྒྱུད་སྡེ་ལྔའི་དབང་ཞུ་ཡིན་ཡོད་པ་ལ། དཔོན་མོ་རིན་སྒྲོན་རྦབ་ཏུ་འདྲིལ་ནས་ན་ཟེར་ནས་གདན་འདྲེན་བྱུང་བས་མི་རུར་བྱོན་ནས་དབང་བསྐུར་མཛད་པས་སྐྱེད་བྱུང་། ཡར་ཕེབས་དུས་ནད་པ་ཇི་འདྲ་གདའ་ཞུས་པས། ངེད་ཀྱིས་མི་རུར་སླེབས་པའི་ནུབ་མོ་བཙུན་པ་རྒྱ་འོ་ཐང་ཐེབ་གྱོན་པ་གཅིག་གིས་ང་ལ་ཕྱམ་ཙེ་ངུར་ཁ་གཅིག་ཕྱག་རྟེན་བྱེད་ཀྱིན་འདུག་དེ་བླངས་ན་མོ་འཆི་བར་འདུག་པས། དེ་མ་བླངས་པས་མོ་ལ་སྐྱེད་བྱུང་ཡོད་གསུངས། རྗེའི་ཞལ་ནས། འཆི་མེད་སྒོམ་དུས་གཟུགས་པོ་བསྲང་ནས་སྒོམ་དགོས་པ་ཡིན། དེས་རྩ་རླུང་ཐད་ཀར་ཡོང་བ་ཡིན་ཅིང་། ཡི་དམ་ལྷ་མཐོང་ཞིང་འོད་གསལ་ཡང་འཆར་གསུངས། ཡང་དུས་འགའ་ཞིག་ཙ་ན། ཤངས་པ་འདི་ལ་ཉམས་གཅིག་དམའ་རུ་འགྲོ་བ་འདུག་གསུངས། སྟག་ལོའི་བཙས་ཆོད་པ་དང༌། རྩེ་གདོང་ནས་གདན་འདྲེན་བྱུང་དུས་བློ་གྲོས་དཔལ་བཟང་གིས་ངེད་ཞོང་ཞོང་ཐུག་སྐྱོལ་གསུངས་ནས། སྡོང་ཀར་སླེབས་པ་དང་། ད་ལོ་ཅིས་ཀྱང་དམག་ཅིག་འོང་བར་འདུག་པས། གཡུལ་གཙང་མ་ཐམས་ཅད་བསྡུས། སྲན་མ་ལས་ཀྱང་བྱ་རྒྱུ་མེད་གསུང་པས། གཡུལ་ཕྱེད་ཐོན་ལ་ཞལ་ཏ་ཇི་ལྟར་གནང་བ་བཞིན་བྱུང་། དབུས་ཀྱི་རྟིང་དམག་ཉང་སྟོད་ལ་ཐེགས་དུས། ཕྱེད་ཤངས་ལ་འཇུག་པ་འདུག་ཟེར་བ་ལ། རྗེའི་ཞལ་ནས། ཤངས་ལ་མི་འཇུག་པར་འདུག སྟག་གྲུར་འཐེན་སོང་། རགས་པོ་མིན་པའི་ཉལ་ལེ་བ་མང་པོ་འདུག་གསུངས། དེ་ནས་ཟླ་ཕྱེད་སོང་བ་དང་། དམག་གྱེས་ཡོང་གིན་ཡོད་པར་འདུག །མདང་རྟ་པ་གོས་གསེར་ཆུ་མ་གྱོན་པ་གསུམ་བྱུང་ནས། ད་ལེགས་ཡོད་དམག་གྱིས་སོང་ཟེར་གསུངས། དགའ་ལྡན་རྩིག་དུས་སློབ་དཔོན་བློ་གྲོས་མགོན་པས་ད་ཇ་སྣ་ཡང་ཟད་འདུག །མཁར་ལས་འདི་ཞག་འགའ་འཐེན་ན་ཞུས་པས། ཇ་སྣ་མི་ཆད་མཆི། ཁྱེད་རང་རྣམས་ཆང་དང་རྔོད་འཐག་གི་དོ་དམ་གྱིས་གསུངས་པའི་གནངས་ཉིན་ལྷ་ཕུ་ནས་མར་ཐུད་ལ་སོགས་འབུལ་སྐྱེལ་མང་དུ་བྱུང་། མཁར་ལས་ཚར་དུས་བློ་གྲོས་མགོན་དང་ངས་མཁར་ལས་བྱས་པ་ལ་འཐབ་ཀྱིན་འདུག་སྟེ། འདིས་སྤྱིར་ལུབ་པ་དང་དགོན་པ་ལ་ཕན་ཅིང་། ནང་རྟེན་ཕྱི་རྟེན་འདི་པའི་བཞུགས་ས་དང་། ང་རང་འདས་དུས་དགོན་པ་ས་ཡུལ་དོག་པས་གསོལ་འདེབས་དང་སྒྲུབ་མཆོད་མི་འདུ་འཚོགས་ཚང་ཚང་ལག་བདེ་བ་རྣམས་ཤོང་ཞིང་། ཆུ་ཐག་ཉེ་ལ་གཉེན་པ་བཅའ་བཀོད་བདེ་བ་གྲུབ་པས་ལེགས་པ་ཡིན། ཁང་པའི་བྱེད་ཟླ་བ་གཅིག་ཆོད་ནའང་ཆོད་པ་ཡིན་ཀྱང་ལོ་གསུམ་ལྷག་ཙམ་ཆོད་པ་གདའ། དེ་ནས་བློ་གྲོས་དཔལ་བཟང་གིས་ཀྱང་བྱེད་འདྲ་ཆོད་མཆི་གསུངས། བདག་པོ་དབང་པ་དགའ་ལྡན་དུ་བྱོན་དུས། བདག་པོ་པའི་ཞལ་ནས། དྲུང་པ་སྐུ་བགྲེས་པ་དང༌ས་ཐག་འགྱངས་པ། ངེད་ལ་ཡང་ཕན་པ་དཀའ་བ་གདའ་བས་ཆོས་རྗེ་འབའ་ར་བ་གདན་དྲངས་ནས་དབང་དང་ཆོས་སྐོར་འདྲ་ཞུ་ལགས་གསུང་གིན་འདུག་པ་ལ། བདག་པོ་བ་ཐེགས་ནས། ཆོས་རྗེའི་ཞལ་ནས། ཁོང་པ་ཆོས་རྗེ་འབའ་ར་བ་གདན་དྲངས་ནས་ཆོས་ཞུ་གསུང་གིན་འདུག་སྟེ། ཁོང་ལ་འབའ་ར་བས་ཕན་མ་ཐོགས་པར་འདུག་གསུངས། དེ་ཅི་ལགས་ཞུས་པས། འབའ་ར་བ་ལྷོར་བྱོན་ནས་ཚུར་མི་འབྱོན་པར་འདུག་གསུངས། ཞུག་པའི་སློབ་དཔོན་བསོད་རིན་མཇལ་དུ་བྱུང་ནས། བདག་ལ་དམྱལ་བ་དང་། ཡི་དྭགས་དང་། ངན་སོང་གི་སྡུག་བསྔལ་མང་ཆད་ཡོང་གིན་གདའ། དེ་ཅི་ལགས་ཞུས་པས། རྗེའི་ཞལ་ནས། རྣམ་རྟོག་མ་ཟད་ཀྱི་བར་དུ་རྒྱུ་འབྲས་མི་བསླུ་བར་ཡོད་པས།་ ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བར་འདུག་སྟེ། ཐུགས་དམ་བཟང་པོ་ཡོད་པའི་སྟོབས་ཀྱིས་རིགས་དྲུག་གི་གནས་སྦྱོངས་ཤར་བ་ཡིན་གསུངས། ཡང་ཆོས་རྗེའི་དྲུང་དུ་བླ་མ་བྱ་བྲལ་བས་རྟ་གཅིག་ཕུལ་ནས། དགེ་སློང་བྲུབ་རྒྱལ་ལ་རྟ་འདི་ཁར་གསོས་གསུང་བ་ལ། དྲུང་པའི་ཞབས་ཏོག་དང་རྟ་གསོ་བ་གཉིས་ཀ་མི་འགྲུབ་པར་འདུག་སྙམ་ནས་མགྲོན་ཁང་དུ་བསྐྱལ་ནས་ཞག་གསུམ་སོང་བ་དང་། རྟ་ལ་ཆག་བྱིན། ང་དགོན་པར་ཡང༌ཡང་འགྲོ་གསུང་བ་དང་། དགེ་སློང་གིས་དྲུང་པའི་ཞབས་ཏོག་དང་རྟ་གསོ་བ་མི་ལྕོགས་པར་འདུག་པས། མགྲོན་ཁང་དུ་བསྐྱལ་ལགས་ཞུས་པས། སྤྲང་པོ་ཁྱེད་ཚོས་ང་ལ་རྫུན་་བྱས་ཏེ་ཉ་འདི་ན་མེད་ནས་ཞག་གསུམ་སོང་། ཁྱེད་ཆོས་ཅི་བྱས་ཐམསཅད་ངས་ཤེས་གསུངས། ཡང་ཞ་ལུ་བའི་སློབ་དཔོན་ཡེ་ཤེས་རྒྱལ་མཚན་པ་དཔོན་སློབ་གསུམ་དགའ་ལྡན་ལྕོགས་ཆུང་ན་ཁྲིད་ཞུ་དུས། ཆོས་རྗེའི་ཀསུང་ནས། ཉེ་གནས་ལ་སློབ་དཔོན་ཡེ་རྒྱལ་བ་གསུམ་ལ་ནས་ཟོ་བ་གསུམ་སྐྱོལ་ཤོག །ཁོང་རྣམས་ལ་ལྟོ་ཕྱེ་མི་འདུག་གསུངས། ཁ་སང་ནས་ལྟོ་ཕྱེ་མེད་པའི་སྐད་མི་གདའ་ཞུས་པས། ཁྱོད་རང་ད་ལྟ་ལྟ་རུ་རྒྱུག་དང་། །ཁོང་གསུམ་པོ་ཕོར་པ་རེའི་ནང་ན་ནས་བཙོས་པ་འབྲུ་འགའ་རེ་བླུགས་ནས་དེ་ཁྱེམ་བུའི་ཁས་བླང་ནས་གཅིག་མིག་གཅིག་ལ་ཅེར་ཅེར་ལྟ་ཡིན་ཟ་ཡིན་འདུག་གསུངས་ནས་ཉེ་གནས་ཀྱིས་དེ་འདྲོག་ལ་སྐྱེལ་དུ་ཕྱིན་པས། ཞལ་ཏ་ཇི་ལྟར་གནང་བ་བཞིན་གདའ། ཡང་ལོག་ཡོང་དུས་མི་བདེན་བར་འདུག་གམ་གསུངས། དེ་ལ་སོགས་པའི་ཐུགས་ཤེས་མང་དུ་བཟུང་ཡང་བྲི་བར་མ་ནུས་སོ།
།ཡང་ཆོས་རྗེའི་དྲུང་དུ་ཕུད་ཅིག་ཞུས་དུས། ང་ལ་གོ་ལག་དང་ཁང་པས་སྒྲིབ་མ་སྒྲིབ་ཆེར་མེད། ད་རྨི་ལམ་གྱི་སྟོབས་འདི་ཆུང་དུ་སོང་། འོད་གསལ་གྱི་སྟོབས་འདི་ཆེ་རུ་སོང་འདུག་གསུངས། དེ་ཅི་ལགས་ཞུས་པས། ཞལ་འཛུམ་མཛད་ནས་སངས་རྒྱས་པའི་རྟགས་སུ་གདའ་གསུངས། རྟ་ལོའི་སྟོན་སློབ་དཔོན་ཀུན་དགའ་བ་གྲོགས་མཆེད་གཉིས་ལ་ནས་གཉེར་ཞིག་ཡོད་པ་ད་ལོ་ནས་ཚང་མར་བསྡུས་ལ་མི་ལ་མ་བཏང་། སང་སོས་ཁ་མེ་ཏོག་དབྱར་མོ་ཐང་ཁྲ་དིང་པའི་དུས་སུ་དགོས་པ་ཞིག་བྱུང་དོགས་གདའ། དེ་ཙ་ན་ཅི་ཡོད་དུས་གཅིག་ལ་སྤྲུགས་མི་དགོས། འཐབ་རྩོད་མ་བྱེད་པར་ཆང་མང་དུ་ཚོས་ལ་ཇ་སྣ་མེད་ཀྱང་ནས་འགམ་བྱེད་ཀྱིན་གསོལ་འདེབས་གྱིས། ཁྱད་པར་དུ་མཁས་བཙུན་རིན་པོ་ཆེའི་མཆོད་དང་དུས་མཆོད་འདི་མ་ཆག་པར་གྱིས། ངའི་ཟླ་མཆོད་དུས་མཆོད་འདི་མི་ཆག་པར་འདུག་ང་ལ་ནང་རྟེན་ཕྱི་རྟེན་བཞེངས་མི་དགོས། གལ་ཏེ་བཞེངས་ན་ཐོ་གང་མ་གཅིག་བཞེངས། དེ་བས་ཆེས་ཀྱང་དུས་ཚད་དང་བསྟུན་པས་ཞབས་ཏོག་དཀའ་བས། ང་ཡང་བུན་ཁུངས་དང་སྦྱོང་དུ་ནང་རྟེན་དང་ཕྱི་རྟེན་ཆེས་པས་བཅུག་པ་ཡིན། ངའི་རྟེན་དེ་དང་གོང་མ་རྣམས་ཀྱི་ཕྱི་རྟེན་ནང་རྟེན་གྱི་ཞབས་ཏོག་དགེ་སློང་གྲུབ་རྒྱལ་གྱིས་གྱིས། དགེ་སློང་གི་དགོས་ཆ་བློ་གྲོས་དཔལ་བཟང་གིས་སྤྲོད་གསུངས། ཡང་ལུག་ལོ་ཟླ་བ་བཞི་པའི་ཚེས་བཅུ་བཞིའི་ཉིན་ཕུད་ཅིག་ཞུར་ཕྱིན་པའི་དུས་སུ། དི་རིང་ཁྱོད་བྱུང་བ་དེ་བཟང་། ང་ཡང་ཡུན་རིངས་མི་སྡོད་པར་ཅི་མྱུར་དུ་འགྲོ་བར་འདུག །མདང་མཁས་བཙུན་རིན་པོ་ཆེ་དང་། མཁན་ཆེན་ཀུན་དགའ་མགོན་དང་། རིན་པོ་ཆེ་བློ་བཟང་པ་དང་གསུམ་བྱོན་བྱུང༌། ཁོང་རྣམ་པའི་ཞལ་ནས། ངེད་རྣམས་ནུབ་བདེ་བ་ཅན་ན་ཡོད། དེ་ན་མེ་ཏོག་ཕུབ་ཙམ་ཡོད། མ་བཏབ་པའི་ལོ་ཏོག་ཡོད། འདོད་འཇོའི་བ་ཡོད། གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་བཀོད་པ་བསམ་གྱིས་མི་ཁྱབ་པ་ཡོད། ཁྱོད་ཀྱང་བ་ཟུགས་པོ་ངན་པས་ཉོན་པོ་ལས་མི་འདུག་པས་ནུབ་བདེ་བ་ཅན་དུ་འདོང་གསུངས། ངས་ཀྱང་ཁས་བླངས་ཡོད། ང་ཡང་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། གསོལ་བ་དྲག་པོ་བཏབ་པས་བདེ་མཆོག་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་མང་པོ་བྱོན་བྱུང༌། གཟུགས་པོ་ངན་ཡང་དགེ་སྦྱོར་ཤིན་ཏུ་འཕེལ་གསུངས། ཁྱོད་ཀྱང་སང་ཅིས་ཀྱང་ཤོག་དང་གསུངས། སང་བྲེལ་བ་ཞིག་བདོག །གནངས་སྔ་མོར་འོང༌བར་ཞུ་ཞུས་ནས་གནངས་སྔ་མོར་འགྲོ་བའི་གྲབས་བྱས་དུས། མདང་དྲུང་པ་སྐུ་ཁམས་བཟི་བ་ཞིག་བྱུང་། མྱུར་པོ་འབྱོན་པ་ཞུ་ཟེར་ནས་ཉི་མ་ཤརཙམ་ལ་ཕྱིན་པས། ཆུ་མིག་འོག་མར་སླེབས་དུས། ཨ་ནེ་སྲས་བཙུན་ན་རེ། ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁེངས་གདའ། ཅི་ཡིན་ནམ་ཟེར། ནམ་མཁའ་ལ་བལྟས་པས་འཇའ་ཚོན་ཨ་ལོང་རིས་གཅིག་ལ་གཅིག་བརྒྱུད་པ་བཞིན་བར་སྣང་ཐམས་ཅད་ཁེངས་པ་ཐམས་ཅད་ཀྱིས་མཐོང་། དགའ་ལྡན་༼དུ་༽སླེབས་དུས། གུར་ཕྱོགས་པའི་སློབ་དཔོན་ཀུན་དགའ་མགོན་ཡང་ཆོས་རྗེའི་དྲུང་དུ་མཇལ་དུ་འགྲོ་དགོས་སྙམ་པ་ཡང་ཡང་བྱུང་ནའང་ཞག་འགའ་ཟུང་མ་ཐོན་པར། ནུབ་ཅེག་རྨི་ལམ་དུ་བུད་མེད་དཀར་མོ་གཅིག་དང་སྨུག་མོ་གཅིག་གཉིས་ཁྲོས་སེ་བྱས་ནས། དམར་མོ་དེ་ན་རེ། ཁྱོད་འཇག་ཏུ་འགྲོ་ན་སང་ཀ་རྒྱུག །དེ་ནས་བླ་མ་མེ་བཞུགས་པར་ཡོད་ཟེར་ནས་ཡོང་པ་ཡིན་ཟེར་ནས་ཁོང་ཡང་སླེབས་འདུག་དེ་ནས་སྐུ་མདུན་དུ་སླེབས་དུས། ཆོས་རྗེའི་གསུང་ནས། ང་མྱུར་པོར་འགྲོ་བར་འདུག །རྗོད་འཐག་དང་ཆང་ཚོང་འདྲ་བྱས་པ་དྲག་ཡོང་གསྲུང་བ་ལ། ལྟ་རྗེ་གཅིག་འབོད་དུ་བཏང་བདོག །སང་སྐུ་རིམས་ཤིག་བསྒྲུབས་པ་དྲག་ལགས་སམ་ཞུས༌པས། ཁྱོད་རང་ལྷ་རྗེ་བོས། རིམ་གྲོ་བྱས་ཀྱང་གནངས་གཤེགས་པར་གདའ་ཡིས། ལྷ་རྗེ་འབོད་པ་དང་རིམ་གྲོ་མ་བྱས་ན་ཁྱོད་ལ་མིས་སྨོད་བརྗོད་བྱུང་གིས་དོགས་པ་ཡིན་ཡོང་གསུངས། དགེ་སློང་ཐུབ་རྒྱལ་བས། དྲུང་པ་སྐུ་ཁམས་ལྟེམ་པ་འདི་ལ་གདན་འདྲེན་བྱུང་ལགས་སམ་ཞུས་པས། མདང་བཙུན་པ་དར་ཞྭ་གོན་པ་གསུམ་བྱུང་ནས་ནུབ་བདེ་བ་ཅན་དུ་གཤེགས་ཟེར་ནས་མི་སྣང་བར་ཐལ། ད་བདེ་བ་ཅན་དུ་ངེས་པར་འགྲོ་བར་འདུག་གོ་གསུངས། དེ་ནས་སང་ཚ་བ་སྤོང་ཐག་དང་བཅས་པ་རྣམས་འཛོམས། གཏོར་སྒྲུབ་གསོལ་འདེབས་ལ་སོགས་པའི་སྐུ་རིམ་མང་དུ་བསྒྲུབས་ནས་ད་ལྟ་སྙུང་ཟུག་ཇི་འདྲ་གདའ་ཞུས་པས། གྲེ་བ་ཙི་ཙི་ངར་ངར་ཁགས་ཁགས་པ་འདི་ཅུང་ཉེན་པར་འདུག །གཞན་ཟུག་མེད། ཀ་ཏ་སོགས་དགོས་པ་རྣམས་ནི་སྔར་དུ་བྱས་ཡོད་གསུངས་ནས། ས་མོ་ལུག་གི་ལོ་ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ཀྱི་སྲོད་ཆིལ་བ་ལ་ཆོས་ཀྱི་དབྱིངས་སུ་སྐུ་གཤེགས་པའི་ཚུལ་བསྟན་ནོ།
།དེ་དུས་སྤོས་དྲི་ཞིམ་པོ་ལ་སོགས་པའི་ངོ་མཚར་བའི་ལྟས་བཟང་པོ་མང་དུ་བྱུང་བ་དེ། མཁའ་འགྲོ་མའི་བསུ་བ་ཡོད་པའི་རྟགས་སུ་གདའ། ཆོས་རྗེའི་ཞལ་ནས། མཁས་བཙུན་རིན་པོ་ཆེ་པ་བདེ་བར་གཤེགས་དུས་ཀྱང་ཆོས་ཞག་བདུན་ལས་མ་ཆག །དེ་ཙམ་ཞིག་ང་ཡང་བྱེད་པ་ཡིན། ཡང་ཡང་གསུངས་ནའང་ཞག་གསུམ་ལས་མ་ཆག་གོ། སྐུ་བདེ་བར་གཤེགས་པའི་ཉིན་བར། མགོན་པོ་སྐྱབས་ཟེར་བའི་ཕྱུགས་རྫི། ལོ་བཅུ་གསུམ་ལོན་པ་གཅིག་གིས་དགའ་ལྡན་གྱི་ནུབ་རི་ལ་ཕྱུགས་འཚོ་རུ་ཕྱིན་པས། ཁོའི་སྣང་བ་ལ་དགའ་ལྡན་གྱི་རི་གཟིམས་ཁང་དང་བཅས་ཇེ་མཐོ་ཇེ་མཐོ་ལ་ནམ་མཁའ་ལ་སླེབས་པ་ཙམ་དུ་སོང་། དེ་ལ་ནུབ་ཕྱོགས་ནས་འཇའ་ཚོན་དང་ཐག་་་་་་་་་་་་འདྲ་བ་གཉིས་ཀྱི་བར་དར་ཡུག་དཀར་པོ་གཅིག་གི་སྟེང་ན་ཕང། ཆོས་རྗེ་རིན་པོ་ཆེ་པ་སེང་གེ་དཀར་མོ་གཅིག་ལ་ཆིབས་ནས་འཁོར་བུད་མེད་རྒྱན་མང་པོ་དང་གོས་རྣམ་པ་སྣ་ཚོགས་གྱོན་པ་དཔག་ཏུ་མེད་པས་བསྐོར་ནས་ནུབ་ཕྱོགས་ལ་འབྱོན་ཀྱིན་འདུག་པ་དང་། ཁོ་རང་ཡང་དར་ཅིག་བརྒྱལ་འདུག །ཡང་དེའི་ཉིན་བར་ཉི་མ་སྔ་ཕྱེད་ཙམ་ལ་ཁོང་ལམ་དཔོན་དགེའི་སྲས་པོ་ལོ་གཉིས་ལོན་པ་གཅིག་དང་། དེའི་མ་དང་། གཞན་ཡང་བུད་མེད་འགའ་ཞིག་དང་བཅས་པ་ཐོག་ཁ་ན་ཉི་མ་སྲོ་ཡིན་ཡོད་པ་ལ། བུ་ཆུང་ས་ལ་ཡོད་པ་ཧད་ཀྱིས་ལངས་ནས་བག་མ་གཡུ་བླང་ཟེར་གྱིན་སྡེར་མོ་གདེངས་ནས་ནམ་མཁའ་ལ་མིག་བལྟ་ཡིན་འདུག །དེའི་རྩ་ན་ཡོད་པ་རྣམས་ཀྱིས་བག་མ་ག་ན་འདུག་བྱས་པས། ཤར་ཕྱོགས་ལ་མཛུབ་མོ་བཙུགས་ནས་ཡ་གི་ན་ཟེར་ནས་བལྟས་པས། ཤར་ནུབ་ཀྱི་བར་ལ་འཇའ་ཚོན་ཁྲའོ་ཞིག་གིས་ལྟེམས་ཀྱིས་སོང་འདུག །ཨ་མ་ངེད་རང་གི་ཐད་ཀ་འདི་ན་ཕར་རང་རེའི་བླ་མ་གཞོན་པ་མིན་པའི་རྒན་པོ་མིག་འདི་ཙུག་བྱས་བཀབ་པ་དེ་མཛོ་པོ་ཀར་ཡུ་བ་གཅིག་ལ་ཞོན་ནས་བག་མ་གཡུ་ལ་ཅི་ཡང་གཏགས་པ་མང་པོས་བསྐོར་ནས། རང་རེའི་ཐད་ཀའི་ནུབ་ཕྱོགས་ལ་འགྲོ་ཡིན་འདུག །ཨ་མས་གཡུ་གཅིག་བླང་གྱིས་དང་ཟེར་བ་ཡང་བྱུང་འདུག་ཅིང་། ཡང་གསོལ་འདེབས་ཀྱི་དུས་སུ། མཁན་ཆེན་དོན་ཡོད་པའི་གཟིགས་སྣང་ལ། ཆོས་རྗེ་རིན་པོ་ཆེ་དགའ་ལྡན་གྱི་ནུབ་ཕྱོགས་ནས་གར་བྱེད་ཀྱིན་བྱོན་ནས་པུར་ཁང་ལ་ཐིམ་པ་སོགས་ཕྱོགས་གཅིག་ཏུ་མཐུན་པར་སྣང་བས། མཚན་ཐོས་པས་དོན་དང་ལྡན་པའི་ཆོས་རྗེ་རིན་པོ་ཆེ་དེ་ཉིད་ནུབ་བདེ་བ་ཅན་ན་ངེས་པར་བཞུགས་པས་བུ་སློབ་རྣམས་ཀྱིས་དེར་གསོལ་བ་འདེབས་པར་ཞུ། ཡང་པུར་བཞུ་བའི་དུས་སུ་ཡང་འཇའ་འོད་དང་། སྒྲ་དང་མེ་ཏོག་གི་ཆར་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ཞིང་། སྐུ་གདུང་ལའང་ལྷ་སྐུ་རིང་བསྲེལ་དཔག་ཏུ་མེད་པ་བྱོན། ཁྱད་པར་དུ་གསོལ་འདེབས་བཞི་བཅུ་ཞེ་དགུ་ཐོན་པའི་ཉིན་བར་མེ་ཏོག་གི་ཆར་པས་ནམ་མཁའ་ཁེངས་པ་བྱུང་ཞིང་། ལག་ཏུ་བཟུང་བ་འགའ་རེ་དིང་སང་ཡང་མ་ཡལ་བར་གདའ། ནང་རྟེན་ཕྱི་རྟེན་ལུགས་གཙང་བས་བྲད་ཕྱིས་ལ་སོགས་པ་མི་དགོས་པའི་རང་བྱོན་ལྟ་བུར་བྱོན་ནས་ལྷ་མི་ཐམས་ཅད་ཀྱིས་མཆོད་པའི་རྟེན་དུ་གྱུར་ཏོ།
།དེ་ལ་སོགས་པའི་རྣམ་ཐར་རྒྱས་པར་མཐའ་ཡས་པ་རྣམས་བརྗོད་པར་མ་ནུས་ཤིང༌། མདོར་བསྡུས་པ་འདི་ནི་ཆོས་རྗེ་པའི་དྲུང་དུ་དད་པ་བརྟན་ཞིང་མོས་གུས་ཆེན་པོ་ཉེ་བར་ཐོབ་པའི་བུ་སློབ་རྣམས་ཀྱིས་ཡང་ཡང་སྐུལ་བའི་ངོར། སྐུ་མདུན་དུ་ཉེ་བར་སྡོད་པ་རྣམས་ཀྱིས་རྣ་བར་གསུངས་པ་རྣམས་དང་། བདག་རང་གིས་ཐོས་པ་རྣམས་ཕྱོགས་གཅིག་ཏུ་བློ་གྲོས་དཔལ་བཟང་གིས་དབེན་གནས་[[འཇག་གི་རི་ཁྲོད་]]དུ་བསྒྲིགས་པའོ།

།དེ་ལྟར་ན་མཚན་ཐོས་པ་དོན་དང་ལྡན་པའི་དཔལ་ལྡན་བླ་མ་རིན་པོ་ཆེ་འདི་ནི་བསྟན་པ་དང་སེམས་ཅན་རྣམས་ཀྱི་དཔལ་དུ་བཞུགས་པར་བདག་གིས་སྨོས་མི་འཚལ་བར་ཐམས་ཅད་ཀྱི་ཐུགས་ལ་གསལ་བ་དེ་ལགས་མོད།
།བླ་མའི་རྣམ་ཐར་ཉི་མའི་དཀྱིལ་འཁོར་ལ། །རང་བློ་སྐར་ཕྲན་ལྟ་བུས་འཇལ་བྱེད་པའི། །སྐྱེས་བུ་ཕྲག་དོག་ཅན་དང་ལོག་ལྟ་མཁན། །དེ་དག་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ།
༼W4CZ58783 p526: འདི་བྲིས་དགེ་བས་བདག་སོགས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །ཆོས་རྗེའི་བུ་སླབ་མང་པོས་བསྐུལ་ཞིང་། །ཟབ་ཡངས་བདུད་རྩིས་རྟག་ཏུ་སྐྱོང་གྱུར་ཅིག
།ཆོས་རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་འདི་ནི། ཆོས་རྗེའི་བུ་སློབ་མང་པོས་བསྐུལ་ཞིང་། ཁྱད་པར་དུ་དེ་ཉིད་ལ་གུས་པ་ཆེན་པོས་ཉེ་བར་གནས་པ། [[དགེ་སློང་དཔལ་ལྡན་དོན་གྲུབ་]]ཀྱིས་འཕྲལ་དུ་བསྐུལ་བའི་ངོ་ནས། དེ་ཉིད་དང་[[དགེ་བཤེས་ཚུལ་བཟང་]]གཉིས་ཀྱིས་མཐུན་པའི་གྲོགས་བྱས་ཏེ། ཆོས་རྗེའི་བཀའ་དྲིན་ཆེན་པོས་སྐྱངས་པ་བློ་གྲོས་ཐོགས་པ་མེད་པའི་དཔལ་བཟང་པོས་སྦྱར་བའོ། །ཡི་གེ་པ་ནི་ཀུན་དགའ་རིན་ཆེན་ཉིད་དོ། །ས་སྟེངས་སུ་ཉི་ཟླ་ལྟར་རྒྱལ་བར་གྱུར་ཅིག །མཛད་པའི་ཐ་མ་ཞིང་ཁམས་བདེ་བ་ཅན་དུ་གཤེགས་གསུང་། དངོས་པོ་གང་ཡོད་རྣམས་ང་ལ་དགོས་པ་མིན་ཏེ། བླ་མའི་གསུང་ནས་རང་རང་གི་དངོས་པོ་གང་ཡོད་དེ། ཁང་རུལ་ཞིག་པ་བཞིན་དུ། ་་་་ལ་བུནེ་གཏོང་དགོས་པ་ཡིན་གསུང་་་་་་་ཡོད་པས། ཇ་ན་མི་འདུག་ན་ཁྱེད་རང་རྣམས་ཆང་གིས་རྦད་ཁམ་བྱེད་ཀྱིན་གསོལ་བ་ཐོབ་གསུང་ངོ་། །དགེའོ།།༽

།བླ་མའི་རྣམ་ཐར་བརྗོད་པའི་དགེ་བ་འདིས། །བདག་སོགས་བུ་སློབ་མོས་གུས་ཐམས་ཅད་ཀུན། །ཆོས་རྗེའི་ཞབས་དྲུང་ངེས་པར་སྐྱེས་གྱུར་ནས། །མཆོད་པ་ཀུན་གྱིས་བླ་མ་མཉེས་གྱུར་ཅིག །རྡོ་རྗེ་འཆང་དངོས་དྲིན་ཆེན་ཆོས་ཀྱི་རྗེ། །བྱམས་པའི་ཐུགས་མངའ་འགྲོ་མགོན་ཆོས་ཀྱི་རྗེ། །མཐོང་ཐོས་དྲན་པའི་དཔལ་གྱུར་ཆོས་རྗེ་ཡི། །ཞབས་པད་དྲི་མེད་རྟག་ཏུ་བསྟེན་བྱེད་ཅིང་། །ཟབ་ཅིང་རྒྱུ་ཆེའི་ཆོས་ཚུལ་རབ་བསྟན་ནས། །རྒྱུན་ཆད་མེད་པའི་ཉམས་ལེན་དྲག་པོ་ཡིས། །ཉམས་རྟོགས་མཐར་ཕྱིན་རང་གཞན་ཤེས་རྒྱུད་གྲོལ། །དོན་གཉིས་མཐར་ཕྱིན་སངས་རྒྱུས་མྱུར་ཐོབ་ཤོག །དགེའོ།།

༄༅། །འཇག་ཆེན་ཆོས་ཀྱི་རྒྱལ་པོ་བྱམས་པ་དཔལ་གྱི་རྣམ་པར་ཐར་པ་ཉི་མའི་དཀྱིལ་འཁོར་བཞུགས་སོ།།

