Difference between revisions of "Ni gu chos drug gi khrid yig"

From Shangpa Resource Center
Line 6: Line 6:

|SubTopics=Manual

|SubTopics=Manual

|Author=Shönu Drup

|Author=Shönu Drup

|Associated Person=Bodong Cholé Namgyel

|BDRC link=[https://www.tbrc.org/#!rid=W8LS36545 BDRC W8LS36545 (p.71-98 incomplete)]
[http://purl.bdrc.io/resource/MW22103 BUDA MW22103 (p.151,153,167,175,184,192,198,200)]

|Notes=Possibly a later and developed version of [[ni gu chos drug gi khrid yig mkhas btsun gzhon nu grub kyis mdzad pa]]. Contains large excerpts common to [[ye shes mkha' 'gro chos drug gsal sgron]]

༄༅། །ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཤངས་པ་བཀའ་རྒྱུད་ཀྱི་རྒྱུད་་་་་་་པར་བྱོན། མཁས་གྲུབ་ཆོས་རྗེ་གྲགས་པ། མཚན་[[Shönu Drup|གཞོན་ནུ་གྲུབ་]]ཞེས་གྲགས་པ་དེ་ཉིད་ཀྱིས་མཛད་པ་བཞུགས་སོ།།

།བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།རྒྱུད་པ་གང་རིའི་ཕྲེང་ལྟར་རྣམས་མཛེས་ཤིང་། །བསྒྲུབ་རྒྱུད་ཆུ་བོའི་གཞུང་ལྟར་མ་ཆད་པ། །རྒྱུད་སྡེ་རྒྱ་མཚོའི་བཅུད་བསྡུས་མན་ངག་འདི། །འགྲོ་མགོན་ཤངས་པའི་ཞལ་གྱི་བདུད་རྩི་ལས། །ལེགས་འོངས་བླ་མ་དམ་པའི་གསུངས་བཞིན་དུ། །སྒྲོ་བཀུར་རང་གཟོ་ཡངས་ཏེ་བྲིས་བར་བྱ།
ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ལུགས་ཀྱི་ཆོས་དྲུག་ལ་གཉིས། ཡིད་ཆེས་པ་བླ་མའི་ལོ་རྒྱུས་དང་། རྒྱུད་པ་དེ་དང་འབྲེལ་བའི་གདམ་པ་གཉིས་ཡོད་པའི་དང་པོ་ནི།
རྡོ་རྗེ་ཚིག་རྐང་ལས། གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་ཆེན་གྱིས། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཞེས་གསུངས་པས།
དེ་ལ་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས་ནི། ཆོས་ཀྱི་སྐུ་ནི་སྤྲོས་པ་མེད་པའི་ཡན་ལག །ཁ་སྦྱོར་ནི་རང་སྣང་འོད་ཀྱི་ཡུམ་དང་ཁ་སྦྱོར་གྱི་ཡན་ལག །ཟུང་དུ་འཇུག་པའི་ཡན་ལག །བདེ་བས་གང་བའི་ཡན་ལག །གསུམ་ནི་ལོངས་སྐུའི་ཡན་ལག །གང་འདུལ་ནི་སྤྲུལ་སྐུ་སྟེ། སྙིང་རྗེ་གང་བའི་ཡན་ལག །འགོག་པ་མེད་པའི་ཡན་ལག །རྒྱུན་མི་འཆད་པའི་ཡན་ལག་གསུམ་མོ།
།དེ་ལྟ་བུའི་རྡོ་རྗེ་འཆང་ལ། ནི་གུ་མས་དངོས་སུ་གསན་པར་ཤེས་པར་བྱ་ཞིང་། དེ་ལས་རྒྱུད་པའི་རྣམ་ཐར་ཞིབ་གཞན་ཤངས་པའི་རྣམ་ཐར་དུ་ཤེས་པར་བྱའོ།
།གཉིས་པ་གདམས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི།
རྡོ་རྗེ་ཚིག་རྐང་ལས། དབང་བཞི་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར།
ཐབས་ལམ་བདེ་དྲོད་རང་འབར་། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་སྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ། །ཞེས་སོ།
།གཉིས་པ་རྒྱས་པར་བཤད་པ་དྲུག་གི

།དང་པོ་ཐབས་ལམ་བདེ་དྲོད་རང་འབར་ལ། སྔོན་འགྲོ་དང་། དངོས་གཞི་གཉིས་ལས།
(MW22103: scv9p711)
དང་པོ་ལ་གསུམ་གྱི་དང་པོ་དག་བྱེད་ཨའི་སྟོང་ར་ནི།
རྡོ་རྗེ་ཚིག་རྐང་ལས། །བཅུད་འདུས་དག་བྱེད་སྟོང་རའི་གནད་གསུམ་དང་། །ཅེས་དང་།
དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རོ། །ཅེས་དང་།
ཐེམས་ཡིག་ལས། དག་བྱེད་ཨའི་སྟོང་ར་ལ། གསོལ་འདེབས་གཉིས་ལ་དམིགས་པ་གསུམ། །ཅེས་གསུངས་པས།
དེ་ལ་བཅུད་བསྡུས་ནི། མདོའི་དོན་བསྡུས་པ་འབུམ། དེ་བསྡུས་པ་ཉི་ཁྲི། དེ་བསྡུས་པ་བརྒྱད་སྟོང་པ། དེ་བསྡུས་པ་སྡུད་པ། དེ་བསྡུས་པ་ཤེར་སྙིང་། དེ་བསྡུས་པ་ཡི་གེ་གཅིག་མ་སྟེ། འདི་ལྟ་སྟེ་ཨ་ཅེས་དང་།
རྒྱུད་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པས། མདོ་རྒྱུད་གཉིས་ཀའི་སྙིང་པོའམ། བཅུད་བསྡུས་པ་ཡིན་གསུང་ངོ་།
།དག་བྱེད་ནི། རང་རྒྱུད་དྲི་མ་ཉམས་ཆག་དག །འདི་ནི་སྟོང་རའི་མཚན་ཉིད་ཡིན། །ཅེས་སོ།
།སྟོང་རའི་གནད་གསུམ་ནི། དག་བྱེད་ཨའི་སྟོང་ར་སོགས་གསུམ་མོ།
།དེ་ལ་དང་པོ་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། དབེན་པའི་གནས་སུ་བསྟན་བདེ་བ་ལ་འདུག་སྟེ། དལ་འབྱོར་རྙེད་དཀའ། མི་རྟག །སྐྱོ་ཤས། སྐྱབས་འགྲོ་དང་སེམས་སྐྱེད་སྔོན་དུ་སོང་བས། རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་སྟེང་དུ། བླ་མ་སྐུ་མདོག་དཀར་པོ་རྡོ་རྗེ་འཆང་གི་རྣམ་པ་ལྟ་བུ་བསྒོམས་ལ། བླ་མ་རིན་པོ་ཆེ། བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། རང་གི་མགོ་བོའི་ནང་། སྨིན་ཕྲག་དུ་རྣམ་ཐར་སྒོ་གསུམ་མམ་སྒོ་བཞི་མཚོན་པར་བྱེད་པ། ཆོས་འབྱུང་དཀར་པོ་གྲུ་གསུམ་པ། རྩ་བ་ཕྲ་བ་ལྕེ་ཆུང་གི་སྟེང་དུ་རེག་གེ་ཡོད་པ། གཡེལ་ཁ་ཆེ་བ་གྱེན་དུ་བསྟན་པ། ཟུར་གཅིག་སྨིན་ཕྲག་གཅིག་དུ་ཟུག་པ། ཟུར་གཅིག་རྣ་ལྟག་གཡས་སུ་ཟུག་པ། ཟུར་གཅིག་རྣ་ལྟག་གཡོན་དུ་ཟུག་པ། ཕྱི་གསལ་ནང་གསལ་གྱི་དཀྱིལ་བསྟོད་ཙམ་གྱི་ནང་དུ། རང་གི་སེམས་སྐྱེ་བ་མེད་པ་མཚོན་པར་བྱེད་པ་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་བསམས་ནས། ངག་ཏུའང་། ཨ་ཨ་ཅེས་ཅི་རིགས་པ་བརྗོད་པས། ཨ་ལས་ཡེ་ཤེས་ཀྱི་བདུད་རྩི་ཆུ་རྒྱུན་དཀར་པོ་ན་ར་ར་བྱུང་བས། ཆོས་འབྱུང་ཁེངས། ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་ན་མར་སོང་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་བཤམས་ལམ་ཆུ་ལམ། སོར་མོའི་སྲག བ་སྤུའི་བུ་ཁ་ན་མར་ཐལ་བའི་རི་བོ་ལ། ཕུ་ཆུ་ཆེན་པོའི་རྒྱུན་བབས་པ་བཞིན། ནད་ཐམས་ཅད་རྣག་ཁྲག་གི་རྣམ་པར་འཐོན། གདོན་ཐམས་ཅད་སྲོག་ཆགས་འབུ་སྲིན་སྡོམ་དང་སྡིག་པ་ར་ཛྭ་ལ་སོགས་པའི་རྣམ་པར་འཐོན། སྡིག་སྒྲིབ་ཐམས་ཅད་སོལ་ཁུ་དང་། དུད་ཁུའི་རྣམ་པར་ནག་ནུར་རུ་རུ་འཐོན་པས། ལུས་ཕྱི་གསལ་ནང་གསལ་དུ་ཁྲུ་མ་ཕུས་བཏབ་པའམ། ཤེལ་གོང་གཡའ་དང་བྲལ་བ་བཞིན་དུ་བསམ། ངག་ཏུ། ཨ་ཨ་ཞེས་བརྗོད་པར་བྱའོ།
།གཉིས་པ་སྟོང་ར་ནད་གདོན་སེལ་བྱེད་ཀྱི་ཁ་སྒྱུར་ནི། ནད་ཚད་པ་ལ་ཆོས་འབྱུང་དང་ཨ་དཀར་པོ་བདུད་རྩིས་ག་པུར་གྱི་ཆུར་བསམ། གྲངས་པ་ལ་ཆོས་འབྱུང་དང་ཨ་བདུད་རྩི་དམར་སེར་ཚ་བ་གསུམ་གྱི་ཆུ་རྒྱུན་དུ་བསམ། རླུང་ལ་བདུད་རྩི་མར་ཞུར་བསམ། སྟེང་གདོན་ལ་ཆོས་འབྱུང་ཨ། བདུད་རྩི་དམར་པོ་དང་། རྟ་མགྲིན། འོག་གདོན་ལ། ཆོས་འབྱུང་། ཨ་བདུད་རྩི་སྔོན་པོ། ཕྱག་རྡོར་དཔག་ཏུ་མེད་པས་ལུས་ཁེངས། ནད་གདོན་ཐམས་ཅད་དག་པར་བསམ་མོ། །གྲིབ་བྱུང་ན་ཆོས་འབྱུང་དང་། ཨ་བདུད་རྩི་ལྗང་ལྗང་ཁུ་རྣམ་འཇོམས་བསམ། ཤེས་རབ་ཆུང་ན་འཇམ་དཔལ། སྙིང་རྗེ་ཆུང་ན་སྤྱན་རས་གཟིགས། སོགས་སུ་ཁ་སྒྱུར་རོ། །མདོར་ན་ནད་གདོན་སྡིག་སྒྲིབ་གསུམ་སེལ་བའི་དམིགས་པ་ལ་རྩེ་གཅིག་དུ་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་དམིགས་པ་ནི་སྟོང་རའི་དམིགས་པའོ།
།གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། དམིགས་པ་དེས་སྤྱིར་སྡིག་སྒྲིབ་དང་། ཁྱད་པར་དུ་སྐོར། སྐུ་བླུད། དམ་ཚིག་འགལ་འཁྲུལ་ཐམས་ཅད་འདག་གསུང་། ནད་འཐོན་པའི་རྟགས་རྣག་ཁྲག་འཛག་པ་ལ་སོགས་པའོ། །གདོན་ཐོན་པའི་རྟགས། སྲོག་ཆགས་གྲོགས་སྦུར་སྡོམ་སྡིག་པ་སྦལ་པ་ལྗོང་མོ་ལ་སོགས་པ་འཐོན་པ་ནི། གདོན་མཐོན་པའི་རྟགས་ཡིན་ཏེ། དངོས་སམ། ཉམས་སམ། རྨི་ལམ་ཅི་རིགས་སུ་འབྱུང་ངོ་།
།སྡིག་སྒྲིབ་དག་པའི་རྟགས་འཁྲུ་སྐྱུགས་དང་། འཕུར་བ་དང་། ལུས་ལ་རྔུལ་འཐོན་པ་དང་། ཁྲུས་བྱེད་པ་དང་། ཉི་ཟླ་ཤར་བ་དང་། གོས་དཀར་པོ་གྱོན་པ་ལ་སོགས་པ་འབྱུང་ངོ་།
།གཉིས་པ་དངོས་གཞི་ལ།
ཚིག་གསལ་ལས། ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིང་བ། རླུང་ཞོན་པ། རྗེས་ལ་སྲིད་པའི་དབང་ཞུ་བ། གགས་རང་གྲོལ་ལོ། །ཞེས་པ་དེ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས།
དང་པོ་ལུས་གནད་མེའི་སྟོང་ར་ནི། སེམས་སྐྱེད་སྔོན་དུ་སོང་བས་རྐང་པ་སྣོལ། རྒལ་ཚོགས་བསྲང་། མགྲིན་པ་དགུག །ལག་པས་པུས་འཁྱུད་བཅུག་ལ། བླ་མ་སྤྱི་བོར་བསྒོམ་ལ།
།ཐབས་ལམ་བདེ་དྲོད་རང་འབར་ལ། །གསོལ་འདེབས་གཉིས་ལ་དམིགས་པ་ལྔ། །ཅེས་གསུངས་པས།
བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་རང་གི་ལུས་རྗེ་བཙུན་མའི་རྣམ་པ་ལས་༼མེ་དམར་སྐྱས་ཁེངས་པར་བསམ་མོ།༽ནང་མེ་མ་མུར་གྱི་འོབས་ལྟ་བུ། ཁ་དོག་དམར་བ་རེག་བྱ་ཚ་བ། ཁོངས་པའི་ནང་ལྟེ་བའི་ཐད་ཁའི་ཕྱོགས་བཞིར། མེ་ངང་པའི་སྒོ་ང་ཙམ་བཞི་འབར་ལ་ཁད་པར་སྒོམ་པས། རླུང་རོ་ལན་གསུམ་བསམ་ལ། སྟེངས་རླུང་ལྟེ་བར་མནན་ལ་བཟུངས། མི་ཐུབ་པ་དང་དལ་བུས་བཏང་། ཡང་བཟུངས། དེ་བཞིན་དུ་ནུས་ཚད་དུ་སྒོམ་མོ།
དངོས་གཞི་ལ་གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། བདན་དུ་འདིང་པ། རླུང་རྟར་ཞོན་པ་དང་བཞི་ལས།
དང་པོ་རླུང་ཟས་སུ་ཟ་བ་ལ་གཉིས་ཀྱི་དང་པོ།
གཏུམ་མོ་མེ་རྒོད་ཀྱི་དམིགས་པ་ནི། རང་རྗེ་བཙུན་མར་སྒོམ་པའི་སྤྱི་བོར་བླ་མ་སྒོམ་ལ། གསོལ་བ་གདབ། རྐང་ལག་སྣོལ་ལ། རྐང་པའི་མཐེ་འོང་གཉིས་ལག་པའི་གུང་འཛུབ་གྱི་བཟུངས། རྒལ་ཚིགས་སྲངས་འགྲིན་པ་དཀུག་ལ། གསང་གནས་སུ་རླུང་གི་དཀྱིལ་འཁོར་བཞུའི་དབྱིབས་ལྟ་བུའི་སྟེང་དུ། རཾ་དམར་པོ་འཚན་གང་པོར་བཞི་ཙམ་དམིགས་པ་གང་བདེ་གཅིག་སྒོམ་ནས་སྟེངས་རླུངས་སྣ་བུག་གཉིས་ནས་རྔུབ་ཏེ་ལྟེ་བར་མནན། དེ་ནས་འོག་རླུངས་དྲ་སྟེ་ལྟེ་བར་བཟུང་སྟེ། རླུང་གཉིས་ཁ་སྦྱར་བས། ཡཾ་ལས་རླུང་གཡོས། རཾ་ལ་ཕོག །རཾ་ལས་མེ་ཚ་བ། རྣོ་བ། ཕྲ་བ། གསལ་བ། མཚན་ཉིད་བཞི་ལྡན་འབར་ནས་ཁོག་པ་ཁེངས་པར་བསམ། ལུས་ཀྱི་ལས་སུ་དཀྲུག་འཁོར་བྱ། ངག་གི་ལས་སུ་རླུང་བཟུངས། སེམས་ཀྱི་ལས་སུ་མེ་འབར་བཞིན་པ་ལ་དམིགས་པ་གཏོད།
།གཉིས་པ་རྩ་གསུམ་འཁོར་ལོ་བཞིའི་གཏུམ་མོ་ནི།
རྡོ་རྗེ་ཚིག་རྐང་ལས། །རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ཁ་མུ་ཁའི་སྙམས་འཇུགས་གིས། །ཟག་བཅས་ཟག་མེད་དགའ་བཞིའི་རིམ་བཞིན་ནོ། །ཅེས་དང།
།དྲོད་མྱུར་གཏུམ་མོ་ཆོས་དྲུག་རིམ་པ་བཞིན། །རི་བོང་དབབ་བཟུང་ཟློགས་དགྲམ་རླུང་དང་བསྲེ། །ཟག་མེད་ཡེ་ཤེས་ཆེན་པོས་རྒྱན་པར་བྱའོ། །ཞེས་གསུང་པ་ལ་གཉིས་ཀྱི།