།ན་མོ་གུ་རུ་མཻ་ཏྲི་ཤྲཱི་ཡ།
ཆོས་རྗེ་རིན་པོ་ཆེ་བྱམས་པ་དཔལ་བའི་རྣམ་པར་ཐར་པ་བརྗོད་པའི་གཏམ། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ།
རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།
།ཚོགས་གཉིས་ཤར་གྱི་ས་འཛིན་ལས་འོངས་ཤིང་། །བྱམས་བརྩེའི་དཔལ་༼ཡོན་༽ཡོངས་སུ་རྒྱས་པའི་རྗེ། །འཕྲིན་ལས་དཔལ་གྱི་འོད་ཟེར་འཕྲོ་བ་པོ། །མཚུངས་མེད་ནམ་མཁའི་ནོར་བུའི་ཞབས་ལ་འདུད། །རྣམ་དག་ཆོས་སྐུའི་ནམ་མཁའ་ཡངས་པ་ལ། །བདེ་ཆེན་ལོངས་སྐུའི་འོད་ཟེར་རབ་འཕྲོས་ནས། །ཚད་མེད་སྤྲུལ་སྐུ་འགྲོ་བའི་དོན་མཛད་པའི། །ཆོས་རྗེ་ཉིན་མོར་བྱེད་པ་གཙུག་གིས་མཆོད། །གང་ལ་ཁྱེད་སྐུའི་ཞལ་རས་རབ་བསྟན་ནས། ཡན་ལག་དྲུག་ཅུ་གསུང་བའི་དམ་ཆོས་དང་། །ཐུགས་རྗེའི་འོད་ཀྱིས་བདག་སོགས་སྨིན་མཛད་པའི། །བླ་མ་པདྨའི་གཉེན་མཆོག་རྒྱལ་གྱུར་ཅིག
།དེ་ཡི་རྣམ་ཐར་རྒྱ་མཚོ་ལས། །བདག་གི་རྣ་བར་གང་ལྷུང་བ། །རང་གཞན་དད་པ་གསོ་བའི་ཕྱིར། །ཅུང་ཟད་ཙམ་ཞིག་བརྗོད་པར་བྱ།
།འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རྒྱལ་སྲས་བྱང་སེམས་ཐམས་ཅད་ཀྱི་གཙོ་བོ། ཉན་ཐོས་རང་རྒྱལ་རྣམས་ཀྱི་འདྲེན་པ། གདུལ་བྱ་ལྷ་མི་རྣམས་ཀྱི་གཙུག་རྒྱན། སྲིད་གསུམ་མཚོ་ལས་སྒྲོལ་བའི་དེད་དཔོན། ངན་སོང་གནས་ནས་འདྲེན་པའི་ལྕགས་ཀྱུ། མ་རིག་མུན་པ་སེལ་བའི་སྒྲོན་མེ། ཐར་པའི་ཁང་བཟང་བགྲོད་པའི་ཐེམ་སྐས། ཆོས་ཀྱི་རྗེ་མཚུངས་པ་མེད་པའི་མཁྱེན་རབ་དང་། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚད་མེད་པ་མངའ་བ་ལ་བརྟེན་ནས། གདུལ་བྱ་རྣམས་ཀྱི་དཔལ་དང་། མགོན་དང་དཔུང་གཉེན་བླ་ན་མ་མཆིས་པར་གྱུར་པ་འདིའི་རྣམ་པར་ཐར་པ། བསམ་གྱིས་མི་ཁྱབ་པ། བརྗོད་པས་མི་ནུས་ནའང་། ཅུང་ཟད་བརྗོད་ན།
ཆོས་རྗེ་ཡི་ཞལ་ནས། ང་སྐྱེ་བ་སྔ་མ་ལ། རྒྱ་གར་ལྷོ་ཕྱོགས་སུ་གྲོང་ཁྱེར་སུམ་ཅུ་རྩ་ལྔའི་མཐའ་འཇག་སྤྱིལ་མང་པོས་བསྐོར་བའི་དབུས་ན། ས་ཕག་ལ་རྩིག་པ་བྱས་པའི་གཞལ་ཡས་ཁང་ལྟ་བུ་གློ་འབུར་བཞི་དང་བཅས་པ་ཡོད་པའི། ཕ་[[བྲམ་ཟེ་ཆོས་གྲུབ]]། མ་[[ལྷ་མོ་འོད་མཛེས་མ]]། དེ་གཉིས་ལ་བུ་སྤུན་གསུམ་ཡོད་པའི་འབྲིང་པོ་ཆོས་ཀྱི་རིན་ཆེན་ཞེས་བྱ་བའི་བཙུན་པར་གྱུར་ནས། ཕ་བློ་འབུར་ཤར་དང༌། ང་བྱང་ན་གནས་ཤིང་། བྱམས་པ་དང་སྙིང་རྗེའི་སྒོ་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེར་བྱུང་སྟེ། ཞིབ་པར་བཤད་ཀྱང་གཞན་ཡིད་ཆེས་པར་དཀའ། ད་རུང་དུའང་སྣང་ཡུལ་དུ་ཡུད་པ་རེ་མཐོང་གིན་འདུག་སྟེ། ཐོ་རེ་བ་གཅིག་མིན་པ་སྟོངས་འདུག །ཨ་ཙ་རའི་སྐད་དེ་རྣམས་ཀྱང་མི་གོ་བར་འདུག་གསུངས། མཚན་དེ་རྣམས་བོད་སྐད་དུ་ཇི་ལྟར་སྒྱུར་ལགས་ཞུས་པས། ཡིད་ལ་དེ་ལྟར་ཤར་བ་ཡིན་གསུངས།
།སྐུ་ཚེ་འདིའི་ལོ་རྒྱུས་ནི། རབ་དཀར་གངས་རིས་བསྐོར་བའི་ལྗོངས། ཆུ་བོ་ཆེན་པོ་པག་ཤུ་དལ་གྱིས་བབས་པའི་འགྲམ། བྱང་ཕྱོགས་[[Shang|གཡས་རུ་ཤངས་]]ཀྱི་བྱེ་བྲག །མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་པའི་གནས་མཆོག །ཡན་ལག་བརྒྱུད་དང་ལྡན་པའི་ཆུ་བོ་འདུས་པ་དང་བཅས་པ་འབབ་པའི་འགྲམ། ཁོང་ལམ་རྩ་ཐང་ཞེས་བྱ་བར། ཡབ་ཤུད་ཀྱི་[[བྱམས་པ་མགོན་]]དང་། ཡུམ་ལ་ཆིངས་[[སྲི་ཐར་འབུམ་]]གྱི་སྲས་བར་མར་སྐུ་འཁྲུངས་ཏེ། དེ་ཡང་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་ལུས་ཡང་བ་དང་། རྨི་ལམ་དུའང་ཉི་མ་ཤར་བ་དང་། འོད་གསལ་གྱི་སྣང་བ། ཉིན་མོ་ལྟ་བུ་འཆར་བ་བྱུང་། མ་གཅིག་ན་རེ། ངའི་བུ་འདི་ལ་ཆོས་པ་ཞིག་འོང་བར་འདོད་པས། འདི་ཡི་གཡོག་གིས་ཤིག །ཚོགས་རྫོགས་པ་ཡིན་ནོ་གསུང་ངོ་།
།དགུང་ལོ་ལྔ་ལོན་པའི་ཚེ། མ་ཎི་བགྲང་བ་དང༌། རྩེད་མོ་རྩེ་བའི་དུས་སུ། ཆོས་ཁྲི་དང་། སྤྱིལ་པོ་རྩིག་པ་དང་། ཆོས་འཆད་པ་དང་། བྱིས་པ་མང་པོ་ལ་རྔན་པ་བྱིན་ནས་ཀྱང་། མ་ཎི་འདྲེན་དུ་འཇུག་པ་དང་། ཉ་ལ་སོགས་པ་གསོད་པ་ལ་སྲོག་བླུ་བྱེད་པ་དང༌། བྱིས་པ་འགྲོ་མི་ཤེས་པ་རྣམས་ཁུར། སྙོམས་ཆུང་བ་རྣམས་ལ་ཟན་ལ་སོགས་པ་བྱིན་ནས་བསྐྱངས་པས། རྩྭ་ཐང་ན་བྱིས་པ་བྱང་ཆུབ་སེམས་དཔའ་ཞིག་ཡོད་པར་འདུག་ཟེར་བའི་གྲགས་པ་མི་ཤངས་ལ་སོགས་པར་བྱུང་གསུངས།
བརྒྱད་པ་ལ་ཡབ་ཀྱིས་རིན་པོ་ཆེ་ལ་གདན་དྲངས་ཏེ། བུ་འདི་ལ་ཆོས་པ་ཞིག་འོང་བར་ཡོད་པས། འདིའི་སྐྱིད་སྡུག་ཁྱེད་ཤེས་ཟེར་ནས་ཡབ་འདས་སོ།
།དེ་ནས་ལོ་བཅུ་པ་ལ་ཡང་དགོན་དུ་རིན་པོ་ཆེ་པ་ལ་དགེ་བསྙེན་མཛད།
བཅུ་གཅིག་པ་ལ་[[Tsangma Shangtön|མཁས་གྲུབ་ཤངས་སྟོན་]]ལ་མགོན་པོའི་རྗེས་གནང་དང༌། བླ་མ་མགོན་པོ་དབྱེར་མེད་གསན།
བཅུ་གཉིས་པ་ལ་[[Sengé Zangpo|སློབ་དཔོན་སེང་གེ་བཟང་པོ]]ས་ཁྲིད་ནས་ས་སྐྱར་བྱོན་ཏེ། བླ་མ་མཉམ་མེད་པས་མཁན་པོ། སློབ་དཔོན་སྐྱེས་མཆོག་པས་སློབ་དཔོན། [[Sengé Zangpo|སློབ་དཔོན་སེང་བཟང་]]གིས་གྲིབ་ཚོད་བ་མཛད་ནས། རབ་ཏུ་བྱུང་ནས། བླ་མའི་གསུང་ནས། དི་རིང་བྱམས་སྙིང་རྗེ་ལས་དྲས་པའི་མིང་ཞིག་འདོགས་དགོས་གསུངས་ནས། ཆོས་རྗེ་ལ་[[Jampa Pel|བྱམས་པ་དཔལ་]]དང་། གཞན་གཉིས་ལ་སྐྱོབ་པ་དཔལ་དང་། ཐུགས་རྗེ་དཔལ་དུ་བཏགས་ཏེ། སྙོག་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་མཛད་དོ། །བླ་མ་དེ་ཉིད་ལ་རིག་མཛོད་ལ་སོགས་པ་གསན་ནོ།
།བཅུ་དྲུག་པ་ལ༌ཡང་དགོན་དུ་[[Sengé Zangpo|སློབ་དཔོན་སེང་གེ་བཟང་པོ་]]ལ། ཀྱཻ་རྡོར། བདེ་མཆོག སྒྲོལ་མ་རྣམས་ཀྱི་དབང་སྒྲུབ། ཤེར་སྙིང་། ཨེ་ཀ་ཛ་ཏིའི་བློ་འཁེལ། ནམ་མཁའ་སྒོ་འབྱེད་ལ་སོགས་གཅོད་ཀྱི་སྐོར། ལམ་འབྲས་གཞུང་བཤད། ལམ་སྐོར་ལ་སོགས་པ་ཞུས་སོ། །དེ་ནས་བརྟག་གཉིས་ལ་སློབ་གཉེར་གྱིས་གསུངས་ནས། སློབ་གཉེར་མཛད་དོ།
།བཅུ་བདུན་པ་ལ་བཤད་གསར་མཛད་ཅིང་། ཆོས་འཆད་ཀྱང་ལོ་མང༌དུ་མཛད་དོ། །དེ་ནས་རིན་པོ་ཆེ་པའི་གསུང་ནས། རྣམ་འགྲེལ་ལ་སློབ་གཉེར་གྱིས་གསུངས་ནས། ནན་ཏན་འཇུར་པོ་མཛད་པས། ཁམས་འདུས་ཤིག་ཀྱང་བྱུང་བ་ལ། རིན་པོ་ཆེ་པས་ནད་འདོན་མཛད་པས་ཕན་ཏེ། ནད་དེ་ཤངས་པའི་ཆོས་སྐོར་འདི་དང་འཕྲད་པའི་རྟེན་འབྲེལ་ཡིན་པ་འདུག་གསུང་ངོ༌། །གཟིགས་རྟོག་གི་སྐབས་སུ། ས་སྐྱའི་དུར་ཁྲོད་དང་། ཨ་ཀ་དེ་བ་ལ་སོགས་ལ་གཅོད་མཛད་ཅིང་། དམ་ལ་བཏགས།
།དེ་ནས་ཉེར་ལྔ་པ་ལ། [[མཁན་པོ་སེང་གེ་དཔལ་བ]]ས་མཁན་པོ། རིན་པོ་ཆེ་པས་ལས་སློབ། [[སློབ་དཔོན་གྲུབ་སེང་]]གིས་གསང་སྟོན་མཛད་ནས། འདུལ་བ་ལུགས་ཀྱི་དཔྱིད་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་སྔ་དྲོའི་ཆ་ལ། [[འཇག་]]ཏུ་བསྙེན་པ་རྫོགས་ཤིང༌། དགྲ་བཅོམ་པ་ལྟ་བུར་གྱུར་ནས། དིང༌སང་དགེ་ཚུལ་ལ་སོགས་པའི་མཁན་པོ་ཆེན་པོར་བཞུགས་པ་འདི་ལགས་མོད། དེ་ནས་རིན་པོ་ཆེའི་གསུང་ནས། ད་རུང་ས་སྐྱར་རྣམ་འགྲེལ་རེ་ཤོད། ངས་གསེར་ཞོ་༼བཅོ་༽བརྒྱད་ཙམ་སྐུར་གྱིས་གསུངས་པ་ལ། རིན་པོ་ཆེ་ལ་སྐུ་ཁམས་བཟང་པའི་དུས་འདིར། ཆོས་དྲུག་ལ་སོགས་པའི་ཁྲིད་རྣམས་དང་། གཞན་ཡང་དབང་ལ་སོགས་ཀྱང་ཞུ་འཚལ། ད་ནམ་འཆི་ཆ་མེད་པས། ཐ་སྙད་ཚིག་གི་སྤྲོས་པ་གཅོད་པའང་དེ་ཙམ་དུ་གདའ་བས། སྒྲུབ་པ་ཁོ་ན་བྱེད་པ་ཞུ་ཞེས་ནན་ཆེར་ཞུས་པས། འོ་ན་ས་སྐྱར་ཇ་སྐོལ་དུ་སོང་གསུངས་ནས། ཆས་ཁ་རྣམས་ཁྱེར་ཏེ། ཇ་སྐོལ་ནས་མར་བྱོན་ཏེ། ཀ་ཙར་བཞུགས་པའི་སྲོད་ཀྱི་རྨི་ལམ་དུ། ཁྱི་དང་། གཡག་ནག་པོ་མང་པོ་བྱུང་ནས། རྨུགས་པ་དང་། བརྡུང་བ་ལ་སོགས་པ་བྱེད་དུ་བྱུང་བ་ལ། འདི་རྣམས་རྨི་ལམ་ཡིན་པ་འདུག་པས། རྨི་ལམ་ལ་གང་སྦྱང་སྦྱང་ཡིན་སྙམ་ནས། སྤྱང་ཁྱི་མང་པོར་སྤྲུལ་ཏེ། ཁྱི་རྣམས་ཟོས། གཡག་རྣམས་གར་སོང་ཆ་མེད་ལ་སོང་འདུག །བླ་མའི་དྲུང་དུ་མཇལ་དགོས་སྙམ་ནས། རྡོ་རྗེ་འཇིགས་བྱེད་དུ་སྤྲུལ་ནས་ནམ་མཁའ་ལ་འོངས་པས། བླ་མ་རིན་པོ་ཆེ་འཇག་ན་མི་བཞུགས་པར་འདུག །ཡང་ཕྱིན་པས་[[Kuklung|སྐུ་ལུང་]]ན། མི་བརྒྱ་ཙམ་ཞིག་ལ་སྒྱུ་ལུས་ཀྱི་དབང་བཀའ་མཛོད་ཀྱིན་འདུག་པ་ལ། ངས་ཀྱང་དབང་རྣམས་ཇི་ལྟ་བ་བཞིན་ཐོབ་སྟེ། སྔ་མའི་བག་ཆགས་དང་། བླ་མའི་བྱིན་རླབས་ཡིན་པ་འདུག་གསུངས། དེ་ནས་[[འཇག་]]ཏུ་ཕེབས་ཙ་ན། གཟིམས་ཁང་ན་[[སློབ་དཔོན་གྲུབ་སེང་]]འདུག །ཁོང་གི་གསུང་ནས། རིན་ཆེན་དཔལ་དང་སྡོང་ལ་མཛོ་དེད་ལ་ཤར་ཤོག་གསུང་བའི་ཞལ་ཏ་ཡོད་གསུངས་པས། སྔར་གྱི་དེ་དྲན་ནས་ཤིན་ཏུ་དགའ་བར་གྱུར་ཏེ། གསོལ་འདེབས་ཤིག་མཛད་པས། དེའི་ནུབ་མོ་མི་ནག་པོ་ཨ་ཙ་རའི་ཆ་བྱད་ཅན། གོས་པུས་གོང་མ་ཞིག་གྱོན་པ། ལྟག་ལྷས་བྱས་པ། ལག་ན་རལ་གྲི་ཐོགས་པ་གཅིག་ན་རེ། ཁྱེད་བསུར་འོངས་བ་ཡིན་ཡར་གཤེགས་ཟེར། གར་འགྲོ་བ་ཡིན་གསུངས་པས། བླ་མས་བསུར་བཏང་བ་ཡིན། ཁྱེད་ཆོས་ཞུ་བ་ཡིན་གསུང་བ་ལ་ངས་གྲོགས་ལ་འོངས་པ་ཡིན་ཟེར་ནས་མི་སྣང་བར་ཐལ་གསུངས། དེ་ནས་[[Kuklung|སྐུ་ལུང་]]དུ་སླེབས་པའི་ཉིན་ནས་དག་བྱེད་ཨའི་སྟོང་ར་གནང་ཞིང་། དེའི་ནུབ་མོ་ནས་བཟུང་སྟེ། ནུབ་འགའ་ཞིག་ཏུ་སྒྲིབ་པ་ཟད་པ་དང་། ནད་གདོན་ཐོན་པའི་རྟགས་རྣམས་ཇི་ལྟར་གསུངས་པ་བཞིན་བྱུང་གསུངས། ལུས་གནད་མེའི་སྟོང་རའི་སྐབས་སུ། དགུན་གྲུང་དུས་ཡིན་ཡང་། གཡབས་གྲང་མོ་ཞིག་ཏུ་རས་རྐྱང་ཐུབ་པ་ཞག་ཉེར་ལྔ་བྱུང་ཞིང་། དེ་ནས་བདེ་དྲོད་རང་འབར་དང༌། ༼སྣང་བ་ཐམས་ཅད་རང་སྣང་དང་༽། རྨི་ལམ་སྒྱུ་མ་ལྟ་བུ་བཅོས་མ་མ་ཡིན་པ་ཆགས་སྡང་ཐམས་ཅད་དང་བྲལ་བ་བྱུང༌། མཚན་མོ་རྨི་ལམ་བཟུང་ནས། བླ་མའི་དྲུང་དུ་མཇལ་བ་དང། ཆོས་གསན་པ་དང། རི་དང་བྲག་ལ་སོགས་པ་ལ་ཕར་ཐལ་ཚུར་ཐལ་བྱེད་པ་དང་། འོད་གསལ་གྱི་གསལ་སྣང་གི་སྒོ་ནས་ཐག་ཉེ་རིང་ཀུན་མཐོང་བ་བྱུང་ཞིང༌། དེ་ནས་རིན་པོ་ཆེ་འཁོར་ཆེན་མཛད་པའི་མཆོད་གཡོག་ལ་ཤོག་གསུངས་ནས་ཕྱིན་པས། དྲོད་དང་རྨི་ལམ་གྱི་སྟོབས་ཆེན་པོ་དེ་འགྲིབས་ནས་ཞག་མང་པོར་སོར་མ་ཆུད། མི་མང་པོའི་གྲིབ་ཀྱིས་ལན་འདུག །དེས་ན་སྒྲུབ་པ་བྱེད་དུས་སུ། གྲིབ་ལ་འཛེམས་པ་ཤིན་ཏུ་གལ་ཆེ་བ་གདའོ་གསུངས། རིན་པོ་ཆེ་པ་ལ་སྔ་ཕྱིར་ཆོས་གསན་པ་ལ། རྭ་འབྲོའི་ལུགས་ལ་སོགས་པ་དུས་འཁོར་གྱི་སྐོར། ཀྱཻ་རྡོར་གྱི་དབང་ལ་སོགས་པ་ལམ་འབྲས་ཀྱི་སྐོར། བདེ་མཆོག་དཀར་པོ་ལ་སོགས་པ་བདེ་མཆོག་གི་སྐོར། གཤེད་དམར་ལ་སོགས་པ་གཤིན་རྗེའི་སྐོར། འཁོར་ཆེན་ལ་སོགས་པ་ཕྱག་རྡོར་གྱི་སྐོར། འཇམ་རྡོར་ལ་སོགས་པ་རྡོར་འཕྲེང་གི་སྐོར། གཉན་ལོའི་ལུགས་སོགས་སྒྲོལ་མའི་སྐོར། གྲུབ་རྒྱལ་སོགས་ཚེ་དཔག་མེད་ཀྱི་སྐོར། [[བྷིར་ཝ་པ་]]ལ་སོགས་རྣམ་འཇོམས་ཀྱི་སྐོར། གཏུམ་པོ་ལ་སོགས་མི་གཡོ་བའི་སྐོར། དྲག་པོའི་སུམ་སྦྲག་ལ་སོགས་རྟ་མགྲིན་གྱི་སྐོར། རིན་ཆེན་རྒྱན་འདྲ་ལ་སོགས་ཕག་མོའི་སྐོར། རྡོར་དབྱིངས་ལ་སོགས་ཡོ་གའི་སྐོར། སེང་གེ་སྒྲ་ལ་སོགས་སྤྱན་རས་གཟིགས་ཀྱི་སྐོར། རྣམ་རྒྱལ་ལ་སོགས་བྱ་སྤྱོད་ཀྱི་སྐོར། ཡི་གེ་བཞི་པ་ལ་སོགས་ཕྱག་ཆེན་གྱི་སྐོར། བསྙེན་སྒྲུབ་སོགས་དབུ་རྒྱན་པའི་ཆོས་སྐོར། རྒྱལ་བ་རྒྱུ་མཚོ་སོགས་ཀརྨ་པའི་ཆོས་སྐོར། ཚ་གོང་གཏོར་མ་སོགས་གཏོར་མའི་སྐོར། སྡེ་འཆའ་ལ་སོགས་དཀའ་ཐུབ་ཀྱི་སྐོར། གཞན་ཡང་དབང་དང་རྗེས་གནང་སོགས་བྱིན་རླབས་སྣ་ཚོགས་པ། སྒྲུབ་ཐབས་སྣ་ཚོགས་པ། མན་ངག་སྣ་ཚོགས་པ། འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་སྡེའི་སྐོར། རྒྱལ་པོ་མདོ་ལྔ་ལ་སོགས་མདོ་སྡེའི་སྐོར། སེམས་འགྲེལ་སྐོར་གསུམ་ལ་སོགས་བསྟན་ཆོས་ཀྱི་སྐོར། ཡང་དག་སོགས་རྙིང་མའི་སྐོར། དེ་ལྟར་ཁ་ཅིག་ནི་ཐམས་ཅད་རྫོགས་པ། ཁ་ཅིག་ནི་ཐམས་ཅད་མ་རྫོགས་པ། ཁ་ཅིག་ནི་དབང་བཀའ། ཁ་ཅིག་ནི་བཤད་བཀའ། ཁ་ཅིག་མན་ངག་གི་བཀའ་རྣམས་དང་། ཁྱད་པར་དུ་ཤངས་པའི་ཆོས་སྐོར་ལ། བྱིན་རླབས་ཁོག་འབུབས་ཀྱི་བཀའ་གཉིས། བྱིན་རླབས་གཞུང་ཤིང་གི་བཀའ་བརྒྱད། ཕྱག་རྒྱ་ཆེན་པོའི་བཀའ་ལྔ། མཁའ་སྤྱོད་ཀྱི་བཀའ་ལྔ། མགོན་པོའི་བཀའ་ལྔ་ལ་སོགས་པ་དང་། ཆོས་དྲུག་ལ་སོགས་པའི་ཁྲིད། སྒྱུ་མ་ལམ་རིམ་ལ་སོགས་པའི་ལུང་རྣམས་གསན་ཅིང་། དེ་ལྟར་ཆོས་གསན་པ་ཐམས་ཅད། མདོ་རྒྱུད་སོགས་ནས་ཇི་ལྟར་བཤད་པ་བཞིན་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས། གདུལ་བྱ་རྣམས་ཀྱི་གཙུག་རྒྱན་དུ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མེད་དུ་བཞུགས་པ། ད་ལྟ་གཟིགས་པས་གསལ་བ་འདི་ལགས་མོད།
ཆོས་རྗེའི་ཞལ་ནས། རིན་པོ་ཆེ་པས་བདེ་མཆོག་གི་ཡི་གེ་བདུན་པའི་ཟླས་པ་དུང་ཕྱུར་ཕྲག་བདུན་སོང་གསུང་བས། བདེ་མཆོག་ཏུ་མཐོང༌ཐང་བར་འདུག་སྟེ། ངས་ཐུགས་རྗེ་ཆེན་པོ་དངོས་སུ་མཐོང་ཞིང་། དེ་ནས་བཟུང་སྟེ་ཐ་མལ་གྱི་རྟོག་པ་སྐྱེ་མ་མྱོང་གསུང་ངོ་།
།ཡང་[[འཇག་]]གི་གཟིམས་སྤྱིལ་དུ་ཕྱག་ཆེན་གྱི་སྒྲུབ་པ་མཛད་པའི་དུས་སུ། སྒོམ་ཁང་དུ་ལྟ་སྟངས་མཛད་དུས། ཐོག་མར་ཐོག་མཚམས་སུ་འོད་དཀར་པོ་འཁྱིལ་བ་ཞིག་བྱུང་། དེ་ཇེ་གསལ་ལ་སོང་ནས། བྱེ་བའི་མཆོད་རྟེན་ཡན་ཆད་དཀར་ལྷག་གིས་མཐོང་། དེ་ཇེ་གསལ་ལ་སོང་ནས། སྲེག་ཤིང་ཡན་ཆད་ཀྱི་མི་རྣམས་ལུད་སྐྱེལ་བ་དང་། བྲོ་ཟ་བ་ལ་སོགས་དང༌། སྲོག་ཆགས་གཞན་ཐམས་ཅད་ཅི་བྱེད་པ་གསལ་སིང་མཐོང་། མཉམ་གཞག་དེ་ལས་ལངས་པ་དང་། གསལ་སྣང་དེའང་འགྲིབས་སོང་གསུང་ངོ་། །དེ་ཡང་དེ་ནུབ་རྨི་ལམ་བཟུང་ནས་[[འཇག་]]ཕྱེ་བ་ན་ཕར་ཕྱིན་པས་ཐུགས་རྗེ་ཆེན་པོ་ཞལ༌གཅིག་ཕྱག་བཞི་པ་ཞིག་ཏུ་འགྱུར་སོང་། རྨི་ལམ་དུ་འདུག་པས་པོ་རྟ་ལ་བལྟ་དགོས་སྙམ༌སྟེ། དཀྱིལ་ཀྲུང་བཅས་ནས་ནམ་མཁའ་ལ་ཕྱིན་པས། པོ་ཏ་ལ་ཡིན་ཟེར་བའི་བྱེ་མའི་རི་ལ་ཤིང་རྩི་དང་བྱ་སྣ་ཚོགས་པ་ཡོད་པའི་རྩེ་ན། མཆོད་རྟེན་དཀར་པོ་ཞིག་འདུག །དེའི་ནང་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་ཞིག་བཞུགས་པ་མཐོང་། མོས་པ་དང་གུས་པ་ཚད་མེད་པ་སྐྱེས་ཏེ། བྱིན་རླབས་ཞུས་པས། ཇོ་བོས་ངའི་མཀོ་ཐོག་ཏུ་ཕྱག་བཞག་སྟེ། ཁྱོད་ཀྱིས་སྐྱེ་བ་སྔ་མ་ལ་བྱམས་སྙིང་རྗེ་བསྒོམས་པས། སྐྱེ་བ་འདིར་བདག་དང་མཇལ་བ་ཡིན། འདིའི་ཕྱི་མ་ལ་རྒྱ་གར་དུ་སྐྱེས་ནས། བྱམས་སྙིང་རྗེས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་འགྲུབ་པར་འགྱུར་གསུངས། དེ་ནས་ཆོས་ཤིག་ཞུ་དགོས་བསམ་པ་དང་། གཉིད་སད་ནས་ཆོས་ཞུ་པའི་ལོང་མ་བྱུང་གསུངས། དེ་ནས་སྐུ་མཚམས་དམ་པར་མཛད་པས། རྣལ་ལམ་ཟིན་ནས། བྲག་རི་ལ་སོགས་པ་ལ་ཕར་ཏལ་ཚུར་ཏལ་བྱེད་པ་སོགས་སྦྱོང་སྤེལ་གང་ལ་ཡང་ཐོགས་པ་མེད་པ་དང་། ཉིན་བར་ནམ་མཁའ་དང་བར་སྣང་ལ་བསྟན་གཙོ་དང་། བདེ་མཆོག་དང་། དགེས་རྡོར་ལ་སོགས་ལྷ་སྐུ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བ་དང་། རིགས་དྲུག་གི་སྣང་བ་ཡང་བསམ་གྱིས་མི་ཁྱབ་པ་མཐོང་སྟེ། རིན་པོ་ཆེ་པ་ལ་ཞུས་པས། ལྷ་སྐུ་རང་ཡང་དོན་དམ་པའི་སྲིད་པ་གསུམ་བྱ་བ་ཡིན། ངོ་བོ་ལ་དེ་ལས་བོགས་དབྱུང་རྒྱུ་མེད་གསུངས། དེ་ནས་རིན་པོ་ཆེ་པའི་གསུང་ནས། ངའི་གཡོག་རྣམས་ཀྱིས། བྱིན་རླབས་འཇུག་པ་ཡིན་གསུངས་ནས། ལོ་བཅུ་གསུམ་གྱི་བར་དུ་ཞབས་ཏོག་དང་སྒྲུབ་པ་སྤེལ་མར་བྱས་ཤིང་། ཁྱད་པར་ས་སྐྱ་ལ་སོགས་པར་འབུལ་འགྱེད་སོགས་ཀྱི་བྱ་བ་རྣམས་གུས་པར་བསྒྲུབས་པས། རྣལ་ལམ་གྱི་སྟོབས་ཤིན་ཏུ་ཆེ་བ་དང༌། [[Niguma|ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་]]སོགས་བརྒྱུད་པའི་བླ་མ་མང་པོ་དང་མཇལ་ཞིང་། མ་འོངས་པའི་ལུང་བསྟན་འགའ་རེ་བྱུང་ཞིང་། ཡང་[[Kuklung|སྐུ་ལུངས་]]གཟིམས་ཁང་དུ་བསྡད་དུས། རྨི་ལམ་དུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཞལ་མཐོང་ཞིང་། མགོན་པོའི་ཞལ་ནས། ང་དང་བླ་མ་དབྱེར་མེད་དུ་སྒོམས། བྱིན་རླབས་འཇུག་པ་ཡིན་གསུངས། ཆོས་རྗེའི་ཞལ་ནས། མཁས་གྲུབ་པ་དང་ང་གཉིས་ཀ་བས། མགོན་པོ་ཁྱོད་ལ་འགོ་བ་ཞིག་ཡོང་པར་འདུག་ཡང་ཡང་གསུངས། ཡང་རིན་པོ་ཆེའི་གསུང་ནས། ད་ལོ་ཡང་ས་སྐྱ་སོགས་སུ་ཚ་བ་འདྲེན་དུ་རྒྱུག་གསུངས་ནས་བྱོན་ཏེ། ཉི་ཐོག་འབུམ་ཁང་དུ། གཟིམས་པའི་ནུབ་མོ་བུད་མེད་དཀར་མོ་གཅིག་མངོན་སུམ་དུ་བྱུང་ནས། ༼བླ་མ་༽མྱུར་པོ་གཤེགས་པ་ཡོད་པས། མྱུར་པོར་སོང་ལ་ཆོས་ལྷག་མ་རྣམས་ཞུས་ཟེར་ཏེ། མྱུར་དུ་བྱོན་ནས་ཆོས་ལྷག་མ་འགའ་རེ་གསན། རིན་པོ་ཆེ་པ་སྐུ་གཤེགས་ཁར་འོ་སྐོལ་ལ་བུ་སློབ་བཟང་ལ་མང་བ་བདོག་པས། གདན་ས་བ་ཞིག་བསྐོས་པ་དྲག་ལགས་ཞུས་པས། ནང་རྟེན་ཕྱི་རྟེན་དང༌། དཔེ་ཆ་འདི་པའི་གཉེར་པ་ཁྱོད་ཀྱིས་ཡོང་མོད་གསུངས་པས། བདག་གིས་ཞལ་ཏའི་ལུགས་བཞིན་༼ལུས་ཀྱི་༽ཞབས་ཏོག་བགྱིས་པས། ཡོན་ཏན་དང་མི་གཞི་ལ་སོགས་པས་མི་ཡོང་ལགས་ཞུས་པས། ལོ་ལྔའི་བར་དུ་ཁྱོད་རང་མི་ཡོང་ཀྱང་ཡོང་ལོད། མི་ཤེས་ཀྱང་ཤེས་ལོད་གྱིས། དེ་ནས་རི་ཁྲོད་ཡིན་པས་ནང་རྟེན་གར་སྡོད་དུ་གདན་དྲོངས། མ་ཐེག་ན་སྲེག་ཤིང་ངམ་[[Kuklung|སྐུ་ལུངས་]]སུ་གདན་དྲངས་ནས་ཕྱིན་པས་ཆོག །ཅིང་གོག་པོ་འདི་ཚོ་ལ་ཆགས་མི་དགོས་གསུངས། དེ་ནས་རིན་པོ་ཆེ་པའི་གཤིགས་རྫོངས་ཀྱི་ཚེ། མཁན་ཆེན་སྲེག་ཤིང་པ་སོགས་ཀྱི་གཙོ་མཛད་རྣམས་ལ་གདན་ས་བ་གཞན་ཞིག་བསྐོས་པ་དྲག་ལགས་ཞུས་པས། ཁོང་རྣམས་ན་རེ། རིན་པོ་ཆེའི་ཞལ་ཏ་བཅོས་སུ་མི་བཏུབ་གསུངས་ནས། དབང་མེད་གདན་ས་བྱས་གསུང་ངོ་། །དེ་ནས་ལོ་གཅིག་གི་བར་དུ་སྒྲུབ་པ་མཛད་པའི་རྣལ་ལམ་དུ་རིན་པོ་ཆེ་པ་བྱོན་ནས། ད་དབང་བསྐུར་དང་ཁྲིད་ལ་སོགས་པ་གྱིས། བྱིན་གྱིས་ངས་བརློབས་པ་ཡིན་མོད། ཅེས་ལན་གསུམ་དུ་བྱུང་ཞིང་། དེ་ནས་དགེ་སློང་དཔལ་སེང་དང་། བྱང་ཆུབ་དཔལ་ན་རེ། ད་ལོ་དབང་དང་ཁྲིད་མཛད་པའི་ཞུ་བ་བྱེད་ཟེར་བས། ངས་དབང་ཁྲིད་མི་ཡོང་བྱས་པས། ཡང་རིན་པོ་ཆེ་པ་རྨི་ལམ་དུ་བྱོན་ནས། ཆོས་དྲུག་གི་ཁྲིད་ཕོག །སྒྱུ་ལུས་ཀྱི་དབང་སོགས་ངས་བྱེད་པ་ཡིན་མོད་གསུངས་ནས། མི་བདུན་ཅུ་ཙམ་ལ་ཁྲིད་བཏབ་པས། ཆོས་བཤད་པ་ལ་ཐེ་ཚོམ་བྱུང་བའི་ཚེ། རིན་པོ་ཆེ་ལ་བྱོན་ནས། འདི་བཞིན་བྱེད་པ་ཡིན་མོད་གསུངས་ནས། མ་བདེ་བ་རྣམས་གསལ། བུ་སློབ་རྣམས་ལའང་ངེས་ཤེས་སྐྱེས་པ་དང་། རྨི་ལམ་དང་འོད་གསལ་ཟིན་པ་དང༌། སྒྱུ་མའི་ཉམས་ཤར་བ་བྱུང་ཞིང་། ཁྱད་པར་དུ་ཞོང་ཁམས་ན་རེ། ངེད་ཆོས་ཉན་རྣམས་ཀྱི་གྲལ་ལ་བུད་མེད་མང་པོ་ཆོས་ཉན་པ་དངོས་སུ་མཐོང་ཟེར། ལས་དག་པས་བལྟས་ན་དེ་འདྲ་འདྲ་འགའ་རེ་ཡོད་བྱས་གསུངས། ཡང་སློབ་བུ་གཅིག་པས་འཁོར་ཆེན་གྱི་དབང་དགོས་ཟེར་བས་ངས་མི་ཤེས་བྱས་པས་མ་ཉན། ཡང་སློབ་དཔོན་གྲུབ་སེང་ལ་མ་བདེ་བ་རྣམས་དྲིས་ཤིང་བྱེད་དགོས་སྙམ་པའི་ནུབ་མོ། རིན་པོ་ཆེ་པ་བྱོན་བྱུང་ནས། འདི་བཞིན་བྱེད་པ་ཡིན་མོད། འདུག་བྱེད་པ་ཡིན་མོད་གསུངས། དབང་གི་དུས་སུ་སློབ་མ་རྣམས་ལ་བཤད་པས། ཁོང་རྣམས་མོས་ནས་མཆི་མ་ལྷུང་ལྷུང་བྱུང་། འཁོར་ཆེན་འདི་བྱིན་རླབས་ཆེན་པོ་ཞིག་འདུག་སྟེ། སྟོན་བཀྲས་ལ་མནམ་གཟེར་ཁག་པོ་ཞིག་འདུག་པ་ལ། འདིའི་དབང་ལན་ཞིག་བྱས་པས་ཕན་བྱུང་གསུངས། དེ་ནས་རིན་པོ་ཆེ་པ་ལ་མན་ངག་མ་གསན་པ་རྣམས་གསན་པར་དགོངས་ཏེ། རིན་པོ་ཆེ་བློ་བཟང་པ་ལ། བདེ་མཆོག་བཅུ་གསུམ་མ་སོགས་[[Rechungpa|རས་ཆུང་པ]]འི་སྐོར་དང་། ལྷ་བཞི་ལ་སོགས་[[Rahula|ར་ཧུ་ལ]]འི་ཆོས་སྐོར། ཀུ་སུ་ལུའི་ཚོགས་གསོག །ཤ་བ་རི་པའི་ལུགས་སོགས་གསན། མཁན་ཆེན་སྲེག་ཤིང་པ་ལ། གསང་འདུས་ཀྱི་རྒྱབ་ཆོས་དོན་བཞི་མ་སོགས་དང༌། བླ་མ་འཇམ་རིན་པ་ལ་གསང་འདུས་ཀྱི་དམར་ཁྲིད་ལ་སོགས་དང་། གཞན་ཡང་བླ་མ་རྣམས་ལ་ཆོས་གསན་པ་རྣམས་གསན་ཡིག་ཏུ་ལྟོས་ཤིག །[[བླ་མ་སངས་རྒྱས་རྒྱལ་མཚན་]]ལ། གཡག་ཐང་དུ་སྦྱོར་དྲུག་གསན་པའི་ཚེ། གཡག་ཐང་གི་ཐང་ཞབས་ན་མར། མི་དང་ཁལ་པ་ལ་སོགས་འགྲོ་བ་༼ཇི་ལྟ་བ་བཞིན་༽མུན་ཁང་ནས་མཐོང་། དེ་ལ་མཆེད་ནས་མི་ཤངས་ལུང་པ་དང་། འཇུག་ལུང་པའི་མི་རྣམས་ཅི་བྱེད་དང་། ཁྱད་པར་རང་ངེའི་གཡོག་པོས་མཛོད་ནས་ནས་རྐུ་བའང་མཐོང་གསུངས། རྨི་ལམ་བཟུང་ནས་རྒྱལ་ཆེན་རིགས་བཞིའི་གནས་གཟིགས་སུ་བྱོན་པས། གཟུགས་ཤིན་ཏུ་རིང་ཞིང་། གོས་༼རིང་པོ་༽ཁྱད་འཕགས་གྱོན་པ། བུད་མེད་གར་བྱེད་ཅིང་རོལ་མོ་དང་། མཆོད་པ་སྣ་ཚོགས་འབུལ་བ་ལ་སོགས་པ་བཀོད་པ་བསམ་གྱི་མི་ཁྱབ་པ་གཟིགས། ལྷ་མ་ཡིན་གྱི་གནས་ཀྱང་མཐོང་། དེ་ན་སྡུག་པོ་འདུག་གསུངས། གཞན་ཡང་ཡི་དམ་ལྷ་མང་པོའི་ཞལ་ལྟ་བ་དང་། རང་གི་ལུས་མང་པོར་སྤྲུལ་ནས་དེ་དག་ལ་མཆོད་པ་བསམ་གྱིས་མི་ཁྱབ་པའང་འབུལ་ནུས་པ་བྱུང་གསུངས། བླ་མ་དེ་སྦྱོར་དྲུག་ལོ་རེ་རྫོགས་པར་མི་གནང་ཡང་། ཉམས་རྟོགས་ལ་མཉེས་ནས། བུ་བཟང་གསུངས་ནས། ཟླ་བ་གཉིས་ལ་ཐམས་ཅད་རྫོགས་པར་གནང་ཞིང་། སྲོག་རྩོལ་གྱི་སྐབས་སུ། ལུས་ཁྲུ་གང་ཙམ་གྱི་ནམ་མཁར་འཕགས་ནས་ཡུན་རིང་པོར་གདན་ལ་མི་ཕེབས་ཤིང་། རླུང་རྒྱུ་བ་ཞག་འགའ་རེ་མི་ཚོར་བ་དང་། ཉིན་མཚན་མེད་པར་བར་སྣང་ཐམས་ཅད་འོད་ཀོར་གྱི་ནང་དུ་ལོངས་སྐུ་དང་སྤྲུལ་སྐུ་ལ་སོགས་པའི་ལྷ་སྐུ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བ་དང༌། པི་ཝང་དང་། གླིང་བུ་དང་། སྒྲ་སྣ་ཚོགས་རྒྱུན་མི་ཆད་དུ་བྱུང་བས། སོ་མ་བསོད་པ་སྙམ་བྱེད་པ་དང་། ལྕེའུ་ཆུང་ལ་རོ་ཤིན་ཏུ་མངར་བ་བྱུང་བ་ལ་བརྟེན་ནས། ཞག་མང་པོར་ཟས་བཟའ་མི་དགོས་པ་དང་། ལྷ་ས་དང་ས་སྐྱ་ལ་སོགས་པ་ཐག་ཉེ་རིང་མང་པོ་གཏན་ལ་ཕེབས་པ་དང༌། ལྕང་ལོ་ཅན་ཡིན་ཟེར་བའི་ས་ཕྱོགས་རང་བཞིན་གྱིས་སྔོ་བ། ཁང་པ་ཐམས་ཅད་ལྕགས་ལ་རི་ཐམས་ཅད་ཀྱང་རྩེ་མོ་རྣོ་བ། མི་ལ་སོགས་པ་ཐམས་ཅད་ཀྱང་ཁོག་སྔོན་པོ། སྐད་རིགས་མི་འདྲ་བ་མང་པོ་ཡོད་པའི་དབུས་ན། དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་དངོས་སུ་མཐོང་ཞིང་། གཟུགས་རིས་ཀྱི་ལུང་ཡང་གནང་གསུངས། རྣལ་ལམ་བཟུང་ནས་རྡོ་རྗེ་གདན་དང་། རི་བོ་རྩེ་ལྔ་དང་། བདེ་བ་ཅན་དང་། དགའ་ལྡན་ལ་སོགས་པ་གཟིགས། རེས་འགའ་ཡི་དྭགས་ཀྱི་གནས་དངོས་སུ་མཐོང་བ་ལ་བརྟེན་ནས། སྙིང་རྗེ་དྲག་པོ་སྐྱེས་ཏེ། མཚན་ཐལ་གྱིས་ངུ་དགོས་པ་ཡང་བྱུང་གསུངས། བུམ་པ་ཅན་སྒོམ་པའི་ཚེ། སྔོན་ལ་ལུས་ལ་ཟུག་གཟེར་དང་། མཐར་སོར་མོའི་རྩེ་ལ་རླུང་རྒྱུ་བའི་སྒྲ་སི་སི་ཟེར་བ་དང་། དེ་ནས་ལུས་ལ་སྲོག་ཆགས་གཙོས་འབྲད་པ་དང་། འཁྱུག་པ་ལྟ་བུ་དང༌། དེ་རྗེས་ལུས་ཀྱི་ཁོལ་བུར་བདེ་བ་དང་། ལུས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པའང་བྱུང་གསུངས། ཡང་སློབ་དཔོན་ཡོན་ཚུལ་ལ་འཕྲུལ་འཁོར་བབས་འདུག་པ་ཁོང་གིས་དེ་ང་ལ་འགོས་ནས། ལུས་ཀྱི་འཕྲུལ་འཁོར་དུ་བྱེད་ཅིང་། ངག་གིས་སཾསྐྲི་ཏའི་སྐད་དང་། ཆོས་འཆད་པ་དང༌། ངུ་བ་དང་། དགོད་པ་ལ་སོགས་པ་དང་། རིས་འགའ་མི་མང་པོས་འཐབ་མོ་སོགས་བྱས་པས། སྙིང་རླུང་འཇུག་པ་ལྟ་བུ་རྣམ་འགྱུར་དུ་མ་བྱུང་ཞིང་། དེ་ནས་ཚུར་སླེབས་དུས་སུ་ཡང་འཕྲུལ་འཁོར་བབས་བྱུང་བ་ལ། མི་བཅུ་གཉིས་ཀྱིས་གཟུང་བས་མ་ཐུབ། པུ་ཤུའི་སྟེང་ན་ཕར་ཕྱིན་པས། མི་དེ་རྣམས་ཀྱང་ལུས་ལ་བཏགས་པ་ལྟར་ཕྲུལ་ཕྲུལ་འདུག །མཛོ་མི་སྲུན་པ་ཞིག་ཡོད་པའི་ཟེ་བ་ལ་འཚང་རའི་སྟེང་དུ་རྐང་པ་བཞག་སྟེ་ཀེར་བྱས་པས། མཛོ་ཁོ་མི་ལྷུང་བར་འདུག་ཅིང་། དེ་ལ་སོགས་པ་མང་པོ་བྱུང་ནའང་། བརྗོད་ཀྱིས་མི་ལང་༼གསུང་ངོ་༽། དེ་ནས་[[བླ་མ་རང་བྱུང་རོལ་པའི་རྡོ་རྗེ་]]ཀོང་པོ་ནས་ཕྱག་ཕེབས་འདུག་ཟེར་ནས། རིན་པོ་ཆེའི་བླ་མར་གདའ་བས། འབུལ་བ་སྐྱེལ་བ་དང་། ཇོ་བོ་སྐོར་བ་ལ་ཕྱིན་པས། རྩ་རར་སླེབས་པའི་ནུབ་མོ། སྐོར་མོ་ཆེ་ཐམས་ཅད་འདི་ནས་ལྡོག་དགོས་པར་འདུག །ལྷ་ས་དམག་གིས་གང་ནས་འགྲོ་ས་མི་འདུག་ཟེར་བ་ལ། དེའི་ནུབ་རྨི་ལམ་དུ་བུད་མེད་དམར་པོ་གཅིག་བྱུང་ནས། ཡར་ལྡོག་མི་དགོས་སང་བསུ་མི་ཡོང་བ་ཡོད་ཟེར་བས། རྐྱེན་བྱས་ཏེ་རྨི་ལམ་བཟུང་ནས་ཇོ་བོའི་དྲུང་དུ་ཕྱིན་པས། ཇོ་བོའི་དྲུང་ན་བུད་མེད་དཀར་མོ་ལོ་བཅུ་དྲུག་ཙམ་ལོན་པ་ཞིག་འདུག་པ་ན་རེ། ཁྱོད་ལ་ད་ལྟ་ཡང་འགྲོ་དོན་ཆེ་རབ་འདུག་སྟེ། འདི་བཞག་ནས་སྒྲུབ་པ་ཁོ་ན་བྱས་ན། ཕྱི་མ་ལ་འགྲོ་དོན་ཆེན་པོ་ཡོང་བ་ཡོད། ཟེར་ཙ་ན། མི་རྣམས་ཀྱིས་ཀུ་ཅོ་བཏབ་པས་གཉིད་སད་༼ནས་༽གསུང་། གཞན་འབྱོན་ལོང་དང་ཇོ་བོའི་དྲུང་དུ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཞིག་འབུལ་དགོས་སྙམ་ནའང་༼འབུལ་བའི་ལོངས་༽མ་བྱུང་། དེ་ནས་མི་རྣམས་ཇོ་བོའི་དྲུང་དུ་ཕྱིན་པས། དམག་གིས་གནོད་པ་མི་ཡོང་པ་ཡོད་གསུང་བྱོན་པས། ནང་པ་གྲགས་དམ་གྱི་མི་གཅིག་དང་། རང་རེའི་སློབ་མ་གཅིག་དང་གཉིས་བྱུང་ནས་ངེད་ཀྱིས་བསུར་ཡོང་པ་ཡིན་ཕྱིན་པས་ཆོག་པ་ཡོད་ཟེར་ནས་ཞུ་ཡིག་ཁྱེར་ནུས་ས་ཆེར་རྡོར་དཔལ་གྱིས་ཟབ་ཁར་སླེབས་བྱུང་གདའོ། །ཡར་ཕྲང་ལ་བྱོན་ནས་ལྷ་ས་ལ་བསྐོར་དུས། ཤུག་པ་རྩའི་རང་བྱོན་འཕགས་པ་མཆེད་གཉིས་སུ་གཟིགས། དེ་ནས་སྐབས་འགའ་ཞིག་གི་ཚེ། ངང་ཤངས་ཀྱི་རི་ལ་གཅོད་མཛད་པས། ཐུགས་དམ་ལ་བོགས་ཆེན་པོ་ཐོན། དེ་དུས་ཆུ་སི་རི་མོར་ཚ་བ་ཐོན་ནས། ཉི་མ་ལ་བཞུགས་པའི་ཚེ། བུད་མེད་དམར་པོ་ཞིག་བྱུང་ནས། ༼ཀ་ཡེ་༽ཡ་ཀིར་ལྟོས་དང་ཟེར་ནས་གཟིགས་པས། བྲག་ཟེ་དེ་ན། རྡོ་རྗེ་འཇིགས་བྱེད་ཤིན་ཏུ་ཆེ་བ་ཞིག་མངོན་སུམ་དུ་གཟིགས། ཆོས་རྗེའི་ཞལ་ནས། དེ་ལ་ཤིན་ཏུ་འཇིགས་པ་དང་། མོས་གུས་སྐྱེས་པ་གཉིས་བྱུང་ཞིང་། ཡང་འཇིགས་བྱེད་ཀྱི་བསྐྱེད་རིམ་བསྒོམས་ནས། སྒོ་ལ་འགྲོ་དུས་ཡོན་བྱས་ནས་མ་ཕྱིན་ན་སྒོ་ལ་ར་ཐོགས་པ་སྙམ་བྱེད་པ་བྱུང་གསུངས། ཡང་མི་ཤངས་ལ་གཅོད་ལ་ཕྱིན་པས། སློང་ཚད་དང་ཚར་ཚད་གཉིས་ཀ་ཞག་གཉིས་ལ་བྱུང་ཞིང་། ཡང་དེའི་གཞི་བདག་བཙན་གཅིག་བར་ཆད་བྱེད་དུ་བྱུང་བ་ལ། ངས་གཤིན་རྗེ་དགྲ་ནག་ཏུ་སྤྲུལ་ནས། བཏུལ་བས་སྲོག་སྙིང་ཕུལ། མཆོད་པོ་དྲངས། བཀའ་འབངས་སུ་ཁས་བླངས། ཡང་འཇིགས་བྱེད་དུ་སྤྲུལ་ནས། གཟུ་རུའི་ཀླུ་བདུད་བཏུལ་བས། བཀའ་འབངས་སུ་ཁས་བླངས་གསུངས། ཡང་[[Shongshong|ཞོང་ཞོང་]]གི་སྐུ་འབུམ་དྲུང་དུ། ཞལ་དྲུག་གསོལ་བ་འདེབས་ཀྱིན་བསྡད་པས། རྨི་ལམ་འབད་མེད་འཁོར་མར་ཟིན། ནུབ་ཅིག་རྨི་ལམ་དུ་བུད་མེད་དམར་མོ་ཞིག་གིས་འགྲམ་པ་ལ་ཐལ་ལྕག་བདེན་པ་ཞིག་བརྒྱབ་སྟེ། ཡར་ལོངས་ལ་དགེ་སྦྱོར་གྱིས་ཁྱོད་ལོ་གསུམ་ན་འཆི་བའི་ཚེ་ངས་བསྲིངས་ཡོད་ཟེར། གཉིད་སད་ནས་ཀྱང་འགྲམ་པ་ཚ་བེ་རེ་འདུག །ཡང་བྲག་ཞུང་གོང་མར་མཚམས་བཅད་པའི་ཚེ། ནུབ་གཅིག་གཉིད་ཙམ་མ་བྱུང་བར། གསོལ་འདེབས་ཤིག་བྱས་པས་མོས་གུས་ཚད་མེད་པ་སྐྱེས། དེ་གོང་དུ་བདེ་མཆོག་ལ་ཡི་དམ་གཙོ་བོར་བྱེད་ཀྱིན་ཡོད་པ་ལ། དེ་ནུབ་རྨི་ལམ་དུ་ནམ་མཁའ་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་འཛུམ་མུལ་ལེ་བྱོན་ནས། ཁྱོད་ཀྱི་ཡི་དམ་གྱི་ལྷ་ང་ཡིན་གསུངས། དེ་ནས་དངོས་སུ་ཡང་མཐོང་གིན་འདུག་ཅིང་། དེ་ནས་ཕྱག་དྲུག་པ་འདི་ཡང་ལས་མྱུར་དུ་སོང་བྱུང་སྟེ། འདི་རྣམས་ཀྱང་སྲོག་གཅིག་པ་ཡིན་པར་འདུག་གསུངས། དེའི་རྗེས་ལ་རྡོ་རྗེ་རྣལ་འབྱོར་མའི་ཞལ་མཐོང་ཞིང་། ཆོས་ཁྱད་འཕགས་ཤིག་གནང་སྟེ། རྗེ་བཙུན་མའི་བཀའ་རྒྱ་ཡོད་པས་བཤད་དུ་མི་བཏུབ་གསུངས། ཡང་གསང་འདུས་རིམ་ལྔ་ལ་ཐུགས་དམ་མཛད་དུས། སྒྱུ་ལུས་ཀྱི་སྐབས་སུ་སྒྱུ་མའི་ཉམས་དང་། ཉིན་བར་ལྷ་སྐུ་ལ་སེམས་བཟུང་བས། མཚན་མོ་རང་ཉིད་ལྷ་སྐུ་རང་ཤར་དུ་སོང་ཤིང་། དེ་ལ་མཆེད་ནས་སྣང་བ་ཐམས་ཅད་ལྷ་སྐུར་མཐོང་བ་ཡང་བྱུང་གསུངས། རྨི་ལམ་གྱི་སྐབས་སུ་རྨི་ལམ་བཟུང་ནས། [[Shalu|ཞ་ལུ]]ར་[[མཁན་ཆེན་བུ་སྟོན་]]པ་ལ་མཇལ་དུ་ཕྱིན་པས་གཤེད་དམར་གྱི་དབང་མཛད་པ་དང་ཐུག །དབང་ཞུས་པས་ཇི་ལྟ་བ་བཞིན་ཁོང་བས་ཀྱང་བསྐུར་རོ་གསུངས། ཡང་ཆོས་རྗེའི་ཞལ་ནས། གཤེད་དམར་འདི་སྐྱེ་བ་སྔ་མའི་ཡི་དམ་ཡིན་པར་འདུག་སྟེ། ངས་ཉལ་ནས་དེའི་སྐྱེད་རིམས་ཤིག་བསྒོམས་པས། གཤེད་དམར་ཡང་གཟིམས་བ་ཞིག་མཐོང་། སྔགས་ལ་ཞུ་དག་མཛད། སྔགས་ཀྱི་འཁོར་ལུགས་དང་། ཁོག་འདི་ལྟར་ཡིན་གསུངས་ཏེ་འཇིགས་པ་འདུག །དེའི་རྗེས་རིན་པོ་ཆེ་པ་བྱོན་ནས། དེ་ལ་འཇིགས་རྒྱུ་མེད་འདི་བཞིན་དུ་སྒོམ་པ་ཡིན་གསུངས་ནས། སྒྲུབ་ཐབས་ཀྱི་ལུང་ཞིག་མཛད་གསུངས། གཤེད་དམར་གནས་གང་དུ་ཞལ་གཟིགས་ལགས་ཞུས་པས། གང་དུའང་མཐོང་གིན་འདུག་གསུངས། ཡང་མཁན་ཆེན་སྲེག་ཤིང་པ་བྲག་ཁུང་འོག་མར་བྱོན་དུས། ཁོང་ཞག་བདུན་དུ་སྐུ་ཚགས་མི་གཤིག་པར་ཡོད་ཟེར་བས་ལྟ་དགོས་སྙམ་པ་དང་། རྨི་ལམ་དུ་འདི་སངས་རྒྱས་དངོས་ཡིན་ཟེར་བའི་སྒྲ་ཞིག་བྱུང་བ་དང་། གཉིད་སད། ཡང་དངོས་སུ་ཡང་སྒྲ་དེ་ལན་གསུམ་བྱུང་སྟེ། དེ་ནས་ཅུང་ཟད་ན་རྨི་ལམ་བཟུང་ནས་ཁོང་ཅན་ཕྱིན་པས། དྲུང་ན་སྲོད་སྐྱེམས་ཀྱི་མར་མེ་ཞིག་འདུག །སྐུ་ཚགས་མ་བཤིག་པར་ཀྲོང་ངེར་རྣལ་དུ་སོང་འདུག་པ་ལ། ཕྱག་འཚལ་བྱིན་རླབས་ཞུས་པས། ཁོང་པ་ན་རེ། [[སློབ་དཔོན་༼དབོན་པོ་༽]]བྱོན་ཨ། ཁྱེད་བྱོན་པ་དེ་དགའ་གསུངས་ནས་བྱིན་རླབས་མཛད། གསུང་གླེང་ཞིག་བྱེད་དགོས་སྙམ་པ་ལ། མི་ཚོར་ནས། [[Khyungpo Neljor|བླ་མ་ཁྱུང་པོ་]]བཞུགས་ཟེར་བ་ལ་མཇལ་དུ་ཕྱིན་པས། །སྤྱིལ་པོ་དཀར་པོ་ན་ཚོད་དེ་རྣལ་དུ་སོང་འདུག་ཅི་ཡང་མི་ཟེར། དེ་ནས་ཟམ་བུའི་བྱ་ཚང་མོ་ན་བུ་བལྟ་དགོས་སྙམ་ཆུ་བི་བི་མོ་ལ་རྒྱངས་ཏེ་མཚོངས་པས། ཐོར་མ་ཞིག་བྱད་ལ་བྱུང་ནས་གཉིད་སད་བྱུང་གསུངས། སང་མཁན་ཆེན་པ་ལ་ཇ་ཞལ་ལ་ཕྱིན་པས། ཁོང་གི་གསུང་ནས་སློབ་དཔོན་དབོན་པོ་མདང་བྱོན་པ་གསུངས། དེ་ནས་བཟུང་ནས་མོས་གུས་ཚུད་པ་བྱུང་གསུངས། དེ་ནས་[[དགེ་བཤེས་ཀུན་དགའ་]]སྐྱབས་ཀྱི་ཡིད་ལ། ཁ་སང་ནས་མ་བྱོན་པར་མདང་བྱོན་པ་དེ་ཇི་སྐད་ཟེར་སྙམ་པ་ཞིག་བྱུང་ལ། ཆོས་རྗེ་པའི་ཞལ་ནས། སྤྱིར་གྱིས་ཕྱག་དྲུག་པ་འཁོར་བཅས་ཀྱིས་བཀའ་བསྒོ་སྒྲུབ་ཅིང་། ཁྱད་པར་དུ་ཀྵེ་ཏྲ་པཱ་ལ་འདི་གོས་པུས་གོང་མ་གྱོན། ཕུ་ཐུང་ཅུང་ཟད་བརྗེས་ནས་རྒྱུན་དུ་རྩ་རུ་འོངས་ནས་དགེ་མི་དགེ་རྣམས་བཤད་ཀྱིན་འདུག་གསུངས། [[སྟོན་པ་སེང་གེ་དར་]]གྱིས། བླ་མ་འདི་གཉིས་ཀ་ལོག་པ་ཞིག་འདུག །དགེ་སྦྱོར་དང་ཅི་འདྲ་བྱེད་༼ཀྱིན་ཡོད་༽པ་ཡིན་ནམ་བྱས་པས། ཁོའི་སྣང་བ་ལ། མི་ནག་པོ་གཅིག་གིས་ལྕགས་ཀྱི་ཐུར་མ་ཞིག་ཁོའི་ལྕེ་སྟེང་དུ་བཙུགས་ནས། ལྐོག་མར་ཐལ་གྱིས་བརྒྱབ་བྱུང་བ་ལ། ངས་ཅི་ཉེས་བྱས་པས། ཁྱོད་[[སློབ་དཔོན་དབོན་]]སྟོན་ལ་ཁ་གཏོང་བ་ཅི་ཡིན་ཟེར་བྱུང་ངོ་གསུངས། ཡང་གཞན་ཞིག་ཏུ་འགྲོ་དགོས་པ་བྱུང་ནས། དབོན་སྟོན་དབང་རིན་གཟིམས་ཁང་སྲུང་དུ་བཅུག་པས། ཁོས་སྒོ་བསྡམས་ནས་ཚོམས་སུ་ཉལ་བས་གཉིད་དུ་སོང་བ་དང༌། ཀྵེ་ཏྲ་པཱ་ལ་བྱ་བ་འདིས་ཕྱི་རུ་བཏོན་ཏེ། གཉིད་སད་པ་དང་སྒོ་མ་ཕྱེ་བར་ལས་ཐེབས་ཆག་པ་བྱུང་འདུག་གསུངས། དེ་ལ་སོགས་པ་ཀྵེ་ཏྲ་པཱ་ལས་ཕྱི་རུ་བཏོན་པ་འགའ་ཡར་བྱུང་གདའོ། ཡང་གཟིམས་ཆུང་ན་ཐུགས་དམ་ལ་བཞུགས་པའི་ཚེ། མི་ཁ་ཅིག་སྨོན་ལམ་དི་རི་རི་འདོན་གིན་གྲགས་པ་ལ། ཀྵེ་ཏྲ་པཱ་ལ་དྲུང་ན་ཡོད་པ་དེ་ཁོག་སྟེ་ལངས་ནས་སོང་ནས། དེ་འདྲོག་ལ་ལོག་བྱུང་ནས། མི་རྣམས་ཀྱིས་ཁྱེད་ཀྱི་ཐུགས་དམ་བཅོག་པར་འདུག་ནས་ངས་སྒོ་བཅད་ཡོད་ཟེར་ཙ་ན། སྒོའི་ཡག་ཤིང་ནང་ནས་འབྱེད་དགོས་པ་ཞིག་ཡོད་པ་དེ། དང་པོ་མ་བཅད་པར་ཡོད་པས། དངོས་སུ་འབྱེད་དགོས་པ་བྱུང་གསུངས། དེ་ནས་གྲམ་དགའ་ལྡན་དུ་བཞུགས་དུས། འཁོར་བས་ཐུགས་སྐྱོ་བར་ཡོད༌པ་དེའི་ཚེ། རྣལ་ལམ་དུ་རིན་པོ་ཆེ་པ་ནམ་མཁའ་ལ་བྱོན་ནས། ཁྱོད་རང་དགེ་སྦྱོར་བྱིན་གྱིས་རློབ་པ་ཡིན་མོད་གསུང་བ་དང་། དེ་སོགས་སྔ་ཕྱིར་ཞལ་བྱོན་པ་མང་དུ་ཡོད་པ་རྣམས་ཡི་གེ་མང་བར་འཇིགས་པས་མ་བྲིས་སོ།
།ཡང་ཆུམས་ཀྱི་ཉུང་མ་རིར་བཞུགས་དུས་མཚན་མོ་ཇོ་བོ་གལ་ལྗང་གིས་བསྙེན་བཀུར་ཇི་ལྟར་བྱས་པ་དེ། ཉིན་མོ་ཡུལ་བ་རྣམས་ཀྱིས་བྱེད་ཀྱིན་འདུག་གསུངས། ཆོས་རྗེའི་ཞལ་ནས། ངས་མི་ཙམ་མེད་པའི་ཡུལ་རེར་ཕྱིན་ཡང་བསྙེན་བཀུར་བྱེད་པ་མང་པོ་ཡོང་གིན་འདུག་གསུངས། ཀྵེ་ཏྲ་པ་ལས་མི་རྣམས་རྒྱུད་སྐུལ་བ་ལགས་མོད་ཞུས་པས། དེ་ཡིན་པར་འདུག་གསུངས། ཡང་གུར་གར་དུ་བཞུགས་དུས། ༼འཁོར་བ་ལ་ཐུགས་སྐྱོ་བར་ཡོད་པའི་ཚེ།༽ རྣལ་ལམ་དུ་[[Tsangma Shangtön|མཁས་གྲུབ་ཤངས་སྟོན་]]བྱོན་ནས་ཁྱོད་ཀྱི་འདི་ལ་མི་ཡོང་། སྒོམ་ཆེན་པ་བྱ་བ་མཚམས་དམ་པོ་དང་། སྔགས་འདྲེན་སྒྲ་བརྗོད་བྱེད་དགོས་པ་ཡིན། ད་མཚམས་གྱིས། འཆི་བའི་སྲོག་ངས་བསྐྱབས་ཡོན། དགེ་སྦྱོར་ལ་འབད་པ་ཐོན་གསུངས་ནས། སེམས་འཆི་མེད་ཚར་གཅིག་གསུངས། གཞན་ཡང་གཉིད་ཆེ་དུས་དགེ་སྦྱོར་ལ་སྐུལ་བ་དང་། གཞི་བདག་གིས་བསྙེན་བསྐུར་ཡང་ཡང་བྱེད་པ་དང་། རྣལ་ལམ་འཁོར་མར་ཟིན་ཅིང་། མི་མ་ཡིན་མང་པོས་མཇལ་འཕྲད་བྱེད་པ་དང༌། འོད་གསལ་གྱི་སྣང་བ་རྒྱ་ཆེན་པོ་དང༌། རྣལ་ལམ་བཟུང་ནས་ལྷ་ས་བསྐོར་བ་དང་། ཁྲིམས་དམག་ཡོང་གིན་ཡོད་ཟེར་ནས། ཡོང་གིན་འདུག་མི་འདུག་གཟིགས་པ་དང་། གླང་ཁང་རྣམས་དང་། སྔར་གྱི་བྲག་ཕུག་ཆེན་པོ་ཕྱིས་མི་རྙེད་པ་ཞིག་ཀྱང་གཏན་ལ་ཕེབས་པ་ལ་སོགས་གང་འདོད་འབྱུང་བས། གུར་གར་དུ་དགེ་སྦྱོར་ཤིན་ཏུ་འཕེལ་གསུངས། ཆོས་རྗེའི་གསུང་ནས་དབང་བསྐུར་ལ་སོགས་ལ་འགྲོ་དགོས་པ་བྱུང་དུས། ཡོན་བདག་དེའི་ནང་ན་དངོས་པོ་ཆ་རྐྱེན་འཛོམས་མི་འཛོམས་ལ་སོགས་པའི་རྨི་ལམ་བཟུང་ནས་ཡུལ་པ་དེ་དག་གཏན་ལ་ཕབ་གསུངས། ཡང་གོ་ཚང་དུ་རྒྱུད་སྡེ་ལྔའི་དབང་མཛད་དགོས་པའི་ནུབ་ཅིག །ཆོས་རྗེའི་སྟོན་པ་ཡིན་ཟེར་བའི་དགེ་༼བའི་༽བཤེས་གཉེན་གཅིག་དང་མཇལ། རྒྱུད་སྡེ་ལྔའི་དབང་བསྐུར་ཞུས། ཁོང་པས་རྒྱུད་སྡེ་ལྔའི་ཐང་སྐུ་གཅིག་དང༌། རྒྱུད་སྡེ་ལྔའི་གྲིབ་སེལ་ཡིན་ཟེར་བའི་དཔེ་གཅིག་གནང་ནས། འདིས་ཁྱོད་ལ་ཕན་ཐོགས་པར་འདུག་གིས་གསུངས། དེ་ནས་རྨི་ལམ་དུ་གོ་ཚང་གི་བྲག་འདི་ལ་སློང་སྤེལ་ཞིག་བྱ་དགོས་སྙམ་པ་དང༌། རིན་པོ་ཆེ་པ་ནམ་མཁའ་ལ་བྱོན་ནས། ཞི་བདེའི་སྤྱོད་པ་མ་བྱེད་པར། །ཅིར་སྣང་བླ་མར་ལམ་དུ་ཁྱེར། །མི་རྟག་བྱམས་དང་སྙིང་རྗེ་སྒོམས། །བུ་ཁྱོད་འཁོར་བའི་འཇིགས་ལས་སྒྲོལ། །ཅེས་གསུངས་སོ།
།དེ་ནས་ཡང་ཆོས་ཤིག་ཞུ་དགོས་སྙམ་ཙ་ན། ཡོས་འཐག་པ་ཡིས་རྐྱེན་བྱས་ནས་གཉིད་སད་གསུངས། ཡང་ཕྱག་རྒྱ་ཆེན་པོའི་ཁྲིད་བསྐྱངས་དུས། དཔག་ཤི་དགོས་པ་དར་ལ་ཞི་གནས་ཀྱི་ཉམས་འཁོར་མ་སད་པ་དང་། །དྲོད་ཆེན་པོ་སྐྱེས་པ་དང་། ངེད་ཀྱི་མཚམས་ལ་ཕན་པར་བྱུང་ཟེར་ནས་མོས་གུས་ཆེན་པོ་ཐོབ། དངུལ་གྱི་ཕུད་ཕོར་སོགས་ཕུལ་ལོ།
།ཡང་[[Kuklung|སྐུ་ལུངས་]]སུ་བྱོན་པ་དང༌། རིན་པོ་ཆེ་བློ་བཟང་པའི་གསུང་ནས། ད་ལོ་འདིར་ཁྱེད་ཀྱིས་ཁྲིད་ཅིག་སྐྱོངས་གསུངས་ནས། རྒྱུད་སྡེ་ལྔ་ལ་སོགས་པའི་ཐང་སྐུ་རྣམས་གནང་ནས། འདིས་ཁྱེད་ལ་ཕན་ཐོགས་པར་འདུག་གསུངས། དེ་ནས་མཁན་པོ་དོན་ཡོད་པས་གཙོ་མཛད་པའི་མི་བརྒྱ་ཙམ་ལ་ཁྲིད་ཕོག་པས། བདེ་དྲོད། སྒྱུ་མའི་ཉམས་། རྨི་ལམ་སྦྱོང་སྤེལ། ཡུལ་སྣང་ལ་སོགས་ཁྱད་འཕགས་འབྱུང་ཞིང་། ངེད་ལ་ཡང་དགེ་སྦྱོར་བོགས་ཆེན་པོ་བྱུང་སྟེ། སློབ་མ་རྣམས་དམ་ཚིག་གཙང་བ་ཡིན་པར་འདུག་གསུངས། གཞན་ཡང་འབྲམ་ཆུམས། དཀར་པོ་བྲག །གུར་ཕྱོགས། ཉུག །ཡོ་བྲོ་བོ་ལ་སོགས་པར་ཁྲིད་བསྐྱངས་པས། སློབ་བུ་རྣམས་ལ། ཉམས་རྟོགས་ཕུན་སུམ་ཚོགས་པ་འབྱུང་ཞིང་། ཁྱད་པར་བླ་མ་རིན་ཆེན་དཔལ་ལ་ཁྲིད་ཞུར་ཡོང་བའི་ལམ་དུའང་རྨི་ལམ་སོགས་ཟིན་པ་བྱུང་འདུག་སྟེ། [[རིན་པོ་ཆེ་མཁས་བཙུན་སངས་རྒྱས་]]ཀྱི་བྱིན་རླབས་སུ་འདུག་གསུངས། རྫོང་ཁ་བའི་དམག་དེ་ཡོང་བའི་གོང་དུ་ཆོས་སྐྱོང་གི་རྣམ་འཕྲུལ་ཆེན་པོ་བྱུང་བས། མཇལ་པ་རྣམས་ལ་ཆོས་སྐྱོང་གི་འཁོར་རྣམས་ཀྱིས་སྐྱིལ་གྱིས་ཟེར། ནང་རྟེན་སོགས་སྲེག་ཤིང་དུ་གདན་དྲོངས་གསུང་བའི་ཞལ་ཏ་ཡོད་པས་སྐྱེལ་བྱས་པས་ཉན་དུ་མ་འདོད། དེ་ནས་དབོན་པོ་ཟླ་བས་འགོ་བྱས་ཀྱི་དམག་ན་རེ། ཁྱེད་དཔོན་སློབ་ཀྱི་བླ་མ་ཡིན་ཨང་། ངེད་ཀྱི་དགྲ་ལ་ཁྱེད་ཀྱིས་གཉེན་ཟེར་ཏེ། གཟིམས་ཁང་ལ་མེ་བརྒྱབ། གཞན་རྣམས་སྒྱེལ། ང་ཡ་ཚད་ཁྲིད་པས། དེ་འདྲོག་ལ་སེར་བ་དྲག་པོ་ཞིག་བབས་པས། ཁོང་རྣམས་ན་རེ། སེར་བ་འདི་ཆོད། མི་གཅོད་ན་གསོད་པ་ཡིན་ཟེར་བས། ངས་འབྱུང་བ་མི་ཆོད། གསོད་ན་ཁྱེད་རང་རྣམས་དབང་ཆེ་བྱས་མ་ཐག་སེར་བ་ཆད་སོང་བས། ད་ཅི་རང་བྱས་ཏེ་ཟེར་ནས་བདེ་བར་བཏང་གསུངས། སྒྱུ་མ་རྨི་ལམ་གྱི་ཉམས་བཟང་པོ་འདིས། དམག་མི་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས་ཤིང་ཞེ་སྡང་མ་སྐྱེས་སོ། །དེ་ནས་ཆོས་སྐྱོང་གི་རྒྱུན་གཏོར་བཏང་ན་མ་བསད་ཀྱང་གནོད་པ་བྱུང་གིས་དོགས་ནས་གཏོར་མ་མ་བཏང་གསུངས། དེ་ནས་རིན་ཆེན་སྒང་ན་བཞུགས་དུས། ཨ་ཅ་ར་ལྟག་ལྟས་ཅན། གོས་པུས་གོང་མ་གྱོན་པ་གཅིག་མངོན་སུམ་དུ་བྱོན་ནས། འོ་སྐོལ་ལ་གནོད་པ་བྱས་པས་ངས་བསད་པ་ཡིན་ཟེར་ཏེ། དབོན་པོ་ཟླ་བས་འགོ་བྱས་མི་མགོ་བཞི་བཤར་ཟེར་བསྐྱུར་བྱུང་བས་ང་རང་ཡང་སྐྲག་ནས་སྟན་ཐོག་ནས་འཕར་བྱུང༌། དེ་ནས་རྨི་ལམ་དུ། བུད་མེད་དམར་མོ་གཅིག་ན་རེ། ད་ལོ་དབང་དང་ཁྲིད་སོགས་གྱིས། ཆོས་སྐྱོང་ལ་ཡང་གཏོར་མ་ཐོང་ཟེར་ནས། སྲེག་ཤིང་དུ་དགེས་རྡོར་ལ་སོགས༌པ་མཛད་གསུངས། ཡང་དཀར་པོ་བྲག་རུ་བཞུགས་དུས། སྲོད་ལ་རྣལ་ཟི་ཟིའི་དུས་སུ་མི་ནག་པོ་ཞིག་བྱུང་སྟེ། ལས་སྒྲུབ་འོངས་དུས་བཀྲེས་པོ་འདུག་གཏོར་མ་རེ་ཙམ་ཡང་སྦྱིན་ཟེར་བྱུང་བས། གཏོར་སྒྲུབ་ཟླ་གཅིག་མཛད་དོ།
།དེ་ནས་ཁོང་ལམ་དུ་བཞུགས་དུས་ཡང་མི་ནག་པོ་གཅིག་གིས་མང་པོའི་མགོ་ལག་ཁྱེར་བྱུང་བས། ཁྱེད་རྣམས་མི་གསོད་ན་ང་གཏོར་མ་མི་གཏོང་བྱས་ནས་གཏོར་མ་ཞག་མང་པོ་མ་བཏང་གསུངས། དེ་ནས་ཡང་སྔར་བཞིན་བྱུང་ནས་གཏོར་སྒྲུབ་མཛད་དོ།
།དེའང་ལས་མྱུར་པོར་བསྒྲུབས་འོངས་དུས། གདོང་པ་དམར་ཆིལ་བྱས་ནས་ཡུས་དང་བཅས་ནས། ལས་ཅུང་ཟད་རེ་མ་བྱས་ན་ངོ་མི་སྟོན་པ་བཞིན་བྱས་ནས་འོང་གིན་འདུག །གང་ལྟར་ཡང་ལོག་འགྲོ་དུས་རྒྱབ་མི་སྟོན་པར། ཟུར་འགྲོས་བྱེད་ཅིང་ཐག་རིང་ཚད་སླེབས་པ་དང་། མི་སྣང་བར་འགྲོ་ཡིན་འདུག་གསུངས། དེ་ལྟར་བདག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ་འདིས་སྐུལ་རྦད་ལ་སོགས་པ་ཅུང་ཟད་ཀྱང་མི་མཛད་ནུའང་། ཆོས་སྐྱོང་ལ་མངའ་མཉེས་པ་འི་རྟགས་ནི། དཔོན་ཤག་གིས་ཆོས་རྗེ་ལ་རྡོ་བསྣུན་པས་དེ་མ་ཐག་སྲན་ཞུགས་ནས་ཤི་བ་དང་། བཀྲ་ཤིས་མགོན་ལ་སོགས་པས་དགོན་པའི་ཞབས་ནས་ཕྱི་ཚང་བཏོན་པས། མི་འཚམ་པ་དུ་མ་བྱུང་བ་དང་། རྐུན་མ་གཉིས་ཀྱིས་མགོན་གཡག་བརྐུས་ཏེ་མི་ཤངས་ཆུ་ལ་གཉིས་པོས་ཞོན་ཏེ་བརྒལ་བས། གཡག་གིས་ཆུ་ལ་དྲིམས་ཏེ་ཤི་བ་དང་། རྐུན་མ་བཞིས་ཁོང་ལམ་ནས་ཕྱུགས་དེད་པ་ཆོས་རྗེས་གཟིགས་པས། དེ་མ་ཐག་ཁོང་བཞི་ཕྱིན་པ་རེངས་ནས་འགྲོ་མི་ཤེས་པ་བྱུང་ཞིང་ཟླ་གཅིག་ནས་ཤི་བ་ལ་སོགས་པ་བརྗོད་ལས་འདས་སོ། །ཆོས་རྗེའི་གསུང་ནས། དམག་དེའི་གྲིབ་ཀྱིས་རྨི་ལམ་གྱི་སྟོབས་ཆེན་པོ་དེ་ཟླ་བ་མང་པོའི་བར་དུ་འགྲིབས་ནའང་། ཕྱིས་སོར་ཆུད་ནས། སྦྱོང་སྤེལ་དང་། ཞིང་ཁམས་མང་པོར་སངས་རྒྱས་མང་པོ་ལ་ཆོས་ཞུ་བ་ལ་སོགས་ཡུལ་སྣང་རྩོལ་མེད་དུ་འགྲུབ་གསུང་ངོ་།
།དེ་ནས་[[Shongshong|ཞོང་ཞོང་]]སྐུ་འབུམ་གྱི་ཞིག་གསོས་དང་། རྫ་སོ་འགྱེལ་བའི་ཚེ། ཕ་ཇོ་ལུག་སྐྱེས་ཀྱི་རྨི་ལམ་དུ། བུད་མེད་དང༌། ཁྱད་པར་མི་ཉག་མང་པོ་བླ་མ་འཇག་པའི་རྫ་སྐྱེད་པ་ཡིན་ཟེར་ནས། རྫ་མང་པོ་སྐྱེད་ཅིང་དེའི་ཁ་ཏ་བུད་མེད་སྔོ་སངས་མ་ཆེན་མོ་ཞིག་གིས་བྱེད་ཀྱིན་གདའ། བདག་ལ་རྫ་རྨི་ཐབས་མེད་པས། དྲུང་ནས་སྐུ་རིམས་ཤིག་སྒྲུབ་འཚལ་པར་གདའ་ཞུས་པས། སྐུ་འབུམ་གྱི་ཞིག་གསོས་བྱེད་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་གིས་བྱེད་པ་ཡིན་མོད་བྱས་གསུང་ངོ་། །དེ་ནས་ཞིག་གསོས་ཚར་དུས་ཐུགས་དགོངས་ལ་དངོས་པོ་ལམ་མེ་བ་ཞིག་ཡོད་ན་རབ་གནས་ལ་མཁན་ཆེན་པ་གདན་འདྲེན་པ་ཡིན་ཏེ་སྙམ་པ་ཞིག་བྱུང་བ་དང༌། རིན་པོ་ཆེ་པ་མངོན་སུམ་དུ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རབ་གནས་ངས་བྱས་པས་ཆོག་གསུངས་ནས། དེ་འདྲོག་མཆོད་པ་བཤུམས་ནས་མེ་ཏོག་གཏོར་གསུངས། གཞན་ཡང་རིན་པོ་ཆེ་པས་གཙོ་མཛད་པའི་བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད་པའི་ཕྱིར། ཕྱག་ཏུ་བྱུང་བའི་རྫས་རྣམས་ཀྱང་། [[ས་སྐྱ་]]དང་[[སྣར་ཐང་]]རྣམས་སུ་མང་ཇ་རེ་འདྲེན་དང་། ཁྱད་པར་སྲེག་ཤིང་དང་[[འཇག་]]ཏུ་ཚ་བ་དང་། མཆོད་པ། འབུལ་འགྱེད་སོགས་ཡང་ཡང་མཛད་པ་ཉིད་དོ། །དེ་ནས་ཡོ་བྲོ་བར་བྱོན་ཏེ། ཁྲིད་བསྐྱངས་ཤིང་། ཁྲིད་པ་རྣམས་ཀྱི་སྤྱོད་པ་འགའ་རེ་མཁྱེན། དེ་ནས་ལྷ་བཞུག་ཏུ་བྱོན་དུས། ཕག་ལ་སོགས་ཀྱི་བུ། ཕོ་མཆིན་པ་ན་བ་ཁ་བྱིན་རླབས་མཛད་པས་ཕན་ཞིང་ཁོ་མོས་པར་གྱུར་ཏོ། དེ་ལ་སོགས་པ་ནད་པ་ལ་བྱིན་རླབས་མཛད་པས་ཕན་པ་ཤིན་ཏུ་མང་ངོ༌།
།དེ་ནས་བདག་ལ་མཛོ་ཁལ་ར་ལ་གཏད་དེ། རྟེན་དང་ཕྱག་རྫས་ཀྱི་དངོས་པོ་ངོ་མཚར་བ་རྣམས་གནང་ཞིང་རྒྱལ་ཚབ་ཏུ་བསྐོས༌ཏེ། ནང་དུ་ཐུགས་དམ་ཟབ་མོ་ལ་བཞུགས་ཤིང་། རྩོལ་བ་མི་མངའ་བའི་ངང་ནས་ཕྱི་རུ་ཕྱོགས་རིས་ནས་བྱོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པའི་དོན་གཉེར་རྣམས་ལ་དབང་བཀའ་དང་། ཁྲིད་བཀའ་ལ་སོགས་པ་གང་ལ་གང་འཚམ་པའི་ཆོས་གསུང་པའི་སྐབས་ཤིག་ཏུ་རྣམ་རྒྱལ་རྩེར་བྱོན་ཏེ། དབང་པ་དང་བདག་མོ་བ་ལ་སོགས་ལ་ཁྲིད་གསུངས་པས། རྟོགས་པ་ཁྱད་པར་ཅན་འཁྲུངས་ཤིང་། གཟིམས་གཡོག་པས་ཁྲིད༌ཀྱི་བར་ལ་རྩེད་མོ་བྱས་པ་ཡང་མཁྱེན་ཏེ། དེ་ནས་ཉུག་ཏུ་བྱོན་ཏེ། སི་དུ་བ་ཡབ་ཡུམ་ལ་སོགས་ལ་གཤེད་དམར་སོགས་མཛོད་ནས། བཙུན་གྲོང་དང་། སྣ་དཀར་དུ་ཞག་རེ་རེ་བཞུགས་པར་ཞུས་པས། ཆུ་སྐྱེ་བར་འདུག་མི་སྡོད་གསུངས་ནས། དུལ་དུ་ཕེབས་པའི་ནུབ་མོ་ཆུ་དམར་ལོང་ལ་སྐྱེས་བྱུང་བ་དང་། ཁ་རྩང་བུད་མེད་དམར་མོ་གཅིག་བྱུང་ནས། ཆུ་སྐྱེ་བར་འདུག །ད་ལྟ་རང་རྒྱུག་ཟེར། ང་བདེན་པ་ཨེ་འདུག་གསུངས། དེའི་དབྱར་གྲམ་དུ་བཞུགས་ནས་ཆོས་དྲུག་སོགས་གསུངས་སོ། །དེ་ནས་རིན་ཆེན་རྩེར་དུ་དབེན་ཤོ་རྒྱལ་མཚན་སྐྱེས་ལ་ཁྲིད་གསུངས་དུས། ཁོང་གི་རྟོག་པ་འགྱུས་ཚད་ཆོས་རྗེས་མཁྱེན། ཆོས་ཟབ་དུས་སུ་རྟོག་པ་གཞན་བཀའ་ནས་སྒོམས་འཚལ་གསུངས་པས། ཁོང་དད་ནས་རྨི་ལམ་སྦྱོང་སྤེལ་དང་། ཁྱད་པར་འཕོ་བ་འབྱོངས་ཤིང་། ཤངས་ཕུ་མདའི་ཁྲི་ར་ལ་སོགས་པ་ཕུལ་ཏེ། དགེ་བ་ལ་བརྩོན་པར་གྱུར་ཏེ། དེ་ནས་སློབ་བུ་བཅུ་སུམ་ལ་འཁྲུལ་གཅོད་ཀྱི་བཀའ་མཛད་དུས། ལ་ལས་ལུས་ཀྱི་གར། ལ་ལས་ངག་གིས་སཾསྐྲྀ་ཏའི་སྐད་སྨྲ་བ་༼ལ་སོགས་པ་༽བྱུང་ཞིང་། འཁྲུལ་གཅོད་ཀྱི་བཀའ་འདི་བྱིན་རླབས་ཆེ་བ་འདུག་གསུངས། དེ་རྗེས་ཕྱག་ཆེན་གྱི་ཁྲིད་བཏབ་པས་སྒོམ་ལོ་ལེགས་སོ། །དེ་ནས་དཔོན་མོ་སངས་རྒྱས་འབུམ་ན་ནས་འཆི་བ་ལ་ཐུག་བྱུང་དུས། ཆོས་རྗེ་གདན་དྲངས་ཏེ། གཤེད་དམར་གྱི་དབང་མཛད་པའི་ཚེ། དྲུང་དུ། དུ་དབེན་ཤོས་ནད་མ་འདི་མི་གསོན་པོར་གདའ། མར་གཅིག་སྒྲུབས་ན་དྲུག་གམ་ཞུས་པས། ཆོས་རྗེས་བན་ཆེན་གྱིས་གནོད་གྱིན་འདུག་སྟེ་ངམ་འཇིགས་བྱེད་དུ་སྤྲུལ་ནས་བཏུལ་ཡོད། ད་མི་སྐྱོན་པར་ཡོད་གསུང༌བ་བཞིན་བྱུང་ངོ༌། །ཡང་དུ་དབེན་ཤོ་འཆི་བ་ལ་བཏུགས་ཏེ་ཁ་ཆེམས་དྲིས་ནས་ཆོས་རྗེ་གདན་དྲངས་པས། དྲུང་ནས་སྲུང་སྐུད་དང་གསོལ་རས་ལ་སོགས་བསྐུར་ཞིང་མི་སྐྱོན་པར་འདུག་གསུངས་ནས། མ་བྱོན་པས། ཁོང་ཁམས་འདུས་ནས། སྲུང་སྐུད་མི་དགོས། ང་འཆི་བའི་སྲོག་ནས་ཁོང་གིས་མི་ཟིན། ཤངས་ལུང་པར་ཡོང་ནས་གློ་སྙིང་བྲང་གསུམ་ཁོང་ལ་གཏད་ཅིང་། བླ་མ་ཡིན་པས་དམིགས་པ་ཞིག་གསོ་པ་དང་། བྱིན་རླབས་ཤིག་མཛད་པ་ལ་འབྱོན་མི་དགོས་སམ་ཟེར་ནས་བསྐྱར་མས་གདན་དྲངས་ཏེ། ཕེབས་དུས་ཀྱང་ཡུས་དང་བཅས་ཏེ་༼གོང་བཞིན་༽ཞུ་ཡིན་འདུག །ཆོས་རྗེས་གཤེད་དམར་གྱི་དབང་མཛད་ནས། མོ་འདྲེ་བཞིན་གནོད་ཀྱིན་འདུག་པ་ངས་བཏུལ་ཡོད། མི་སྐྱོན་པར་འདུག་གསུང་བ་བཞིན་བྱུང་ངོ་།
།ཡང་འདོག་གཅོད་དཔོན་དགེ་ན་ནས། ཆོས་རྗེས་གདན་འདྲེན་སླེབས་པའི་ནུབ་མོ། ༼ཁོང་ལ་༽གཅོད་པའི་བཙན་ཞིག་གིས་བསུ་བ་དང་བསྙེན་བཀུར་བྱས། མར་ཕེབས་དུས་ཁོང་མལ་ན་ཚུད་ནས་ལབ་བཤའ་མ་མི་ཤེས་ཤིང་། འཁོར་རྣམས་ཀྱང་ཡིད་ཁོང་དུ་ཚུད་ནས་འདུག་ནའང་། ཆོས་རྗེས་གཤེད་དམར་གྱི་དབང་མཛད་པས་འབྱོན་དུས་སྐྱེལ་ཐུང་བྱེད་པ་བྱུང་ངོ་། །དེ་བཞིན་དུ་དཔོན་དཔལ་ལ་སོགས་པའི་ནད་པ་འཆི་ངེས་པ་དང་། དཔོན་མོ་ཞི་བ་རྡོ་རྗེ་ལ་སོགས་པའི་སྙིང་དུ་འདྲེ་ཞུགས་པ་ལ། ཆོས་རྗེས་དབང་བྱིན་རླབས་ཐེངས་རེ་མཛད་པས་ནད་གདོན་ལས་གྲོལ་བ་བསམ་གྱིས་མི་ཁྱབ་བོ། ཡང་[[ལོ་ཙཱ་བ་དོན་བཟང་]]ཁྲིད་གསན་དུས། ཁོང་གིས་འདུལ་བའི་གཞུང་བསྐྱངས་པ། ཆོས་རྗེས་མཁྱེན་ནས། ཁྱེད་གཤེར་བའི་དཔེ་ཆ་དེ་ཅི་ཡིན་གསུངས་པས། ཁོང་སྐྱེངས་ཏེ་ཆོས་རྗེ་རིན་པོ་ཆེ་འདི་ལ་ཐུགས་ཤེས་ཐོགས་མེད་དུ་མངའ་འདུག་སྙམ་ནས་དད་གུས་ཆེན་པོ་ཐོབ་ཏེ་རྟོགས་པ་ཁྱད་པར་ཅན་འཁྲུངས་སོ། །དེ་ལ་སོགས་པ་ཆོས་རྗེས་སྔ་ཕྱིར་མཁྱེན་པ་དང་གཟིགས་པ་ནི། སྟོན་པ་དཔལ་འབྱོར་གྱིས་ཆོས་ཁྲིམས་པ་བྱུང་གི་དོགས་ནས་མལ་སའི་གསེབ་ཏུ་རན་མ་སྦས་བ་དང༌། ཁ་ཅིག་གིས་མི་ཚངས་པར་སྤྱད་པ་དང་། སྲོག་ཤིང་མཁན་པོས་ཁྲིད་ཀྱི་བར་ལ་དཔེ་བྲིས་པོ་དང་། རྡོ་རྗེ་བཟང་པོས་སྒོམ་ཁང་དུ་མགོ་བོ་སྟན་ལ་བཙུགས་པ་སོགས་ཀྱི་རྩེད་མོ་བྱས་པ་སོགས་མང་དུ་མཁྱེན་ནོ། །སྲེག་ཤིང་མཁན་པོ་སྐུ་གཤེགས་ཁར་སེང་གེ་དཀར་མོ་ལ་ཆིབས། རབ་ཏུ་བྱུང་བ་མང་པོའི་འཁོར་གྱིས་བསྐོར་ནས། ང་ནུབ་བདེ་བ་ཅན་དུ་རིན་པོ་ཆེའི་དྲུང་དུ་འགྲོ། ཁྱེད་རང་ཡང་འདེང་གསུངས། བདག་ཅག་ལོ་འགའ་མི་འགྲོ་བྱས་གསུངས། རིན་པོ་ཆེ་བློ་བཟང་བའི་དྲུང་དུ་བྱོན་ནས་གོང་བཞིན་གསུངས་པ་དང༌། [[Khyungpo Neljor|བླ་མ་ཁྱུང་པོ་]]བ་རྟ་སྔོན་པོ་ལ་ཆིབས། དེའི་རྐང་ལག་བཞི་ནས་བུད་མེད་སྔོ་སངས་མ་བཞིས་བཏེགས་ནས་གཡུ་ལོ་བཀོད་པར་འགྲོ་གསུང་བ་ལ་སོགས་གཟིགས་སོ། །ཆོས་རྗེའི་ཞལ་ནས། མཚན་མོ་རྨི་ལམ་གྱི་སྟོབས་ཇི་ལྟར་རྒྱ་ཆེ་ཞིང་། ཉིན་མོ་ཡུལ་སྣང་རྒྱ་ཆེ་བར་འདུག་གསུངས། དེ་ནས་ཡང་རྫོང་ཁ་བས་གདན་འདྲེན་ཟེར་བྱུང་དུས། སློབ་དཔོན་ཀུན་རིན་གྱི་རྨི་ལམ་དུ། མི་ནག་པོ་ཐུ་བ་གཉིས་བརྫེས་པ་གཅིག་བྱུང་སྟེ། ངས་དྲུང་བ་རྫོང་ཁ་བས་གདན་ཨེ་འདྲེན་བལྟར་ཕྱིན་ཏེ། རྫོང་པས་གདན་མི་འདྲེན་པར། མཐོང་སྨོན་པས་གདན་འདྲེན་པར་ཡོད་ཅིང་། བཞུགས་ས་དགོན་ཁང་སྟེང་དུ་བྱེད་པ་ཡོད་ཟེར་བ་ཞིག་བྱུང་ནས། དྲུང་དུ་ཞུས་པས། ཆོས་སྐྱོང་གི་འཁོར་ཡིན། ང་ཅན་དུ་ཡོང་བ་ཞིག་ཡིན། ཁྱོད་ཟེར་བ་བཞིན་ཡོང་བར་འདུག་གསུང་ཞིང་དེ་བཞིན་བྱུང་ངོ་། །ཡང་དཔོན་ལེགས་ལྡན་པའི་ཆུ་སྐོར་གྱི་རབ་གནས་ལ་སང་འབྱོན་པའི་དེ་ནུབ། རྣལ་ལམ་བཟུང་ནས་མེ་ཏོག་གཏོར་ཞིང༌། སང་དངོས་སུ་མཛད་ན་བཀྲ་ཤིས་པར་འགྱུར་ཞིང་། དེ་བཞིན་དུ་མགྲོན་ཁང་ལ་སོགས་པ་ལ་ཆོས་རྗེས་རབ་གནས་༼མཛད་པས།༽ བཀྲ་ཤིས་པ་རྣམས་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་འདི་ལགས་སོ། །ཡང་རྟོགས་ལྡན་དཀར་པོས་ཁྲིད་ཞུས་དུས། ཁོང་གིས་རྨི་ལམ་བཟུང་ནས་ཡོང་པ་མཁྱེན་ཏེ། མདང་ཁྱེད་ཀྱིས་ཡོང་དུས་ཀྱི་སྤོས་དྲི་ཞིམ་པོ་དེ་གང་ནས་བྱུང་གསུངས་པས། ང་ལ་འབུལ་རྒྱུ་མི་འདུག །ཁྱེད་རང་ལ་བུད་མེད་རུས་རྒྱན་ཅན་མང་པོས་འབུལ་གྱིན་འདུག་ཟེར། གཞན་ཡང་དུས་བཟང་དང༌། སྦྱིན་བདག་དད་པ་ཅན་གྱིས་མཆོད་པ་འདྲེན་དུས། སྤོས་དྲི་ཞིམ་པོ་ཁྱད་པར་ཅན་རེ་ཡང་ཡང་འབྱུང་བར་གདའོ།
།དེ་ནས་ཆེན་པོ་རིན་རྒྱལ་བས་གདན་དྲངས་ཏེ། དབང་བསྐུར་མཛད་པའི་ཚེ། [[རྟ་ནག་]]ཏུ་ཁོང་གིས་མི་བཅུ་གཅིག་བསད་ཟེར་ནས་དྲུང་དུ་ཐུགས་དམ་ལ་འདོགས་པ་ཞུ་དུས། གཤིན་པོ་རྣམས་དྲུང་དུ་བྱུང་ལགས་སམ་ཞུས་པས། བདུན་བྱུང་། བཞི་ཤི་བ་མི་འདུག་གསུང་བ་བཞིན་བྱུང་བས། ཆེན་པོ་བ་ན་རེ། ཕྱི་མའི་ཡར་འདྲེན་དང་། གཤིན་པོའི་ར་མདའ་ལ་བླ་མ་འདི་ལྟ་བུ་ཞིག་དགོས་པ་འདུག་ཟེར་ནས་མོས་གུས་ཆེན་པོ་ཐོབ་བོ། །ཡང་ཁོང་གི་སྲས་ཆུང་མ་གཅིག་ལ་གདོན་ཁ་ཟུག་ནས་གཞིས་ཁར་གསོས་པ་མེད་པ་ལ། ཆོས་རྗེ་གདན་དྲངས་ནས་གཤེད་དམར་ལ་སོགས་པའི་དབང་ཞུས་པས། གདོན་ལས་གྲོལ་ལོ། །ངས་ཁོང་ཅན་ཕྱིན་དུས། ཆང་ཉེས་པ་ཐམས་ཅད་ལ་བྱིན་རླབས་བྱས་པས་ཁུགས་བྱུང་སྟེ། ང་ནུས་པ་ཁྱད་པར་ཅན་ཡིན་གསུང་ངོ༌། །དེ་ལ་སོགས་ཆང་ཉེས་པར་བྱིན་རླབས་བྱས་པས་ཁུགས་པ་ཡང་མང་ངོ་། །ཡང་ཆོས་རྗེའི་ཞལ་ནས། ངས་བྱིན་རླབས་དབང་བསྐུར་བྱས་པ་ལ་བར་ཆད་དང་གྲིབ་ལ་སོགས་པ་ཡོང་མ་མྱོང་ཞིང་། གཞན་ལ་ཚེ་དབང་བྱས་ན་ང་རང་ལ་ཚེ་འཕེལ་བའི་ལྟས་རེ་ཡོང་གསུང་ངོ་། །ཡང་[[Shongshong|ཞོང་ཞོང་]]གི་གདུགས་ལ་སོགས་པ་མཆོད་པ་ལ་ཆོས་རྗེ་སང་འབྱོན་པའི་དི་རིང་། བླ་མ་རྒྱ་པ་བལ་ཐོད་དུ་ཕྱིན་ནས་གདོང་ནག་ན་ཡར་སླེབས་པ་དང་། འབུམ་པ་ལ་མི་མང་པོས་སྐོར་བ་དང་། གདོད་ནས། རྣམ་དག་གི་གསོལ་འདེབས་དི་རི་རི་བྱེད་ཅིང་། ཁྲོམ་མར་མེར་རེ་འདུག་པས། ཁོང་གི་ཡིད་ལ་འཇག་པ་རྣལས་སང་འབྱོན་ཟེར་བས། དི་རིང་ཕེབས་པ་ཡིན་པར་འདུག་སྟེ། མི་མང་སྙམ་ནས་[[Shongshong|ཞོང་ཞོང་]]དུས་སླེབས་དུས་གར་སོང་ཆ་མེད་ལ་སོང་འདུག་ཟེར། ཡང་ཆོས་རྗེའི་ཞལ་ནས། བླ་མ་སྒྲུབ་པ་པོ་བསོད་ནམས་བཟང་པོ་ཡོང་དུས་ཀྵེ་ཏྲ་པཱ་ལའི་གཡོག་གནོད་སྦྱིན་ཞིག་ཡོད་པ་བྱུང་ནས། ངས་བསུང་ཕྱིན་པ་ཡིན། ལམ་དུ་ཅི་ཡང་མི་ཡོང་བ་ཡོད་ཟེར། སྒྲུབ་པ་པོ་དེ་དད་གུས་ཅན་ཞིག་འདུག །ཁོང་ཡོད་ཀྱི་བར་ལ་ང་ཁམས་བདེ་ཞིང་། རིག་པ་དངས་པས། དགེ་སྦྱོར་གྱི་སྣང་བ་འགའ་ཞིག་བྱུང་གསུངས། དེ་ནས་རྣམ་རྒྱལ་རྩེར་གདན་དྲངས་དུས། རྩེ་ཆུ་གྱོངས་བ་པ་དེས་ཆོས་ལུང་དུ་བཞུགས་མཛད་པས། ཇོ་བོ་གྲོགས་མཆོག་རྟ་པ་དམར་པོ་བདུན་དངོས་སུ་བྱུང་ནས། རྩེར་འབྱོན་པར་ཞུ། ཆུའི་ཞབས་ཏོག་བདག་གིས་བྱེད་པ་ལགས་ཟེར་ནས། རྩེར་བྱོན། དབང་རྒྱུད་སྡེ་ལྔ་ལ་སོགས་པ་མཛད་ནས། ཕུར་ཤར་ལ་འབྱོན་དུས། རྒྱལ་པོ་བཙན་གྱི་ཚ་བོ་ལོ་ལྔ་ལོན་པ་གཅིག་གིས། སྔར་ཆོས་རྗེ་པ་མ་མཐོང་ཡང་། སོ་སོའི་བླ་མ་འབྱོན་གྱིན་འདུག །དེའི་སྔོན་ལ་[[Öntön Kyergangpa|དབོན་པོ་སྟོན་པ་སྐྱེར་སྒང་པ་]]ཡིན་ཟེར་བ་ཞིག་འབྱོན་གྱིན་འདུག་ཟེར། མར་ལམ་ཁོང་ཅན་གདན་དྲངས་དུས། གཞན་ཞུ་མཁན་མེད་ཀྱང་། བཞུགས་གདན་ལ་ཕེབས་མ་ཁད། བྱིས་པ་དེ་ལ་ཁྱོད་ཀྱིས་[[Öntön Kyergangpa|དབོན་སྟོན་སྐྱེར་སྒང་པ་]]མཐོང་ངམ། དེའི་སྔོན་ལ་ཨ་ཙ་ར་བདུན་ཡོད་པ་ཁྱོད་ཀྱིས་མ་མཐོང་བ་འདུག་པ་སོགས་གསུངས་ཟེར། དེ་ནས་དབང་པོ་སོགས་ཀྱིས་སྐྱེལ་ཐུང་མཛད་དུས། སྤྱན་ནམ་མཁའ་ལ་གཟིགས་ནས་དེ་རིང་ཉི་མ་དྲོ། ཨ་ཙ་ར་རྣམས་མ་བྱུང་། ཁོང་རྣམས་ཡོང་དུས་རྡུལ་ཚུབ་རེ་ཡོང་གིན་ཡོད་གསུངས་ཟེར། དེ་ནས་མཐོང་སྨོན་རྩེར་བྱོན་ནས། སི་ཏུ་བ་ལ་སོགས་ལ་གྲུབ་རྒྱལ་མ་ལ་སོགས་པའི་དབང་མཛད། དེའི་གཞི་བདག་ཕོ་མོ་གཉིས་འདུག་པ་ཕྱག་བྱེད་དུ་བྱུང༌། དེ་ནས་གྲམ་དུ་བྱོན་ནས་བཞུགས་དུས། གུར་ཕྱོགས་སུ་ཤཱཀྱ་བཤེས་གཉེན་འདས་པའི་ཆོ་ག་ནར་མ་མཛད་པའི་ཚེ། ཆུམས་ལྷ་སྡིངས་པས་གདན་དྲངས་ཏེ། འཇིགས་བྱེད་ཀྱི་དབང་སོགས་མཛད་དུས། ཇོ་བོ་གལ་ལྗང་ཕྱག་དང་གུས་པ་བྱེད་ཀྱིན་གདའ་གསུངས། དེ་ནས་དཔལ་རྫོང་དཔོན་གྲུབ་ཀྱིས་གདན་དྲངས་ཀྱང་མ་འདྲོངས་པར། མྱུར་དུ་གྲམ་དུ་བྱོན་ནས་ཕེབས་དུས་ཤཱཀྱ་བཤེས་གཉེན་ཁོ་གོས་ཧྲུལ་ལེ་བ་ཞིག་གྱོན་བྱུང༌། དེ་ནུབ་ཁོའི་བདུན་ཚིགས་ལ་ཆོ་ག་ཞིག་བྱེད་དགོས་པས་མྱུར་པོར་ཡོང་པ་ཡིན་གསུངས། དེ་ནས་དགོན་པར་བྱོན་དུས། ཆུ་སྐྱེས་ཨེ་འདུག་ཡང་ཡང་གསུངས། དགོན་པར་ཕེབས་དུས། མཐོང་སྨོན་པ་ཟླ་ཕྱེད་བཞུགས་པར་ཞུས་པས་མ་གསན་པ་ཅི་ལགས་ཞུས་པས། ནུབ་ཅིག་ཀྵེ་ཏྲ་པཱ་ལ་བྱུང་ནས། མ་བདེ་བ་ཡོང་པར་ཡོད་མྱུར་དུ་རྒྱུག་ཟེར། མི་བདེ་བ་ཁོ་པས་མི་མང་པོ་གསར་པ་དེའི་གྲིབ་བྱུང་གིས་དོགས་པར་འདུག་གསུངས། གྲམ་ནས་བྱོན་དུས། ཆུ་སྐྱེས་ཨེ་འདུག་ཡང་ཡང་ལྟོས་གསུངས་པ་དེ་ཅི་ལགས་ཞུས་པས། ནུབ་ཅིག་ཀྵེ་ཏྲ་པཱ་ལ་ལན་གསུམ་བྱུང་ནས། ཆུ་སྐྱེས་འོང་བར་ཡོད་མྱུར་དུ་རྒྱུག་ཟེར་གསུང་ངོ༌། །དེ་ནས་སློབ་དཔོན་ཆོས་མགོན་པ་སོགས་ལ་ཁྲིད་གསུང་དུས། ཆོས་རྗེའི་ཞལ་ནས། ངས་རྨི་ལམ་བཟུང་ནས་ཁྲིད་པ་རྣམས་བལྟར་ཕྱིན་པས། དགེ་བཤེས་རྡོར་རྒྱལ་གྱིས་ཚོར་འདུག །གཞན་སུས་ཀྱང་མ་རིག་གདའ། སློབ་དཔོན་ཆོས་མགོན་དེའང་ཕར་ཕྱིན་དང་། དུས་འཁོར་ལ་སོགས་པའི་བསམ་བློ་མིན་པ་སྒོམ་གཅིག་ཀྱང་མི་བྱེད་པར་འདུག །འདུན་པའི་སྐབས་མིན་པ་རྨི་ལམ་ཡང་མི་ཟིན་པར་འདུག །སྤྱིར་ཡང་མི་མཁས་པ་ཕལ་ཆེ་བ་དྲེགས་པས་བཅིངས་ནས་དགེ་སྦྱོར་དཀའ་བར་གདའ་གསུངས། ཡང་ད་ལོའང་དམག་ཅིག་ཡོང་པར་གདའ་གསུང་བ་བཞིན་བྱུང་ངོ་།
།དེ་ནས་དཔོན་དཔལ་སྙིང་ལ་སོགས་པ་འདས་པའི་ཐུགས་དམ་མཛད་པའི་ཚེ། དཔོན་དཔལ་སྙིང་དེ་ཡང་གཞོན་པ་ལ་ཤི་བ་སྙིང་རེ་རྗེ་སྙམ་པ་ཞིག་ལ་རྟོག་པ་འཕྲོས་ནས་སྙིང་རྗེ་དྲག་པོ་སྐྱེས་ནས་མཆི་མ་མང་པོ་བྱུང་གསུང་ངོ༌། །དཔོན་དཔལ་སྙིང་དེ་ཡང་གཞོན་པ་ལ་ཤི་བ་སྙིང་རེ་རྗེ་སྙམ་པ་ཞིག་ལ་རྟོག་པ་འཕྲོས་ནས་སྙིང་རྗེ་དྲག་པོ་སྐྱེས་ནས་མཆི་མ་མང་པོ་ཤོར་གསུང་ངོ༌། །དཔོན་དཔལ་སྙིང་དྲུང་དུ་བྱུང་ལགས་སམ་ཞུས་པས། ངོ་ནོང་ངེ་བ་ཞིག་བྱས་ནས་བྱུང་ཞིང་། གཞན་ཡང་གཤིན་པོ་རྣམས་བྱུང་ནས། བླ་མའི་གཏོར་མ་དེ་ནས་མི་ཐོབ་པར་གདའ་ཟེར་བས། ཁོང་རང་རྣམས་ལ་ཟན་ཆུང་ཇ་སྣ་དང་བཅས་པ་རེ་མདུན་དུ་ཞོག་ཅིག་གསུངས། དེ་ནས་དཔལ་སྡིངས་མཁན་པོ་འཇལ་དུ་བྱུང་ནས་ཐེགས་པ་དང་། ཆོས་རྗེའི་ཞལ་ནས། དཔལ་སྡིངས་མཁན་པོ་དེ་ལ་མི་རྣམས་འཐབ་ཀྱིན་འདུག་ནའང་། ང་ལ་མདང་བརྒྱུད་པའི་བླ་མ་གཅིག་བྱོན་ནས། ཆོས་མང་པོ་གསུངས། ལུང་བསྟན་འཛད་ཅིང་། དེ་རིང་ཁམས་དང་རིག་པ་དྭངས། ཏེ་ཁོང་ལ་སྨྲས་ན་ཁོང་ང་རྒྱལ་སྐྱེས་ཀྱི་དོགས་ནས་མ་བཤད་གསུངས། དེ་ལ་སོགས་པ་སློབ་མ་དད་གུས་ཆེ་ཆུང་། དམ་ཚིག་དང་སྡོམ་པ་གཙང་མི་གཙང་། ཉམས་དང་རྟོགས་པ་བཟང་མི་བཟང་ཐམས་ཅད་ངས་ཤེས་ཏེ་ང་འཇིགས་པ་ཡིན་གསུངས་ངོ༌།