དང་པོ་རང་ལུས་ཐབས་ལྡན་གྱི་ཕྱག་རྒྱ་རྩ་གསུམ་འཁོར་ལོ་བཞིའི་གཏུམ་མོ་སྒོམ་པར་བྱ་ཏེ། ལུས་གནད་སྤུས་འཁྱུད་བཅུག །མེའི་སྟོང་རའི་ནང་དུ་རྩ་དབུ་མ་ཡར་རྩེ་ཚངས་བུག་ཏུ་ཟུགས་པ། མར་རྩེ་ལྟེ་འོག་སོར་བཞི་སྤུ་དཀར་ནག་གི་མཚམས་སུ་ཟུག་པ། རྩ་རོ་མ་ཡར་རྩེ་སྣ་བུག་གཡས་སུ་ཟུག་པ། མར་རྩེ་ལྟེ་འོག་ཏུ་རྩ་དབུ་མ་ལ་ཁ་ལྟ་བ། རྩ་ཀྱང་མ་ཡར་རྩེ་སྣ་རྦུག་གཡོན་དུ་ཟུག་པ། དམར་རྩེ་སྟེ་འོག་ཏུ་དབུ་མ་ལ་ཁ་བསྟས་པ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། རྣམས་དབུ་མ་ལ་ཟུག་པའི་རྩ་གསུམ་འཁོར་ལོ་བཞི་བསལ་བཏབ། དེ་ནས་སྣ་བུག་གཉིས་ནས། རླུང་རོ་སངས་པ་ལན་གསུམ་ལས་སགས་པ་བུ། དེས་ཁམས་འདུས་མི་འབྱུངས་པའི་དགོས་པ་ཡོད། དེ་ནས་རླུང་སྣ་བུག་གཉིས་ནས་རྔུབས་ཏེ། རོ་སྐྱང་གཉིས་ན་མར་ཏང་ལྟང་སོང་པས། ཨ་ཐུང་ལ་སྦུད་པ་བུས་པ་བཞིན་རླུངས་གཉིས་ཀྱི་བུས་པར་བསམ། རླུང་གི་རྟ་ཡིན་པས་མཆིལ་མ་མིད། མགོ་བོ་གུག་བྱ་རེ་རླུང་མནན། ལྟེ་བ་ཕྱིར་དྲག་ཏུ་ཕུལ། འོག་རླུང་གྱེན་དུ་འཐེན་ལྟེ་བར་རླུང་སྟེང་འོག་ཁ་སྦྱར་ནས། ཇི་སྲིད་རླུང་ཐུབ་ཚད་མནན་ཏེ། སོར་མོའི་མཐར་ཐུག་པ་རླུང་གི་གང་བར་བསམ། མི་ཐུབ་པ་དང་དུས་གཅིག་ལ་ཧིག་གིས་མི་བཏང་པར། སྣ་བུག་གི་སྒོར་རྡུལ་ཕྲན་བཞག་ཀྱང་གཡོ་འགུལ་མེད་པ་ཙམ་དུ་དལ་བུས་འཇམ་པོ་ཕྱིར་བཏང་། དེ་ནས་སྔར་བཞིན་རྔུབས། ལྟེ་བར་སྟེང་འོག་ཁ་སྦྱར་བུམ་པ་ཅན་སྐྱར་ཞིང་ཞག་གསུམ་ལོགས་པ་སྒོམ། དེ་ནས་ཨ་ཐུང་ལས་མེ་འཚན་ཉིད་བཞི་ལྡན་སོར་བཞི་སོར་གཉིས་ལ་སོགས་པ་རིམས་བཞིན་འབར་བས། རྩ་དབུ་མའི་ནང་ན་ཡར་ལ་སོང་ཏེ། ལྟེ་བ། སྙིང་ཁ། འགྲིན་པ། དཔྲལ་བ་རྣམས་ཀྱི། རྩ་དབུ་མའི་ནང་ན་ཡར་ལ། མེ་ལྕེ་ཕྲ་མོ་སོང་པས། དབུ་མའི་ཡར་སྣའི་ཧཾ་ཡིག་ལ་རེག་པས། ཐིག་ལེ་བྱང་ཆུབ་ཀྱི་སེམས། དཀར་པོ་བདེ་ཁྲིལ་བ་འཇག་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་རྩ་འདབ་སུམ་བཅུ་རྩ་གཉིས་ན་མར་དཀར་ཆིལ་ཆིལ་སོང་པར་བསམ་ལ། རླུང་ཁ་སྦྱར། འཁྲུལ་འཁོར་གཡས་སུ་སྐོར་བ་དང་། གཡོན་དུ་སྐོར་བ་ཆ་སྙམ་དུ་བྱ། དགའ་བའི་ཏིང་ངེ་འཛིན་གྱི་སྐྱེས་པར་བསམ། དེ་བཞིན་བྱང་ཆུབ་སེམས་ཀྱི་མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་ཡར་བཅད་ཀྱི་རྩ་འདབས་ཐམས་ཅད་རིམས་བཞིན་གང་པས། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཏེ་དགའ་བ་བཞིའི་ཏིང་ངེ་འཛིན་བདེ་བ་ཆེན་པོ་སྐྱེས་པར་བསམ།
བརྟག་གཉིས་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེགས་ཅིང་། །སྤྱན་ལ་སོགས་པ་ཡང་སྲེགས་སྟེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་གསུངས་པ་དང་།
།ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིང་ལྟར། །རྟག་དུ་དེ་ཉིད་རྣལ་འབྱོར་བས། །ཉིན་དང་འཚན་དུ་མཉམ་པར་བཞག །ཅེས་གསུངས་པའི་རྒྱུད་ཀྱི་མན་ངག་རང་འཚུངས་པ་ཉིད་དོ།
།དེ་ནས་མས་བརྟན་དགའ་བ་བཞི་སྒོམ་པ་ནི། བདེ་བ་ཆེས་ནས་ཁམས་འཛག་པ་ལྟ་བུར་གྱུར་ན། འོག་རླུང་གྱེན་དུ་འཐེན། སྟེང་རླུང་འོག་ཏུ་གནན། གསུས་པ་སྒལ་པ་ལ་སྦྱར། ལྕེ་རྩེ་ཡར་རྐན་ལ་སྦྱར། མིག་གྱེན་དུ་ཟློག །གསང་གནས་ཀྱི་བྱང་སེམས་རླུང་གིས་གྱེན་དུ། ལྟེ་བ། སྙིང་ཁ། མགྲིན་པ། གཙུག་ཏུ་རིམ་ཀྱི་ཕུལ་ལྟེ། ཨ་ཐུང་གི་མེ་ཆེར་རིམ་པར་འབར་བས་ལུས་གང་བར་བསམས་ལ། རྩོལ་བ་གསུམ་ལྡན་བྱ། བདེ་བ་ཆུང་ན་ཐིག་ལེ་དབབ། དྲོད་ཆུང་ན་མེ་སྦར། འབར་འཛག་གཉིས་རེ་མོས་སུ་སྒོམ། གཙོ་ཆེར་མེ་སྙིང་ཁ་མན་ཆད་དུ་འབར་བ་དང་། ཐིག་ལེ་སྙིང་ཁ་ཡན་ཆད་དུ་དབབ་ལ་དམིགས་པ་སྟད་ནས་སྒོམ། འཁྲུལ་འཁོར་མི་ནུས་ཙ་ན། རླུང་སྦྱོར་དང་འབར་འཛགས་ལ་དམིགས་པ་གཏད། བདེ་གསལ་མི་རྟོག་པའི་ཟུང་འཇུག་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་བཞག་གོ
།རྩ་༼གསུམ་༽འཁོར་ལོ་བཞིའི་གཏུམ་མོ་འདི་ནི་དུས་འཁོར། ཀྱེའི་རྡོར་ལོགས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་རྣམས་ནས་གསུངས་པའི་མན་ངག་ཡོངས་སུ་རྫོགས་པའི་རྫོགས་རིམས་ཞེས་བྱ་བ་ཤིན་ཏུ་ཟབ། རང་ལུས་ཐབས་ལྡན་གྱི་ཕྱག་རྒྱ་ཞེས་ཀྱང་བྱའོ།
།གཉིས་པ་གཞན་ལུས་ཐབས་ལྡན་གྱི་ཕྱག་རྒྱ་ནི།
།ཤེས་རབ་ཁ་ཁ་མུ་ཁའི་སྙམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམས་བཞིན་ནོ། །ཞེས་གསུངས་པས། གཞན་ལུས་ཐབས་ལྡན་གྱི་ཕྱག་རྒྱ་རྟེན་པར་གསུངས་པ་ཡིན་ཏེ། རྩ་རླུང་འབྱོངས་ཏེ། བྱང་ཆུབ་གྱི་སེམས་ནོར་བུའི་རྩེར་འཛིན་པ་དང་། སྤྱི་བོར་འདྲེན་པའི་ནུས་པ་ཐོབ་པ་ཡིན་ན། ཕྱག་རྒྱ་མ་པད་མ་ཅན་ལ་སོགས་པ། མཚན་ཉིད་དང་ལྡན་པ་སྨིན་ཅིང་གྲོལ་བར་བྱས་ནས། དབྱེན་པའི་གནས་སུ། འདུ་བྱེས་གསུམ་ལྡན་གྱིས། ཤེས་རབ་མ་དང་། ཁ་ཁ་མུ་ཁ་སྙོམ་པར་ཞུགས་ཏེ། བྱང་སེམས་སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་སུ་དགའ་བཞིའི་རིམས་པས་དལ་བུས་དབབ་ཏེ། ཟག་བཅས་ཀྱི་བདེ་བས་དགའ་བཞི་ངོས་བཟུངས། དེ་ནས་སྔར་བཞིན་ལུས་གནད། ངག་གནད། དམིགས་པའི་གནད་གསུམ་གྱི། བྱང་ཆུབ་ཀྱི་སེམས། གསང་གནས་ནས་ལྟེ་བ། སྙིང་ཁ། (W8LS36545 p.83 folio is missing) ༼MW22103: མགྲིན་པ། བྲལ་བར་རིམས་ཀྱིས་དྲངས་ཏེ་ཟློག །དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཏེ་མས་བརྟན་གྱི་དགའ་བ་བཞི་ངོས་བཟུང་། སེང་གེ་རྣམ་གྲོལ་ལ་སོགས་པའི་འཁྲུལ་འཁོར་སྣ་ཚོགས་ཀྱིས་བྱང་ཆུབ་ཀྱི་སེམས་ལུས་ལ་བགྲམ། རླུང་སྦྱོར་ལྟེ་བའི་བུམ་པ་ཅན་མང་དུ་སྒོམ། བདེ་དྲོད་མི་རྟོག་སྟོང་གསལ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་ཡུན་རིང་དུ་བཞག་ཅིང་། ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱའོ། །རབ་བྱུང་གིས་དངོས་ཀྱི་ཕྱག་རྒྱ་མ་སྟེན་ན་སོ་སོ་ཐར་པའི་སྡོམ་པ་དང་འགལ་བར་འགྱུར་ཞིང་། མ་སྟེན་ན་དབང་གསུམ་པའི་དམ་ཚིག་དང་འགལ་བ་ཡིན་པས་གཉིས་ཀ་དང་མི་འགལ་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དམིགས་ནས། རི་བོང་དབབ་བཟུང་ཟློག་བགྲམ་རླུང་དང་སྲེ། །ཟག་མེད་ཡེ་ཤེས་ཆེན་པོར་སྐྱེལ་བ་ལ་སོགས་པ་སྔར་བཞིན་སྒོམ་མོ།
།གཉིས་པ་གོས་སུ་གྱོན་པ་ནི། བདེ་བའི་མལ་དུ་པུས་བྲང་སྦྱར་ལ་ཉལ། ལྐོག་མ་པུས་མོ་ལ་དགབ། ལག་པ་སྣོལ་བ་འཁལ་རྩ་ལ་དགབ། མེ་དམིགས་གོང་བཞིན་བྱས་ལ་རླུང་བཟུང་ངོ་།
།གསུམ་པ་གདན་དུ་འདིངས་པ་ནི། རྐང་པ་བརྟེན་ལ་གཏད་ལ། རྒྱུ་མོ་ཁུངས་ཀྱིས་བོལ་གོང་མནན། གཡས་འོག་ཏུ་བཅུག་ལ་ཀུ་ཀུ་ར་ཛའི་འདུག་སྟངས་ཀྱིས་ཁྱི་ཉལ་སྒོར་མོས་ཉལ། རླུང་དང་དམིགས་པ་གོང་བཞིན་ནོ།
།བཞི་པ་རྟར་ཞོན་པའི་མན་ངག་ལ། བླ་མའི་གཏུམ་མོ་སྒོམ་པ་ནི། ལུས་གནད་ནི། ཐབ་འགལ་ཕྱག་རྒྱ་བཅས་ཏེ་ལག་པ་གཉིས་སྣོལ་བ་རྦེ་ཤ་ལ་འཇུ། སྟོང་རའི་ནང་དུ་ལྟེ་འོག་ཏུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བླ་མ་ཚེ་དཔག་དུ་མེད་པའི་རྣམ་པ་སོར་བཞི་ཙམ་པ་སྐུ་མདོག་དམར་པོ་མེའི་རང་བཞིན་དུ་ཆ་བའམ། ཚངས་བུག་འཕང་ལོའི་བུག་པ་ཙམ་དུ་བསམས་ནས་སངས་རྒྱས་བྱང་སེམས་དཔག་དུ་མེད་པ་སྟེང་གི་ནམ་མཁར་བསམས་པའི་ཐུགས་ཁ་ནས་ཡེ་ཤེས་ཀྱི་བདུད་རྩི་མར་བཞུའི་རྣམ་པ་ཚངས་བུག་ནས་ཞུགས། བླ་མའི་སྟེང་དུ་བབས་པས་ལྕགས་སྲེགས་པ་ལ་མར་བཞུ་བླུགས་པ་བཞིན་སོགས་སྒྲ་དང་བཅས་ནས་མེ་འབར་ནས་ལུས་ཀྱི་ནང་ཐམས་ཅད་གང་པར་བསམས་ལ། རྩོལ་བ་གསུམ་ལྡན་བྱའོ། །གཏུམ་མོ་རྣམས་ཀྱི་ནང་ནས་མཆོག་དུ་གྱུར་པ་བླ་མའི་གཏུམ་མོ་ཞེས་ཀྱང་བྱ་རླུང་རྟར་ཞོན་པའི་གཏུམ་མོ་ཞེས་ཀྱང་བྱའོ།
།འགྲོ་བའི་ཚེ་ལག་པ་གཉིས་ཁུ་ཚུར་བཅངས་ནས་མཆན་འོག་གཉིས་སམ། རྐང་འཐིལ་གཉིས་ནས་རླུང་གི་ལྷ་མོ་དཀར་ལྗང་བཤོག་པ་ཅན་གཉིས་ཀྱིས་ནམ་མཁའ་ལ་ཁྱེར་བར་བསམས་ལ།༽ རླུང་ཁུག་པ་ཉེར་གཅིག་བཟུངས་ནས་ཕྱིན་ན། རྟ་མཆོག་དང་མཉམ་པའི་འགྲོས་འབྱུང་གསུང་ངོ་།
།གསུམ་པ་རྗེས་ལ་གཉིས་ལས། དང་པོ་སྲིད་པའི་དབང་ཞུ་བ་ནི། སྤྱི་བོར་པད་མ་དཀར་པོ་དང་། ཟླ་བའི་སྟེང་དུ། བླ་མ་༼རྡོ་རྗེ་འཆང་གྱི་ངོ་བོ་༽སྐུ་མདོག་དཀར་པོ༼ཕྱག་གཉིས་མཉམ་བཞག་གོ༽། འོད་༼ཉི་མ་འབུམ་གྱི་འོད་ལས་་་་་༽ཀྱི་རང་བཞིན་ཅན་སྒོམ་ནས། མཆོད་པ་བཞི་རྫོགས་སུ་ཕུལ་ལ། བདག་ལ་དབང་བཞི་རྫོགས་པར་སྐུར་དུ་གསོལ། ཞེས་གསོལ་བ་གདབ་པས། བླ་མའི་སྐུ་ལུས་ལས་འོད་ཟེར་རམ། བདུད་རྩི་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་ནས། སྤྱི་བོར་སླེབ་པས་བུམ་དབང་། མགྲིན་པས་གསང་དབང་། སྙིང་ཁར་གསུམ་པ། ལྟེ་བར་སླེབ་པས་བཞི་པའོ། །དེ་ནས་ལུས་ངག་ཡིད་གསུམ་གྱི་ཀུན་གཞི་ལ་ཡོད་པའི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ནས། དབང་བཞི་རྫོགས་པ་དང་། སྐུ་བཞི་ཐོབ་པར་བསམ། དེས་དམ་ཚིག་ཉམས་ཆག་དང་སྡིག་སྒྲིབ་ཐམས་ཅད་དག་ནས། ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བ་ལ་བླ་མ་བསམ་ནས་ཚོགས་འཁོར་དང་། དབང་སྐུར་སྔོན་འགྲོའི་ཆོ་ག་དང་འབྲེལ་བས། གོང་གི་དམིགས་པ་དེ་ཉིད་སློབ་མ་ལ་སྐུར་ན། ཐབས་ལམ་དབང་བཀའ་ཡིན་པས། དེ་ཐབས་ལམ་སྒོམ་པའི་རྗེས་ལ་མ་ཆག་པར་བླང་ངོ་།
།གཉིས་པ་གགས་རང་གྲོལ་ནི། དེ་ལྟར་ཐབས་ལམ་སྒོམ་པའི་དུས་སུ། ལྗི་བ་རྔུལ་བྱུང་ན། སེར་ཐལ། དྲི་ཆུ་རླངས་ཡལ་བ་བཏང་ལ་བཀྲུའོ། །དེས་སེལ་ལོ། །སྙིང་མི་དགའ་བ་དང་། ཤེས་པ་འཕྱོ་བ་དང་། རོ་སྟོད་ན་བ་ལ་སོགས་པ་བྱུང་ན། གང་ན་སར་ལྕགས་ཚགས་ཀྱི་མིག་ལྟ་བུ་བསམ་པའི་ནང་ནས་ནད་གདོན་ཐམས་ཅད་དུ་བ་འཕྱུར་བ་ལྟར་སྔོ་བུན་ནུ་ནུ་མཐོན་པར་བསམ་ལ། ལག་པ་གཉིས་དཀྲུག །རླུང་འབུད་པ་དང་། ཧས་གྲག་པོ་གདབ་པར་བྱའོ། །ཡང་ན་རིན་པོ་ཆེ་འབར་བ་ལྟ་བུའི་བུ་ག་སྒོམ། དེས་སྟོད་གགས་སེལ་ལོ།
།སྨད་དུ་ཀུན་དའི་གགས་ནི། རབ་དགག་སྒྲུབ་དང་བྲལ་བའི་བློས་བསལ། འབྲིང་དབང་སྐུར་དང་། ཚོགས་འཁོར་དང་། ཐ་མ་དམིགས་པ་དང་འཁྲུལ་འཁོར་གྱི་སེལ་གསུང་ངོ་།

།གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ།
(MW22103: scv9p730+9p715)
རྡོ་རྗེ་ཚིག་རྐང་ལས། །སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིངས་གསུམ། །འབྲལ་མེད་མོས་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་ཞེན་བྲལ་ལྷ་སྐུའི་ལམ་ཁྱེར་བྱའོ། །ཆགས་སྡངས་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར།
དབང་པོ་རབ་བླ་མ་གྲོགས་སུ་བསྟེན་པ། འབྲིང་ཚིག་བཞན་གྱི་བར་མ་ཆོད་པར་འཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེས་པ། །ཅེས་དང་།
ཚིག་གསལ་ལས། སྒྱུ་ལུས་ལ་གསུམ། དབང་པོ་རབ་བླ་མ་གྲོགས་སུ་བརྟེན་པ་སོགས་དང་།