W4CZ58783 stops here.
༼W8LS37032 ends here with: །ཡང་ཆོས་རྗེ་སྒོད་ཚང་ན་བཞུགས་དུས། ཆོས་རྗེའི་ཞལ་ནས། ་་་
5 pages
་་་ །ཆོས་རྗེའི་ཞབས་དྲུང་ངེས་པར་སྐྱེས་གྱུར་ནས། །མཆོད་པ་ཀུན་གྱིས་བླ་མ་མཉེས་པར་ཤོག །བདག་སོགས་བདེ་བ་ཅན་དུ་སྐྱེ་བར་ཤོག །དེར་སྐྱེས་ནས་ནི་བླ་མ་མཉེས་བྱེད་ཤོག །དགེའོ།།༽

།ཆོས་རྗེ་ཤངས་ཕུ་ན་བཞུགས་དུས། དགེ་བཤེས་ཚུལ་ཁྲིམས་བརྩོན་འགྲུས་དང་། ཉེ་གནས་དོན་གྲུབ་དཔལ་བཟང་གཉིས་ལ། རྗེའི་ཞལ་ནས། རྟག་སྣ་སྐོར་བའི་དམག་རྣམས་ལོག་འགྲོ་ཡིན་ཡོད་པ་འདུག་གསུངས། དེ་ཅི་ལགས་ཞུས་པས། མདང་ཀྵེ་ཊ་པཱ་ལས་མི་ལྭ་བ་ཅན་གཅིག་དང༌། གོས་སེར་གྱོན་པ་དང་གསུམ་ཁྲིད་བྱུང་ནས། འདི་ཚོས་ཞོང་ཞོང་སྐུ་འབུམ་ལ་གནོད་པ་བྱས་པས་འདི་རྣམས་གསད་པ་ཡིན་ཟེར་ནས་ངས་མ་གསོད་བྱས་ཡོད་གསུངས། དཔོན་དབང་སྭི་ཏུ་བའི་དྲུང་ནས། དད་གུས་ཆེན་པོ་ཡོད་པའི་སྟོབས་ཀྱིས་གཤེགས་བཞུད་ཅི་བྱེད་ཀྱང་རྗེའི་དྲུང་དུ་ཞལ་ཏ་ཞུ་ཞིང་ཐགས་ཆེས་པར་ཡོད་བས། འབྲི་གུང་པས་དབུས་ཕྱོགས་སུ་རྫོང་གཅིག་བརྩིགས་པས། ཕག་གྲུ་བས་དཔོན་དབང་སྭི་ཏུ་རྫོང་ནང་ན་ཡོད་ཟེར་ནས་ཡིད་མི་ཆེས་པ་སྭི་ཏུས་གསན་ནས། ངེད་ལ་ཡིད་མི་ཆེས་བྱེད་ཀྱིན་ཡོད་པ་འདུག་པས། བྱང་རྒྱབ་ལ་ཕྱིན་པ་དྲག་ལགས་སམ་གཞུང་ལ་ཕྱིན་པ་དྲག་ལགས་ཞུས་པས། གཞུང་ལ་བྱོན་པ་འཐད་གསུངས། རྫོང་གྲུབ་ཆེ་ཆུང་ཅི་འདྲ་གདའ་ཞུས་པས། ལྕགས་རི་གྱང་རིམ་བཞི་ཙམ་དང་། ནང་ན་བཅམ་ཡོད་རེ་ཕུབ་པ་ཞིག་འདུག་གསུངས། དམག་མང་ཚད་ཀྱིས་བསྐོར་འདུག་སྟེ། འཐབ་པ་མི་འདུག་གསུངས། དེ་ནས་ཞལ་ཏ་བཞིན་གཞུང་ལ་བྱོན་པས། རྫོང་ནང་ན་ཡོད་པའི་རྣམ་རྟོག་ཀྱང་སངས། རྫོང་གྲུབ་པ་སོགས་ཞལ་ཏ་བྱོན་པ་བཞིན་འདུག་པས། བླ་མ་སངས་རྒྱས་སུ་འདུག་སྙམ་ནས་ངེས་ཤེས་སྐྱེས་གསུངས། ཆོས་རྗེའི་གསུང་ནས། ད་འོ་ཅག་གླང་པོ་ཤོངས་སུ་འགྲོ་མི་དགོས་པ་འདུག་གསུངས། ཅི་ལགས་ཞུས་པས། མདང་བདེ་བ་ཅན་དུ་ཕྱིན་པས་སྒོ་གདོང་ན་མི་ནག་པོ་གཅིག་འདུག་པས། མི་གཞན་རྣམས་ནང་དུ་མི་གཏོང་བར་འདུག་སྟེ། ང་ནང་དུ་བཏང་ནས་ཕྱིན་པས། རིན་པོ་ཆེ་སྣ་ཚོགས་པའི་ཁྲི་ལ་མཁས་བཙུན་རིན་པོ་ཆེ་དང་། མཁན་ཆེན་ཀུན་དགའ་མགོན་པོ་གཉིས། རིན་པོ་ཆེ་དབང་གི་པྲོག་ཞུ་གསོལ་ནས་བདག་འཇུག་ཅིག་ལེན་གྱིན་འདུག་པས། དེར་ང་ལ་ཡང་སྡོད་གསུངས་ནས། དེའི་རྒྱུ་མཚན་དང་བླ་མའི་བྱིན་རླབས་དང་། དཀོན་མཆོག་ལ་གསོལ་བ་བཏབ་པའི་ཐུགས་རྗེ་དང༌། རང་གི་དགེ་སྦྱོར་གྱི་སྟོབས་ཀྱིས་གླང་པོ༌ཤོ་་་་ས་སུ་མི་འགྲོ་གསུངས། ཆོས་རྗེ་པའི་དྲུང་ནས་རྒོད་ཚང་ན་བཞུགས་དུས། རི་གོང་དབོན་པོ་ལ་སོགས་མི་ལྔ་ལ་སྒྱུ་ལུས་ཀྱི་དབང་བསྐུར་མཛད་དུས། ནམ་མཁའ་སྤྲིན་མེད༌དྭངས་པ་ལ་མེ་ཏོག་གི་ཆར་པ་བར་སྣང་ཁེངས་པ་བྱུང་ནས། ཆོས་རྗེའི་དྲུང་དུ་ཞུས་པས། ས་གནས་གཙང་ས་དང་། སློབ་མ་དང་། དད་གུས་ཆེ་ཞིང་དམ་ཚིག་གཙང་བའི་སྟོབས་ཀྱིས་མི་མ་ཡིན་དང་། མཁའ་འགྲོ་ཆོས་སྐྱོང་མང་པོ་འདུས་ནས་མཆོད་པ་འབུལ་བའི་རྟགས་སུ་གདའ་གསུང་། ཡང་ཅུང་ཞིག་སྐུ་ཁམས་བཟི་དུས། མཁའ་འགྲོ་མ་བདུན་གདན་འདྲེན་དུ་བྱུང་ནས་བདེ་བ་ཅན་དུ་གཤེགས་ཟེར། མཁའ་འགྲོ་མ་ཉེག་མོ་གོས་སྨུག་མོ་གྱོན་པ་གཅིག་གིས་ཡང་ཡང་གཤེགས་ཟེར་ནས་ནན་ཆེན་པོ་བྱེད་ཀྱིན་འདུག་སྟེ། ངས་མི་འགྲོ་བྱས་ཡོད། ཡང་དེ་དུས་བཙུན་པ་དར་ཞྭ་གྱོན་པ་གཅིག་གིས་རྟ་གྲོ་དཀར་ཞིག་ལ་དེར་གྱི་ལྷབ་ལྷུབ་མང་པོ་བཀལ་ནས་འདི་རྣམས་ལྷའི་ན་བཟའ་པན་ཙ་ལི་ཀ་བྱ་བ་ཡིན། འདི་རྣམས་གསོལ་ལ་རྒྱ་གར་ལྷོ་ཕྱོགས་སུ་གཤེགས་དང་། འདི་བས་དེ་ན་གདུལ་བྱ་ཆེ་བ་ཡོད་ཟེར་ནའང་མི་འགྲོ་བྱས་གསུངས། སློབ་དཔོན་ཀུན་དགའ་བ་གྲོགས་མཆེད་ཕྱག་ཆེན་ཞུ་བའི་དུས་སུ། རྗེའི་ཞལ་ནས། དགེ་སྦྱོར་སྐྱེས་མ་སྐྱེས་དང་། སྒོམ་བྱེད་མི་བྱེད་ང་རང་གིས་ལེགས་པར་ལྟ་ཡིན་ཡོད་གསུངས། དེ་དུས་ཁོང་གྲོགས་མཆེད་རྒྱུད་སྡེ་ལྔའི་དབང་ཞུ་ཡིན་ཡོད་པ་ལ། དཔོན་མོ་རིན་སྒྲོན་རྦབ་ཏུ་འདྲིལ་ནས་ན་ཟེར་ནས་གདན་འདྲེན་བྱུང་བས་མི་རུར་བྱོན་ནས་དབང་བསྐུར་མཛད་པས་སྐྱེད་བྱུང་། ཡར་ཕེབས་དུས་ནད་པ་ཇི་འདྲ་གདའ་ཞུས་པས། ངེད་ཀྱིས་མི་རུར་སླེབས་པའི་ནུབ་མོ་བཙུན་པ་རྒྱ་འོ་ཐང་ཐེབ་གྱོན་པ་གཅིག་གིས་ང་ལ་ཕྱམ་ཙེ་ངུར་ཁ་གཅིག་ཕྱག་རྟེན་བྱེད་ཀྱིན་འདུག་དེ་བླངས་ན་མོ་འཆི་བར་འདུག་པས། དེ་མ་བླངས་པས་མོ་ལ་སྐྱེད་བྱུང་ཡོད་གསུངས། རྗེའི་ཞལ་ནས། འཆི་མེད་སྒོམ་དུས་གཟུགས་པོ་བསྲང་ནས་སྒོམ་དགོས་པ་ཡིན། དེས་རྩ་རླུང་ཐད་ཀར་ཡོང་བ་ཡིན་ཅིང་། ཡི་དམ་ལྷ་མཐོང་ཞིང་འོད་གསལ་ཡང་འཆར་གསུངས། ཡང་དུས་འགའ་ཞིག་ཙ་ན། ཤངས་པ་འདི་ལ་ཉམས་གཅིག་དམའ་རུ་འགྲོ་བ་འདུག་གསུངས། སྟག་ལོའི་བཙས་ཆོད་པ་དང༌། རྩེ་གདོང་ནས་གདན་འདྲེན་བྱུང་དུས་བློ་གྲོས་དཔལ་བཟང་གིས་ངེད་ཞོང་ཞོང་ཐུག་སྐྱོལ་གསུངས་ནས། སྡོང་ཀར་སླེབས་པ་དང་། ད་ལོ་ཅིས་ཀྱང་དམག་ཅིག་འོང་བར་འདུག་པས། གཡུལ་གཙང་མ་ཐམས་ཅད་བསྡུས། སྲན་མ་ལས་ཀྱང་བྱ་རྒྱུ་མེད་གསུང་པས། གཡུལ་ཕྱེད་ཐོན་ལ་ཞལ་ཏ་ཇི་ལྟར་གནང་བ་བཞིན་བྱུང་། དབུས་ཀྱི་རྟིང་དམག་ཉང་སྟོད་ལ་ཐེགས་དུས། ཕྱེད་ཤངས་ལ་འཇུག་པ་འདུག་ཟེར་བ་ལ། རྗེའི་ཞལ་ནས། ཤངས་ལ་མི་འཇུག་པར་འདུག སྟག་གྲུར་འཐེན་སོང་། རགས་པོ་མིན་པའི་ཉལ་ལེ་བ་མང་པོ་འདུག་གསུངས། དེ་ནས་ཟླ་ཕྱེད་སོང་བ་དང་། དམག་གྱེས་ཡོང་གིན་ཡོད་པར་འདུག །མདང་རྟ་པ་གོས་གསེར་ཆུ་མ་གྱོན་པ་གསུམ་བྱུང་ནས། ད་ལེགས་ཡོད་དམག་གིས་སོང་ཟེར་གསུངས། དགའ་ལྡན་རྩིག་དུས་སློབ་དཔོན་བློ་གྲོས་མགོན་པས་ད་ཇ་སྣ་ཡང་ཟད་འདུག །མཁར་ལས་འདི་ཞག་འགའ་འཐེན་ན་ཞུས་པས། ཇ་སྣ་མི་ཆད་མཆི། ཁྱེད་རང་རྣམས་ཆང་དང་རྔོད་འཐག་གི་དོ་དམ་གྱིས་གསུངས་པའི་གནངས་ཉིན་ལྷ་ཕུ་ནས་མར་ཐུད་ལ་སོགས་འབུལ་སྐྱེལ་མང་དུ་བྱུང་། མཁར་ལས་ཚར་དུས་བློ་གྲོས་མགོན་དང་ངས་མཁར་ལས་བྱས་པ་ལ་འཐབ་ཀྱིན་འདུག་སྟེ། འདིས་སྤྱིར་ལུབ་པ་དང་དགོན་པ་ལ་ཕན་ཅིང་། ནང་རྟེན་ཕྱི་རྟེན་འདི་པའི་བཞུགས་ས་དང་། ང་རང་འདས་དུས་དགོན་པ་ས་ཡུལ་དོག་པས་གསོལ་འདེབས་དང་སྒྲུབ་མཆོད་མི་འདུ་འཚོགས་ཚང་ཚང་ལག་བདེ་བ་རྣམས་ཤོང་ཞིང་། ཆུ་ཐག་ཉེ་ལ་གཉེན་པ་བཅའ་བཀོད་བདེ་བ་གྲུབ་པས་ལེགས་པ་ཡིན། ཁང་པའི་བྱེད་ཟླ་བ་གཅིག་ཆོད་ནའང་ཆོད་པ་ཡིན་ཀྱང་ལོ་གསུམ་ལྷག་ཙམ་ཆོད་པ་གདའ། དེ་ནས་བློ་གྲོས་དཔལ་བཟང་གིས་ཀྱང་བྱེད་འདྲ་ཆོད་མཆི་གསུངས། བདག་པོ་དབང་པ་དགའ་ལྡན་དུ་བྱོན་དུས། བདག་པོ་པའི་ཞལ་ནས། དྲུང་པ་སྐུ་བགྲེས་པ་དང༌ས་ཐག་འགྱངས་པ། ངེད་ལ་ཡང་ཕན་པ་དཀའ་བ་གདའ་བས་ཆོས་རྗེ་འབའ་ར་བ་གདན་དྲངས་ནས་དབང་དང་ཆོས་སྐོར་འདྲ་ཞུ་ལགས་གསུང་གིན་འདུག་པ་ལ། བདག་པོ་བ་ཐེགས་ནས། ཆོས་རྗེའི་ཞལ་ནས། ཁོང་པ་ཆོས་རྗེ་འབའ་ར་བ་གདན་དྲངས་ནས་ཆོས་ཞུ་གསུང་གིན་འདུག་སྟེ། ཁོང་ལ་འབའ་ར་བས་ཕན་མ་ཐོགས་པར་འདུག་གསུངས། དེ་ཅི་ལགས་ཞུས་པས། འབའ་ར་བ་ལྷོར་བྱོན་ནས་ཚུར་མི་འབྱོན་པར་འདུག་གསུངས། ཞུག་པའི་སློབ་དཔོན་བསོད་རིན་མཇལ་དུ་བྱུང་ནས། བདག་ལ་དམྱལ་བ་དང་། ཡི་དྭགས་དང་། ངན་སོང་གི་སྡུག་བསྔལ་མང་ཆད་ཡོང་གིན་གདའ། དེ་ཅི་ལགས་ཞུས་པས། རྗེའི་ཞལ་ནས། རྣམ་རྟོག་མ་ཟད་ཀྱི་བར་དུ་རྒྱུ་འབྲས་མི་བསླུ་བར་ཡོད་པས།་ ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བར་འདུག་སྟེ། ཐུགས་དམ་བཟང་པོ་ཡོད་པའི་སྟོབས་ཀྱིས་རིགས་དྲུག་གི་གནས་སྦྱོངས་ཤར་བ་ཡིན་གསུངས། ཡང་ཆོས་རྗེའི་དྲུང་དུ་བླ་མ་བྱ་བྲལ་བས་རྟ་གཅིག་ཕུལ་ནས། དགེ་སློང་བྲུབ་རྒྱལ་ལ་རྟ་འདི་ཁར་གསོས་གསུང་བ་ལ། དྲུང་པའི་ཞབས་ཏོག་དང་རྟ་གསོ་བ་གཉིས་ཀ་མི་འགྲུབ་པར་འདུག་སྙམ་ནས་མགྲོན་ཁང་དུ་བསྐྱལ་ནས་ཞག་གསུམ་སོང་བ་དང་། རྟ་ལ་ཆག་བྱིན། ང་དགོན་པར་ཡང༌ཡང་འགྲོ་གསུང་བ་དང་། དགེ་སློང་གིས་དྲུང་པའི་ཞབས་ཏོག་དང་རྟ་གསོ་བ་མི་ལྕོགས་པར་འདུག་པས། མགྲོན་ཁང་དུ་བསྐྱལ་ལགས་ཞུས་པས། སྤྲང་པོ་ཁྱེད་ཚོས་ང་ལ་རྫུན་་བྱས་ཏེ་ཉ་འདི་ན་མེད་ནས་ཞག་གསུམ་སོང་། ཁྱེད་ཆོས་ཅི་བྱས་ཐམསཅད་ངས་ཤེས་གསུངས། ཡང་ཞ་ལུ་བའི་སློབ་དཔོན་ཡེ་ཤེས་རྒྱལ་མཚན་པ་དཔོན་སློབ་གསུམ་དགའ་ལྡན་ལྕོགས་ཆུང་ན་ཁྲིད་ཞུ་དུས། ཆོས་རྗེའི་ཀསུང་ནས། ཉེ་གནས་ལ་སློབ་དཔོན་ཡེ་རྒྱལ་བ་གསུམ་ལ་ནས་ཟོ་བ་གསུམ་སྐྱོལ་ཤོག །ཁོང་རྣམས་ལ་ལྟོ་ཕྱེ་མི་འདུག་གསུངས། ཁ་སང་ནས་ལྟོ་ཕྱེ་མེད་པའི་སྐད་མི་གདའ་ཞུས་པས། ཁྱོད་རང་ད་ལྟ་ལྟ་རུ་རྒྱུག་དང་། །ཁོང་གསུམ་པོ་ཕོར་པ་རེའི་ནང་ན་ནས་བཙོས་པ་འབྲུ་འགའ་རེ་བླུགས་ནས་དེ་ཁྱེམ་བུའི་ཁས་བླང་ནས་གཅིག་མིག་གཅིག་ལ་ཅེར་ཅེར་ལྟ་ཡིན་ཟ་ཡིན་འདུག་གསུངས་ནས་ཉེ་གནས་ཀྱིས་དེ་འདྲོག་ལ་སྐྱེལ་དུ་ཕྱིན་པས། ཞལ་ཏ་ཇི་ལྟར་གནང་བ་བཞིན་གདའ། ཡང་ལོག་ཡོང་དུས་མི་བདེན་བར་འདུག་གམ་གསུངས། དེ་ལ་སོགས་པའི་ཐུགས་ཤེས་མང་དུ་བཟུང་ཡང་བྲི་བར་མ་ནུས་སོ།
།ཡང་ཆོས་རྗེའི་དྲུང་དུ་ཕུད་ཅིག་ཞུས་དུས། ང་ལ་གོ་ལག་དང་ཁང་པས་སྒྲིབ་མ་སྒྲིབ་ཆེར་མེད། ད་རྨི་ལམ་གྱི་སྟོབས་འདི་ཆུང་དུ་སོང་། འོད་གསལ་གྱི་སྟོབས་འདི་ཆེ་རུ་སོང་འདུག་གསུངས། དེ་ཅི་ལགས་ཞུས་པས། ཞལ་འཛུམ་མཛད་ནས་སངས་རྒྱས་པའི་རྟགས་སུ་གདའ་གསུངས། རྟ་ལོའི་སྟོན་སློབ་དཔོན་ཀུན་དགའ་བ་གྲོགས་མཆེད་གཉིས་ལ་ནས་གཉེར་ཞིག་ཡོད་པ་ད་ལོ་ནས་ཚང་མར་བསྡུས་ལ་མི་ལ་མ་བཏང་། སང་སོས་ཁ་མེ་ཏོག་དབྱར་མོ་ཐང་ཁྲ་དིང་པའི་དུས་སུ་དགོས་པ་ཞིག་བྱུང་དོགས་གདའ། དེ་ཙ་ན་ཅི་ཡོད་དུས་གཅིག་ལ་སྤྲུགས་མི་དགོས། འཐབ་རྩོད་མ་བྱེད་པར་ཆང་མང་དུ་ཚོས་ལ་ཇ་སྣ་མེད་ཀྱང་ནས་འགམ་བྱེད་ཀྱིན་གསོལ་འདེབས་གྱིས། ཁྱད་པར་དུ་མཁས་བཙུན་རིན་པོ་ཆེའི་མཆོད་དང་དུས་མཆོད་འདི་མ་ཆག་པར་གྱིས། ངའི་ཟླ་མཆོད་དུས་མཆོད་འདི་མི་ཆག་པར་འདུག་ང་ལ་ནང་རྟེན་ཕྱི་རྟེན་བཞེངས་མི་དགོས། གལ་ཏེ་བཞེངས་ན་ཐོ་གང་མ་གཅིག་བཞེངས། དེ་བས་ཆེས་ཀྱང་དུས་ཚད་དང་བསྟུན་པས་ཞབས་ཏོག་དཀའ་བས། ང་ཡང་བུན་ཁུངས་དང་སྦྱོང་དུ་ནང་རྟེན་དང་ཕྱི་རྟེན་ཆེས་པས་བཅུག་པ་ཡིན། ངའི་རྟེན་དེ་དང་གོང་མ་རྣམས་ཀྱི་ཕྱི་རྟེན་ནང་རྟེན་གྱི་ཞབས་ཏོག་དགེ་སློང་གྲུབ་རྒྱལ་གྱིས་གྱིས། དགེ་སློང་གི་དགོས་ཆ་བློ་གྲོས་དཔལ་བཟང་གིས་སྤྲོད་གསུངས། ཡང་ལུག་ལོ་ཟླ་བ་བཞི་པའི་ཚེས་བཅུ་བཞིའི་ཉིན་ཕུད་ཅིག་ཞུར་ཕྱིན་པའི་དུས་སུ། དི་རིང་ཁྱོད་བྱུང་བ་དེ་བཟང་། ང་ཡང་ཡུན་རིངས་མི་སྡོད་པར་ཅི་མྱུར་དུ་འགྲོ་བར་འདུག །མདང་མཁས་བཙུན་རིན་པོ་ཆེ་དང་། མཁན་ཆེན་ཀུན་དགའ་མགོན་དང་། རིན་པོ་ཆེ་བློ་བཟང་པ་དང་གསུམ་བྱོན་བྱུང༌། ཁོང་རྣམ་པའི་ཞལ་ནས། ངེད་རྣམས་ནུབ་བདེ་བ་ཅན་ན་ཡོད། དེ་ན་མེ་ཏོག་ཕུབ་ཙམ་ཡོད། མ་བཏབ་པའི་ལོ་ཏོག་ཡོད། འདོད་འཇོའི་བ་ཡོད། གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་བཀོད་པ་བསམ་གྱིས་མི་ཁྱབ་པ་ཡོད། ཁྱོད་ཀྱང་བ་ཟུགས་པོ་ངན་པས་ཉོན་པོ་ལས་མི་འདུག་པས་ནུབ་བདེ་བ་ཅན་དུ་འདོང་གསུངས། ངས་ཀྱང་ཁས་བླངས་ཡོད། ང་ཡང་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། གསོལ་བ་དྲག་པོ་བཏབ་པས་བདེ་མཆོག་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་མང་པོ་བྱོན་བྱུང༌། གཟུགས་པོ་ངན་ཡང་དགེ་སྦྱོར་ཤིན་ཏུ་འཕེལ་གསུངས། ཁྱོད་ཀྱང་སང་ཅིས་ཀྱང་ཤོག་དང་གསུངས། སང་བྲེལ་བ་ཞིག་བདོག །གནངས་སྔ་མོར་འོང༌བར་ཞུ་ཞུས་ནས་གནངས་སྔ་མོར་འགྲོ་བའི་གྲབས་བྱས་དུས། མདང་དྲུང་པ་སྐུ་ཁམས་བཟི་བ་ཞིག་བྱུང་། མྱུར་པོ་འབྱོན་པ་ཞུ་ཟེར་ནས་ཉི་མ་ཤརཙམ་ལ་ཕྱིན་པས། ཆུ་མིག་འོག་མར་སླེབས་དུས། ཨ་ནེ་སྲས་བཙུན་ན་རེ། ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁེངས་གདའ། ཅི་ཡིན་ནམ་ཟེར། ནམ་མཁའ་ལ་བལྟས་པས་འཇའ་ཚོན་ཨ་ལོང་རིས་གཅིག་ལ་གཅིག་བརྒྱུད་པ་བཞིན་བར་སྣང་ཐམས་ཅད་ཁེངས་པ་ཐམས་ཅད་ཀྱིས་མཐོང་། དགའ་ལྡན་༼དུ་༽སླེབས་དུས། གུར་ཕྱོགས་པའི་སློབ་དཔོན་ཀུན་དགའ་མགོན་ཡང་ཆོས་རྗེའི་དྲུང་དུ་མཇལ་དུ་འགྲོ་དགོས་སྙམ་པ་ཡང་ཡང་བྱུང་ནའང་ཞག་འགའ་ཟུང་མ་ཐོན་པར། ནུབ་ཅེག་རྨི་ལམ་དུ་བུད་མེད་དཀར་མོ་གཅིག་དང་སྨུག་མོ་གཅིག་གཉིས་ཁྲོས་སེ་བྱས་ནས། དམར་མོ་དེ་ན་རེ། ཁྱོད་འཇག་ཏུ་འགྲོ་ན་སང་ཀ་རྒྱུག །དེ་ནས་བླ་མ་མེ་བཞུགས་པར་ཡོད་ཟེར་ནས་ཡོང་པ་ཡིན་ཟེར་ནས་ཁོང་ཡང་སླེབས་འདུག་དེ་ནས་སྐུ་མདུན་དུ་སླེབས་དུས། ཆོས་རྗེའི་གསུང་ནས། ང་མྱུར་པོར་འགྲོ་བར་འདུག །རྗོད་འཐག་དང་ཆང་ཚོང་འདྲ་བྱས་པ་དྲག་ཡོང་གསྲུང་བ་ལ། ལྟ་རྗེ་གཅིག་འབོད་དུ་བཏང་བདོག །སང་སྐུ་རིམས་ཤིག་བསྒྲུབས་པ་དྲག་ལགས་སམ་ཞུས༌པས། ཁྱོད་རང་ལྷ་རྗེ་བོས། རིམ་གྲོ་བྱས་ཀྱང་གནངས་གཤེགས་པར་གདའ་ཡིས། ལྷ་རྗེ་འབོད་པ་དང་རིམ་གྲོ་མ་བྱས་ན་ཁྱོད་ལ་མིས་སྨོད་བརྗོད་བྱུང་གིས་དོགས་པ་ཡིན་ཡོང་གསུངས། དགེ་སློང་ཐུབ་རྒྱལ་བས། དྲུང་པ་སྐུ་ཁམས་ལྟེམ་པ་འདི་ལ་གདན་འདྲེན་བྱུང་ལགས་སམ་ཞུས་པས། མདང་བཙུན་པ་དར་ཞྭ་གོན་པ་གསུམ་བྱུང་ནས་ནུབ་བདེ་བ་ཅན་དུ་གཤེགས་ཟེར་ནས་མི་སྣང་བར་ཐལ། ད་བདེ་བ་ཅན་དུ་ངེས་པར་འགྲོ་བར་འདུག་གོ་གསུངས། དེ་ནས་སང་ཚ་བ་སྤོང་ཐག་དང་བཅས་པ་རྣམས་འཛོམས། གཏོར་སྒྲུབ་གསོལ་འདེབས་ལ་སོགས་པའི་སྐུ་རིམ་མང་དུ་བསྒྲུབས་ནས་ད་ལྟ་སྙུང་ཟུག་ཇི་འདྲ་གདའ་ཞུས་པས། གྲེ་བ་ཙི་ཙི་ངར་ངར་ཁགས་ཁགས་པ་འདི་ཅུང་ཉེན་པར་འདུག །གཞན་ཟུག་མེད། ཀ་ཏ་སོགས་དགོས་པ་རྣམས་ནི་སྔར་དུ་བྱས་ཡོད་གསུངས་ནས། ས་མོ་ལུག་གི་ལོ་ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ཀྱི་སྲོད་ཆིལ་བ་ལ་ཆོས་ཀྱི་དབྱིངས་སུ་སྐུ་གཤེགས་པའི་ཚུལ་བསྟན་ནོ།
།དེ་དུས་སྤོས་དྲི་ཞིམ་པོ་ལ་སོགས་པའི་ངོ་མཚར་བའི་ལྟས་བཟང་པོ་མང་དུ་བྱུང་བ་དེ། མཁའ་འགྲོ་མའི་བསུ་བ་ཡོད་པའི་རྟགས་སུ་གདའ། ཆོས་རྗེའི་ཞལ་ནས། མཁས་བཙུན་རིན་པོ་ཆེ་པ་བདེ་བར་གཤེགས་དུས་ཀྱང་ཆོས་ཞག་བདུན་ལས་མ་ཆག །དེ་ཙམ་ཞིག་ང་ཡང་བྱེད་པ་ཡིན། ཡང་ཡང་གསུངས་ནའང་ཞག་གསུམ་ལས་མ་ཆག་གོ། སྐུ་བདེ་བར་གཤེགས་པའི་ཉིན་བར། མགོན་པོ་སྐྱབས་ཟེར་བའི་ཕྱུགས་རྫི། ལོ་བཅུ་གསུམ་ལོན་པ་གཅིག་གིས་དགའ་ལྡན་གྱི་ནུབ་རི་ལ་ཕྱུགས་འཚོ་རུ་ཕྱིན་པས། ཁོའི་སྣང་བ་ལ་དགའ་ལྡན་གྱི་རི་གཟིམས་ཁང་དང་བཅས་ཇེ་མཐོ་ཇེ་མཐོ་ལ་ནམ་མཁའ་ལ་སླེབས་པ་ཙམ་དུ་སོང་། དེ་ལ་ནུབ་ཕྱོགས་ནས་འཇའ་ཚོན་དང་ཐག་་་་་་་་་་་་འདྲ་བ་གཉིས་ཀྱི་བར་དར་ཡུག་དཀར་པོ་གཅིག་གི་སྟེང་ན་ཕང། ཆོས་རྗེ་རིན་པོ་ཆེ་པ་སེང་གེ་དཀར་མོ་གཅིག་ལ་ཆིབས་ནས་འཁོར་བུད་མེད་རྒྱན་མང་པོ་དང་གོས་རྣམ་པ་སྣ་ཚོགས་གྱོན་པ་དཔག་ཏུ་མེད་པས་བསྐོར་ནས་ནུབ་ཕྱོགས་ལ་འབྱོན་ཀྱིན་འདུག་པ་དང་། ཁོ་རང་ཡང་དར་ཅིག་བརྒྱལ་འདུག །ཡང་དེའི་ཉིན་བར་ཉི་མ་སྔ་ཕྱེད་ཙམ་ལ་ཁོང་ལམ་དཔོན་དགེའི་སྲས་པོ་ལོ་གཉིས་ལོན་པ་གཅིག་དང་། དེའི་མ་དང་། གཞན་ཡང་བུད་མེད་འགའ་ཞིག་དང་བཅས་པ་ཐོག་ཁ་ན་ཉི་མ་སྲོ་ཡིན་ཡོད་པ་ལ། བུ་ཆུང་ས་ལ་ཡོད་པ་ཧད་ཀྱིས་ལངས་ནས་བག་མ་གཡུ་བླང་ཟེར་གྱིན་སྡེར་མོ་གདེངས་ནས་ནམ་མཁའ་ལ་མིག་བལྟ་ཡིན་འདུག །དེའི་རྩ་ན་ཡོད་པ་རྣམས་ཀྱིས་བག་མ་ག་ན་འདུག་བྱས་པས། ཤར་ཕྱོགས་ལ་མཛུབ་མོ་བཙུགས་ནས་ཡ་གི་ན་ཟེར་ནས་བལྟས་པས། ཤར་ནུབ་ཀྱི་བར་ལ་འཇའ་ཚོན་ཁྲའོ་ཞིག་གིས་ལྟེམས་ཀྱིས་སོང་འདུག །ཨ་མ་ངེད་རང་གི་ཐད་ཀ་འདི་ན་ཕར་རང་རེའི་བླ་མ་གཞོན་པ་མིན་པའི་རྒན་པོ་མིག་འདི་ཙུག་བྱས་བཀབ་པ་དེ་མཛོ་པོ་ཀར་ཡུ་བ་གཅིག་ལ་ཞོན་ནས་བག་མ་གཡུ་ལ་ཅི་ཡང་གཏགས་པ་མང་པོས་བསྐོར་ནས། རང་རེའི་ཐད་ཀའི་ནུབ་ཕྱོགས་ལ་འགྲོ་ཡིན་འདུག །ཨ་མས་གཡུ་གཅིག་བླང་གྱིས་དང་ཟེར་བ་ཡང་བྱུང་འདུག་ཅིང་། ཡང་གསོལ་འདེབས་ཀྱི་དུས་སུ། མཁན་ཆེན་དོན་ཡོད་པའི་གཟིགས་སྣང་ལ། ཆོས་རྗེ་རིན་པོ་ཆེ་དགའ་ལྡན་གྱི་ནུབ་ཕྱོགས་ནས་གར་བྱེད་ཀྱིན་བྱོན་ནས་པུར་ཁང་ལ་ཐིམ་པ་སོགས་ཕྱོགས་གཅིག་ཏུ་མཐུན་པར་སྣང་བས། མཚན་ཐོས་པས་དོན་དང་ལྡན་པའི་ཆོས་རྗེ་རིན་པོ་ཆེ་དེ་ཉིད་ནུབ་བདེ་བ་ཅན་ན་ངེས་པར་བཞུགས་པས་བུ་སློབ་རྣམས་ཀྱིས་དེར་གསོལ་བ་འདེབས་པར་ཞུ། ཡང་པུར་བཞུ་བའི་དུས་སུ་ཡང་འཇའ་འོད་དང་། སྒྲ་དང་མེ་ཏོག་གི་ཆར་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ཞིང་། སྐུ་གདུང་ལའང་ལྷ་སྐུ་རིང་བསྲེལ་དཔག་ཏུ་མེད་པ་བྱོན། ཁྱད་པར་དུ་གསོལ་འདེབས་བཞི་བཅུ་ཞེ་དགུ་ཐོན་པའི་ཉིན་བར་མེ་ཏོག་གི་ཆར་པས་ནམ་མཁའ་ཁེངས་པ་བྱུང་ཞིང་། ལག་ཏུ་བཟུང་བ་འགའ་རེ་དིང་སང་ཡང་མ་ཡལ་བར་གདའ། ནང་རྟེན་ཕྱི་རྟེན་ལུགས་གཙང་བས་བྲད་ཕྱིས་ལ་སོགས་པ་མི་དགོས་པའི་རང་བྱོན་ལྟ་བུར་བྱོན་ནས་ལྷ་མི་ཐམས་ཅད་ཀྱིས་མཆོད་པའི་རྟེན་དུ་གྱུར་ཏོ།
།དེ་ལ་སོགས་པའི་རྣམ་ཐར་རྒྱས་པར་མཐའ་ཡས་པ་རྣམས་བརྗོད་པར་མ་ནུས་ཤིང༌། མདོར་བསྡུས་པ་འདི་ནི་ཆོས་རྗེ་པའི་དྲུང་དུ་དད་པ་བརྟན་ཞིང་མོས་གུས་ཆེན་པོ་ཉེ་བར་ཐོབ་པའི་བུ་སློབ་རྣམས་ཀྱིས་ཡང་ཡང་སྐུལ་བའི་ངོར། སྐུ་མདུན་དུ་ཉེ་བར་སྡོད་པ་རྣམས་ཀྱིས་རྣ་བར་གསུངས་པ་རྣམས་དང་། བདག་རང་གིས་ཐོས་པ་རྣམས་ཕྱོགས་གཅིག་ཏུ་བློ་གྲོས་དཔལ་བཟང་གིས་དབེན་གནས་[[འཇག་གི་རི་ཁྲོད་]]དུ་བསྒྲིགས་པའོ།

།དེ་ལྟར་ན་མཚན་ཐོས་པ་དོན་དང་ལྡན་པའི་དཔལ་ལྡན་བླ་མ་རིན་པོ་ཆེ་འདི་ནི་བསྟན་པ་དང་སེམས་ཅན་རྣམས་ཀྱི་དཔལ་དུ་བཞུགས་པར་བདག་གིས་སྨོས་མི་འཚལ་བར་ཐམས་ཅད་ཀྱི་ཐུགས་ལ་གསལ་བ་དེ་ལགས་མོད།
།བླ་མའི་རྣམ་ཐར་ཉི་མའི་དཀྱིལ་འཁོར་ལ། །རང་བློ་སྐར་ཕྲན་ལྟ་བུས་འཇལ་བྱེད་པའི། །སྐྱེས་བུ་ཕྲག་དོག་ཅན་དང་ལོག་ལྟ་མཁན། །དེ་དག་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ།
༼W4CZ58783 p526: འདི་བྲིས་དགེ་བས་བདག་སོགས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །ཆོས་རྗེའི་བུ་སླབ་མང་པོས་བསྐུལ་ཞིང་། །ཟབ་ཡངས་བདུད་རྩིས་རྟག་ཏུ་སྐྱོང་གྱུར་ཅིག
།ཆོས་རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་འདི་ནི། ཆོས་རྗེའི་བུ་སློབ་མང་པོས་བསྐུལ་ཞིང་། ཁྱད་པར་དུ་དེ་ཉིད་ལ་གུས་པ་ཆེན་པོས་ཉེ་བར་གནས་པ། [[དགེ་སློང་དཔལ་ལྡན་དོན་གྲུབ་]]ཀྱིས་འཕྲལ་དུ་བསྐུལ་བའི་ངོ་ནས། དེ་ཉིད་དང་[[དགེ་བཤེས་ཚུལ་བཟང་]]གཉིས་ཀྱིས་མཐུན་པའི་གྲོགས་བྱས་ཏེ། ཆོས་རྗེའི་བཀའ་དྲིན་ཆེན་པོས་སྐྱངས་པ་བློ་གྲོས་ཐོགས་པ་མེད་པའི་དཔལ་བཟང་པོས་སྦྱར་བའོ། །ཡི་གེ་པ་ནི་ཀུན་དགའ་རིན་ཆེན་ཉིད་དོ། །ས་སྟེངས་སུ་ཉི་ཟླ་ལྟར་རྒྱལ་བར་གྱུར་ཅིག །མཛད་པའི་ཐ་མ་ཞིང་ཁམས་བདེ་བ་ཅན་དུ་གཤེགས་གསུང་། དངོས་པོ་གང་ཡོད་རྣམས་ང་ལ་དགོས་པ་མིན་ཏེ། བླ་མའི་གསུང་ནས་རང་རང་གི་དངོས་པོ་གང་ཡོད་དེ། ཁང་རུལ་ཞིག་པ་བཞིན་དུ། ་་་་ལ་བུནེ་གཏོང་དགོས་པ་ཡིན་གསུང་་་་་་་ཡོད་པས། ཇ་ན་མི་འདུག་ན་ཁྱེད་རང་རྣམས་ཆང་གིས་རྦད་ཁམ་བྱེད་ཀྱིན་གསོལ་བ་ཐོབ་གསུང་ངོ་། །དགེའོ།།༽

།བླ་མའི་རྣམ་ཐར་བརྗོད་པའི་དགེ་བ་འདིས། །བདག་སོགས་བུ་སློབ་མོས་གུས་ཐམས་ཅད་ཀུན། །ཆོས་རྗེའི་ཞབས་དྲུང་ངེས་པར་སྐྱེས་གྱུར་ནས། །མཆོད་པ་ཀུན་གྱིས་བླ་མ་མཉེས་གྱུར་ཅིག །རྡོ་རྗེ་འཆང་དངོས་དྲིན་ཆེན་ཆོས་ཀྱི་རྗེ། །བྱམས་པའི་ཐུགས་མངའ་འགྲོ་མགོན་ཆོས་ཀྱི་རྗེ། །མཐོང་ཐོས་དྲན་པའི་དཔལ་གྱུར་ཆོས་རྗེ་ཡི། །ཞབས་པད་དྲི་མེད་རྟག་ཏུ་བསྟེན་བྱེད་ཅིང་། །ཟབ་ཅིང་རྒྱུ་ཆེའི་ཆོས་ཚུལ་རབ་བསྟན་ནས། །རྒྱུན་ཆད་མེད་པའི་ཉམས་ལེན་དྲག་པོ་ཡིས། །ཉམས་རྟོགས་མཐར་ཕྱིན་རང་གཞན་ཤེས་རྒྱུད་གྲོལ། །དོན་གཉིས་མཐར་ཕྱིན་སངས་རྒྱུས་མྱུར་ཐོབ་ཤོག །དགེའོ།།

Revision as of 17:10, 23 January 2020

Resource ID JP1
Title chos rje byams pa dpal gyi rnam thar
Alt. title 'jag chen chos kyi rgyal po byams pa dpal gyi rnam par thar pa nyi ma'i dkyil 'khor
'jag chung ba'i bla ma byams pa dpal gyi rnam thar
Topics Biography
Associated Person Jampa Pel
Link BDRC W20441
BDRC W4CZ58783 (p. 495)
BDRC W8LS37032 (p. 295)

༄༅། །འཇག་ཆེན་ཆོས་ཀྱི་རྒྱལ་པོ་བྱམས་པ་དཔལ་གྱི་རྣམ་པར་ཐར་པ་ཉི་མའི་དཀྱིལ་འཁོར་བཞུགས་སོ།།