ཐེམས་ཡིག་ལས། སྒྱུ་ལུས་དབང་པོ་རབ་འབྲིང་ལ། གསོལ་འདེབས་ལྔ་ལ་འདུན་པ་གསུམ།
།ཅེས་པས་དོན་གསུམ་ལས། དང་པོ་དབང་པོ་རབ་བླ་མ་གྲོགས་སུ་བརྟེན་པ་ལ་གཉིས་ཀྱི།
དང་པོ་གསོལ་འདེབས་བླ་མའི་ལམ་ཁྱེར་ནི། དེ་ལ་སྤྱིའི་ཕྱིར་གྲོགས་ཞེ་ན། འདུ་འབྲལ་མེད་པའི་དོན་གྱི་ན་གྲོགས། གོང་ནས་གོང་དུ་འཁྲིད་པར་བྱེད་པས་ན་གྲོགས། ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པའམ། ཚེ་གཅིག་གམ། ལོ་ཟླ་ཙམ་གྱིས་སངས་རྒྱས་ཀྱི་ས་ལ་འགོད་པས་ན་གྲོགས་ཡིན་གསུང་།
དེ་ལ་དང་པོ་སེམས་སྐྱེད་དང་ལྡན་པས། གནས་དབེན་པར་ཕྱིན་ལ་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེད་དེ། སྔར་སྐྱེས་པ་ཐམས་ཅད་ཀྱང་ཤི། ད་སྐྱེ་བ་ཐམས་ཅད་ཀྱང་འཆི། ད་ལྟར་གནས་པའི་དགྲ་གཉེན་གྱི་རྣམས་པ་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། ཤི་ནས་ཀྱང་མེད་པར་མི་འགྱུར་ཏེ། རིགས་དྲུག་ནི་གང་དུ་སྐྱེས་ཀྱང་སྐྱིད་མེད་ཨང་མཉམ་དུ་བསམ་ལ། བདེ་བའི་བསྟན་ལ་ལུས་གནད་བཅས་ལ། རང་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་གཉིས་སུ་མེད་པར་སྒོམ་པའི་སྤྱི་བོར་པད་ཟླའི་གདན་ལ། རྩ་བའི་བླ་མ་ཞལ་འཛུམ་མདངས་དང་ལྡན་པ་གཅིག་བསམ། དེའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་གྱི་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་། ཀ་ཁ་སླབས་པ་ཡན་ཆོད། ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་རྣམས་དེ་ལ་སྟིམས་ནས། བླ་མ་དེ་འོད་དང་འོད་ཟེར་གྱི་རང་བཞིན་ཅན། མཚན་ཐོས་པ་ཙམ་གྱི་ཕྱིར་མི་ལྡོག་པའི་ས་ལ་འགོད་ནུས་ན། གསོལ་བ་གདབ་ན་སྨོས་ཅི་དགོས་པ་གཅིག་བསམ། མདུན་དུ་རང་ལ་གནོད་པར་བྱེད་པའི་གདོན། ཚེ་འདི་ཡི་ཕ་མ། གཞི་བདག་རྣམས་ཀྱི་ཙོ་བྱས་པ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལུས་གུས་པ་ཐལ་མོ་སྦྱར། ངག་གུས་པ་གསོལ་བ་འདེབས། ཡིད་གུས་པ་མོས་གུས་རྒྱུན་ཆད་མེད་པར་བསམ་ནས། བདག་གི་ངག་ཏུ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བྱས་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཁུ་དི་རི་རི་གསོལ་བ་འདེབས་པར་བསམ་ནས། བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་འཛིན་བློ་ཡི་ཐོང་པར་བྱིན་གྱི་རློབས། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་འབྱོངས་པར། རྨི་ལམ་འབྱོངས་པར། འོད་གསལ་ཕྱག་ཆེན་པོ་ད་ལྟ་ཉིད་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་རྩེ་གཅིག་ཏུ་གསོལ་བ་གདབ།
དེ་ཡང་ལྷ་སྐུ་མཚན་དཔེའི་བརྒྱན་པ། བསྐལ་པ་སྟོང་དུ་སྒོམ་པ་བས་བསོད་ནམས་ཆེ་བ་དང་། སངས་རྒྱས་སྟོང་གི་ཡོན་ཏན་འཛིན་པ་དང་།
(W8LS36545 p.86 folio is missing)
༼MW22103: ས་བཅུ་ལམ་ལྔ་ཐམས་ཅད་ཐུན། གཅིག་གིས་བགྲོད་པ་ལ་སོགས་པའི་ཡིད་ཆེས་སུ། མདོ་རྒྱུད་མན་ངག་ཐམས་ཅད་མཐུན་ཏེ།
ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ཀྱི་ཞལ་ནས། ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཞེས་པ་དང་།
ཧེ་བཛྲ་ལས། གཞན་གྱིས་རྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་སྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཅེས་སོ།
།ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་སོ།
།མདོ་ལས་ཀྱང་། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་རྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། །ཅེས་པ་ལ་སོགས་པ་དུ་མ་གསུངས།
ཕལ་པོ་ཆེ་ལས། ནོར་བཟངས་ཀྱིས། དགེ་སློང་རྒྱ་མཚོའི་དབྱངས་ལ་གསོལ་པ། ཁྱེད་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་ལྟ་བུ་གང་ལས་བྱུང་། བཀའ་སྩལ་པ། ངས་སྔོན་དགེ་བའི་བཤེས་གཉེན་སྟེན་པ་དང་། རིམ་གྲོ་དང་ཕུ་དུད་དུ་བྱས་པ་ལས་བྱུང་ངོ་། ཁྱོད་ཀྱིས་ཀྱང་དགེ་བ་དི་བཤེས་གཉེན་ལ། །ཅེས་སོ།
ཁྱུང་པོ་རྣལ་འབྱོར་པའི་གསུང་ནས་ཀྱང་། ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བ་ལ་བླ་མའི་བྱིན་རླབས་འཇུག་དགོས། དེ་ལ་འགྲོ་འཆག་ཉལ་འདུག་ལ་སོགས་པའི་དུས་ཐམས་ཅད་དུ་བླ་མའི་སྣང་བ་དང་སྐད་ཅིག་ཙམ་ཡང་མི་འབྲལ་བའི་མོས་གུས་ཅིག་དགོས་གསུང་།
བླ་མ་རྨོག་ཅོག་པའི་ཞལ་ནས། ཚེ་གཅིག་གིས་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས་གསུང་།
ཁོང་གི་ཐག་ཆོད་ཀྱི་གསུང་གཅིག་ལ། ཐུགས་རྗེ་ཆེན་པོ་རང་ཤེས་དཀར་ན་ཡང་དཀར། །དགེས་རྡོར་བདེ་མཆོག་རང་ཤེས། གནག་ན་ཡང་གནག །ང་ལ་རེ་ས་བླ་མ་ལས་མེད། ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སམ་དེ། ད་གནད་འཆོར་འོང་ངེས་འདྲ་གསུང་སྐད།
བླ་མ་སྐྱེར་སྒང་པའི་གསུང་ནས། བླ་མའི་མོས་གུས་ལ་མ་བུ་གཅིག་པོ་ཤི་བ་ལྟ་བུ་ཅིག་དགོས་གསུང་།
གཉན་སྟོན་རི་གོང་པའི་ཞལ་ནས། བླ་མའི་མོས་གུས་ལ་ཞེ་ཐག་པ་སྙིང་ཁོང་རུས་པའི་གཏིང་ནས་མཆི་མ་རང་དབང་མེད་པར་འོང་བའི་གསོལ་བ་འདེབས་པ་གཅིག་དགོས་གསུང་།