།ན་མོ་གུ་རུ་མཻ་ཏྲི་ཤྲཱི་ཡ།
ཆོས་རྗེ་རིན་པོ་ཆེ་བྱམས་པ་དཔལ་བའི་རྣམ་པར་ཐར་པ་བརྗོད་པའི་གཏམ། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ།
རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།
།ཚོགས་གཉིས་ཤར་གྱི་ས་འཛིན་ལས་འོངས་ཤིང་། །བྱམས་བརྩེའི་དཔལ་༼ཡོན་༽ཡོངས་སུ་རྒྱས་པའི་རྗེ། །འཕྲིན་ལས་དཔལ་གྱི་འོད་ཟེར་འཕྲོ་བ་པོ། །མཚུངས་མེད་ནམ་མཁའི་ནོར་བུའི་ཞབས་ལ་འདུད། །རྣམ་དག་ཆོས་སྐུའི་ནམ་མཁའ་ཡངས་པ་ལ། །བདེ་ཆེན་ལོངས་སྐུའི་འོད་ཟེར་རབ་འཕྲོས་ནས། །ཚད་མེད་སྤྲུལ་སྐུ་འགྲོ་བའི་དོན་མཛད་པའི། །ཆོས་རྗེ་ཉིན་མོར་བྱེད་པ་གཙུག་གིས་མཆོད། །གང་ལ་ཁྱེད་སྐུའི་ཞལ་རས་རབ་བསྟན་ནས། ཡན་ལག་དྲུག་ཅུ་གསུང་བའི་དམ་ཆོས་དང་། །ཐུགས་རྗེའི་འོད་ཀྱིས་བདག་སོགས་སྨིན་མཛད་པའི། །བླ་མ་པདྨའི་གཉེན་མཆོག་རྒྱལ་གྱུར་ཅིག
།དེ་ཡི་རྣམ་ཐར་རྒྱ་མཚོ་ལས། །བདག་གི་རྣ་བར་གང་ལྷུང་བ། །རང་གཞན་དད་པ་གསོ་བའི་ཕྱིར། །ཅུང་ཟད་ཙམ་ཞིག་བརྗོད་པར་བྱ།
།འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རྒྱལ་སྲས་བྱང་སེམས་ཐམས་ཅད་ཀྱི་གཙོ་བོ། ཉན་ཐོས་རང་རྒྱལ་རྣམས་ཀྱི་འདྲེན་པ། གདུལ་བྱ་ལྷ་མི་རྣམས་ཀྱི་གཙུག་རྒྱན། སྲིད་གསུམ་མཚོ་ལས་སྒྲོལ་བའི་དེད་དཔོན། ངན་སོང་གནས་ནས་འདྲེན་པའི་ལྕགས་ཀྱུ། མ་རིག་མུན་པ་སེལ་བའི་སྒྲོན་མེ། ཐར་པའི་ཁང་བཟང་བགྲོད་པའི་ཐེམ་སྐས། ཆོས་ཀྱི་རྗེ་མཚུངས་པ་མེད་པའི་མཁྱེན་རབ་དང་། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚད་མེད་པ་མངའ་བ་ལ་བརྟེན་ནས། གདུལ་བྱ་རྣམས་ཀྱི་དཔལ་དང་། མགོན་དང་དཔུང་གཉེན་བླ་ན་མ་མཆིས་པར་གྱུར་པ་འདིའི་རྣམ་པར་ཐར་པ། བསམ་གྱིས་མི་ཁྱབ་པ། བརྗོད་པས་མི་ནུས་ནའང་། ཅུང་ཟད་བརྗོད་ན།
ཆོས་རྗེ་ཡི་ཞལ་ནས། ང་སྐྱེ་བ་སྔ་མ་ལ། རྒྱ་གར་ལྷོ་ཕྱོགས་སུ་གྲོང་ཁྱེར་སུམ་ཅུ་རྩ་ལྔའི་མཐའ་འཇག་སྤྱིལ་མང་པོས་བསྐོར་བའི་དབུས་ན། ས་ཕག་ལ་རྩིག་པ་བྱས་པའི་གཞལ་ཡས་ཁང་ལྟ་བུ་གློ་འབུར་བཞི་དང་བཅས་པ་ཡོད་པའི། ཕ་བྲམ་ཟེ་ཆོས་གྲུབ། མ་ལྷ་མོ་འོད་མཛེས་མ། དེ་གཉིས་ལ་བུ་སྤུན་གསུམ་ཡོད་པའི་འབྲིང་པོ་ཆོས་ཀྱི་རིན་ཆེན་ཞེས་བྱ་བའི་བཙུན་པར་གྱུར་ནས། ཕ་བློ་འབུར་ཤར་དང༌། ང་བྱང་ན་གནས་ཤིང་། བྱམས་པ་དང་སྙིང་རྗེའི་སྒོ་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེར་བྱུང་སྟེ། ཞིབ་པར་བཤད་ཀྱང་གཞན་ཡིད་ཆེས་པར་དཀའ། ད་རུང་དུའང་སྣང་ཡུལ་དུ་ཡུད་པ་རེ་མཐོང་གིན་འདུག་སྟེ། ཐོ་རེ་བ་གཅིག་མིན་པ་སྟོངས་འདུག །ཨ་ཙ་རའི་སྐད་དེ་རྣམས་ཀྱང་མི་གོ་བར་འདུག་གསུངས། མཚན་དེ་རྣམས་བོད་སྐད་དུ་ཇི་ལྟར་སྒྱུར་ལགས་ཞུས་པས། ཡིད་ལ་དེ་ལྟར་ཤར་བ་ཡིན་གསུངས།
།སྐུ་ཚེ་འདིའི་ལོ་རྒྱུས་ནི། རབ་དཀར་གངས་རིས་བསྐོར་བའི་ལྗོངས། ཆུ་བོ་ཆེན་པོ་པག་ཤུ་དལ་གྱིས་བབས་པའི་འགྲམ། བྱང་ཕྱོགས་གཡས་རུ་ཤངས་ཀྱི་བྱེ་བྲག །མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་པའི་གནས་མཆོག །ཡན་ལག་བརྒྱུད་དང་ལྡན་པའི་ཆུ་བོ་འདུས་པ་དང་བཅས་པ་འབབ་པའི་འགྲམ། ཁོང་ལམ་རྩ་ཐང་ཞེས་བྱ་བར། ཡབ་ཤུད་ཀྱི་བྱམས་པ་མགོན་དང་། ཡུམ་ལ་ཆིངས་སྲི་ཐར་འབུམ་གྱི་སྲས་བར་མར་སྐུ་འཁྲུངས་ཏེ། དེ་ཡང་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་ལུས་ཡང་བ་དང་། རྨི་ལམ་དུའང་ཉི་མ་ཤར་བ་དང་། འོད་གསལ་གྱི་སྣང་བ། ཉིན་མོ་ལྟ་བུ་འཆར་བ་བྱུང་། མ་གཅིག་ན་རེ། ངའི་བུ་འདི་ལ་ཆོས་པ་ཞིག་འོང་བར་འདོད་པས། འདི་ཡི་གཡོག་གིས་ཤིག །ཚོགས་རྫོགས་པ་ཡིན་ནོ་གསུང་ངོ་།
།དགུང་ལོ་ལྔ་ལོན་པའི་ཚེ། མ་ཎི་བགྲང་བ་དང༌། རྩེད་མོ་རྩེ་བའི་དུས་སུ། ཆོས་ཁྲི་དང་། སྤྱིལ་པོ་རྩིག་པ་དང་། ཆོས་འཆད་པ་དང་། བྱིས་པ་མང་པོ་ལ་རྔན་པ་བྱིན་ནས་ཀྱང་། མ་ཎི་འདྲེན་དུ་འཇུག་པ་དང་། ཉ་ལ་སོགས་པ་གསོད་པ་ལ་སྲོག་བླུ་བྱེད་པ་དང༌། བྱིས་པ་འགྲོ་མི་ཤེས་པ་རྣམས་ཁུར། སྙོམས་ཆུང་བ་རྣམས་ལ་ཟན་ལ་སོགས་པ་བྱིན་ནས་བསྐྱངས་པས། རྩྭ་ཐང་ན་བྱིས་པ་བྱང་ཆུབ་སེམས་དཔའ་ཞིག་ཡོད་པར་འདུག་ཟེར་བའི་གྲགས་པ་མི་ཤངས་ལ་སོགས་པར་བྱུང་གསུངས།
བརྒྱད་པ་ལ་ཡབ་ཀྱིས་རིན་པོ་ཆེ་ལ་གདན་དྲངས་ཏེ། བུ་འདི་ལ་ཆོས་པ་ཞིག་འོང་བར་ཡོད་པས། འདིའི་སྐྱིད་སྡུག་ཁྱེད་ཤེས་ཟེར་ནས་ཡབ་འདས་སོ།
།དེ་ནས་ལོ་བཅུ་པ་ལ་ཡང་དགོན་དུ་རིན་པོ་ཆེ་པ་ལ་དགེ་བསྙེན་མཛད།
བཅུ་གཅིག་པ་ལ་མཁས་གྲུབ་ཤངས་སྟོན་ལ་མགོན་པོའི་རྗེས་གནང་དང༌། བླ་མ་མགོན་པོ་དབྱེར་མེད་གསན།
བཅུ་གཉིས་པ་ལ་སློབ་དཔོན་སེང་གེ་བཟང་པོས་ཁྲིད་ནས་ས་སྐྱར་བྱོན་ཏེ། བླ་མ་མཉམ་མེད་པས་མཁན་པོ། སློབ་དཔོན་སྐྱེས་མཆོག་པས་སློབ་དཔོན། སློབ་དཔོན་སེང་བཟང་གིས་གྲིབ་ཚོད་བ་མཛད་ནས། རབ་ཏུ་བྱུང་ནས། བླ་མའི་གསུང་ནས། དི་རིང་བྱམས་སྙིང་རྗེ་ལས་དྲས་པའི་མིང་ཞིག་འདོགས་དགོས་གསུངས་ནས། ཆོས་རྗེ་ལ་བྱམས་པ་དཔལ་དང་། གཞན་གཉིས་ལ་སྐྱོབ་པ་དཔལ་དང་། ཐུགས་རྗེ་དཔལ་དུ་བཏགས་ཏེ། སྙོག་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་མཛད་དོ། །བླ་མ་དེ་ཉིད་ལ་རིག་མཛོད་ལ་སོགས་པ་གསན་ནོ།
།བཅུ་དྲུག་པ་ལ༌ཡང་དགོན་དུ་སློབ་དཔོན་སེང་གེ་བཟང་པོ་ལ། ཀྱཻ་རྡོར། བདེ་མཆོག སྒྲོལ་མ་རྣམས་ཀྱི་དབང་སྒྲུབ། ཤེར་སྙིང་། ཨེ་ཀ་ཛ་ཏིའི་བློ་འཁེལ། ནམ་མཁའ་སྒོ་འབྱེད་ལ་སོགས་གཅོད་ཀྱི་སྐོར། ལམ་འབྲས་གཞུང་བཤད། ལམ་སྐོར་ལ་སོགས་པ་ཞུས་སོ། །དེ་ནས་བརྟག་གཉིས་ལ་སློབ་གཉེར་གྱིས་གསུངས་ནས། སློབ་གཉེར་མཛད་དོ།
།བཅུ་བདུན་པ་ལ་བཤད་གསར་མཛད་ཅིང་། ཆོས་འཆད་ཀྱང་ལོ་མང༌དུ་མཛད་དོ། །དེ་ནས་རིན་པོ་ཆེ་པའི་གསུང་ནས། རྣམ་འགྲེལ་ལ་སློབ་གཉེར་གྱིས་གསུངས་ནས། ནན་ཏན་འཇུར་པོ་མཛད་པས། ཁམས་འདུས་ཤིག་ཀྱང་བྱུང་བ་ལ། རིན་པོ་ཆེ་པས་ནད་འདོན་མཛད་པས་ཕན་ཏེ། ནད་དེ་ཤངས་པའི་ཆོས་སྐོར་འདི་དང་འཕྲད་པའི་རྟེན་འབྲེལ་ཡིན་པ་འདུག་གསུང་ངོ༌། །གཟིགས་རྟོག་གི་སྐབས་སུ། ས་སྐྱའི་དུར་ཁྲོད་དང་། ཨ་ཀ་དེ་བ་ལ་སོགས་ལ་གཅོད་མཛད་ཅིང་། དམ་ལ་བཏགས།
།དེ་ནས་ཉེར་ལྔ་པ་ལ། མཁན་པོ་སེང་གེ་དཔལ་བས་མཁན་པོ། རིན་པོ་ཆེ་པས་ལས་སློབ། སློབ་དཔོན་གྲུབ་སེང་གིས་གསང་སྟོན་མཛད་ནས། འདུལ་བ་ལུགས་ཀྱི་དཔྱིད་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་སྔ་དྲོའི་ཆ་ལ། འཇག་ཏུ་བསྙེན་པ་རྫོགས་ཤིང༌། དགྲ་བཅོམ་པ་ལྟ་བུར་གྱུར་ནས། དིང༌སང་དགེ་ཚུལ་ལ་སོགས་པའི་མཁན་པོ་ཆེན་པོར་བཞུགས་པ་འདི་ལགས་མོད། དེ་ནས་རིན་པོ་ཆེའི་གསུང་ནས། ད་རུང་ས་སྐྱར་རྣམ་འགྲེལ་རེ་ཤོད། ངས་གསེར་ཞོ་༼བཅོ་༽བརྒྱད་ཙམ་སྐུར་གྱིས་གསུངས་པ་ལ། རིན་པོ་ཆེ་ལ་སྐུ་ཁམས་བཟང་པའི་དུས་འདིར། ཆོས་དྲུག་ལ་སོགས་པའི་ཁྲིད་རྣམས་དང་། གཞན་ཡང་དབང་ལ་སོགས་ཀྱང་ཞུ་འཚལ། ད་ནམ་འཆི་ཆ་མེད་པས། ཐ་སྙད་ཚིག་གི་སྤྲོས་པ་གཅོད་པའང་དེ་ཙམ་དུ་གདའ་བས། སྒྲུབ་པ་ཁོ་ན་བྱེད་པ་ཞུ་ཞེས་ནན་ཆེར་ཞུས་པས། འོ་ན་ས་སྐྱར་ཇ་སྐོལ་དུ་སོང་གསུངས་ནས། ཆས་ཁ་རྣམས་ཁྱེར་ཏེ། ཇ་སྐོལ་ནས་མར་བྱོན་ཏེ། ཀ་ཙར་བཞུགས་པའི་སྲོད་ཀྱི་རྨི་ལམ་དུ། ཁྱི་དང་། གཡག་ནག་པོ་མང་པོ་བྱུང་ནས། རྨུགས་པ་དང་། བརྡུང་བ་ལ་སོགས་པ་བྱེད་དུ་བྱུང་བ་ལ། འདི་རྣམས་རྨི་ལམ་ཡིན་པ་འདུག་པས། རྨི་ལམ་ལ་གང་སྦྱང་སྦྱང་ཡིན་སྙམ་ནས། སྤྱང་ཁྱི་མང་པོར་སྤྲུལ་ཏེ། ཁྱི་རྣམས་ཟོས། གཡག་རྣམས་གར་སོང་ཆ་མེད་ལ་སོང་འདུག །བླ་མའི་དྲུང་དུ་མཇལ་དགོས་སྙམ་ནས། རྡོ་རྗེ་འཇིགས་བྱེད་དུ་སྤྲུལ་ནས་ནམ་མཁའ་ལ་འོངས་པས། བླ་མ་རིན་པོ་ཆེ་འཇག་ན་མི་བཞུགས་པར་འདུག །ཡང་ཕྱིན་པས་སྐུ་ལུང་ན། མི་བརྒྱ་ཙམ་ཞིག་ལ་སྒྱུ་ལུས་ཀྱི་དབང་བཀའ་མཛོད་ཀྱིན་འདུག་པ་ལ། ངས་ཀྱང་དབང་རྣམས་ཇི་ལྟ་བ་བཞིན་ཐོབ་སྟེ། སྔ་མའི་བག་ཆགས་དང་། བླ་མའི་བྱིན་རླབས་ཡིན་པ་འདུག་གསུངས། དེ་ནས་འཇག་ཏུ་ཕེབས་ཙ་ན། གཟིམས་ཁང་ན་སློབ་དཔོན་གྲུབ་སེང་འདུག །ཁོང་གི་གསུང་ནས། རིན་ཆེན་དཔལ་དང་སྡོང་ལ་མཛོ་དེད་ལ་ཤར་ཤོག་གསུང་བའི་ཞལ་ཏ་ཡོད་གསུངས་པས། སྔར་གྱི་དེ་དྲན་ནས་ཤིན་ཏུ་དགའ་བར་གྱུར་ཏེ། གསོལ་འདེབས་ཤིག་མཛད་པས། དེའི་ནུབ་མོ་མི་ནག་པོ་ཨ་ཙ་རའི་ཆ་བྱད་ཅན། གོས་པུས་གོང་མ་ཞིག་གྱོན་པ། ལྟག་ལྷས་བྱས་པ། ལག་ན་རལ་གྲི་ཐོགས་པ་གཅིག་ན་རེ། ཁྱེད་བསུར་འོངས་བ་ཡིན་ཡར་གཤེགས་ཟེར། གར་འགྲོ་བ་ཡིན་གསུངས་པས། བླ་མས་བསུར་བཏང་བ་ཡིན། ཁྱེད་ཆོས་ཞུ་བ་ཡིན་གསུང་བ་ལ་ངས་གྲོགས་ལ་འོངས་པ་ཡིན་ཟེར་ནས་མི་སྣང་བར་ཐལ་གསུངས། དེ་ནས་སྐུ་ལུང་དུ་སླེབས་པའི་ཉིན་ནས་དག་བྱེད་ཨའི་སྟོང་ར་གནང་ཞིང་། དེའི་ནུབ་མོ་ནས་བཟུང་སྟེ། ནུབ་འགའ་ཞིག་ཏུ་སྒྲིབ་པ་ཟད་པ་དང་། ནད་གདོན་ཐོན་པའི་རྟགས་རྣམས་ཇི་ལྟར་གསུངས་པ་བཞིན་བྱུང་གསུངས། ལུས་གནད་མེའི་སྟོང་རའི་སྐབས་སུ། དགུན་གྲུང་དུས་ཡིན་ཡང་། གཡབས་གྲང་མོ་ཞིག་ཏུ་རས་རྐྱང་ཐུབ་པ་ཞག་ཉེར་ལྔ་བྱུང་ཞིང་། དེ་ནས་བདེ་དྲོད་རང་འབར་དང༌། ༼སྣང་བ་ཐམས་ཅད་རང་སྣང་དང་༽། རྨི་ལམ་སྒྱུ་མ་ལྟ་བུ་བཅོས་མ་མ་ཡིན་པ་ཆགས་སྡང་ཐམས་ཅད་དང་བྲལ་བ་བྱུང༌། མཚན་མོ་རྨི་ལམ་བཟུང་ནས། བླ་མའི་དྲུང་དུ་མཇལ་བ་དང། ཆོས་གསན་པ་དང། རི་དང་བྲག་ལ་སོགས་པ་ལ་ཕར་ཐལ་ཚུར་ཐལ་བྱེད་པ་དང་། འོད་གསལ་གྱི་གསལ་སྣང་གི་སྒོ་ནས་ཐག་ཉེ་རིང་ཀུན་མཐོང་བ་བྱུང་ཞིང༌། དེ་ནས་རིན་པོ་ཆེ་འཁོར་ཆེན་མཛད་པའི་མཆོད་གཡོག་ལ་ཤོག་གསུངས་ནས་ཕྱིན་པས། དྲོད་དང་རྨི་ལམ་གྱི་སྟོབས་ཆེན་པོ་དེ་འགྲིབས་ནས་ཞག་མང་པོར་སོར་མ་ཆུད། མི་མང་པོའི་གྲིབ་ཀྱིས་ལན་འདུག །དེས་ན་སྒྲུབ་པ་བྱེད་དུས་སུ། གྲིབ་ལ་འཛེམས་པ་ཤིན་ཏུ་གལ་ཆེ་བ་གདའོ་གསུངས། རིན་པོ་ཆེ་པ་ལ་སྔ་ཕྱིར་ཆོས་གསན་པ་ལ། རྭ་འབྲོའི་ལུགས་ལ་སོགས་པ་དུས་འཁོར་གྱི་སྐོར། ཀྱཻ་རྡོར་གྱི་དབང་ལ་སོགས་པ་ལམ་འབྲས་ཀྱི་སྐོར། བདེ་མཆོག་དཀར་པོ་ལ་སོགས་པ་བདེ་མཆོག་གི་སྐོར། གཤེད་དམར་ལ་སོགས་པ་གཤིན་རྗེའི་སྐོར། འཁོར་ཆེན་ལ་སོགས་པ་ཕྱག་རྡོར་གྱི་སྐོར། འཇམ་རྡོར་ལ་སོགས་པ་རྡོར་འཕྲེང་གི་སྐོར། གཉན་ལོའི་ལུགས་སོགས་སྒྲོལ་མའི་སྐོར། གྲུབ་རྒྱལ་སོགས་ཚེ་དཔག་མེད་ཀྱི་སྐོར། བྷིར་ཝ་པ་ལ་སོགས་རྣམ་འཇོམས་ཀྱི་སྐོར། གཏུམ་པོ་ལ་སོགས་མི་གཡོ་བའི་སྐོར། དྲག་པོའི་སུམ་སྦྲག་ལ་སོགས་རྟ་མགྲིན་གྱི་སྐོར། རིན་ཆེན་རྒྱན་འདྲ་ལ་སོགས་ཕག་མོའི་སྐོར། རྡོར་དབྱིངས་ལ་སོགས་ཡོ་གའི་སྐོར། སེང་གེ་སྒྲ་ལ་སོགས་སྤྱན་རས་གཟིགས་ཀྱི་སྐོར། རྣམ་རྒྱལ་ལ་སོགས་བྱ་སྤྱོད་ཀྱི་སྐོར། ཡི་གེ་བཞི་པ་ལ་སོགས་ཕྱག་ཆེན་གྱི་སྐོར། བསྙེན་སྒྲུབ་སོགས་དབུ་རྒྱན་པའི་ཆོས་སྐོར། རྒྱལ་བ་རྒྱུ་མཚོ་སོགས་ཀརྨ་པའི་ཆོས་སྐོར། ཚ་གོང་གཏོར་མ་སོགས་གཏོར་མའི་སྐོར། སྡེ་འཆའ་ལ་སོགས་དཀའ་ཐུབ་ཀྱི་སྐོར། གཞན་ཡང་དབང་དང་རྗེས་གནང་སོགས་བྱིན་རླབས་སྣ་ཚོགས་པ། སྒྲུབ་ཐབས་སྣ་ཚོགས་པ། མན་ངག་སྣ་ཚོགས་པ། འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་སྡེའི་སྐོར། རྒྱལ་པོ་མདོ་ལྔ་ལ་སོགས་མདོ་སྡེའི་སྐོར། སེམས་འགྲེལ་སྐོར་གསུམ་ལ་སོགས་བསྟན་ཆོས་ཀྱི་སྐོར། ཡང་དག་སོགས་རྙིང་མའི་སྐོར། དེ་ལྟར་ཁ་ཅིག་ནི་ཐམས་ཅད་རྫོགས་པ། ཁ་ཅིག་ནི་ཐམས་ཅད་མ་རྫོགས་པ། ཁ་ཅིག་ནི་དབང་བཀའ། ཁ་ཅིག་ནི་བཤད་བཀའ། ཁ་ཅིག་མན་ངག་གི་བཀའ་རྣམས་དང་། ཁྱད་པར་དུ་ཤངས་པའི་ཆོས་སྐོར་ལ། བྱིན་རླབས་ཁོག་འབུབས་ཀྱི་བཀའ་གཉིས། བྱིན་རླབས་གཞུང་ཤིང་གི་བཀའ་བརྒྱད། ཕྱག་རྒྱ་ཆེན་པོའི་བཀའ་ལྔ། མཁའ་སྤྱོད་ཀྱི་བཀའ་ལྔ། མགོན་པོའི་བཀའ་ལྔ་ལ་སོགས་པ་དང་། ཆོས་དྲུག་ལ་སོགས་པའི་ཁྲིད། སྒྱུ་མ་ལམ་རིམ་ལ་སོགས་པའི་ལུང་རྣམས་གསན་ཅིང་། དེ་ལྟར་ཆོས་གསན་པ་ཐམས་ཅད། མདོ་རྒྱུད་སོགས་ནས་ཇི་ལྟར་བཤད་པ་བཞིན་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས། གདུལ་བྱ་རྣམས་ཀྱི་གཙུག་རྒྱན་དུ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མེད་དུ་བཞུགས་པ། ད་ལྟ་གཟིགས་པས་གསལ་བ་འདི་ལགས་མོད།
ཆོས་རྗེའི་ཞལ་ནས། རིན་པོ་ཆེ་པས་བདེ་མཆོག་གི་ཡི་གེ་བདུན་པའི་ཟླས་པ་དུང་ཕྱུར་ཕྲག་བདུན་སོང་གསུང་བས། བདེ་མཆོག་ཏུ་མཐོང༌ཐང་བར་འདུག་སྟེ། ངས་ཐུགས་རྗེ་ཆེན་པོ་དངོས་སུ་མཐོང་ཞིང་། དེ་ནས་བཟུང་སྟེ་ཐ་མལ་གྱི་རྟོག་པ་སྐྱེ་མ་མྱོང་གསུང་ངོ་།
།ཡང་འཇག་གི་གཟིམས་སྤྱིལ་དུ་ཕྱག་ཆེན་གྱི་སྒྲུབ་པ་མཛད་པའི་དུས་སུ། སྒོམ་ཁང་དུ་ལྟ་སྟངས་མཛད་དུས། ཐོག་མར་ཐོག་མཚམས་སུ་འོད་དཀར་པོ་འཁྱིལ་བ་ཞིག་བྱུང་། དེ་ཇེ་གསལ་ལ་སོང་ནས། བྱེ་བའི་མཆོད་རྟེན་ཡན་ཆད་དཀར་ལྷག་གིས་མཐོང་། དེ་ཇེ་གསལ་ལ་སོང་ནས། སྲེག་ཤིང་ཡན་ཆད་ཀྱི་མི་རྣམས་ལུད་སྐྱེལ་བ་དང་། བྲོ་ཟ་བ་ལ་སོགས་དང༌། སྲོག་ཆགས་གཞན་ཐམས་ཅད་ཅི་བྱེད་པ་གསལ་སིང་མཐོང་། མཉམ་གཞག་དེ་ལས་ལངས་པ་དང་། གསལ་སྣང་དེའང་འགྲིབས་སོང་གསུང་ངོ་། །དེ་ཡང་དེ་ནུབ་རྨི་ལམ་བཟུང་ནས་འཇག་ཕྱེ་བ་ན་ཕར་ཕྱིན་པས་ཐུགས་རྗེ་ཆེན་པོ་ཞལ༌གཅིག་ཕྱག་བཞི་པ་ཞིག་ཏུ་འགྱུར་སོང་། རྨི་ལམ་དུ་འདུག་པས་པོ་རྟ་ལ་བལྟ་དགོས་སྙམ༌སྟེ། དཀྱིལ་ཀྲུང་བཅས་ནས་ནམ་མཁའ་ལ་ཕྱིན་པས། པོ་ཏ་ལ་ཡིན་ཟེར་བའི་བྱེ་མའི་རི་ལ་ཤིང་རྩི་དང་བྱ་སྣ་ཚོགས་པ་ཡོད་པའི་རྩེ་ན། མཆོད་རྟེན་དཀར་པོ་ཞིག་འདུག །དེའི་ནང་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་ཞིག་བཞུགས་པ་མཐོང་། མོས་པ་དང་གུས་པ་ཚད་མེད་པ་སྐྱེས་ཏེ། བྱིན་རླབས་ཞུས་པས། ཇོ་བོས་ངའི་མཀོ་ཐོག་ཏུ་ཕྱག་བཞག་སྟེ། ཁྱོད་ཀྱིས་སྐྱེ་བ་སྔ་མ་ལ་བྱམས་སྙིང་རྗེ་བསྒོམས་པས། སྐྱེ་བ་འདིར་བདག་དང་མཇལ་བ་ཡིན། འདིའི་ཕྱི་མ་ལ་རྒྱ་གར་དུ་སྐྱེས་ནས། བྱམས་སྙིང་རྗེས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་འགྲུབ་པར་འགྱུར་གསུངས། དེ་ནས་ཆོས་ཤིག་ཞུ་དགོས་བསམ་པ་དང་། གཉིད་སད་ནས་ཆོས་ཞུ་པའི་ལོང་མ་བྱུང་གསུངས། དེ་ནས་སྐུ་མཚམས་དམ་པར་མཛད་པས། རྣལ་ལམ་ཟིན་ནས། བྲག་རི་ལ་སོགས་པ་ལ་ཕར་ཏལ་ཚུར་ཏལ་བྱེད་པ་སོགས་སྦྱོང་སྤེལ་གང་ལ་ཡང་ཐོགས་པ་མེད་པ་དང་། ཉིན་བར་ནམ་མཁའ་དང་བར་སྣང་ལ་བསྟན་གཙོ་དང་། བདེ་མཆོག་དང་། དགེས་རྡོར་ལ་སོགས་ལྷ་སྐུ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བ་དང་། རིགས་དྲུག་གི་སྣང་བ་ཡང་བསམ་གྱིས་མི་ཁྱབ་པ་མཐོང་སྟེ། རིན་པོ་ཆེ་པ་ལ་ཞུས་པས། ལྷ་སྐུ་རང་ཡང་དོན་དམ་པའི་སྲིད་པ་གསུམ་བྱ་བ་ཡིན། ངོ་བོ་ལ་དེ་ལས་བོགས་དབྱུང་རྒྱུ་མེད་གསུངས། དེ་ནས་རིན་པོ་ཆེ་པའི་གསུང་ནས། ངའི་གཡོག་རྣམས་ཀྱིས། བྱིན་རླབས་འཇུག་པ་ཡིན་གསུངས་ནས། ལོ་བཅུ་གསུམ་གྱི་བར་དུ་ཞབས་ཏོག་དང་སྒྲུབ་པ་སྤེལ་མར་བྱས་ཤིང་། ཁྱད་པར་ས་སྐྱ་ལ་སོགས་པར་འབུལ་འགྱེད་སོགས་ཀྱི་བྱ་བ་རྣམས་གུས་པར་བསྒྲུབས་པས། རྣལ་ལམ་གྱི་སྟོབས་ཤིན་ཏུ་ཆེ་བ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་སོགས་བརྒྱུད་པའི་བླ་མ་མང་པོ་དང་མཇལ་ཞིང་། མ་འོངས་པའི་ལུང་བསྟན་འགའ་རེ་བྱུང་ཞིང་། ཡང་སྐུ་ལུངས་གཟིམས་ཁང་དུ་བསྡད་དུས། རྨི་ལམ་དུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཞལ་མཐོང་ཞིང་། མགོན་པོའི་ཞལ་ནས། ང་དང་བླ་མ་དབྱེར་མེད་དུ་སྒོམས། བྱིན་རླབས་འཇུག་པ་ཡིན་གསུངས། ཆོས་རྗེའི་ཞལ་ནས། མཁས་གྲུབ་པ་དང་ང་གཉིས་ཀ་བས། མགོན་པོ་ཁྱོད་ལ་འགོ་བ་ཞིག་ཡོང་པར་འདུག་ཡང་ཡང་གསུངས། ཡང་རིན་པོ་ཆེའི་གསུང་ནས། ད་ལོ་ཡང་ས་སྐྱ་སོགས་སུ་ཚ་བ་འདྲེན་དུ་རྒྱུག་གསུངས་ནས་བྱོན་ཏེ། ཉི་ཐོག་འབུམ་ཁང་དུ། གཟིམས་པའི་ནུབ་མོ་བུད་མེད་དཀར་མོ་གཅིག་མངོན་སུམ་དུ་བྱུང་ནས། ༼བླ་མ་༽མྱུར་པོ་གཤེགས་པ་ཡོད་པས། མྱུར་པོར་སོང་ལ་ཆོས་ལྷག་མ་རྣམས་ཞུས་ཟེར་ཏེ། མྱུར་དུ་བྱོན་ནས་ཆོས་ལྷག་མ་འགའ་རེ་གསན། རིན་པོ་ཆེ་པ་སྐུ་གཤེགས་ཁར་འོ་སྐོལ་ལ་བུ་སློབ་བཟང་ལ་མང་བ་བདོག་པས། གདན་ས་བ་ཞིག་བསྐོས་པ་དྲག་ལགས་ཞུས་པས། ནང་རྟེན་ཕྱི་རྟེན་དང༌། དཔེ་ཆ་འདི་པའི་གཉེར་པ་ཁྱོད་ཀྱིས་ཡོང་མོད་གསུངས་པས། བདག་གིས་ཞལ་ཏའི་ལུགས་བཞིན་༼ལུས་ཀྱི་༽ཞབས་ཏོག་བགྱིས་པས། ཡོན་ཏན་དང་མི་གཞི་ལ་སོགས་པས་མི་ཡོང་ལགས་ཞུས་པས། ལོ་ལྔའི་བར་དུ་ཁྱོད་རང་མི་ཡོང་ཀྱང་ཡོང་ལོད། མི་ཤེས་ཀྱང་ཤེས་ལོད་གྱིས། དེ་ནས་རི་ཁྲོད་ཡིན་པས་ནང་རྟེན་གར་སྡོད་དུ་གདན་དྲོངས། མ་ཐེག་ན་སྲེག་ཤིང་ངམ་སྐུ་ལུངས་སུ་གདན་དྲངས་ནས་ཕྱིན་པས་ཆོག །ཅིང་གོག་པོ་འདི་ཚོ་ལ་ཆགས་མི་དགོས་གསུངས། དེ་ནས་རིན་པོ་ཆེ་པའི་གཤིགས་རྫོངས་ཀྱི་ཚེ། མཁན་ཆེན་སྲེག་ཤིང་པ་སོགས་ཀྱི་གཙོ་མཛད་རྣམས་ལ་གདན་ས་བ་གཞན་ཞིག་བསྐོས་པ་དྲག་ལགས་ཞུས་པས། ཁོང་རྣམས་ན་རེ། རིན་པོ་ཆེའི་ཞལ་ཏ་བཅོས་སུ་མི་བཏུབ་གསུངས་ནས། དབང་མེད་གདན་ས་བྱས་གསུང་ངོ་། །དེ་ནས་ལོ་གཅིག་གི་བར་དུ་སྒྲུབ་པ་མཛད་པའི་རྣལ་ལམ་དུ་རིན་པོ་ཆེ་པ་བྱོན་ནས། ད་དབང་བསྐུར་དང་ཁྲིད་ལ་སོགས་པ་གྱིས། བྱིན་གྱིས་ངས་བརློབས་པ་ཡིན་མོད། ཅེས་ལན་གསུམ་དུ་བྱུང་ཞིང་། དེ་ནས་དགེ་སློང་དཔལ་སེང་དང་། བྱང་ཆུབ་དཔལ་ན་རེ། ད་ལོ་དབང་དང་ཁྲིད་མཛད་པའི་ཞུ་བ་བྱེད་ཟེར་བས། ངས་དབང་ཁྲིད་མི་ཡོང་བྱས་པས། ཡང་རིན་པོ་ཆེ་པ་རྨི་ལམ་དུ་བྱོན་ནས། ཆོས་དྲུག་གི་ཁྲིད་ཕོག །སྒྱུ་ལུས་ཀྱི་དབང་སོགས་ངས་བྱེད་པ་ཡིན་མོད་གསུངས་ནས། མི་བདུན་ཅུ་ཙམ་ལ་ཁྲིད་བཏབ་པས། ཆོས་བཤད་པ་ལ་ཐེ་ཚོམ་བྱུང་བའི་ཚེ། རིན་པོ་ཆེ་ལ་བྱོན་ནས། འདི་བཞིན་བྱེད་པ་ཡིན་མོད་གསུངས་ནས། མ་བདེ་བ་རྣམས་གསལ། བུ་སློབ་རྣམས་ལའང་ངེས་ཤེས་སྐྱེས་པ་དང་། རྨི་ལམ་དང་འོད་གསལ་ཟིན་པ་དང༌། སྒྱུ་མའི་ཉམས་ཤར་བ་བྱུང་ཞིང་། ཁྱད་པར་དུ་ཞོང་ཁམས་ན་རེ། ངེད་ཆོས་ཉན་རྣམས་ཀྱི་གྲལ་ལ་བུད་མེད་མང་པོ་ཆོས་ཉན་པ་དངོས་སུ་མཐོང་ཟེར། ལས་དག་པས་བལྟས་ན་དེ་འདྲ་འདྲ་འགའ་རེ་ཡོད་བྱས་གསུངས། ཡང་སློབ་བུ་གཅིག་པས་འཁོར་ཆེན་གྱི་དབང་དགོས་ཟེར་བས་ངས་མི་ཤེས་བྱས་པས་མ་ཉན། ཡང་སློབ་དཔོན་གྲུབ་སེང་ལ་མ་བདེ་བ་རྣམས་དྲིས་ཤིང་བྱེད་དགོས་སྙམ་པའི་ནུབ་མོ། རིན་པོ་ཆེ་པ་བྱོན་བྱུང་ནས། འདི་བཞིན་བྱེད་པ་ཡིན་མོད། འདུག་བྱེད་པ་ཡིན་མོད་གསུངས། དབང་གི་དུས་སུ་སློབ་མ་རྣམས་ལ་བཤད་པས། ཁོང་རྣམས་མོས་ནས་མཆི་མ་ལྷུང་ལྷུང་བྱུང་། འཁོར་ཆེན་འདི་བྱིན་རླབས་ཆེན་པོ་ཞིག་འདུག་སྟེ། སྟོན་བཀྲས་ལ་མནམ་གཟེར་ཁག་པོ་ཞིག་འདུག་པ་ལ། འདིའི་དབང་ལན་ཞིག་བྱས་པས་ཕན་བྱུང་གསུངས། དེ་ནས་རིན་པོ་ཆེ་པ་ལ་མན་ངག་མ་གསན་པ་རྣམས་གསན་པར་དགོངས་ཏེ། རིན་པོ་ཆེ་བློ་བཟང་པ་ལ། བདེ་མཆོག་བཅུ་གསུམ་མ་སོགས་རས་ཆུང་པའི་སྐོར་དང་། ལྷ་བཞི་ལ་སོགས་ར་ཧུ་ལའི་ཆོས་སྐོར། ཀུ་སུ་ལུའི་ཚོགས་གསོག །ཤ་བ་རི་པའི་ལུགས་སོགས་གསན། མཁན་ཆེན་སྲེག་ཤིང་པ་ལ། གསང་འདུས་ཀྱི་རྒྱབ་ཆོས་དོན་བཞི་མ་སོགས་དང༌། བླ་མ་འཇམ་རིན་པ་ལ་གསང་འདུས་ཀྱི་དམར་ཁྲིད་ལ་སོགས་དང་། གཞན་ཡང་བླ་མ་རྣམས་ལ་ཆོས་གསན་པ་རྣམས་གསན་ཡིག་ཏུ་ལྟོས་ཤིག །བླ་མ་སངས་རྒྱས་རྒྱལ་མཚན་ལ། གཡག་ཐང་དུ་སྦྱོར་དྲུག་གསན་པའི་ཚེ། གཡག་ཐང་གི་ཐང་ཞབས་ན་མར། མི་དང་ཁལ་པ་ལ་སོགས་འགྲོ་བ་༼ཇི་ལྟ་བ་བཞིན་༽མུན་ཁང་ནས་མཐོང་། དེ་ལ་མཆེད་ནས་མི་ཤངས་ལུང་པ་དང་། འཇུག་ལུང་པའི་མི་རྣམས་ཅི་བྱེད་དང་། ཁྱད་པར་རང་ངེའི་གཡོག་པོས་མཛོད་ནས་ནས་རྐུ་བའང་མཐོང་གསུངས། རྨི་ལམ་བཟུང་ནས་རྒྱལ་ཆེན་རིགས་བཞིའི་གནས་གཟིགས་སུ་བྱོན་པས། གཟུགས་ཤིན་ཏུ་རིང་ཞིང་། གོས་༼རིང་པོ་༽ཁྱད་འཕགས་གྱོན་པ། བུད་མེད་གར་བྱེད་ཅིང་རོལ་མོ་དང་། མཆོད་པ་སྣ་ཚོགས་འབུལ་བ་ལ་སོགས་པ་བཀོད་པ་བསམ་གྱི་མི་ཁྱབ་པ་གཟིགས། ལྷ་མ་ཡིན་གྱི་གནས་ཀྱང་མཐོང་། དེ་ན་སྡུག་པོ་འདུག་གསུངས། གཞན་ཡང་ཡི་དམ་ལྷ་མང་པོའི་ཞལ་ལྟ་བ་དང་། རང་གི་ལུས་མང་པོར་སྤྲུལ་ནས་དེ་དག་ལ་མཆོད་པ་བསམ་གྱིས་མི་ཁྱབ་པའང་འབུལ་ནུས་པ་བྱུང་གསུངས། བླ་མ་དེ་སྦྱོར་དྲུག་ལོ་རེ་རྫོགས་པར་མི་གནང་ཡང་། ཉམས་རྟོགས་ལ་མཉེས་ནས། བུ་བཟང་གསུངས་ནས། ཟླ་བ་གཉིས་ལ་ཐམས་ཅད་རྫོགས་པར་གནང་ཞིང་། སྲོག་རྩོལ་གྱི་སྐབས་སུ། ལུས་ཁྲུ་གང་ཙམ་གྱི་ནམ་མཁར་འཕགས་ནས་ཡུན་རིང་པོར་གདན་ལ་མི་ཕེབས་ཤིང་། རླུང་རྒྱུ་བ་ཞག་འགའ་རེ་མི་ཚོར་བ་དང་། ཉིན་མཚན་མེད་པར་བར་སྣང་ཐམས་ཅད་འོད་ཀོར་གྱི་ནང་དུ་ལོངས་སྐུ་དང་སྤྲུལ་སྐུ་ལ་སོགས་པའི་ལྷ་སྐུ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བ་དང༌། པི་ཝང་དང་། གླིང་བུ་དང་། སྒྲ་སྣ་ཚོགས་རྒྱུན་མི་ཆད་དུ་བྱུང་བས། སོ་མ་བསོད་པ་སྙམ་བྱེད་པ་དང་། ལྕེའུ་ཆུང་ལ་རོ་ཤིན་ཏུ་མངར་བ་བྱུང་བ་ལ་བརྟེན་ནས། ཞག་མང་པོར་ཟས་བཟའ་མི་དགོས་པ་དང་། ལྷ་ས་དང་ས་སྐྱ་ལ་སོགས་པ་ཐག་ཉེ་རིང་མང་པོ་གཏན་ལ་ཕེབས་པ་དང༌། ལྕང་ལོ་ཅན་ཡིན་ཟེར་བའི་ས་ཕྱོགས་རང་བཞིན་གྱིས་སྔོ་བ། ཁང་པ་ཐམས་ཅད་ལྕགས་ལ་རི་ཐམས་ཅད་ཀྱང་རྩེ་མོ་རྣོ་བ། མི་ལ་སོགས་པ་ཐམས་ཅད་ཀྱང་ཁོག་སྔོན་པོ། སྐད་རིགས་མི་འདྲ་བ་མང་པོ་ཡོད་པའི་དབུས་ན། དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་དངོས་སུ་མཐོང་ཞིང་། གཟུགས་རིས་ཀྱི་ལུང་ཡང་གནང་གསུངས། རྣལ་ལམ་བཟུང་ནས་རྡོ་རྗེ་གདན་དང་། རི་བོ་རྩེ་ལྔ་དང་། བདེ་བ་ཅན་དང་། དགའ་ལྡན་ལ་སོགས་པ་གཟིགས། རེས་འགའ་ཡི་དྭགས་ཀྱི་གནས་དངོས་སུ་མཐོང་བ་ལ་བརྟེན་ནས། སྙིང་རྗེ་དྲག་པོ་སྐྱེས་ཏེ། མཚན་ཐལ་གྱིས་ངུ་དགོས་པ་ཡང་བྱུང་གསུངས། བུམ་པ་ཅན་སྒོམ་པའི་ཚེ། སྔོན་ལ་ལུས་ལ་ཟུག་གཟེར་དང་། མཐར་སོར་མོའི་རྩེ་ལ་རླུང་རྒྱུ་བའི་སྒྲ་སི་སི་ཟེར་བ་དང་། དེ་ནས་ལུས་ལ་སྲོག་ཆགས་གཙོས་འབྲད་པ་དང་། འཁྱུག་པ་ལྟ་བུ་དང༌། དེ་རྗེས་ལུས་ཀྱི་ཁོལ་བུར་བདེ་བ་དང་། ལུས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པའང་བྱུང་གསུངས། ཡང་སློབ་དཔོན་ཡོན་ཚུལ་ལ་འཕྲུལ་འཁོར་བབས་འདུག་པ་ཁོང་གིས་དེ་ང་ལ་འགོས་ནས། ལུས་ཀྱི་འཕྲུལ་འཁོར་དུ་བྱེད་ཅིང་། ངག་གིས་སཾསྐྲི་ཏའི་སྐད་དང་། ཆོས་འཆད་པ་དང༌། ངུ་བ་དང་། དགོད་པ་ལ་སོགས་པ་དང་། རིས་འགའ་མི་མང་པོས་འཐབ་མོ་སོགས་བྱས་པས། སྙིང་རླུང་འཇུག་པ་ལྟ་བུ་རྣམ་འགྱུར་དུ་མ་བྱུང་ཞིང་། དེ་ནས་ཚུར་སླེབས་དུས་སུ་ཡང་འཕྲུལ་འཁོར་བབས་བྱུང་བ་ལ། མི་བཅུ་གཉིས་ཀྱིས་གཟུང་བས་མ་ཐུབ། པུ་ཤུའི་སྟེང་ན་ཕར་ཕྱིན་པས། མི་དེ་རྣམས་ཀྱང་ལུས་ལ་བཏགས་པ་ལྟར་ཕྲུལ་ཕྲུལ་འདུག །མཛོ་མི་སྲུན་པ་ཞིག་ཡོད་པའི་ཟེ་བ་ལ་འཚང་རའི་སྟེང་དུ་རྐང་པ་བཞག་སྟེ་ཀེར་བྱས་པས། མཛོ་ཁོ་མི་ལྷུང་བར་འདུག་ཅིང་། དེ་ལ་སོགས་པ་མང་པོ་བྱུང་ནའང་། བརྗོད་ཀྱིས་མི་ལང་༼གསུང་ངོ་༽། དེ་ནས་བླ་མ་རང་བྱུང་རོལ་པའི་རྡོ་རྗེ་ཀོང་པོ་ནས་ཕྱག་ཕེབས་འདུག་ཟེར་ནས། རིན་པོ་ཆེའི་བླ་མར་གདའ་བས། འབུལ་བ་སྐྱེལ་བ་དང་། ཇོ་བོ་སྐོར་བ་ལ་ཕྱིན་པས། རྩ་རར་སླེབས་པའི་ནུབ་མོ། སྐོར་མོ་ཆེ་ཐམས་ཅད་འདི་ནས་ལྡོག་དགོས་པར་འདུག །ལྷ་ས་དམག་གིས་གང་ནས་འགྲོ་ས་མི་འདུག་ཟེར་བ་ལ། དེའི་ནུབ་རྨི་ལམ་དུ་བུད་མེད་དམར་པོ་གཅིག་བྱུང་ནས། ཡར་ལྡོག་མི་དགོས་སང་བསུ་མི་ཡོང་བ་ཡོད་ཟེར་བས། རྐྱེན་བྱས་ཏེ་རྨི་ལམ་བཟུང་ནས་ཇོ་བོའི་དྲུང་དུ་ཕྱིན་པས། ཇོ་བོའི་དྲུང་ན་བུད་མེད་དཀར་མོ་ལོ་བཅུ་དྲུག་ཙམ་ལོན་པ་ཞིག་འདུག་པ་ན་རེ། ཁྱོད་ལ་ད་ལྟ་ཡང་འགྲོ་དོན་ཆེ་རབ་འདུག་སྟེ། འདི་བཞག་ནས་སྒྲུབ་པ་ཁོ་ན་བྱས་ན། ཕྱི་མ་ལ་འགྲོ་དོན་ཆེན་པོ་ཡོང་བ་ཡོད། ཟེར་ཙ་ན། མི་རྣམས་ཀྱིས་ཀུ་ཅོ་བཏབ་པས་གཉིད་སད་༼ནས་༽གསུང་། གཞན་འབྱོན་ལོང་དང་ཇོ་བོའི་དྲུང་དུ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཞིག་འབུལ་དགོས་སྙམ་ནའང་༼འབུལ་བའི་ལོངས་༽མ་བྱུང་། དེ་ནས་མི་རྣམས་ཇོ་བོའི་དྲུང་དུ་ཕྱིན་པས། དམག་གིས་གནོད་པ་མི་ཡོང་པ་ཡོད་གསུང་བྱོན་པས། ནང་པ་གྲགས་དམ་གྱི་མི་གཅིག་དང་། རང་རེའི་སློབ་མ་གཅིག་དང་གཉིས་བྱུང་ནས་ངེད་ཀྱིས་བསུར་ཡོང་པ་ཡིན་ཕྱིན་པས་ཆོག་པ་ཡོད་ཟེར་ནས་ཞུ་ཡིག་ཁྱེར་ནུས་ས་ཆེར་རྡོར་དཔལ་གྱིས་ཟབ་ཁར་སླེབས་བྱུང་གདའོ། །ཡར་ཕྲང་ལ་བྱོན་ནས་ལྷ་ས་ལ་བསྐོར་དུས། ཤུག་པ་རྩའི་རང་བྱོན་འཕགས་པ་མཆེད་གཉིས་སུ་གཟིགས། དེ་ནས་སྐབས་འགའ་ཞིག་གི་ཚེ། ངང་ཤངས་ཀྱི་རི་ལ་གཅོད་མཛད་པས། ཐུགས་དམ་ལ་བོགས་ཆེན་པོ་ཐོན། དེ་དུས་ཆུ་སི་རི་མོར་ཚ་བ་ཐོན་ནས། ཉི་མ་ལ་བཞུགས་པའི་ཚེ། བུད་མེད་དམར་པོ་ཞིག་བྱུང་ནས། ༼ཀ་ཡེ་༽ཡ་ཀིར་ལྟོས་དང་ཟེར་ནས་གཟིགས་པས། བྲག་ཟེ་དེ་ན། རྡོ་རྗེ་འཇིགས་བྱེད་ཤིན་ཏུ་ཆེ་བ་ཞིག་མངོན་སུམ་དུ་གཟིགས། ཆོས་རྗེའི་ཞལ་ནས། དེ་ལ་ཤིན་ཏུ་འཇིགས་པ་དང་། མོས་གུས་སྐྱེས་པ་གཉིས་བྱུང་ཞིང་། ཡང་འཇིགས་བྱེད་ཀྱི་བསྐྱེད་རིམ་བསྒོམས་ནས། སྒོ་ལ་འགྲོ་དུས་ཡོན་བྱས་ནས་མ་ཕྱིན་ན་སྒོ་ལ་ར་ཐོགས་པ་སྙམ་བྱེད་པ་བྱུང་གསུངས། ཡང་མི་ཤངས་ལ་གཅོད་ལ་ཕྱིན་པས། སློང་ཚད་དང་ཚར་ཚད་གཉིས་ཀ་ཞག་གཉིས་ལ་བྱུང་ཞིང་། ཡང་དེའི་གཞི་བདག་བཙན་གཅིག་བར་ཆད་བྱེད་དུ་བྱུང་བ་ལ། ངས་གཤིན་རྗེ་དགྲ་ནག་ཏུ་སྤྲུལ་ནས། བཏུལ་བས་སྲོག་སྙིང་ཕུལ། མཆོད་པོ་དྲངས། བཀའ་འབངས་སུ་ཁས་བླངས། ཡང་འཇིགས་བྱེད་དུ་སྤྲུལ་ནས། གཟུ་རུའི་ཀླུ་བདུད་བཏུལ་བས། བཀའ་འབངས་སུ་ཁས་བླངས་གསུངས། ཡང་ཞོང་ཞོང་གི་སྐུ་འབུམ་དྲུང་དུ། ཞལ་དྲུག་གསོལ་བ་འདེབས་ཀྱིན་བསྡད་པས། རྨི་ལམ་འབད་མེད་འཁོར་མར་ཟིན། ནུབ་ཅིག་རྨི་ལམ་དུ་བུད་མེད་དམར་མོ་ཞིག་གིས་འགྲམ་པ་ལ་ཐལ་ལྕག་བདེན་པ་ཞིག་བརྒྱབ་སྟེ། ཡར་ལོངས་ལ་དགེ་སྦྱོར་གྱིས་ཁྱོད་ལོ་གསུམ་ན་འཆི་བའི་ཚེ་ངས་བསྲིངས་ཡོད་ཟེར། གཉིད་སད་ནས་ཀྱང་འགྲམ་པ་ཚ་བེ་རེ་འདུག །ཡང་བྲག་ཞུང་གོང་མར་མཚམས་བཅད་པའི་ཚེ། ནུབ་གཅིག་གཉིད་ཙམ་མ་བྱུང་བར། གསོལ་འདེབས་ཤིག་བྱས་པས་མོས་གུས་ཚད་མེད་པ་སྐྱེས། དེ་གོང་དུ་བདེ་མཆོག་ལ་ཡི་དམ་གཙོ་བོར་བྱེད་ཀྱིན་ཡོད་པ་ལ། དེ་ནུབ་རྨི་ལམ་དུ་ནམ་མཁའ་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་འཛུམ་མུལ་ལེ་བྱོན་ནས། ཁྱོད་ཀྱི་ཡི་དམ་གྱི་ལྷ་ང་ཡིན་གསུངས། དེ་ནས་དངོས་སུ་ཡང་མཐོང་གིན་འདུག་ཅིང་། དེ་ནས་ཕྱག་དྲུག་པ་འདི་ཡང་ལས་མྱུར་དུ་སོང་བྱུང་སྟེ། འདི་རྣམས་ཀྱང་སྲོག་གཅིག་པ་ཡིན་པར་འདུག་གསུངས། དེའི་རྗེས་ལ་རྡོ་རྗེ་རྣལ་འབྱོར་མའི་ཞལ་མཐོང་ཞིང་། ཆོས་ཁྱད་འཕགས་ཤིག་གནང་སྟེ། རྗེ་བཙུན་མའི་བཀའ་རྒྱ་ཡོད་པས་བཤད་དུ་མི་བཏུབ་གསུངས། ཡང་གསང་འདུས་རིམ་ལྔ་ལ་ཐུགས་དམ་མཛད་དུས། སྒྱུ་ལུས་ཀྱི་སྐབས་སུ་སྒྱུ་མའི་ཉམས་དང་། ཉིན་བར་ལྷ་སྐུ་ལ་སེམས་བཟུང་བས། མཚན་མོ་རང་ཉིད་ལྷ་སྐུ་རང་ཤར་དུ་སོང་ཤིང་། དེ་ལ་མཆེད་ནས་སྣང་བ་ཐམས་ཅད་ལྷ་སྐུར་མཐོང་བ་ཡང་བྱུང་གསུངས། རྨི་ལམ་གྱི་སྐབས་སུ་རྨི་ལམ་བཟུང་ནས། ཞ་ལུར་མཁན་ཆེན་བུ་སྟོན་པ་ལ་མཇལ་དུ་ཕྱིན་པས་གཤེད་དམར་གྱི་དབང་མཛད་པ་དང་ཐུག །དབང་ཞུས་པས་ཇི་ལྟ་བ་བཞིན་ཁོང་བས་ཀྱང་བསྐུར་རོ་གསུངས། ཡང་ཆོས་རྗེའི་ཞལ་ནས། གཤེད་དམར་འདི་སྐྱེ་བ་སྔ་མའི་ཡི་དམ་ཡིན་པར་འདུག་སྟེ། ངས་ཉལ་ནས་དེའི་སྐྱེད་རིམས་ཤིག་བསྒོམས་པས། གཤེད་དམར་ཡང་གཟིམས་བ་ཞིག་མཐོང་། སྔགས་ལ་ཞུ་དག་མཛད། སྔགས་ཀྱི་འཁོར་ལུགས་དང་། ཁོག་འདི་ལྟར་ཡིན་གསུངས་ཏེ་འཇིགས་པ་འདུག །དེའི་རྗེས་རིན་པོ་ཆེ་པ་བྱོན་ནས། དེ་ལ་འཇིགས་རྒྱུ་མེད་འདི་བཞིན་དུ་སྒོམ་པ་ཡིན་གསུངས་ནས། སྒྲུབ་ཐབས་ཀྱི་ལུང་ཞིག་མཛད་གསུངས། གཤེད་དམར་གནས་གང་དུ་ཞལ་གཟིགས་ལགས་ཞུས་པས། གང་དུའང་མཐོང་གིན་འདུག་གསུངས། ཡང་མཁན་ཆེན་སྲེག་ཤིང་པ་བྲག་ཁུང་འོག་མར་བྱོན་དུས། ཁོང་ཞག་བདུན་དུ་སྐུ་ཚགས་མི་གཤིག་པར་ཡོད་ཟེར་བས་ལྟ་དགོས་སྙམ་པ་དང་། རྨི་ལམ་དུ་འདི་སངས་རྒྱས་དངོས་ཡིན་ཟེར་བའི་སྒྲ་ཞིག་བྱུང་བ་དང་། གཉིད་སད། ཡང་དངོས་སུ་ཡང་སྒྲ་དེ་ལན་གསུམ་བྱུང་སྟེ། དེ་ནས་ཅུང་ཟད་ན་རྨི་ལམ་བཟུང་ནས་ཁོང་ཅན་ཕྱིན་པས། དྲུང་ན་སྲོད་སྐྱེམས་ཀྱི་མར་མེ་ཞིག་འདུག །སྐུ་ཚགས་མ་བཤིག་པར་ཀྲོང་ངེར་རྣལ་དུ་སོང་འདུག་པ་ལ། ཕྱག་འཚལ་བྱིན་རླབས་ཞུས་པས། ཁོང་པ་ན་རེ། སློབ་དཔོན་༼དབོན་པོ་༽བྱོན་ཨ། ཁྱེད་བྱོན་པ་དེ་དགའ་གསུངས་ནས་བྱིན་རླབས་མཛད། གསུང་གླེང་ཞིག་བྱེད་དགོས་སྙམ་པ་ལ། མི་ཚོར་ནས། བླ་མ་ཁྱུང་པོ་བཞུགས་ཟེར་བ་ལ་མཇལ་དུ་ཕྱིན་པས། །སྤྱིལ་པོ་དཀར་པོ་ན་ཚོད་དེ་རྣལ་དུ་སོང་འདུག་ཅི་ཡང་མི་ཟེར། དེ་ནས་ཟམ་བུའི་བྱ་ཚང་མོ་ན་བུ་བལྟ་དགོས་སྙམ་ཆུ་བི་བི་མོ་ལ་རྒྱངས་ཏེ་མཚོངས་པས། ཐོར་མ་ཞིག་བྱད་ལ་བྱུང་ནས་གཉིད་སད་བྱུང་གསུངས། སང་མཁན་ཆེན་པ་ལ་ཇ་ཞལ་ལ་ཕྱིན་པས། ཁོང་གི་གསུང་ནས་སློབ་དཔོན་དབོན་པོ་མདང་བྱོན་པ་གསུངས། དེ་ནས་བཟུང་ནས་མོས་གུས་ཚུད་པ་བྱུང་གསུངས། དེ་ནས་དགེ་བཤེས་ཀུན་དགའ་སྐྱབས་ཀྱི་ཡིད་ལ། ཁ་སང་ནས་མ་བྱོན་པར་མདང་བྱོན་པ་དེ་ཇི་སྐད་ཟེར་སྙམ་པ་ཞིག་བྱུང་ལ། ཆོས་རྗེ་པའི་ཞལ་ནས། སྤྱིར་གྱིས་ཕྱག་དྲུག་པ་འཁོར་བཅས་ཀྱིས་བཀའ་བསྒོ་སྒྲུབ་ཅིང་། ཁྱད་པར་དུ་ཀྵེ་ཏྲ་པཱ་ལ་འདི་གོས་པུས་གོང་མ་གྱོན། ཕུ་ཐུང་ཅུང་ཟད་བརྗེས་ནས་རྒྱུན་དུ་རྩ་རུ་འོངས་ནས་དགེ་མི་དགེ་རྣམས་བཤད་ཀྱིན་འདུག་གསུངས། སྟོན་པ་སེང་གེ་དར་གྱིས། བླ་མ་འདི་གཉིས་ཀ་ལོག་པ་ཞིག་འདུག །དགེ་སྦྱོར་དང་ཅི་འདྲ་བྱེད་༼ཀྱིན་ཡོད་༽པ་ཡིན་ནམ་བྱས་པས། ཁོའི་སྣང་བ་ལ། མི་ནག་པོ་གཅིག་གིས་ལྕགས་ཀྱི་ཐུར་མ་ཞིག་ཁོའི་ལྕེ་སྟེང་དུ་བཙུགས་ནས། ལྐོག་མར་ཐལ་གྱིས་བརྒྱབ་བྱུང་བ་ལ། ངས་ཅི་ཉེས་བྱས་པས། ཁྱོད་སློབ་དཔོན་དབོན་སྟོན་ལ་ཁ་གཏོང་བ་ཅི་ཡིན་ཟེར་བྱུང་ངོ་གསུངས། ཡང་གཞན་ཞིག་ཏུ་འགྲོ་དགོས་པ་བྱུང་ནས། དབོན་སྟོན་དབང་རིན་གཟིམས་ཁང་སྲུང་དུ་བཅུག་པས། ཁོས་སྒོ་བསྡམས་ནས་ཚོམས་སུ་ཉལ་བས་གཉིད་དུ་སོང་བ་དང༌། ཀྵེ་ཏྲ་པཱ་ལ་བྱ་བ་འདིས་ཕྱི་རུ་བཏོན་ཏེ། གཉིད་སད་པ་དང་སྒོ་མ་ཕྱེ་བར་ལས་ཐེབས་ཆག་པ་བྱུང་འདུག་གསུངས། དེ་ལ་སོགས་པ་ཀྵེ་ཏྲ་པཱ་ལས་ཕྱི་རུ་བཏོན་པ་འགའ་ཡར་བྱུང་གདའོ། ཡང་གཟིམས་ཆུང་ན་ཐུགས་དམ་ལ་བཞུགས་པའི་ཚེ། མི་ཁ་ཅིག་སྨོན་ལམ་དི་རི་རི་འདོན་གིན་གྲགས་པ་ལ། ཀྵེ་ཏྲ་པཱ་ལ་དྲུང་ན་ཡོད་པ་དེ་ཁོག་སྟེ་ལངས་ནས་སོང་ནས། དེ་འདྲོག་ལ་ལོག་བྱུང་ནས། མི་རྣམས་ཀྱིས་ཁྱེད་ཀྱི་ཐུགས་དམ་བཅོག་པར་འདུག་ནས་ངས་སྒོ་བཅད་ཡོད་ཟེར་ཙ་ན། སྒོའི་ཡག་ཤིང་ནང་ནས་འབྱེད་དགོས་པ་ཞིག་ཡོད་པ་དེ། དང་པོ་མ་བཅད་པར་ཡོད་པས། དངོས་སུ་འབྱེད་དགོས་པ་བྱུང་གསུངས། དེ་ནས་གྲམ་དགའ་ལྡན་དུ་བཞུགས་དུས། འཁོར་བས་ཐུགས་སྐྱོ་བར་ཡོད༌པ་དེའི་ཚེ། རྣལ་ལམ་དུ་རིན་པོ་ཆེ་པ་ནམ་མཁའ་ལ་བྱོན་ནས། ཁྱོད་རང་དགེ་སྦྱོར་བྱིན་གྱིས་རློབ་པ་ཡིན་མོད་གསུང་བ་དང་། དེ་སོགས་སྔ་ཕྱིར་ཞལ་བྱོན་པ་མང་དུ་ཡོད་པ་རྣམས་ཡི་གེ་མང་བར་འཇིགས་པས་མ་བྲིས་སོ།
།ཡང་ཆུམས་ཀྱི་ཉུང་མ་རིར་བཞུགས་དུས་མཚན་མོ་ཇོ་བོ་གལ་ལྗང་གིས་བསྙེན་བཀུར་ཇི་ལྟར་བྱས་པ་དེ། ཉིན་མོ་ཡུལ་བ་རྣམས་ཀྱིས་བྱེད་ཀྱིན་འདུག་གསུངས། ཆོས་རྗེའི་ཞལ་ནས། ངས་མི་ཙམ་མེད་པའི་ཡུལ་རེར་ཕྱིན་ཡང་བསྙེན་བཀུར་བྱེད་པ་མང་པོ་ཡོང་གིན་འདུག་གསུངས། ཀྵེ་ཏྲ་པ་ལས་མི་རྣམས་རྒྱུད་སྐུལ་བ་ལགས་མོད་ཞུས་པས། དེ་ཡིན་པར་འདུག་གསུངས། ཡང་གུར་གར་དུ་བཞུགས་དུས། ༼འཁོར་བ་ལ་ཐུགས་སྐྱོ་བར་ཡོད་པའི་ཚེ།༽ རྣལ་ལམ་དུ་མཁས་གྲུབ་ཤངས་སྟོན་བྱོན་ནས་ཁྱོད་ཀྱི་འདི་ལ་མི་ཡོང་། སྒོམ་ཆེན་པ་བྱ་བ་མཚམས་དམ་པོ་དང་། སྔགས་འདྲེན་སྒྲ་བརྗོད་བྱེད་དགོས་པ་ཡིན། ད་མཚམས་གྱིས། འཆི་བའི་སྲོག་ངས་བསྐྱབས་ཡོན། དགེ་སྦྱོར་ལ་འབད་པ་ཐོན་གསུངས་ནས། སེམས་འཆི་མེད་ཚར་གཅིག་གསུངས། གཞན་ཡང་གཉིད་ཆེ་དུས་དགེ་སྦྱོར་ལ་སྐུལ་བ་དང་། གཞི་བདག་གིས་བསྙེན་བསྐུར་ཡང་ཡང་བྱེད་པ་དང་། རྣལ་ལམ་འཁོར་མར་ཟིན་ཅིང་། མི་མ་ཡིན་མང་པོས་མཇལ་འཕྲད་བྱེད་པ་དང༌། འོད་གསལ་གྱི་སྣང་བ་རྒྱ་ཆེན་པོ་དང༌། རྣལ་ལམ་བཟུང་ནས་ལྷ་ས་བསྐོར་བ་དང་། ཁྲིམས་དམག་ཡོང་གིན་ཡོད་ཟེར་ནས། ཡོང་གིན་འདུག་མི་འདུག་གཟིགས་པ་དང་། གླང་ཁང་རྣམས་དང་། སྔར་གྱི་བྲག་ཕུག་ཆེན་པོ་ཕྱིས་མི་རྙེད་པ་ཞིག་ཀྱང་གཏན་ལ་ཕེབས་པ་ལ་སོགས་གང་འདོད་འབྱུང་བས། གུར་གར་དུ་དགེ་སྦྱོར་ཤིན་ཏུ་འཕེལ་གསུངས། ཆོས་རྗེའི་གསུང་ནས་དབང་བསྐུར་ལ་སོགས་ལ་འགྲོ་དགོས་པ་བྱུང་དུས། ཡོན་བདག་དེའི་ནང་ན་དངོས་པོ་ཆ་རྐྱེན་འཛོམས་མི་འཛོམས་ལ་སོགས་པའི་རྨི་ལམ་བཟུང་ནས་ཡུལ་པ་དེ་དག་གཏན་ལ་ཕབ་གསུངས། ཡང་གོ་ཚང་དུ་རྒྱུད་སྡེ་ལྔའི་དབང་མཛད་དགོས་པའི་ནུབ་ཅིག །ཆོས་རྗེའི་སྟོན་པ་ཡིན་ཟེར་བའི་དགེ་༼བའི་༽བཤེས་གཉེན་གཅིག་དང་མཇལ། རྒྱུད་སྡེ་ལྔའི་དབང་བསྐུར་ཞུས། ཁོང་པས་རྒྱུད་སྡེ་ལྔའི་ཐང་སྐུ་གཅིག་དང༌། རྒྱུད་སྡེ་ལྔའི་གྲིབ་སེལ་ཡིན་ཟེར་བའི་དཔེ་གཅིག་གནང་ནས། འདིས་ཁྱོད་ལ་ཕན་ཐོགས་པར་འདུག་གིས་གསུངས། དེ་ནས་རྨི་ལམ་དུ་གོ་ཚང་གི་བྲག་འདི་ལ་སློང་སྤེལ་ཞིག་བྱ་དགོས་སྙམ་པ་དང༌། རིན་པོ་ཆེ་པ་ནམ་མཁའ་ལ་བྱོན་ནས། ཞི་བདེའི་སྤྱོད་པ་མ་བྱེད་པར། །ཅིར་སྣང་བླ་མར་ལམ་དུ་ཁྱེར། །མི་རྟག་བྱམས་དང་སྙིང་རྗེ་སྒོམས། །བུ་ཁྱོད་འཁོར་བའི་འཇིགས་ལས་སྒྲོལ། །ཅེས་གསུངས་སོ།
།དེ་ནས་ཡང་ཆོས་ཤིག་ཞུ་དགོས་སྙམ་ཙ་ན། ཡོས་འཐག་པ་ཡིས་རྐྱེན་བྱས་ནས་གཉིད་སད་གསུངས། ཡང་ཕྱག་རྒྱ་ཆེན་པོའི་ཁྲིད་བསྐྱངས་དུས། དཔག་ཤི་དགོས་པ་དར་ལ་ཞི་གནས་ཀྱི་ཉམས་འཁོར་མ་སད་པ་དང་། །དྲོད་ཆེན་པོ་སྐྱེས་པ་དང་། ངེད་ཀྱི་མཚམས་ལ་ཕན་པར་བྱུང་ཟེར་ནས་མོས་གུས་ཆེན་པོ་ཐོབ། དངུལ་གྱི་ཕུད་ཕོར་སོགས་ཕུལ་ལོ།
།ཡང་སྐུ་ལུངས་སུ་བྱོན་པ་དང༌། རིན་པོ་ཆེ་བློ་བཟང་པའི་གསུང་ནས། ད་ལོ་འདིར་ཁྱེད་ཀྱིས་ཁྲིད་ཅིག་སྐྱོངས་གསུངས་ནས། རྒྱུད་སྡེ་ལྔ་ལ་སོགས་པའི་ཐང་སྐུ་རྣམས་གནང་ནས། འདིས་ཁྱེད་ལ་ཕན་ཐོགས་པར་འདུག་གསུངས། དེ་ནས་མཁན་པོ་དོན་ཡོད་པས་གཙོ་མཛད་པའི་མི་བརྒྱ་ཙམ་ལ་ཁྲིད་ཕོག་པས། བདེ་དྲོད། སྒྱུ་མའི་ཉམས་། རྨི་ལམ་སྦྱོང་སྤེལ། ཡུལ་སྣང་ལ་སོགས་ཁྱད་འཕགས་འབྱུང་ཞིང་། ངེད་ལ་ཡང་དགེ་སྦྱོར་བོགས་ཆེན་པོ་བྱུང་སྟེ། སློབ་མ་རྣམས་དམ་ཚིག་གཙང་བ་ཡིན་པར་འདུག་གསུངས། གཞན་ཡང་འབྲམ་ཆུམས། དཀར་པོ་བྲག །གུར་ཕྱོགས། ཉུག །ཡོ་བྲོ་བོ་ལ་སོགས་པར་ཁྲིད་བསྐྱངས་པས། སློབ་བུ་རྣམས་ལ། ཉམས་རྟོགས་ཕུན་སུམ་ཚོགས་པ་འབྱུང་ཞིང་། ཁྱད་པར་བླ་མ་རིན་ཆེན་དཔལ་ལ་ཁྲིད་ཞུར་ཡོང་བའི་ལམ་དུའང་རྨི་ལམ་སོགས་ཟིན་པ་བྱུང་འདུག་སྟེ། རིན་པོ་ཆེ་མཁས་བཙུན་སངས་རྒྱས་ཀྱི་བྱིན་རླབས་སུ་འདུག་གསུངས། རྫོང་ཁ་བའི་དམག་དེ་ཡོང་བའི་གོང་དུ་ཆོས་སྐྱོང་གི་རྣམ་འཕྲུལ་ཆེན་པོ་བྱུང་བས། མཇལ་པ་རྣམས་ལ་ཆོས་སྐྱོང་གི་འཁོར་རྣམས་ཀྱིས་སྐྱིལ་གྱིས་ཟེར། ནང་རྟེན་སོགས་སྲེག་ཤིང་དུ་གདན་དྲོངས་གསུང་བའི་ཞལ་ཏ་ཡོད་པས་སྐྱེལ་བྱས་པས་ཉན་དུ་མ་འདོད། དེ་ནས་དབོན་པོ་ཟླ་བས་འགོ་བྱས་ཀྱི་དམག་ན་རེ། ཁྱེད་དཔོན་སློབ་ཀྱི་བླ་མ་ཡིན་ཨང་། ངེད་ཀྱི་དགྲ་ལ་ཁྱེད་ཀྱིས་གཉེན་ཟེར་ཏེ། གཟིམས་ཁང་ལ་མེ་བརྒྱབ། གཞན་རྣམས་སྒྱེལ། ང་ཡ་ཚད་ཁྲིད་པས། དེ་འདྲོག་ལ་སེར་བ་དྲག་པོ་ཞིག་བབས་པས། ཁོང་རྣམས་ན་རེ། སེར་བ་འདི་ཆོད། མི་གཅོད་ན་གསོད་པ་ཡིན་ཟེར་བས། ངས་འབྱུང་བ་མི་ཆོད། གསོད་ན་ཁྱེད་རང་རྣམས་དབང་ཆེ་བྱས་མ་ཐག་སེར་བ་ཆད་སོང་བས། ད་ཅི་རང་བྱས་ཏེ་ཟེར་ནས་བདེ་བར་བཏང་གསུངས། སྒྱུ་མ་རྨི་ལམ་གྱི་ཉམས་བཟང་པོ་འདིས། དམག་མི་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས་ཤིང་ཞེ་སྡང་མ་སྐྱེས་སོ། །དེ་ནས་ཆོས་སྐྱོང་གི་རྒྱུན་གཏོར་བཏང་ན་མ་བསད་ཀྱང་གནོད་པ་བྱུང་གིས་དོགས་ནས་གཏོར་མ་མ་བཏང་གསུངས། དེ་ནས་རིན་ཆེན་སྒང་ན་བཞུགས་དུས། ཨ་ཅ་ར་ལྟག་ལྟས་ཅན། གོས་པུས་གོང་མ་གྱོན་པ་གཅིག་མངོན་སུམ་དུ་བྱོན་ནས། འོ་སྐོལ་ལ་གནོད་པ་བྱས་པས་ངས་བསད་པ་ཡིན་ཟེར་ཏེ། དབོན་པོ་ཟླ་བས་འགོ་བྱས་མི་མགོ་བཞི་བཤར་ཟེར་བསྐྱུར་བྱུང་བས་ང་རང་ཡང་སྐྲག་ནས་སྟན་ཐོག་ནས་འཕར་བྱུང༌། དེ་ནས་རྨི་ལམ་དུ། བུད་མེད་དམར་མོ་གཅིག་ན་རེ། ད་ལོ་དབང་དང་ཁྲིད་སོགས་གྱིས། ཆོས་སྐྱོང་ལ་ཡང་གཏོར་མ་ཐོང་ཟེར་ནས། སྲེག་ཤིང་དུ་དགེས་རྡོར་ལ་སོགས༌པ་མཛད་གསུངས། ཡང་དཀར་པོ་བྲག་རུ་བཞུགས་དུས། སྲོད་ལ་རྣལ་ཟི་ཟིའི་དུས་སུ་མི་ནག་པོ་ཞིག་བྱུང་སྟེ། ལས་སྒྲུབ་འོངས་དུས་བཀྲེས་པོ་འདུག་གཏོར་མ་རེ་ཙམ་ཡང་སྦྱིན་ཟེར་བྱུང་བས། གཏོར་སྒྲུབ་ཟླ་གཅིག་མཛད་དོ།
།དེ་ནས་ཁོང་ལམ་དུ་བཞུགས་དུས་ཡང་མི་ནག་པོ་གཅིག་གིས་མང་པོའི་མགོ་ལག་ཁྱེར་བྱུང་བས། ཁྱེད་རྣམས་མི་གསོད་ན་ང་གཏོར་མ་མི་གཏོང་བྱས་ནས་གཏོར་མ་ཞག་མང་པོ་མ་བཏང་གསུངས། དེ་ནས་ཡང་སྔར་བཞིན་བྱུང་ནས་གཏོར་སྒྲུབ་མཛད་དོ།
།དེའང་ལས་མྱུར་པོར་བསྒྲུབས་འོངས་དུས། གདོང་པ་དམར་ཆིལ་བྱས་ནས་ཡུས་དང་བཅས་ནས། ལས་ཅུང་ཟད་རེ་མ་བྱས་ན་ངོ་མི་སྟོན་པ་བཞིན་བྱས་ནས་འོང་གིན་འདུག །གང་ལྟར་ཡང་ལོག་འགྲོ་དུས་རྒྱབ་མི་སྟོན་པར། ཟུར་འགྲོས་བྱེད་ཅིང་ཐག་རིང་ཚད་སླེབས་པ་དང་། མི་སྣང་བར་འགྲོ་ཡིན་འདུག་གསུངས། དེ་ལྟར་བདག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ་འདིས་སྐུལ་རྦད་ལ་སོགས་པ་ཅུང་ཟད་ཀྱང་མི་མཛད་ནུའང་། ཆོས་སྐྱོང་ལ་མངའ་མཉེས་པ་འི་རྟགས་ནི། དཔོན་ཤག་གིས་ཆོས་རྗེ་ལ་རྡོ་བསྣུན་པས་དེ་མ་ཐག་སྲན་ཞུགས་ནས་ཤི་བ་དང་། བཀྲ་ཤིས་མགོན་ལ་སོགས་པས་དགོན་པའི་ཞབས་ནས་ཕྱི་ཚང་བཏོན་པས། མི་འཚམ་པ་དུ་མ་བྱུང་བ་དང་། རྐུན་མ་གཉིས་ཀྱིས་མགོན་གཡག་བརྐུས་ཏེ་མི་ཤངས་ཆུ་ལ་གཉིས་པོས་ཞོན་ཏེ་བརྒལ་བས། གཡག་གིས་ཆུ་ལ་དྲིམས་ཏེ་ཤི་བ་དང་། རྐུན་མ་བཞིས་ཁོང་ལམ་ནས་ཕྱུགས་དེད་པ་ཆོས་རྗེས་གཟིགས་པས། དེ་མ་ཐག་ཁོང་བཞི་ཕྱིན་པ་རེངས་ནས་འགྲོ་མི་ཤེས་པ་བྱུང་ཞིང་ཟླ་གཅིག་ནས་ཤི་བ་ལ་སོགས་པ་བརྗོད་ལས་འདས་སོ། །ཆོས་རྗེའི་གསུང་ནས། དམག་དེའི་གྲིབ་ཀྱིས་རྨི་ལམ་གྱི་སྟོབས་ཆེན་པོ་དེ་ཟླ་བ་མང་པོའི་བར་དུ་འགྲིབས་ནའང་། ཕྱིས་སོར་ཆུད་ནས། སྦྱོང་སྤེལ་དང་། ཞིང་ཁམས་མང་པོར་སངས་རྒྱས་མང་པོ་ལ་ཆོས་ཞུ་བ་ལ་སོགས་ཡུལ་སྣང་རྩོལ་མེད་དུ་འགྲུབ་གསུང་ངོ་།
།དེ་ནས་ཞོང་ཞོང་སྐུ་འབུམ་གྱི་ཞིག་གསོས་དང་། རྫ་སོ་འགྱེལ་བའི་ཚེ། ཕ་ཇོ་ལུག་སྐྱེས་ཀྱི་རྨི་ལམ་དུ། བུད་མེད་དང༌། ཁྱད་པར་མི་ཉག་མང་པོ་བླ་མ་འཇག་པའི་རྫ་སྐྱེད་པ་ཡིན་ཟེར་ནས། རྫ་མང་པོ་སྐྱེད་ཅིང་དེའི་ཁ་ཏ་བུད་མེད་སྔོ་སངས་མ་ཆེན་མོ་ཞིག་གིས་བྱེད་ཀྱིན་གདའ། བདག་ལ་རྫ་རྨི་ཐབས་མེད་པས། དྲུང་ནས་སྐུ་རིམས་ཤིག་སྒྲུབ་འཚལ་པར་གདའ་ཞུས་པས། སྐུ་འབུམ་གྱི་ཞིག་གསོས་བྱེད་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་གིས་བྱེད་པ་ཡིན་མོད་བྱས་གསུང་ངོ་། །དེ་ནས་ཞིག་གསོས་ཚར་དུས་ཐུགས་དགོངས་ལ་དངོས་པོ་ལམ་མེ་བ་ཞིག་ཡོད་ན་རབ་གནས་ལ་མཁན་ཆེན་པ་གདན་འདྲེན་པ་ཡིན་ཏེ་སྙམ་པ་ཞིག་བྱུང་བ་དང༌། རིན་པོ་ཆེ་པ་མངོན་སུམ་དུ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རབ་གནས་ངས་བྱས་པས་ཆོག་གསུངས་ནས། དེ་འདྲོག་མཆོད་པ་བཤུམས་ནས་མེ་ཏོག་གཏོར་གསུངས། གཞན་ཡང་རིན་པོ་ཆེ་པས་གཙོ་མཛད་པའི་བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད་པའི་ཕྱིར། ཕྱག་ཏུ་བྱུང་བའི་རྫས་རྣམས་ཀྱང་། ས་སྐྱ་དང་སྣར་ཐང་རྣམས་སུ་མང་ཇ་རེ་འདྲེན་དང་། ཁྱད་པར་སྲེག་ཤིང་དང་འཇག་ཏུ་ཚ་བ་དང་། མཆོད་པ། འབུལ་འགྱེད་སོགས་ཡང་ཡང་མཛད་པ་ཉིད་དོ། །དེ་ནས་ཡོ་བྲོ་བར་བྱོན་ཏེ། ཁྲིད་བསྐྱངས་ཤིང་། ཁྲིད་པ་རྣམས་ཀྱི་སྤྱོད་པ་འགའ་རེ་མཁྱེན། དེ་ནས་ལྷ་བཞུག་ཏུ་བྱོན་དུས། ཕག་ལ་སོགས་ཀྱི་བུ། ཕོ་མཆིན་པ་ན་བ་ཁ་བྱིན་རླབས་མཛད་པས་ཕན་ཞིང་ཁོ་མོས་པར་གྱུར་ཏོ། དེ་ལ་སོགས་པ་ནད་པ་ལ་བྱིན་རླབས་མཛད་པས་ཕན་པ་ཤིན་ཏུ་མང་ངོ༌།
།དེ་ནས་བདག་ལ་མཛོ་ཁལ་ར་ལ་གཏད་དེ། རྟེན་དང་ཕྱག་རྫས་ཀྱི་དངོས་པོ་ངོ་མཚར་བ་རྣམས་གནང་ཞིང་རྒྱལ་ཚབ་ཏུ་བསྐོས༌ཏེ། ནང་དུ་ཐུགས་དམ་ཟབ་མོ་ལ་བཞུགས་ཤིང་། རྩོལ་བ་མི་མངའ་བའི་ངང་ནས་ཕྱི་རུ་ཕྱོགས་རིས་ནས་བྱོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པའི་དོན་གཉེར་རྣམས་ལ་དབང་བཀའ་དང་། ཁྲིད་བཀའ་ལ་སོགས་པ་གང་ལ་གང་འཚམ་པའི་ཆོས་གསུང་པའི་སྐབས་ཤིག་ཏུ་རྣམ་རྒྱལ་རྩེར་བྱོན་ཏེ། དབང་པ་དང་བདག་མོ་བ་ལ་སོགས་ལ་ཁྲིད་གསུངས་པས། རྟོགས་པ་ཁྱད་པར་ཅན་འཁྲུངས་ཤིང་། གཟིམས་གཡོག་པས་ཁྲིད༌ཀྱི་བར་ལ་རྩེད་མོ་བྱས་པ་ཡང་མཁྱེན་ཏེ། དེ་ནས་ཉུག་ཏུ་བྱོན་ཏེ། སི་དུ་བ་ཡབ་ཡུམ་ལ་སོགས་ལ་གཤེད་དམར་སོགས་མཛོད་ནས། བཙུན་གྲོང་དང་། སྣ་དཀར་དུ་ཞག་རེ་རེ་བཞུགས་པར་ཞུས་པས། ཆུ་སྐྱེ་བར་འདུག་མི་སྡོད་གསུངས་ནས། དུལ་དུ་ཕེབས་པའི་ནུབ་མོ་ཆུ་དམར་ལོང་ལ་སྐྱེས་བྱུང་བ་དང་། ཁ་རྩང་བུད་མེད་དམར་མོ་གཅིག་བྱུང་ནས། ཆུ་སྐྱེ་བར་འདུག །ད་ལྟ་རང་རྒྱུག་ཟེར། ང་བདེན་པ་ཨེ་འདུག་གསུངས། དེའི་དབྱར་གྲམ་དུ་བཞུགས་ནས་ཆོས་དྲུག་སོགས་གསུངས་སོ། །དེ་ནས་རིན་ཆེན་རྩེར་དུ་དབེན་ཤོ་རྒྱལ་མཚན་སྐྱེས་ལ་ཁྲིད་གསུངས་དུས། ཁོང་གི་རྟོག་པ་འགྱུས་ཚད་ཆོས་རྗེས་མཁྱེན། ཆོས་ཟབ་དུས་སུ་རྟོག་པ་གཞན་བཀའ་ནས་སྒོམས་འཚལ་གསུངས་པས། ཁོང་དད་ནས་རྨི་ལམ་སྦྱོང་སྤེལ་དང་། ཁྱད་པར་འཕོ་བ་འབྱོངས་ཤིང་། ཤངས་ཕུ་མདའི་ཁྲི་ར་ལ་སོགས་པ་ཕུལ་ཏེ། དགེ་བ་ལ་བརྩོན་པར་གྱུར་ཏེ། དེ་ནས་སློབ་བུ་བཅུ་སུམ་ལ་འཁྲུལ་གཅོད་ཀྱི་བཀའ་མཛད་དུས། ལ་ལས་ལུས་ཀྱི་གར། ལ་ལས་ངག་གིས་སཾསྐྲྀ་ཏའི་སྐད་སྨྲ་བ་༼ལ་སོགས་པ་༽བྱུང་ཞིང་། འཁྲུལ་གཅོད་ཀྱི་བཀའ་འདི་བྱིན་རླབས་ཆེ་བ་འདུག་གསུངས། དེ་རྗེས་ཕྱག་ཆེན་གྱི་ཁྲིད་བཏབ་པས་སྒོམ་ལོ་ལེགས་སོ། །དེ་ནས་དཔོན་མོ་སངས་རྒྱས་འབུམ་ན་ནས་འཆི་བ་ལ་ཐུག་བྱུང་དུས། ཆོས་རྗེ་གདན་དྲངས་ཏེ། གཤེད་དམར་གྱི་དབང་མཛད་པའི་ཚེ། དྲུང་དུ། དུ་དབེན་ཤོས་ནད་མ་འདི་མི་གསོན་པོར་གདའ། མར་གཅིག་སྒྲུབས་ན་དྲུག་གམ་ཞུས་པས། ཆོས་རྗེས་བན་ཆེན་གྱིས་གནོད་གྱིན་འདུག་སྟེ་ངམ་འཇིགས་བྱེད་དུ་སྤྲུལ་ནས་བཏུལ་ཡོད། ད་མི་སྐྱོན་པར་ཡོད་གསུང༌བ་བཞིན་བྱུང་ངོ༌། །ཡང་དུ་དབེན་ཤོ་འཆི་བ་ལ་བཏུགས་ཏེ་ཁ་ཆེམས་དྲིས་ནས་ཆོས་རྗེ་གདན་དྲངས་པས། དྲུང་ནས་སྲུང་སྐུད་དང་གསོལ་རས་ལ་སོགས་བསྐུར་ཞིང་མི་སྐྱོན་པར་འདུག་གསུངས་ནས། མ་བྱོན་པས། ཁོང་ཁམས་འདུས་ནས། སྲུང་སྐུད་མི་དགོས། ང་འཆི་བའི་སྲོག་ནས་ཁོང་གིས་མི་ཟིན། ཤངས་ལུང་པར་ཡོང་ནས་གློ་སྙིང་བྲང་གསུམ་ཁོང་ལ་གཏད་ཅིང་། བླ་མ་ཡིན་པས་དམིགས་པ་ཞིག་གསོ་པ་དང་། བྱིན་རླབས་ཤིག་མཛད་པ་ལ་འབྱོན་མི་དགོས་སམ་ཟེར་ནས་བསྐྱར་མས་གདན་དྲངས་ཏེ། ཕེབས་དུས་ཀྱང་ཡུས་དང་བཅས་ཏེ་༼གོང་བཞིན་༽ཞུ་ཡིན་འདུག །ཆོས་རྗེས་གཤེད་དམར་གྱི་དབང་མཛད་ནས། མོ་འདྲེ་བཞིན་གནོད་ཀྱིན་འདུག་པ་ངས་བཏུལ་ཡོད། མི་སྐྱོན་པར་འདུག་གསུང་བ་བཞིན་བྱུང་ངོ་།
།ཡང་འདོག་གཅོད་དཔོན་དགེ་ན་ནས། ཆོས་རྗེས་གདན་འདྲེན་སླེབས་པའི་ནུབ་མོ། ༼ཁོང་ལ་༽གཅོད་པའི་བཙན་ཞིག་གིས་བསུ་བ་དང་བསྙེན་བཀུར་བྱས། མར་ཕེབས་དུས་ཁོང་མལ་ན་ཚུད་ནས་ལབ་བཤའ་མ་མི་ཤེས་ཤིང་། འཁོར་རྣམས་ཀྱང་ཡིད་ཁོང་དུ་ཚུད་ནས་འདུག་ནའང་། ཆོས་རྗེས་གཤེད་དམར་གྱི་དབང་མཛད་པས་འབྱོན་དུས་སྐྱེལ་ཐུང་བྱེད་པ་བྱུང་ངོ་། །དེ་བཞིན་དུ་དཔོན་དཔལ་ལ་སོགས་པའི་ནད་པ་འཆི་ངེས་པ་དང་། དཔོན་མོ་ཞི་བ་རྡོ་རྗེ་ལ་སོགས་པའི་སྙིང་དུ་འདྲེ་ཞུགས་པ་ལ། ཆོས་རྗེས་དབང་བྱིན་རླབས་ཐེངས་རེ་མཛད་པས་ནད་གདོན་ལས་གྲོལ་བ་བསམ་གྱིས་མི་ཁྱབ་བོ། ཡང་ལོ་ཙཱ་བ་དོན་བཟང་ཁྲིད་གསན་དུས། ཁོང་གིས་འདུལ་བའི་གཞུང་བསྐྱངས་པ། ཆོས་རྗེས་མཁྱེན་ནས། ཁྱེད་གཤེར་བའི་དཔེ་ཆ་དེ་ཅི་ཡིན་གསུངས་པས། ཁོང་སྐྱེངས་ཏེ་ཆོས་རྗེ་རིན་པོ་ཆེ་འདི་ལ་ཐུགས་ཤེས་ཐོགས་མེད་དུ་མངའ་འདུག་སྙམ་ནས་དད་གུས་ཆེན་པོ་ཐོབ་ཏེ་རྟོགས་པ་ཁྱད་པར་ཅན་འཁྲུངས་སོ། །དེ་ལ་སོགས་པ་ཆོས་རྗེས་སྔ་ཕྱིར་མཁྱེན་པ་དང་གཟིགས་པ་ནི། སྟོན་པ་དཔལ་འབྱོར་གྱིས་ཆོས་ཁྲིམས་པ་བྱུང་གི་དོགས་ནས་མལ་སའི་གསེབ་ཏུ་རན་མ་སྦས་བ་དང༌། ཁ་ཅིག་གིས་མི་ཚངས་པར་སྤྱད་པ་དང་། སྲོག་ཤིང་མཁན་པོས་ཁྲིད་ཀྱི་བར་ལ་དཔེ་བྲིས་པོ་དང་། རྡོ་རྗེ་བཟང་པོས་སྒོམ་ཁང་དུ་མགོ་བོ་སྟན་ལ་བཙུགས་པ་སོགས་ཀྱི་རྩེད་མོ་བྱས་པ་སོགས་མང་དུ་མཁྱེན་ནོ། །སྲེག་ཤིང་མཁན་པོ་སྐུ་གཤེགས་ཁར་སེང་གེ་དཀར་མོ་ལ་ཆིབས། རབ་ཏུ་བྱུང་བ་མང་པོའི་འཁོར་གྱིས་བསྐོར་ནས། ང་ནུབ་བདེ་བ་ཅན་དུ་རིན་པོ་ཆེའི་དྲུང་དུ་འགྲོ། ཁྱེད་རང་ཡང་འདེང་གསུངས། བདག་ཅག་ལོ་འགའ་མི་འགྲོ་བྱས་གསུངས། རིན་པོ་ཆེ་བློ་བཟང་བའི་དྲུང་དུ་བྱོན་ནས་གོང་བཞིན་གསུངས་པ་དང༌། བླ་མ་ཁྱུང་པོ་བ་རྟ་སྔོན་པོ་ལ་ཆིབས། དེའི་རྐང་ལག་བཞི་ནས་བུད་མེད་སྔོ་སངས་མ་བཞིས་བཏེགས་ནས་གཡུ་ལོ་བཀོད་པར་འགྲོ་གསུང་བ་ལ་སོགས་གཟིགས་སོ། །ཆོས་རྗེའི་ཞལ་ནས། མཚན་མོ་རྨི་ལམ་གྱི་སྟོབས་ཇི་ལྟར་རྒྱ་ཆེ་ཞིང་། ཉིན་མོ་ཡུལ་སྣང་རྒྱ་ཆེ་བར་འདུག་གསུངས། དེ་ནས་ཡང་རྫོང་ཁ་བས་གདན་འདྲེན་ཟེར་བྱུང་དུས། སློབ་དཔོན་ཀུན་རིན་གྱི་རྨི་ལམ་དུ། མི་ནག་པོ་ཐུ་བ་གཉིས་བརྫེས་པ་གཅིག་བྱུང་སྟེ། ངས་དྲུང་བ་རྫོང་ཁ་བས་གདན་ཨེ་འདྲེན་བལྟར་ཕྱིན་ཏེ། རྫོང་པས་གདན་མི་འདྲེན་པར། མཐོང་སྨོན་པས་གདན་འདྲེན་པར་ཡོད་ཅིང་། བཞུགས་ས་དགོན་ཁང་སྟེང་དུ་བྱེད་པ་ཡོད་ཟེར་བ་ཞིག་བྱུང་ནས། དྲུང་དུ་ཞུས་པས། ཆོས་སྐྱོང་གི་འཁོར་ཡིན། ང་ཅན་དུ་ཡོང་བ་ཞིག་ཡིན། ཁྱོད་ཟེར་བ་བཞིན་ཡོང་བར་འདུག་གསུང་ཞིང་དེ་བཞིན་བྱུང་ངོ་། །ཡང་དཔོན་ལེགས་ལྡན་པའི་ཆུ་སྐོར་གྱི་རབ་གནས་ལ་སང་འབྱོན་པའི་དེ་ནུབ། རྣལ་ལམ་བཟུང་ནས་མེ་ཏོག་གཏོར་ཞིང༌། སང་དངོས་སུ་མཛད་ན་བཀྲ་ཤིས་པར་འགྱུར་ཞིང་། དེ་བཞིན་དུ་མགྲོན་ཁང་ལ་སོགས་པ་ལ་ཆོས་རྗེས་རབ་གནས་༼མཛད་པས།༽ བཀྲ་ཤིས་པ་རྣམས་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་འདི་ལགས་སོ། །ཡང་རྟོགས་ལྡན་དཀར་པོས་ཁྲིད་ཞུས་དུས། ཁོང་གིས་རྨི་ལམ་བཟུང་ནས་ཡོང་པ་མཁྱེན་ཏེ། མདང་ཁྱེད་ཀྱིས་ཡོང་དུས་ཀྱི་སྤོས་དྲི་ཞིམ་པོ་དེ་གང་ནས་བྱུང་གསུངས་པས། ང་ལ་འབུལ་རྒྱུ་མི་འདུག །ཁྱེད་རང་ལ་བུད་མེད་རུས་རྒྱན་ཅན་མང་པོས་འབུལ་གྱིན་འདུག་ཟེར། གཞན་ཡང་དུས་བཟང་དང༌། སྦྱིན་བདག་དད་པ་ཅན་གྱིས་མཆོད་པ་འདྲེན་དུས། སྤོས་དྲི་ཞིམ་པོ་ཁྱད་པར་ཅན་རེ་ཡང་ཡང་འབྱུང་བར་གདའོ།
།དེ་ནས་ཆེན་པོ་རིན་རྒྱལ་བས་གདན་དྲངས་ཏེ། དབང་བསྐུར་མཛད་པའི་ཚེ། རྟ་ནག་ཏུ་ཁོང་གིས་མི་བཅུ་གཅིག་བསད་ཟེར་ནས་དྲུང་དུ་ཐུགས་དམ་ལ་འདོགས་པ་ཞུ་དུས། གཤིན་པོ་རྣམས་དྲུང་དུ་བྱུང་ལགས་སམ་ཞུས་པས། བདུན་བྱུང་། བཞི་ཤི་བ་མི་འདུག་གསུང་བ་བཞིན་བྱུང་བས། ཆེན་པོ་བ་ན་རེ། ཕྱི་མའི་ཡར་འདྲེན་དང་། གཤིན་པོའི་ར་མདའ་ལ་བླ་མ་འདི་ལྟ་བུ་ཞིག་དགོས་པ་འདུག་ཟེར་ནས་མོས་གུས་ཆེན་པོ་ཐོབ་བོ། །ཡང་ཁོང་གི་སྲས་ཆུང་མ་གཅིག་ལ་གདོན་ཁ་ཟུག་ནས་གཞིས་ཁར་གསོས་པ་མེད་པ་ལ། ཆོས་རྗེ་གདན་དྲངས་ནས་གཤེད་དམར་ལ་སོགས་པའི་དབང་ཞུས་པས། གདོན་ལས་གྲོལ་ལོ། །ངས་ཁོང་ཅན་ཕྱིན་དུས། ཆང་ཉེས་པ་ཐམས་ཅད་ལ་བྱིན་རླབས་བྱས་པས་ཁུགས་བྱུང་སྟེ། ང་ནུས་པ་ཁྱད་པར་ཅན་ཡིན་གསུང་ངོ༌། །དེ་ལ་སོགས་ཆང་ཉེས་པར་བྱིན་རླབས་བྱས་པས་ཁུགས་པ་ཡང་མང་ངོ་། །ཡང་ཆོས་རྗེའི་ཞལ་ནས། ངས་བྱིན་རླབས་དབང་བསྐུར་བྱས་པ་ལ་བར་ཆད་དང་གྲིབ་ལ་སོགས་པ་ཡོང་མ་མྱོང་ཞིང་། གཞན་ལ་ཚེ་དབང་བྱས་ན་ང་རང་ལ་ཚེ་འཕེལ་བའི་ལྟས་རེ་ཡོང་གསུང་ངོ་། །ཡང་ཞོང་ཞོང་གི་གདུགས་ལ་སོགས་པ་མཆོད་པ་ལ་ཆོས་རྗེ་སང་འབྱོན་པའི་དི་རིང་། བླ་མ་རྒྱ་པ་བལ་ཐོད་དུ་ཕྱིན་ནས་གདོང་ནག་ན་ཡར་སླེབས་པ་དང་། འབུམ་པ་ལ་མི་མང་པོས་སྐོར་བ་དང་། གདོད་ནས། རྣམ་དག་གི་གསོལ་འདེབས་དི་རི་རི་བྱེད་ཅིང་། ཁྲོམ་མར་མེར་རེ་འདུག་པས། ཁོང་གི་ཡིད་ལ་འཇག་པ་རྣལས་སང་འབྱོན་ཟེར་བས། དི་རིང་ཕེབས་པ་ཡིན་པར་འདུག་སྟེ། མི་མང་སྙམ་ནས་ཞོང་ཞོང་དུས་སླེབས་དུས་གར་སོང་ཆ་མེད་ལ་སོང་འདུག་ཟེར། ཡང་ཆོས་རྗེའི་ཞལ་ནས། བླ་མ་སྒྲུབ་པ་པོ་བསོད་ནམས་བཟང་པོ་ཡོང་དུས་ཀྵེ་ཏྲ་པཱ་ལའི་གཡོག་གནོད་སྦྱིན་ཞིག་ཡོད་པ་བྱུང་ནས། ངས་བསུང་ཕྱིན་པ་ཡིན། ལམ་དུ་ཅི་ཡང་མི་ཡོང་བ་ཡོད་ཟེར། སྒྲུབ་པ་པོ་དེ་དད་གུས་ཅན་ཞིག་འདུག །ཁོང་ཡོད་ཀྱི་བར་ལ་ང་ཁམས་བདེ་ཞིང་། རིག་པ་དངས་པས། དགེ་སྦྱོར་གྱི་སྣང་བ་འགའ་ཞིག་བྱུང་གསུངས། དེ་ནས་རྣམ་རྒྱལ་རྩེར་གདན་དྲངས་དུས། རྩེ་ཆུ་གྱོངས་བ་པ་དེས་ཆོས་ལུང་དུ་བཞུགས་མཛད་པས། ཇོ་བོ་གྲོགས་མཆོག་རྟ་པ་དམར་པོ་བདུན་དངོས་སུ་བྱུང་ནས། རྩེར་འབྱོན་པར་ཞུ། ཆུའི་ཞབས་ཏོག་བདག་གིས་བྱེད་པ་ལགས་ཟེར་ནས། རྩེར་བྱོན། དབང་རྒྱུད་སྡེ་ལྔ་ལ་སོགས་པ་མཛད་ནས། ཕུར་ཤར་ལ་འབྱོན་དུས། རྒྱལ་པོ་བཙན་གྱི་ཚ་བོ་ལོ་ལྔ་ལོན་པ་གཅིག་གིས། སྔར་ཆོས་རྗེ་པ་མ་མཐོང་ཡང་། སོ་སོའི་བླ་མ་འབྱོན་གྱིན་འདུག །དེའི་སྔོན་ལ་དབོན་པོ་སྟོན་པ་སྐྱེར་སྒང་པ་ཡིན་ཟེར་བ་ཞིག་འབྱོན་གྱིན་འདུག་ཟེར། མར་ལམ་ཁོང་ཅན་གདན་དྲངས་དུས། གཞན་ཞུ་མཁན་མེད་ཀྱང་། བཞུགས་གདན་ལ་ཕེབས་མ་ཁད། བྱིས་པ་དེ་ལ་ཁྱོད་ཀྱིས་དབོན་སྟོན་སྐྱེར་སྒང་པ་མཐོང་ངམ། དེའི་སྔོན་ལ་ཨ་ཙ་ར་བདུན་ཡོད་པ་ཁྱོད་ཀྱིས་མ་མཐོང་བ་འདུག་པ་སོགས་གསུངས་ཟེར། དེ་ནས་དབང་པོ་སོགས་ཀྱིས་སྐྱེལ་ཐུང་མཛད་དུས། སྤྱན་ནམ་མཁའ་ལ་གཟིགས་ནས་དེ་རིང་ཉི་མ་དྲོ། ཨ་ཙ་ར་རྣམས་མ་བྱུང་། ཁོང་རྣམས་ཡོང་དུས་རྡུལ་ཚུབ་རེ་ཡོང་གིན་ཡོད་གསུངས་ཟེར། དེ་ནས་མཐོང་སྨོན་རྩེར་བྱོན་ནས། སི་ཏུ་བ་ལ་སོགས་ལ་གྲུབ་རྒྱལ་མ་ལ་སོགས་པའི་དབང་མཛད། དེའི་གཞི་བདག་ཕོ་མོ་གཉིས་འདུག་པ་ཕྱག་བྱེད་དུ་བྱུང༌། དེ་ནས་གྲམ་དུ་བྱོན་ནས་བཞུགས་དུས། གུར་ཕྱོགས་སུ་ཤཱཀྱ་བཤེས་གཉེན་འདས་པའི་ཆོ་ག་ནར་མ་མཛད་པའི་ཚེ། ཆུམས་ལྷ་སྡིངས་པས་གདན་དྲངས་ཏེ། འཇིགས་བྱེད་ཀྱི་དབང་སོགས་མཛད་དུས། ཇོ་བོ་གལ་ལྗང་ཕྱག་དང་གུས་པ་བྱེད་ཀྱིན་གདའ་གསུངས། དེ་ནས་དཔལ་རྫོང་དཔོན་གྲུབ་ཀྱིས་གདན་དྲངས་ཀྱང་མ་འདྲོངས་པར། མྱུར་དུ་གྲམ་དུ་བྱོན་ནས་ཕེབས་དུས་ཤཱཀྱ་བཤེས་གཉེན་ཁོ་གོས་ཧྲུལ་ལེ་བ་ཞིག་གྱོན་བྱུང༌། དེ་ནུབ་ཁོའི་བདུན་ཚིགས་ལ་ཆོ་ག་ཞིག་བྱེད་དགོས་པས་མྱུར་པོར་ཡོང་པ་ཡིན་གསུངས། དེ་ནས་དགོན་པར་བྱོན་དུས། ཆུ་སྐྱེས་ཨེ་འདུག་ཡང་ཡང་གསུངས། དགོན་པར་ཕེབས་དུས། མཐོང་སྨོན་པ་ཟླ་ཕྱེད་བཞུགས་པར་ཞུས་པས་མ་གསན་པ་ཅི་ལགས་ཞུས་པས། ནུབ་ཅིག་ཀྵེ་ཏྲ་པཱ་ལ་བྱུང་ནས། མ་བདེ་བ་ཡོང་པར་ཡོད་མྱུར་དུ་རྒྱུག་ཟེར། མི་བདེ་བ་ཁོ་པས་མི་མང་པོ་གསར་པ་དེའི་གྲིབ་བྱུང་གིས་དོགས་པར་འདུག་གསུངས། གྲམ་ནས་བྱོན་དུས། ཆུ་སྐྱེས་ཨེ་འདུག་ཡང་ཡང་ལྟོས་གསུངས་པ་དེ་ཅི་ལགས་ཞུས་པས། ནུབ་ཅིག་ཀྵེ་ཏྲ་པཱ་ལ་ལན་གསུམ་བྱུང་ནས། ཆུ་སྐྱེས་འོང་བར་ཡོད་མྱུར་དུ་རྒྱུག་ཟེར་གསུང་ངོ༌། །དེ་ནས་སློབ་དཔོན་ཆོས་མགོན་པ་སོགས་ལ་ཁྲིད་གསུང་དུས། ཆོས་རྗེའི་ཞལ་ནས། ངས་རྨི་ལམ་བཟུང་ནས་ཁྲིད་པ་རྣམས་བལྟར་ཕྱིན་པས། དགེ་བཤེས་རྡོར་རྒྱལ་གྱིས་ཚོར་འདུག །གཞན་སུས་ཀྱང་མ་རིག་གདའ། སློབ་དཔོན་ཆོས་མགོན་དེའང་ཕར་ཕྱིན་དང་། དུས་འཁོར་ལ་སོགས་པའི་བསམ་བློ་མིན་པ་སྒོམ་གཅིག་ཀྱང་མི་བྱེད་པར་འདུག །འདུན་པའི་སྐབས་མིན་པ་རྨི་ལམ་ཡང་མི་ཟིན་པར་འདུག །སྤྱིར་ཡང་མི་མཁས་པ་ཕལ་ཆེ་བ་དྲེགས་པས་བཅིངས་ནས་དགེ་སྦྱོར་དཀའ་བར་གདའ་གསུངས། ཡང་ད་ལོའང་དམག་ཅིག་ཡོང་པར་གདའ་གསུང་བ་བཞིན་བྱུང་ངོ་།
།དེ་ནས་དཔོན་དཔལ་སྙིང་ལ་སོགས་པ་འདས་པའི་ཐུགས་དམ་མཛད་པའི་ཚེ། དཔོན་དཔལ་སྙིང་དེ་ཡང་གཞོན་པ་ལ་ཤི་བ་སྙིང་རེ་རྗེ་སྙམ་པ་ཞིག་ལ་རྟོག་པ་འཕྲོས་ནས་སྙིང་རྗེ་དྲག་པོ་སྐྱེས་ནས་མཆི་མ་མང་པོ་བྱུང་གསུང་ངོ༌། །དཔོན་དཔལ་སྙིང་དེ་ཡང་གཞོན་པ་ལ་ཤི་བ་སྙིང་རེ་རྗེ་སྙམ་པ་ཞིག་ལ་རྟོག་པ་འཕྲོས་ནས་སྙིང་རྗེ་དྲག་པོ་སྐྱེས་ནས་མཆི་མ་མང་པོ་ཤོར་གསུང་ངོ༌། །དཔོན་དཔལ་སྙིང་དྲུང་དུ་བྱུང་ལགས་སམ་ཞུས་པས། ངོ་ནོང་ངེ་བ་ཞིག་བྱས་ནས་བྱུང་ཞིང་། གཞན་ཡང་གཤིན་པོ་རྣམས་བྱུང་ནས། བླ་མའི་གཏོར་མ་དེ་ནས་མི་ཐོབ་པར་གདའ་ཟེར་བས། ཁོང་རང་རྣམས་ལ་ཟན་ཆུང་ཇ་སྣ་དང་བཅས་པ་རེ་མདུན་དུ་ཞོག་ཅིག་གསུངས། དེ་ནས་དཔལ་སྡིངས་མཁན་པོ་འཇལ་དུ་བྱུང་ནས་ཐེགས་པ་དང་། ཆོས་རྗེའི་ཞལ་ནས། དཔལ་སྡིངས་མཁན་པོ་དེ་ལ་མི་རྣམས་འཐབ་ཀྱིན་འདུག་ནའང་། ང་ལ་མདང་བརྒྱུད་པའི་བླ་མ་གཅིག་བྱོན་ནས། ཆོས་མང་པོ་གསུངས། ལུང་བསྟན་འཛད་ཅིང་། དེ་རིང་ཁམས་དང་རིག་པ་དྭངས། ཏེ་ཁོང་ལ་སྨྲས་ན་ཁོང་ང་རྒྱལ་སྐྱེས་ཀྱི་དོགས་ནས་མ་བཤད་གསུངས། དེ་ལ་སོགས་པ་སློབ་མ་དད་གུས་ཆེ་ཆུང་། དམ་ཚིག་དང་སྡོམ་པ་གཙང་མི་གཙང་། ཉམས་དང་རྟོགས་པ་བཟང་མི་བཟང་ཐམས་ཅད་ངས་ཤེས་ཏེ་ང་འཇིགས་པ་ཡིན་གསུངས་ངོ༌།