རིན་ཆེན་སངས་རྒྱས་སྟོན་པའི་ཞལ་ནས། བླ་མའི་མོས་གུས་ལ་རྗེད་ངེས་ལོག་ལྟར་མ་སོང་བ་གཅིག་དགོས་གསུང་།
ཡང་ན་བླ་མ་རྗེད། ཡང་ན་ལོག་བལྟ་བྱེད་པ་ལ་བྱིན་རླབས་མི་འཇུག་གསུང་།
[[མཁས་གྲུབ་རིན་པོ་ཆེ]]འི་ཞལ་ནས། བླ་མའི་མོས་གུས་ལ་བླ་མ་གོ་འདྲེས་ཀྱིས་མ་ཁྱེར་བ་དང་། མོས་གུས་གོ་ཡུལ་དུ་མ་ལུས་པ་ཅིག་དགོས་གསུང་།
གཞན་ཡང་བླ་མ་གཉན་སྟོན་གྱི་ཞལ་ནས། བླ་མ་རྗེ་བཙུན་ཆེན་པོ་རིན་པོ་ཆེ་འབྲི་ཁུང་པ། ཞང་རིན་པོ་ཆེ་དུས་གསུམ་མཁྱེན་པ། རྩང་པ་རྒྱ་རས་ལ་སོགས་པ་ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས་བླ་མའི་མོས་གུས་གཅིག་པུས་ལམ་བགྲོད་པ་ལ་ཀུན་མཐུན་པར་འདུག་གསུང་ངོ་།
།གཉིས་པ་ཅིར་སྣང་བདེན་མེད་ལམ་ཁྱེར་ནི། གོང་བཞིན་དུ་གསོལ་བ་བཏབ་པས་སྣང་བ་ཐམས་ཅད་བདེན་མེད་དུ་ཚམ་སོང་བ་དང་། རང་གི་སྤྱི་བོར་བླ་མ་སྒོམ་པའི་སྐུ་མདོག་ཕྱག་མཚན། བརྒྱན། ཆ་ལུགས། རྣམ་པ། བཞུགས་ཚུལ་དང་ལྡན་པ་འདི་རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས་པ། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མི་འདུག །འདི་སྣང་གིན་འདུག་ཀྱང་བདེན་མེད་གཅིག་ཡིན་ཨང་སྙམ་དུ་བསམ། དེ་བཞིན་དུ་སྣང་ཞིང་སྲིད་པས་སྡུས་པའི་ཆོས། དགྲ་སྡང་བ། གཉེན་བྱམས་པ། བདག་གཞན་སྣོད་བཅུད་དང་བཅས་པ་འདི་རྣམས་ཐམས་ཅད་རང་གི་བློས་བཀོད་པ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མི་འདུག་པས་སྣང་གིན་འདུག་ཀྱང་བདེན་མེད་གཅིག་ཡིན་ཨང་སྙམ་དུ་སྒོམ། བཤིས་བདེན་མེད་ཅིག་ཡིན་པ་ལ་དེ་ལྟར་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་སྙམ་དུ་བསམ། དེ་ལྟར་རྩེ་གཅིག་ཏུ་སྒོམ་པ་དེ་ནི་མཉམ་བཞག་གོ
།རྗེས་ཤེས་ནི། འགྲོ་བ་འཆག་པ་ཉལ་བ་འདུག་པ། ཟས་ཟ་བ། གོས་གྱོན་པ་གཏམ་སྨྲ་བ་ལ་སོགས་སྤྱོད་ལམ་ཐམས་ཅད་ཀྱི་དུས་སུ་ཡང་། འདུན་པ་གསུམ་ནི། དོ་ནུབ་འཆི། ནང་བར་འཆི། ཅིས་ཀྱང་འཆི། ཅི་བྱེད་སྙམ་པ་དང་། བླ་མའི་མོས་གུས་དུངས་དུང་པ་དང་། ངེས་པར་བདེན་མེད་ཡིན་སྙམ་པའི་འདུན་པ་དྲག་པོ་དང་གསུམ་རྩེ་གཅིག་དུ་མ་ཡེངས་པར་ཉམས་སུ་བླང་། འགྲོ་འཆག་ཉལ་དང་འདུག་དང་ཤེས་གཞིན་རབ་ཏུ་ལྡན། །ཅེས་པའི་དོན་ནོ།
།དེ་ལྟར་སྒོམ་པས་གཡས་ནས་བསྟོད་པ་དང་། གཡོན་ནས་སྨོད་པ་ལ་དགག་སྒྲུབ་མེད། གཡས་ནས་ཙན་དན་གྱི་འདེ་གུས་བྱུགས་པ་དང་། གཡོན་ནས་ཁྱི་ལུད་ཀྱིས་བྱུགས་པ་ལ་དགག་སྒྲུབ་ཆགས་སྡང་རང་གྲོལ་ནས། །སྒྱུ་ལུས་ཆགས་སྡང་རང་གྲོལ་བྱ་བ་འབྱུང་གསུང་ངོ་།
།དེས་ཉིན་བར་གྱི་དུས་འདའ། མཚན་མོ་ཡང་བདེ་བའི་སྟན་ལ་འདུག་སྟེ་སེམས་སྐྱེ་བླ་མའི་རྣལ་འབྱོར་གོང་བཞིན་དུ་བྱས་ནས། གསོལ་བ་བཏབ་སྟེ་གཉིད་ལོག་པས། ཕྱམ་༼གཡང་ས་༽ཆེན་པོ་ལ་ཤོར་བའམ། མིའམ་ཁྱིས་དེད་པ་ལ་སོགས་པའི་རྨི་ལམ་མི་འཚམ་པ་གཅིག་རྨིས། དེ་རྨི་ལམ་དུ་ཤེས། རྨི་ལམ་དེ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་ཐམས་ཅད་དང་བྲལ་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་དེ་ལ་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་སྟེན་པས་ས་བཅུ་ལམ་ལྔ་བགྲོད་པ་བྱ་བ་ཡིན་གསུང་ངོ་། །དེས་མ་བགྲོད་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས། མོས་གུས་རྩོལ་བ་ཞན་པའི་སྟོབས་ཀྱིས་དབང་པོ་འབྲིང་དུ་སོང་བ་ཡིན་ནོ།
།དེ་ལ་གཉིས་པ་དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་ནི། དེ་ལ་ཅིའི་ཕྱིར་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་ཞེས་ཟེར་ཞེ་ན། ཐ་མལ་གྱི་ལོང་གཏམ་ལྟ་ཅི་སྨོས་ཏེ། མདོ་འདོན་པ་དང་། སྔགས་ཟློས་པ་ལ་སོགས་པ་ཐམས་ཅད་རེ་ཞིག་བཞག་ནས་ཡིད་ལའང་སྒྱུ་མ་རྨི་ལམ། ངག་ཏུ་སྒྱུ་མ་རྨི་ལམ་རྟག་ཏུ་རྗོད་གསུང་ངོ་།
།ཁྱེའུ་རབ་སྣང་གིས་ཞུས་པའི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་རྗོད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་སངས་རྒྱས་ངེས། །ཅེས་སོ།
།འདིའི་ལག་ལེན་ནི། ཚིག་གསལ་ལས། གཉིས་པ་དབང་པོ་འབྲིང་ལའང་གཉིས། རང་ལུས་སྣང་སྟོང་ལྷ་སྐུ། ཅིར་སྣང་སྒྱུ་མ་ལམ་ཁྱེར་རོ། །ཅེས་པས།
དང་པོ་ནི། གནས་དབེན་པར་ཕྱིན་ལ་འཁོར་བའི་སྐྱོ་ཤས་བླ་མའི་རྣལ་འབྱོར་གོང་བཞིན་སྒོམས་ནས། གསོལ་བ་བཏབ་པས་སྣང་བ་ཐམས་ཅད་བདེན་མེད་དུ་ཆམ་སོང་བ་དང་རང་བདེ་མཆོག་ལྷན་སྐྱེས་སུ་སྒོམས་ཏེ། དེ་ཉིད་གསལ་བའི་ངང་ལ་རང་བདེ་མཆོག་དུ་གསལ་བའི་སྐུ་མདོག་ཕྱག་མཚན་ལ་སོགས་པ་འདི་རྣམས་ང་རང་གི་བློས་བཀོད་པ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མི་འདུག །འདི་སྣང་ནི་སྣང་། བདེན་ནི་མི་བདེན། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་སྒོམ།
གཉིས་པ་ནི། དེ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན། ས་རྡོ། རི་བྲག །ནང་བཅུད་ཀྱི་སེམས་ཅན་སྐྱེས་པ་བུད་མེད། དགྲ་གཉེན་རྟ་གླང་པོ་ལ་སོགས་པ་སྣང་ཞིང་སྲིད་པས་སྡུས་པའི་ཆོས་ཐམས་ཅད་ང་རང་གི་བློས་བཀོད་པ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མི་འདུག །འདི་སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་རྩེ་གཅིག་ཏུ་ཉམས་སུ་བླང་གསུང་།