W4CZ58783 stops here.
༼W8LS37032 ends here with: །ཡང་ཆོས་རྗེ་སྒོད་ཚང་ན་བཞུགས་དུས། ཆོས་རྗེའི་ཞལ་ནས། ་་་
5 pages
་་་ །ཆོས་རྗེའི་ཞབས་དྲུང་ངེས་པར་སྐྱེས་གྱུར་ནས། །མཆོད་པ་ཀུན་གྱིས་བླ་མ་མཉེས་པར་ཤོག །བདག་སོགས་བདེ་བ་ཅན་དུ་སྐྱེ་བར་ཤོག །དེར་སྐྱེས་ནས་ནི་བླ་མ་མཉེས་བྱེད་ཤོག །དགེའོ།།༽

།ཆོས་རྗེ་ཤངས་ཕུ་ན་བཞུགས་དུས། དགེ་བཤེས་ཚུལ་ཁྲིམས་བརྩོན་འགྲུས་དང་། ཉེ་གནས་དོན་གྲུབ་དཔལ་བཟང་གཉིས་ལ། རྗེའི་ཞལ་ནས། རྟག་སྣ་སྐོར་བའི་དམག་རྣམས་ལོག་འགྲོ་ཡིན་ཡོད་པ་འདུག་གསུངས། དེ་ཅི་ལགས་ཞུས་པས། མདང་ཀྵེ་ཊ་པཱ་ལས་མི་ལྭ་བ་ཅན་གཅིག་དང༌། གོས་སེར་གྱོན་པ་དང་གསུམ་ཁྲིད་བྱུང་ནས། འདི་ཚོས་ཞོང་ཞོང་སྐུ་འབུམ་ལ་གནོད་པ་བྱས་པས་འདི་རྣམས་གསད་པ་ཡིན་ཟེར་ནས་ངས་མ་གསོད་བྱས་ཡོད་གསུངས། དཔོན་དབང་སྭི་ཏུ་བའི་དྲུང་ནས། དད་གུས་ཆེན་པོ་ཡོད་པའི་སྟོབས་ཀྱིས་གཤེགས་བཞུད་ཅི་བྱེད་ཀྱང་རྗེའི་དྲུང་དུ་ཞལ་ཏ་ཞུ་ཞིང་ཐགས་ཆེས་པར་ཡོད་བས། འབྲི་གུང་པས་དབུས་ཕྱོགས་སུ་རྫོང་གཅིག་བརྩིགས་པས། ཕག་གྲུ་བས་དཔོན་དབང་སྭི་ཏུ་རྫོང་ནང་ན་ཡོད་ཟེར་ནས་ཡིད་མི་ཆེས་པ་སྭི་ཏུས་གསན་ནས། ངེད་ལ་ཡིད་མི་ཆེས་བྱེད་ཀྱིན་ཡོད་པ་འདུག་པས། བྱང་རྒྱབ་ལ་ཕྱིན་པ་དྲག་ལགས་སམ་གཞུང་ལ་ཕྱིན་པ་དྲག་ལགས་ཞུས་པས། གཞུང་ལ་བྱོན་པ་འཐད་གསུངས། རྫོང་གྲུབ་ཆེ་ཆུང་ཅི་འདྲ་གདའ་ཞུས་པས། ལྕགས་རི་གྱང་རིམ་བཞི་ཙམ་དང་། ནང་ན་བཅམ་ཡོད་རེ་ཕུབ་པ་ཞིག་འདུག་གསུངས། དམག་མང་ཚད་ཀྱིས་བསྐོར་འདུག་སྟེ། འཐབ་པ་མི་འདུག་གསུངས། དེ་ནས་ཞལ་ཏ་བཞིན་གཞུང་ལ་བྱོན་པས། རྫོང་ནང་ན་ཡོད་པའི་རྣམ་རྟོག་ཀྱང་སངས། རྫོང་གྲུབ་པ་སོགས་ཞལ་ཏ་བྱོན་པ་བཞིན་འདུག་པས། བླ་མ་སངས་རྒྱས་སུ་འདུག་སྙམ་ནས་ངེས་ཤེས་སྐྱེས་གསུངས། ཆོས་རྗེའི་གསུང་ནས། ད་འོ་ཅག་གླང་པོ་ཤོངས་སུ་འགྲོ་མི་དགོས་པ་འདུག་གསུངས། ཅི་ལགས་ཞུས་པས། མདང་བདེ་བ་ཅན་དུ་ཕྱིན་པས་སྒོ་གདོང་ན་མི་ནག་པོ་གཅིག་འདུག་པས། མི་གཞན་རྣམས་ནང་དུ་མི་གཏོང་བར་འདུག་སྟེ། ང་ནང་དུ་བཏང་ནས་ཕྱིན་པས། རིན་པོ་ཆེ་སྣ་ཚོགས་པའི་ཁྲི་ལ་མཁས་བཙུན་རིན་པོ་ཆེ་དང་། མཁན་ཆེན་ཀུན་དགའ་མགོན་པོ་གཉིས། རིན་པོ་ཆེ་དབང་གི་པྲོག་ཞུ་གསོལ་ནས་བདག་འཇུག་ཅིག་ལེན་གྱིན་འདུག་པས། དེར་ང་ལ་ཡང་སྡོད་གསུངས་ནས། དེའི་རྒྱུ་མཚན་དང་བླ་མའི་བྱིན་རླབས་དང་། དཀོན་མཆོག་ལ་གསོལ་བ་བཏབ་པའི་ཐུགས་རྗེ་དང༌། རང་གི་དགེ་སྦྱོར་གྱི་སྟོབས་ཀྱིས་གླང་པོ༌ཤོ་་་་ས་སུ་མི་འགྲོ་གསུངས། ཆོས་རྗེ་པའི་དྲུང་ནས་རྒོད་ཚང་ན་བཞུགས་དུས། རི་གོང་དབོན་པོ་ལ་སོགས་མི་ལྔ་ལ་སྒྱུ་ལུས་ཀྱི་དབང་བསྐུར་མཛད་དུས། ནམ་མཁའ་སྤྲིན་མེད༌དྭངས་པ་ལ་མེ་ཏོག་གི་ཆར་པ་བར་སྣང་ཁེངས་པ་བྱུང་ནས། ཆོས་རྗེའི་དྲུང་དུ་ཞུས་པས། ས་གནས་གཙང་ས་དང་། སློབ་མ་དང་། དད་གུས་ཆེ་ཞིང་དམ་ཚིག་གཙང་བའི་སྟོབས་ཀྱིས་མི་མ་ཡིན་དང་། མཁའ་འགྲོ་ཆོས་སྐྱོང་མང་པོ་འདུས་ནས་མཆོད་པ་འབུལ་བའི་རྟགས་སུ་གདའ་གསུང་། ཡང་ཅུང་ཞིག་སྐུ་ཁམས་བཟི་དུས། མཁའ་འགྲོ་མ་བདུན་གདན་འདྲེན་དུ་བྱུང་ནས་བདེ་བ་ཅན་དུ་གཤེགས་ཟེར། མཁའ་འགྲོ་མ་ཉེག་མོ་གོས་སྨུག་མོ་གྱོན་པ་གཅིག་གིས་ཡང་ཡང་གཤེགས་ཟེར་ནས་ནན་ཆེན་པོ་བྱེད་ཀྱིན་འདུག་སྟེ། ངས་མི་འགྲོ་བྱས་ཡོད། ཡང་དེ་དུས་བཙུན་པ་དར་ཞྭ་གྱོན་པ་གཅིག་གིས་རྟ་གྲོ་དཀར་ཞིག་ལ་དེར་གྱི་ལྷབ་ལྷུབ་མང་པོ་བཀལ་ནས་འདི་རྣམས་ལྷའི་ན་བཟའ་པན་ཙ་ལི་ཀ་བྱ་བ་ཡིན། འདི་རྣམས་གསོལ་ལ་རྒྱ་གར་ལྷོ་ཕྱོགས་སུ་གཤེགས་དང་། འདི་བས་དེ་ན་གདུལ་བྱ་ཆེ་བ་ཡོད་ཟེར་ནའང་མི་འགྲོ་བྱས་གསུངས། སློབ་དཔོན་ཀུན་དགའ་བ་གྲོགས་མཆེད་ཕྱག་ཆེན་ཞུ་བའི་དུས་སུ། རྗེའི་ཞལ་ནས། དགེ་སྦྱོར་སྐྱེས་མ་སྐྱེས་དང་། སྒོམ་བྱེད་མི་བྱེད་ང་རང་གིས་ལེགས་པར་ལྟ་ཡིན་ཡོད་གསུངས། དེ་དུས་ཁོང་གྲོགས་མཆེད་རྒྱུད་སྡེ་ལྔའི་དབང་ཞུ་ཡིན་ཡོད་པ་ལ། དཔོན་མོ་རིན་སྒྲོན་རྦབ་ཏུ་འདྲིལ་ནས་ན་ཟེར་ནས་གདན་འདྲེན་བྱུང་བས་མི་རུར་བྱོན་ནས་དབང་བསྐུར་མཛད་པས་སྐྱེད་བྱུང་། ཡར་ཕེབས་དུས་ནད་པ་ཇི་འདྲ་གདའ་ཞུས་པས། ངེད་ཀྱིས་མི་རུར་སླེབས་པའི་ནུབ་མོ་བཙུན་པ་རྒྱ་འོ་ཐང་ཐེབ་གྱོན་པ་གཅིག་གིས་ང་ལ་ཕྱམ་ཙེ་ངུར་ཁ་གཅིག་ཕྱག་རྟེན་བྱེད་ཀྱིན་འདུག་དེ་བླངས་ན་མོ་འཆི་བར་འདུག་པས། དེ་མ་བླངས་པས་མོ་ལ་སྐྱེད་བྱུང་ཡོད་གསུངས། རྗེའི་ཞལ་ནས། འཆི་མེད་སྒོམ་དུས་གཟུགས་པོ་བསྲང་ནས་སྒོམ་དགོས་པ་ཡིན། དེས་རྩ་རླུང་ཐད་ཀར་ཡོང་བ་ཡིན་ཅིང་། ཡི་དམ་ལྷ་མཐོང་ཞིང་འོད་གསལ་ཡང་འཆར་གསུངས། ཡང་དུས་འགའ་ཞིག་ཙ་ན། ཤངས་པ་འདི་ལ་ཉམས་གཅིག་དམའ་རུ་འགྲོ་བ་འདུག་གསུངས། སྟག་ལོའི་བཙས་ཆོད་པ་དང༌། རྩེ་གདོང་ནས་གདན་འདྲེན་བྱུང་དུས་བློ་གྲོས་དཔལ་བཟང་གིས་ངེད་ཞོང་ཞོང་ཐུག་སྐྱོལ་གསུངས་ནས། སྡོང་ཀར་སླེབས་པ་དང་། ད་ལོ་ཅིས་ཀྱང་དམག་ཅིག་འོང་བར་འདུག་པས། གཡུལ་གཙང་མ་ཐམས་ཅད་བསྡུས། སྲན་མ་ལས་ཀྱང་བྱ་རྒྱུ་མེད་གསུང་པས། གཡུལ་ཕྱེད་ཐོན་ལ་ཞལ་ཏ་ཇི་ལྟར་གནང་བ་བཞིན་བྱུང་། དབུས་ཀྱི་རྟིང་དམག་ཉང་སྟོད་ལ་ཐེགས་དུས། ཕྱེད་ཤངས་ལ་འཇུག་པ་འདུག་ཟེར་བ་ལ། རྗེའི་ཞལ་ནས། ཤངས་ལ་མི་འཇུག་པར་འདུག སྟག་གྲུར་འཐེན་སོང་། རགས་པོ་མིན་པའི་ཉལ་ལེ་བ་མང་པོ་འདུག་གསུངས། དེ་ནས་ཟླ་ཕྱེད་སོང་བ་དང་། དམག་གྱེས་ཡོང་གིན་ཡོད་པར་འདུག །མདང་རྟ་པ་གོས་གསེར་ཆུ་མ་གྱོན་པ་གསུམ་བྱུང་ནས། ད་ལེགས་ཡོད་དམག་གིས་སོང་ཟེར་གསུངས། དགའ་ལྡན་རྩིག་དུས་སློབ་དཔོན་བློ་གྲོས་མགོན་པས་ད་ཇ་སྣ་ཡང་ཟད་འདུག །མཁར་ལས་འདི་ཞག་འགའ་འཐེན་ན་ཞུས་པས། ཇ་སྣ་མི་ཆད་མཆི། ཁྱེད་རང་རྣམས་ཆང་དང་རྔོད་འཐག་གི་དོ་དམ་གྱིས་གསུངས་པའི་གནངས་ཉིན་ལྷ་ཕུ་ནས་མར་ཐུད་ལ་སོགས་འབུལ་སྐྱེལ་མང་དུ་བྱུང་། མཁར་ལས་ཚར་དུས་བློ་གྲོས་མགོན་དང་ངས་མཁར་ལས་བྱས་པ་ལ་འཐབ་ཀྱིན་འདུག་སྟེ། འདིས་སྤྱིར་ལུབ་པ་དང་དགོན་པ་ལ་ཕན་ཅིང་། ནང་རྟེན་ཕྱི་རྟེན་འདི་པའི་བཞུགས་ས་དང་། ང་རང་འདས་དུས་དགོན་པ་ས་ཡུལ་དོག་པས་གསོལ་འདེབས་དང་སྒྲུབ་མཆོད་མི་འདུ་འཚོགས་ཚང་ཚང་ལག་བདེ་བ་རྣམས་ཤོང་ཞིང་། ཆུ་ཐག་ཉེ་ལ་གཉེན་པ་བཅའ་བཀོད་བདེ་བ་གྲུབ་པས་ལེགས་པ་ཡིན། ཁང་པའི་བྱེད་ཟླ་བ་གཅིག་ཆོད་ནའང་ཆོད་པ་ཡིན་ཀྱང་ལོ་གསུམ་ལྷག་ཙམ་ཆོད་པ་གདའ། དེ་ནས་བློ་གྲོས་དཔལ་བཟང་གིས་ཀྱང་བྱེད་འདྲ་ཆོད་མཆི་གསུངས། བདག་པོ་དབང་པ་དགའ་ལྡན་དུ་བྱོན་དུས། བདག་པོ་པའི་ཞལ་ནས། དྲུང་པ་སྐུ་བགྲེས་པ་དང༌ས་ཐག་འགྱངས་པ། ངེད་ལ་ཡང་ཕན་པ་དཀའ་བ་གདའ་བས་ཆོས་རྗེ་འབའ་ར་བ་གདན་དྲངས་ནས་དབང་དང་ཆོས་སྐོར་འདྲ་ཞུ་ལགས་གསུང་གིན་འདུག་པ་ལ། བདག་པོ་བ་ཐེགས་ནས། ཆོས་རྗེའི་ཞལ་ནས། ཁོང་པ་ཆོས་རྗེ་འབའ་ར་བ་གདན་དྲངས་ནས་ཆོས་ཞུ་གསུང་གིན་འདུག་སྟེ། ཁོང་ལ་འབའ་ར་བས་ཕན་མ་ཐོགས་པར་འདུག་གསུངས། དེ་ཅི་ལགས་ཞུས་པས། འབའ་ར་བ་ལྷོར་བྱོན་ནས་ཚུར་མི་འབྱོན་པར་འདུག་གསུངས། ཞུག་པའི་སློབ་དཔོན་བསོད་རིན་མཇལ་དུ་བྱུང་ནས། བདག་ལ་དམྱལ་བ་དང་། ཡི་དྭགས་དང་། ངན་སོང་གི་སྡུག་བསྔལ་མང་ཆད་ཡོང་གིན་གདའ། དེ་ཅི་ལགས་ཞུས་པས། རྗེའི་ཞལ་ནས། རྣམ་རྟོག་མ་ཟད་ཀྱི་བར་དུ་རྒྱུ་འབྲས་མི་བསླུ་བར་ཡོད་པས།་ ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བར་འདུག་སྟེ། ཐུགས་དམ་བཟང་པོ་ཡོད་པའི་སྟོབས་ཀྱིས་རིགས་དྲུག་གི་གནས་སྦྱོངས་ཤར་བ་ཡིན་གསུངས། ཡང་ཆོས་རྗེའི་དྲུང་དུ་བླ་མ་བྱ་བྲལ་བས་རྟ་གཅིག་ཕུལ་ནས། དགེ་སློང་བྲུབ་རྒྱལ་ལ་རྟ་འདི་ཁར་གསོས་གསུང་བ་ལ། དྲུང་པའི་ཞབས་ཏོག་དང་རྟ་གསོ་བ་གཉིས་ཀ་མི་འགྲུབ་པར་འདུག་སྙམ་ནས་མགྲོན་ཁང་དུ་བསྐྱལ་ནས་ཞག་གསུམ་སོང་བ་དང་། རྟ་ལ་ཆག་བྱིན། ང་དགོན་པར་ཡང༌ཡང་འགྲོ་གསུང་བ་དང་། དགེ་སློང་གིས་དྲུང་པའི་ཞབས་ཏོག་དང་རྟ་གསོ་བ་མི་ལྕོགས་པར་འདུག་པས། མགྲོན་ཁང་དུ་བསྐྱལ་ལགས་ཞུས་པས། སྤྲང་པོ་ཁྱེད་ཚོས་ང་ལ་རྫུན་་བྱས་ཏེ་ཉ་འདི་ན་མེད་ནས་ཞག་གསུམ་སོང་། ཁྱེད་ཆོས་ཅི་བྱས་ཐམསཅད་ངས་ཤེས་གསུངས། ཡང་ཞ་ལུ་བའི་སློབ་དཔོན་ཡེ་ཤེས་རྒྱལ་མཚན་པ་དཔོན་སློབ་གསུམ་དགའ་ལྡན་ལྕོགས་ཆུང་ན་ཁྲིད་ཞུ་དུས། ཆོས་རྗེའི་ཀསུང་ནས། ཉེ་གནས་ལ་སློབ་དཔོན་ཡེ་རྒྱལ་བ་གསུམ་ལ་ནས་ཟོ་བ་གསུམ་སྐྱོལ་ཤོག །ཁོང་རྣམས་ལ་ལྟོ་ཕྱེ་མི་འདུག་གསུངས། ཁ་སང་ནས་ལྟོ་ཕྱེ་མེད་པའི་སྐད་མི་གདའ་ཞུས་པས། ཁྱོད་རང་ད་ལྟ་ལྟ་རུ་རྒྱུག་དང་། །ཁོང་གསུམ་པོ་ཕོར་པ་རེའི་ནང་ན་ནས་བཙོས་པ་འབྲུ་འགའ་རེ་བླུགས་ནས་དེ་ཁྱེམ་བུའི་ཁས་བླང་ནས་གཅིག་མིག་གཅིག་ལ་ཅེར་ཅེར་ལྟ་ཡིན་ཟ་ཡིན་འདུག་གསུངས་ནས་ཉེ་གནས་ཀྱིས་དེ་འདྲོག་ལ་སྐྱེལ་དུ་ཕྱིན་པས། ཞལ་ཏ་ཇི་ལྟར་གནང་བ་བཞིན་གདའ། ཡང་ལོག་ཡོང་དུས་མི་བདེན་བར་འདུག་གམ་གསུངས། དེ་ལ་སོགས་པའི་ཐུགས་ཤེས་མང་དུ་བཟུང་ཡང་བྲི་བར་མ་ནུས་སོ།
།ཡང་ཆོས་རྗེའི་དྲུང་དུ་ཕུད་ཅིག་ཞུས་དུས། ང་ལ་གོ་ལག་དང་ཁང་པས་སྒྲིབ་མ་སྒྲིབ་ཆེར་མེད། ད་རྨི་ལམ་གྱི་སྟོབས་འདི་ཆུང་དུ་སོང་། འོད་གསལ་གྱི་སྟོབས་འདི་ཆེ་རུ་སོང་འདུག་གསུངས། དེ་ཅི་ལགས་ཞུས་པས། ཞལ་འཛུམ་མཛད་ནས་སངས་རྒྱས་པའི་རྟགས་སུ་གདའ་གསུངས། རྟ་ལོའི་སྟོན་སློབ་དཔོན་ཀུན་དགའ་བ་གྲོགས་མཆེད་གཉིས་ལ་ནས་གཉེར་ཞིག་ཡོད་པ་ད་ལོ་ནས་ཚང་མར་བསྡུས་ལ་མི་ལ་མ་བཏང་། སང་སོས་ཁ་མེ་ཏོག་དབྱར་མོ་ཐང་ཁྲ་དིང་པའི་དུས་སུ་དགོས་པ་ཞིག་བྱུང་དོགས་གདའ། དེ་ཙ་ན་ཅི་ཡོད་དུས་གཅིག་ལ་སྤྲུགས་མི་དགོས། འཐབ་རྩོད་མ་བྱེད་པར་ཆང་མང་དུ་ཚོས་ལ་ཇ་སྣ་མེད་ཀྱང་ནས་འགམ་བྱེད་ཀྱིན་གསོལ་འདེབས་གྱིས། ཁྱད་པར་དུ་མཁས་བཙུན་རིན་པོ་ཆེའི་མཆོད་དང་དུས་མཆོད་འདི་མ་ཆག་པར་གྱིས། ངའི་ཟླ་མཆོད་དུས་མཆོད་འདི་མི་ཆག་པར་འདུག་ང་ལ་ནང་རྟེན་ཕྱི་རྟེན་བཞེངས་མི་དགོས། གལ་ཏེ་བཞེངས་ན་ཐོ་གང་མ་གཅིག་བཞེངས། དེ་བས་ཆེས་ཀྱང་དུས་ཚད་དང་བསྟུན་པས་ཞབས་ཏོག་དཀའ་བས། ང་ཡང་བུན་ཁུངས་དང་སྦྱོང་དུ་ནང་རྟེན་དང་ཕྱི་རྟེན་ཆེས་པས་བཅུག་པ་ཡིན། ངའི་རྟེན་དེ་དང་གོང་མ་རྣམས་ཀྱི་ཕྱི་རྟེན་ནང་རྟེན་གྱི་ཞབས་ཏོག་དགེ་སློང་གྲུབ་རྒྱལ་གྱིས་གྱིས། དགེ་སློང་གི་དགོས་ཆ་བློ་གྲོས་དཔལ་བཟང་གིས་སྤྲོད་གསུངས། ཡང་ལུག་ལོ་ཟླ་བ་བཞི་པའི་ཚེས་བཅུ་བཞིའི་ཉིན་ཕུད་ཅིག་ཞུར་ཕྱིན་པའི་དུས་སུ། དི་རིང་ཁྱོད་བྱུང་བ་དེ་བཟང་། ང་ཡང་ཡུན་རིངས་མི་སྡོད་པར་ཅི་མྱུར་དུ་འགྲོ་བར་འདུག །མདང་མཁས་བཙུན་རིན་པོ་ཆེ་དང་། མཁན་ཆེན་ཀུན་དགའ་མགོན་དང་། རིན་པོ་ཆེ་བློ་བཟང་པ་དང་གསུམ་བྱོན་བྱུང༌། ཁོང་རྣམ་པའི་ཞལ་ནས། ངེད་རྣམས་ནུབ་བདེ་བ་ཅན་ན་ཡོད། དེ་ན་མེ་ཏོག་ཕུབ་ཙམ་ཡོད། མ་བཏབ་པའི་ལོ་ཏོག་ཡོད། འདོད་འཇོའི་བ་ཡོད། གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་བཀོད་པ་བསམ་གྱིས་མི་ཁྱབ་པ་ཡོད། ཁྱོད་ཀྱང་བ་ཟུགས་པོ་ངན་པས་ཉོན་པོ་ལས་མི་འདུག་པས་ནུབ་བདེ་བ་ཅན་དུ་འདོང་གསུངས། ངས་ཀྱང་ཁས་བླངས་ཡོད། ང་ཡང་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། གསོལ་བ་དྲག་པོ་བཏབ་པས་བདེ་མཆོག་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་མང་པོ་བྱོན་བྱུང༌། གཟུགས་པོ་ངན་ཡང་དགེ་སྦྱོར་ཤིན་ཏུ་འཕེལ་གསུངས། ཁྱོད་ཀྱང་སང་ཅིས་ཀྱང་ཤོག་དང་གསུངས། སང་བྲེལ་བ་ཞིག་བདོག །གནངས་སྔ་མོར་འོང༌བར་ཞུ་ཞུས་ནས་གནངས་སྔ་མོར་འགྲོ་བའི་གྲབས་བྱས་དུས། མདང་དྲུང་པ་སྐུ་ཁམས་བཟི་བ་ཞིག་བྱུང་། མྱུར་པོ་འབྱོན་པ་ཞུ་ཟེར་ནས་ཉི་མ་ཤརཙམ་ལ་ཕྱིན་པས། ཆུ་མིག་འོག་མར་སླེབས་དུས། ཨ་ནེ་སྲས་བཙུན་ན་རེ། ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁེངས་གདའ། ཅི་ཡིན་ནམ་ཟེར། ནམ་མཁའ་ལ་བལྟས་པས་འཇའ་ཚོན་ཨ་ལོང་རིས་གཅིག་ལ་གཅིག་བརྒྱུད་པ་བཞིན་བར་སྣང་ཐམས་ཅད་ཁེངས་པ་ཐམས་ཅད་ཀྱིས་མཐོང་། དགའ་ལྡན་༼དུ་༽སླེབས་དུས། གུར་ཕྱོགས་པའི་སློབ་དཔོན་ཀུན་དགའ་མགོན་ཡང་ཆོས་རྗེའི་དྲུང་དུ་མཇལ་དུ་འགྲོ་དགོས་སྙམ་པ་ཡང་ཡང་བྱུང་ནའང་ཞག་འགའ་ཟུང་མ་ཐོན་པར། ནུབ་ཅེག་རྨི་ལམ་དུ་བུད་མེད་དཀར་མོ་གཅིག་དང་སྨུག་མོ་གཅིག་གཉིས་ཁྲོས་སེ་བྱས་ནས། དམར་མོ་དེ་ན་རེ། ཁྱོད་འཇག་ཏུ་འགྲོ་ན་སང་ཀ་རྒྱུག །དེ་ནས་བླ་མ་མེ་བཞུགས་པར་ཡོད་ཟེར་ནས་ཡོང་པ་ཡིན་ཟེར་ནས་ཁོང་ཡང་སླེབས་འདུག་དེ་ནས་སྐུ་མདུན་དུ་སླེབས་དུས། ཆོས་རྗེའི་གསུང་ནས། ང་མྱུར་པོར་འགྲོ་བར་འདུག །རྗོད་འཐག་དང་ཆང་ཚོང་འདྲ་བྱས་པ་དྲག་ཡོང་གསྲུང་བ་ལ། ལྟ་རྗེ་གཅིག་འབོད་དུ་བཏང་བདོག །སང་སྐུ་རིམས་ཤིག་བསྒྲུབས་པ་དྲག་ལགས་སམ་ཞུས༌པས། ཁྱོད་རང་ལྷ་རྗེ་བོས། རིམ་གྲོ་བྱས་ཀྱང་གནངས་གཤེགས་པར་གདའ་ཡིས། ལྷ་རྗེ་འབོད་པ་དང་རིམ་གྲོ་མ་བྱས་ན་ཁྱོད་ལ་མིས་སྨོད་བརྗོད་བྱུང་གིས་དོགས་པ་ཡིན་ཡོང་གསུངས། དགེ་སློང་ཐུབ་རྒྱལ་བས། དྲུང་པ་སྐུ་ཁམས་ལྟེམ་པ་འདི་ལ་གདན་འདྲེན་བྱུང་ལགས་སམ་ཞུས་པས། མདང་བཙུན་པ་དར་ཞྭ་གོན་པ་གསུམ་བྱུང་ནས་ནུབ་བདེ་བ་ཅན་དུ་གཤེགས་ཟེར་ནས་མི་སྣང་བར་ཐལ། ད་བདེ་བ་ཅན་དུ་ངེས་པར་འགྲོ་བར་འདུག་གོ་གསུངས། དེ་ནས་སང་ཚ་བ་སྤོང་ཐག་དང་བཅས་པ་རྣམས་འཛོམས། གཏོར་སྒྲུབ་གསོལ་འདེབས་ལ་སོགས་པའི་སྐུ་རིམ་མང་དུ་བསྒྲུབས་ནས་ད་ལྟ་སྙུང་ཟུག་ཇི་འདྲ་གདའ་ཞུས་པས། གྲེ་བ་ཙི་ཙི་ངར་ངར་ཁགས་ཁགས་པ་འདི་ཅུང་ཉེན་པར་འདུག །གཞན་ཟུག་མེད། ཀ་ཏ་སོགས་དགོས་པ་རྣམས་ནི་སྔར་དུ་བྱས་ཡོད་གསུངས་ནས། ས་མོ་ལུག་གི་ལོ་ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ཀྱི་སྲོད་ཆིལ་བ་ལ་ཆོས་ཀྱི་དབྱིངས་སུ་སྐུ་གཤེགས་པའི་ཚུལ་བསྟན་ནོ།
།དེ་དུས་སྤོས་དྲི་ཞིམ་པོ་ལ་སོགས་པའི་ངོ་མཚར་བའི་ལྟས་བཟང་པོ་མང་དུ་བྱུང་བ་དེ། མཁའ་འགྲོ་མའི་བསུ་བ་ཡོད་པའི་རྟགས་སུ་གདའ། ཆོས་རྗེའི་ཞལ་ནས། མཁས་བཙུན་རིན་པོ་ཆེ་པ་བདེ་བར་གཤེགས་དུས་ཀྱང་ཆོས་ཞག་བདུན་ལས་མ་ཆག །དེ་ཙམ་ཞིག་ང་ཡང་བྱེད་པ་ཡིན། ཡང་ཡང་གསུངས་ནའང་ཞག་གསུམ་ལས་མ་ཆག་གོ། སྐུ་བདེ་བར་གཤེགས་པའི་ཉིན་བར། མགོན་པོ་སྐྱབས་ཟེར་བའི་ཕྱུགས་རྫི། ལོ་བཅུ་གསུམ་ལོན་པ་གཅིག་གིས་དགའ་ལྡན་གྱི་ནུབ་རི་ལ་ཕྱུགས་འཚོ་རུ་ཕྱིན་པས། ཁོའི་སྣང་བ་ལ་དགའ་ལྡན་གྱི་རི་གཟིམས་ཁང་དང་བཅས་ཇེ་མཐོ་ཇེ་མཐོ་ལ་ནམ་མཁའ་ལ་སླེབས་པ་ཙམ་དུ་སོང་། དེ་ལ་ནུབ་ཕྱོགས་ནས་འཇའ་ཚོན་དང་ཐག་་་་་་་་་་་་འདྲ་བ་གཉིས་ཀྱི་བར་དར་ཡུག་དཀར་པོ་གཅིག་གི་སྟེང་ན་ཕང། ཆོས་རྗེ་རིན་པོ་ཆེ་པ་སེང་གེ་དཀར་མོ་གཅིག་ལ་ཆིབས་ནས་འཁོར་བུད་མེད་རྒྱན་མང་པོ་དང་གོས་རྣམ་པ་སྣ་ཚོགས་གྱོན་པ་དཔག་ཏུ་མེད་པས་བསྐོར་ནས་ནུབ་ཕྱོགས་ལ་འབྱོན་ཀྱིན་འདུག་པ་དང་། ཁོ་རང་ཡང་དར་ཅིག་བརྒྱལ་འདུག །ཡང་དེའི་ཉིན་བར་ཉི་མ་སྔ་ཕྱེད་ཙམ་ལ་ཁོང་ལམ་དཔོན་དགེའི་སྲས་པོ་ལོ་གཉིས་ལོན་པ་གཅིག་དང་། དེའི་མ་དང་། གཞན་ཡང་བུད་མེད་འགའ་ཞིག་དང་བཅས་པ་ཐོག་ཁ་ན་ཉི་མ་སྲོ་ཡིན་ཡོད་པ་ལ། བུ་ཆུང་ས་ལ་ཡོད་པ་ཧད་ཀྱིས་ལངས་ནས་བག་མ་གཡུ་བླང་ཟེར་གྱིན་སྡེར་མོ་གདེངས་ནས་ནམ་མཁའ་ལ་མིག་བལྟ་ཡིན་འདུག །དེའི་རྩ་ན་ཡོད་པ་རྣམས་ཀྱིས་བག་མ་ག་ན་འདུག་བྱས་པས། ཤར་ཕྱོགས་ལ་མཛུབ་མོ་བཙུགས་ནས་ཡ་གི་ན་ཟེར་ནས་བལྟས་པས། ཤར་ནུབ་ཀྱི་བར་ལ་འཇའ་ཚོན་ཁྲའོ་ཞིག་གིས་ལྟེམས་ཀྱིས་སོང་འདུག །ཨ་མ་ངེད་རང་གི་ཐད་ཀ་འདི་ན་ཕར་རང་རེའི་བླ་མ་གཞོན་པ་མིན་པའི་རྒན་པོ་མིག་འདི་ཙུག་བྱས་བཀབ་པ་དེ་མཛོ་པོ་ཀར་ཡུ་བ་གཅིག་ལ་ཞོན་ནས་བག་མ་གཡུ་ལ་ཅི་ཡང་གཏགས་པ་མང་པོས་བསྐོར་ནས། རང་རེའི་ཐད་ཀའི་ནུབ་ཕྱོགས་ལ་འགྲོ་ཡིན་འདུག །ཨ་མས་གཡུ་གཅིག་བླང་གྱིས་དང་ཟེར་བ་ཡང་བྱུང་འདུག་ཅིང་། ཡང་གསོལ་འདེབས་ཀྱི་དུས་སུ། མཁན་ཆེན་དོན་ཡོད་པའི་གཟིགས་སྣང་ལ། ཆོས་རྗེ་རིན་པོ་ཆེ་དགའ་ལྡན་གྱི་ནུབ་ཕྱོགས་ནས་གར་བྱེད་ཀྱིན་བྱོན་ནས་པུར་ཁང་ལ་ཐིམ་པ་སོགས་ཕྱོགས་གཅིག་ཏུ་མཐུན་པར་སྣང་བས། མཚན་ཐོས་པས་དོན་དང་ལྡན་པའི་ཆོས་རྗེ་རིན་པོ་ཆེ་དེ་ཉིད་ནུབ་བདེ་བ་ཅན་ན་ངེས་པར་བཞུགས་པས་བུ་སློབ་རྣམས་ཀྱིས་དེར་གསོལ་བ་འདེབས་པར་ཞུ། ཡང་པུར་བཞུ་བའི་དུས་སུ་ཡང་འཇའ་འོད་དང་། སྒྲ་དང་མེ་ཏོག་གི་ཆར་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ཞིང་། སྐུ་གདུང་ལའང་ལྷ་སྐུ་རིང་བསྲེལ་དཔག་ཏུ་མེད་པ་བྱོན། ཁྱད་པར་དུ་གསོལ་འདེབས་བཞི་བཅུ་ཞེ་དགུ་ཐོན་པའི་ཉིན་བར་མེ་ཏོག་གི་ཆར་པས་ནམ་མཁའ་ཁེངས་པ་བྱུང་ཞིང་། ལག་ཏུ་བཟུང་བ་འགའ་རེ་དིང་སང་ཡང་མ་ཡལ་བར་གདའ། ནང་རྟེན་ཕྱི་རྟེན་ལུགས་གཙང་བས་བྲད་ཕྱིས་ལ་སོགས་པ་མི་དགོས་པའི་རང་བྱོན་ལྟ་བུར་བྱོན་ནས་ལྷ་མི་ཐམས་ཅད་ཀྱིས་མཆོད་པའི་རྟེན་དུ་གྱུར་ཏོ།
།དེ་ལ་སོགས་པའི་རྣམ་ཐར་རྒྱས་པར་མཐའ་ཡས་པ་རྣམས་བརྗོད་པར་མ་ནུས་ཤིང༌། མདོར་བསྡུས་པ་འདི་ནི་ཆོས་རྗེ་པའི་དྲུང་དུ་དད་པ་བརྟན་ཞིང་མོས་གུས་ཆེན་པོ་ཉེ་བར་ཐོབ་པའི་བུ་སློབ་རྣམས་ཀྱིས་ཡང་ཡང་སྐུལ་བའི་ངོར། སྐུ་མདུན་དུ་ཉེ་བར་སྡོད་པ་རྣམས་ཀྱིས་རྣ་བར་གསུངས་པ་རྣམས་དང་། བདག་རང་གིས་ཐོས་པ་རྣམས་ཕྱོགས་གཅིག་ཏུ་བློ་གྲོས་དཔལ་བཟང་གིས་དབེན་གནས་འཇག་གི་རི་ཁྲོད་དུ་བསྒྲིགས་པའོ།

།དེ་ལྟར་ན་མཚན་ཐོས་པ་དོན་དང་ལྡན་པའི་དཔལ་ལྡན་བླ་མ་རིན་པོ་ཆེ་འདི་ནི་བསྟན་པ་དང་སེམས་ཅན་རྣམས་ཀྱི་དཔལ་དུ་བཞུགས་པར་བདག་གིས་སྨོས་མི་འཚལ་བར་ཐམས་ཅད་ཀྱི་ཐུགས་ལ་གསལ་བ་དེ་ལགས་མོད།
།བླ་མའི་རྣམ་ཐར་ཉི་མའི་དཀྱིལ་འཁོར་ལ། །རང་བློ་སྐར་ཕྲན་ལྟ་བུས་འཇལ་བྱེད་པའི། །སྐྱེས་བུ་ཕྲག་དོག་ཅན་དང་ལོག་ལྟ་མཁན། །དེ་དག་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ།
༼W4CZ58783 p526: འདི་བྲིས་དགེ་བས་བདག་སོགས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །ཆོས་རྗེའི་བུ་སླབ་མང་པོས་བསྐུལ་ཞིང་། །ཟབ་ཡངས་བདུད་རྩིས་རྟག་ཏུ་སྐྱོང་གྱུར་ཅིག
།ཆོས་རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་འདི་ནི། ཆོས་རྗེའི་བུ་སློབ་མང་པོས་བསྐུལ་ཞིང་། ཁྱད་པར་དུ་དེ་ཉིད་ལ་གུས་པ་ཆེན་པོས་ཉེ་བར་གནས་པ། དགེ་སློང་དཔལ་ལྡན་དོན་གྲུབ་ཀྱིས་འཕྲལ་དུ་བསྐུལ་བའི་ངོ་ནས། དེ་ཉིད་དང་དགེ་བཤེས་ཚུལ་བཟང་གཉིས་ཀྱིས་མཐུན་པའི་གྲོགས་བྱས་ཏེ། ཆོས་རྗེའི་བཀའ་དྲིན་ཆེན་པོས་སྐྱངས་པ་བློ་གྲོས་ཐོགས་པ་མེད་པའི་དཔལ་བཟང་པོས་སྦྱར་བའོ། །ཡི་གེ་པ་ནི་ཀུན་དགའ་རིན་ཆེན་ཉིད་དོ། །ས་སྟེངས་སུ་ཉི་ཟླ་ལྟར་རྒྱལ་བར་གྱུར་ཅིག །མཛད་པའི་ཐ་མ་ཞིང་ཁམས་བདེ་བ་ཅན་དུ་གཤེགས་གསུང་། དངོས་པོ་གང་ཡོད་རྣམས་ང་ལ་དགོས་པ་མིན་ཏེ། བླ་མའི་གསུང་ནས་རང་རང་གི་དངོས་པོ་གང་ཡོད་དེ། ཁང་རུལ་ཞིག་པ་བཞིན་དུ། ་་་་ལ་བུནེ་གཏོང་དགོས་པ་ཡིན་གསུང་་་་་་་ཡོད་པས། ཇ་ན་མི་འདུག་ན་ཁྱེད་རང་རྣམས་ཆང་གིས་རྦད་ཁམ་བྱེད་ཀྱིན་གསོལ་བ་ཐོབ་གསུང་ངོ་། །དགེའོ།།༽