འདུན་པ་གསུམ་ནི། མདོར་ན་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། དོ་ནུབ་འཆི། ནང་བར་འཆི། ཅིས་ཀྱང་ཅི་བྱེད་སྙམ་པ་དང་གཅིག །བླ་མའི་སྣང་བ་དང་མི་འབྲལ་བ་དང་གཉིས། ཁྱད་པར་དུ་འགྲོ་འཆག་ཉལ་འདུག་ཐམས་ཅད་དང་། ཟས་གོས། གཏམ་སྙན་མི་སྙན་ལ་སོགས་པ་ཆགས་སྡང་གི་ཡུལ་དང་ཕྲད་པའི་ཚེ་འདི་རྨི་ལམ་གྱི་ཆགས་སྡང་དུ་འདུག་སྙམ་པ་གསུམ་ཉམས་སུ་བླང་ངོ་། །ངག་དུ་ཡང་སྒྱུ་མ། རྨི་ལམ། སེམས་ཀྱིས་ཀྱང་སྒྱུ་མ་རྨི་ལམ་གྱི་རྩིས་ཟིན་པར་བྱས་པས་ཅི་བྱས་དགེ་སྦྱོར་དུ་འགྲོ་བ་ཡིན་གསུང་།
ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས། ཅིར་སྣང་སྒོམ་དུ་མ་ཤེས་ན། །གཉེན་པོ་སྟེན་གྱིས་ག་ལ་ལང་། །བདུན་པ་ཡུལ་ངན་སྤངས་པས་གང་ན་སྤོངས། །སྒྱུ་མར་རྟོགས་པས་རང་སར་གྲོལ། །ཅེས་སོ།
།ཡེ་ཤེས་རྒྱ་མཚོ་ལས། རང་ལུས་སྒྱུ་མའི་རྣམ་པར་རབ་ཤེས་པས། །འགྲོ་ཀུན་སྐྱེས་པ་བུད་མེད་སྣ་ཚོགས་པ། །ཐམས་ཅད་གཟུགས་ནི་སྒྱུ་མའི་རྣམ་པ་ལས། །མཁས་པ་སུ་དག་དེ་ལས་གཞན་དུ་རྗོད། །ཅེས་པས་སྣང་བ་ཐམས་ཅད་རང་གི་སེམས། སེམས་ལྷ་སྐུ། ལྷ་སྐུ་སྒྱུ་མ་ལྟ་བུ་སྟེ། དེ་ཡང་སྣང་བ་ཐམས་ཅད་རང་གི་སེམས་ལས་ལོགས་ན་མེད་པར་གོ་དགོས་ཏེ།
རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་།
ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་བཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་དང་།
སུམ་བཅུ་པ་ལས། དངོས་གཅིག་ཡིད་ལ་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཅེས་གསུངས་སོ།
།དེ་ཡང་གོག་ས་གཅིག་ཏུ་མི་ལ་ཆུ། ལྷ་ལ་བདུད་རྩི་ཡིད་དགས་ལ་རྣག་དུ་སྣང་བ་ལ་སོགས་པའི་རྒྱུ་མཚན་གྱིས་སྣང་བ་སེམས་ལས་ལོགས་ན་མེད་པར་ཤེས་པར་བྱའོ།༽
(W8LS36545 p.87-88 folio misplaced)
དབུས་ཀྱི་རྒྱལ་པོ་དང་། ལྷོ་ཕྱོགས་ཀྱི་རྒྱལ་པོ་ཟླ་བའི་གཏམ་རྒྱུད་གསུངས།
།དེ་ལྟར་ཆགས་སྡང་ལ་སོགས་པ་ཐམས་ཅད་ལ་གཉེན་པོ་བརྟེན་ཅིང་བསྒོམ་པས། སྣང་བ་བདེན་མེད་སྒྱུ་མར་ཤར་ནས། གཡས་ནས་སྟོད་པ་དང་། གཡོན་ནས་སྨོད་པ་ལ་ཆགས་སྡང་རང་གྲོལ་ནས། སྒྱུ་ལུས་ཆགས་སྡང་རང་གྲོལ་འབྱུང་གསུངས་སོ།
།རྗེས་སྤྱོད་ལམ་ཐམས་ཅད་དུ་ཉམས་སུ་བླངས་པས། ནུབ་མོ་རྨི་ལམ་ཟིན། དེ་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་ཙམ་པོ་དང་བྲལ་ནས། འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་དེ་ལ། དབང་པོ་འབྲིང་། ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པས། ལམ་ལྔ་ས་བཅུ་བགྲོད་པ་ཡིན་གསུང་ངོ་། །དེ་ལྟར་ཉམས་སུ་ལེན་པ་ལ། ཚེ་བློས་མ་ཐོངས་ན། ཅི་བྱས་ཚེ་འདིའི་རྒྱན་དུ་འགྲོ་བས། ཚེ་འདི་བློས་ཐོངས་པའི་ཐབས། ཇོ་བོ་རྗེས། ལོ་ཚ་བ་རིན་ཆེན་བཟང་པོ། ཁ་རག་སྒོམ་པ། རྣལ་འབྱོར་ཆོས་འབྱུང་ལ་སོགས་པའི་ལོ་རྒྱུས་ཞིན་ཏུ་གསུངས་པ་ནི། སངས་རྒྱས་སྟོན་པའི་གསུང་ངོ་།
།དབང་པོ་རབ་འབྲིང་གཉིས་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས་མོས་གུས་མདུན་པ་ཆུང་པས། དབང་པོ་ཐ་མ་རུ་སོང་པ་ཡིན་པས།
གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ནི། སད་བཞིས་མ་ཁྱེར་བར་ཉམས་སུ་བླང་གསུང་ངོ་། །དེ་ཡང་སད་བཞི་ནི། འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། འཕོས་སྐྱས་མང་པོ་དགེ་སྦྱོར་གྱི་སད། བློ་སྣ་མང་པོ་དགེ་སྦྱོར་གྱི་སད། ལོག་ལྟ་མང་པོ་དགེ་སྦྱོར་གྱི་སད་ཡིན་པས། དེ་རྣམས་སྤངས་ལ། བླ་མའི་རྣལ་འབྱོར་གོང་བཞིན་དུ་བསྒོམ་ལ།
ཐེམས་ཡིག་ལས། །སྒྱུ་ལུས་དབང་པོ་ཐ་མ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། །ཅེས་པས།
བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་ལ།
ཚིག་གསལ་ལས། འགྲོ་དྲུག་སྒྱུ་མར་འཆར་བྱེད། ནད་གདོན་སྒྱུ་མ་ལམ་ཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རོ། །ཅེས་པས།
དོན་བཞིའི་དང་པོ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ནི། རང་ཡི་དམ་དུ་བསྒོམས་པའི་ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་དབུས་སུ། འགྲོ་དྲུག་གིས་སེམས་ཅན་དམྱལ་བ་ཚ་གྲངས་ལ་སོགས་པ་ཐམས་ཅད་འོད་དུ་ལྟེམ་ལྟེམ་བསམས་ལ་འོག་རླུང་དྲག་ཏུ་སྐུམ། བདག་གིས་གཙོ་བྱས་པའི་འགྲོ་དྲུག་གི་སེམས་ཅན་འདི་རྣམས། མི་བདེན་པ་ལ་བདེན་པར་བཟུང་པས། འཁོར་བ་འབའ་ཞིག་ཏུ་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན། རྨི་ལམ་སྒྱུ་མ་ཡིན་ལང་སྙམ་དུ་དྲན་འདུན་དྲག་པོ་དང་། བླ་མའི་མོས་གུས་གཉིས་རྩེ་གཅིག་ཏུ་ཉམས་སུ་བླང་ངོ་། །དེས་སྒྱུ་མ་དང་རང་ཤར་མི་འབྱུང་མི་སྲིད་དོ།
།གཉིས་པ་ནད་གདོན་སྒྱུ་མ་ལམ་ཁྱེར་ནི། ནད་ལྟ་བུ་ལ་ནད་ཀྱི་ངོ་བོ་བླ་མར་བསྒོམ། ནད་དང་བླ་མ་དབྱེར་མེད་བདེན་མེད་སྒྱུ་མར་བསྒོམ། གདོན་ལ་གང་གནོད་པ་དེ་སྣ་བུག་གཡས་ནས་ལྕེའི་འོག་གི་ཆོས་འབྱུང་ནང་དུ་བཅུག་ལ། ཆོས་འབྱུང་ཁ་སྡུས་ལ། དཀྲུག་འཁོར་བྱ། གསོལ་བ་བདབ། གདོན་སྒྱུ་མར་སྒོམ་ལ། གནོད་བྱེད་དེས་འགྲོ་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་ཞིང་། དྲན་པས་འགྱོད་པ་སྐྱེས། གནོད་སེམས་ཞི་ནས་མདུན་དུ་དོན་པ་ལ། ཆུ་གཏོར་དང་ལན་ཆགས་ཀྱི་གཏོར་མ་བཏང་ལ། མི་དམིགས་པར་བྱའོ།
།གསུམ་པ་འཆར་བྱེད་ཡོན་ཏན་ཚོགས་དྲུག་ནི། ལྟེ་འོག་ཆོས་འབྱུང་གི་ནང་དུ། འགྲོ་དྲུག་གི་སེམས་ཅན་སྒོམ་ལ། འོག་རླུང་བསྐུམ་ལ་འདུན་པ་རྩེ་གཅིག་ཏུ་བཏང་པས་དྲོད་སྐྱེ་བ་ཐིག་ལེ་རང་ཐུབ་པ། རྨི་ལམ་འབྱོངས་པ། འགྲོ་དྲུག་གིས་ཡུལ་སྣང་སེམས་ཅན་གྱིས་སྨིན་གྲོལ། སྒྱུ་མ་རང་ཤར། རྨི་ལམ་རང་ཟིན་དང་། ཡོན་ཏན་དྲུག་འཆར་རོ།
།བཞི་པ་ཞེན་མེད་སྒྱུ་མ་རང་ཤར་ནི། མཉམ་བཞག་གོང་བཞིན་བྱས་ལ། རྗེས་སྤྱོད་ལམ་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཁྱེར་ནས། ཅིར་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རང་ཤར་ནས་ཆགས་སྡང་ཐམས་ཅད་རང་གྲོལ་དུ་འཆར་རོ།
(MW22103: scv9p718)
།གསུམ་པ་རྨི་ལམ་ལ།
རྡོ་རྗེ་ཚིག་རྐང་ལས། །གང་གིས་བསམས་པ་ཐམས་ཅད་ཡོང་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་རང་དག་སྒྱུ་མ་ལམ་རིམ་གྱིས། །ཡོན་ཏན་ཉིན་མཚན་དུས་སུ་རང་ཤར་འབྱུང་།
རྨི་ལམ་བཟུང་པ། སྦྱངས་པ། སྤེལ་བ། སྤྲུལ་བ། བསྒྱུར་བ། ཡུལ་སྣང་ངོ་། །ཞེས་དང་།
ཚིག་གསལ་དུ། རྨི་ལམ་བཟུང་པ་ཅེས་སོགས་ཆོས་དྲུག་ལས།
དང་པོ་བཟུང་པ་ལ་གཉིས་ཀྱི་དང་པོ་རང་ཟིན་ནི། མཚན་མོ་མལ་བདེ་བར་ལུས་ཡི་དམ་དུ་བསྐྱེད་པའི་སྤྱི་བོར། བླ་མ་བསྒོམས་ལ་གསོལ་བ་གདབ་པ་ནི།
ཐེམས་ཡིག་ལས། །རྨི་ལམ་འཛིན་པར་བྱེད་པ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། །ཅེས་པས།
བདག་འཛིན། དགོས་མེད། སྒྱུ་ལུས། རྨི་ལམ་ཟིན་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་ལ། སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་ཆད། སྙིང་ཁར་བྱུང་པས་གཏི་མུག་དག །གསང་གནས་ཀྱི་ཨ་ལས། ཐིག་ལེ་དམར་པོ་ཆད། སྙིང་ཁར་བྱུང་པས་འདོད་ཆགས་༼ཐིག་ལེ་གཉིས་་་་་་་༽དག །ཞེ་སྡངས་དག་པ་ཡིན་གསུངས། ཐིག་ལེ་གཉིས་པོ་སྒོ་རོ་རོ་འཁོར་བས་བུམ་དབང་། རེག་པས་གཉིས་པ་གསང་དབང་། རེག་པས་བདེ་བ་བྱུང་བ་གསུམ་པ། གཅིག་ལ་གཅིག་ཐིམ་པས་འོད་དུ་ཡལ་བ་ལ་སོང་པ་དེ་དབང་བཞི་པ་ཡིན་ནོ། །ཉིན་མོ་འཁོར་བ་ལ་དམིགས་ལ་རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་བྱ། ༼་་་་་༽ནུབ་མོ་གཉིད་དུ་འགྲོ་ཁར་ཐིག་ལེ་གཉིས་གཅིག་ལ་གཅིག་ཐིམས་ནས་ཐར་འོད་དུ་གསལ་བ་མི་རྟོག་པ་ལ་བཞག་ལ་རྨི་ལམ་བཟུང་ངོ་། །ཟིན་པའི་རྟགས་རྨི་ལམ་དུ་འདུག་སྙམས་པ་དང་། གཉིད་ཐུམ་ཕྲས་མང་པོ་འབྱུང་ངོ་། །དེས་མཚན་མོ་རྨི་ལམ་རང་ཟིན་མི་འབྱུང་མི་སྲིད་པའི་གནད། དེས་ཀྱང་མ་ཟིན་ན།
གཉིས་པ་སྤྱི་གནད་འཆུག་པ་མེད་པའི་གནད་དགུ་ལ། དུས་ཀྱི་གནད་གསུམ་ནི། ཐོ་རངས་ནམ་ལངས། ཉི་མ་རྩེ་ཤར་རོ། །ལུས་ཀྱི་གནད་གསུམ་ནི། དཀྱིལ་དཀྲུངས་ཙོག་པུ། སེང་གེའི་ཉལ་སྟབས་གསུམ་མོ། །དམིགས་པའི་གནད་གསུམ་གྱི་དང་པོ།
རྟོག་མེད་ལ་འཛིན་པ་གཉིས་ཀྱི་དང་པོ་ནི།
(W22103: 177-78 note)
གསོལ་བ་འདེབས་གོང་ལྟར་བཏབ་ལ། སྟེང་རླུང་ཐིག་ལེ་དཀར་པོ་དང་འགྲོགས། འོག་རླུང་ཐིག་ལེ་དམར་པོ་དང་འགྲོགས་། སྙིང་ཁར་འཁོར་བ་ལ་རླུང་ཁ་སྦྱོར། སྒྱུ་མ་རྨི་ལམ་གྱིས་དྲན་འདུན། དྲག་པོ་རྩེ་གཅིག་དུ་བྱ། གཉིད་དུ་འགྲོ་ཁར། ཐིག་ལེ་དཀར་པོ་སྣ་བུག་གཡས་ནས་འཐོན། དམར་པོ་གཡོན་ནས་འཐོན། སྨིན་ཕྲག་དུ་འཁོར་བ་ལ། དྲན་བདུན་བྱ། དེ་ནས་དེ་གཉིས་བདེ་མཆོག་ཡབ་ཡུམ་དུ་སྐྱེད་གྱུར། མདུན་དུ་གསལ་བ་ལོ་དམིགས་པ་དྲན་འདུན་དྲག་བྱ། དེ་ནས་ཡུམ་ཡབ་ལ། ཡབ་འོད་དུ་ཡལ་སོང་པ་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་། དེས་ཀྱང་མ་ཟིན་ན།
རྟོག་མེད་ལ་བཟུང་པ་གཉིས་པ་ནི། རང་བདེ་མཆོག་ཏུ་སྐྱེར་པའི་ཐུགས་ཁར་བླ་མ། དེའི་ཐུགས་ཁར་ཧཱུྃ་དཀར་པོ་གཅིག་བསམ་ནས། གསོལ་བ་བཏབ་པས། ཧཱུྃ་གིས་བླ་མ་གསལ། བླ་མས་ཡི་དམ་གསལ་བ་ལ་དམིགས་པ་རྟོག་མེད་འདུན་པ་རྩེ་གཅིག་ཏུ་བཏང་ངོ་། །གཉིས་དུ་འགྲོ་ཁར། བདེ་མཆོག་བླ་མ་ལ་ཐིམས། བླ་མ་ཧཱུྃ་ལ་ཐིམས། ཧཱུྃ་འོད་དུ་ཡལ་བ་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་།
།གསུམ་པ་རྟོག་བཅས་ལམ་དུ་ཁྱེར་བ་ནི། ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱིས་མགྲིན་པར་སྐྱེས། །ཡི་གེ་ཨཾ་བཅས་གནས་པ་ཉི། །ཅེས་གསུངས་པས།
རྨི་ལམ་གྱིས་གནས་མགྲིན་པ་རྒྱུའི་ཡི་གེ་ཨཾ། རྨི་ལམ་ཟིན་པར་བྱེད་པའི་རྒྱུ་གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པ་ཡིན་པས། གོང་གི་དམིགས་པ་ལ་སེམས་གཏད་ནས། རྟོག་མེད་ཀྱི་ངང་དུ་གཉིད་ལོག་པས། གཉིད་དུ་མ་སོང་པའི་རྟོག་པ་འགགས་རྨི་ལམ་རགས་པ་མ་ཤར་བའི་བར་དེར། མེའམ་ཆུ་ལ་སོགས་པའི་རྟོག་པ་ཧྲིབ་བྱུང་པའི་དུས་སུ་དེ་རྨི་ལམ་དུ་ངོས་ཟིན་པར་བྱས་ལ། མིག་མི་འབྱེད་པར་འོག་རླུང་བསྐུམ་ལ། གང་ཟིན་དཔག་ཏུ་མེད་པར་སྤྲུལ་ལོ། །དེས་རྨི་ལམ་རྨིས་པ་ཟིན། ཟིན་ཚད་སྦྱོང་སྤེལ་འབྱུང་གསུང་ངོ་།
།རིན་ཆེན་རྨོག་ལྕོག་པའི་ཞལ་ནས། རྨི་ལམ་ཉམས་སུ་ལེན་པ་ལ་རི་དགས་རླུངས་སུ་ཕེབས་པ་འདྲ་བ་གཅིག་དགོས། བདེ་བའི་སྣ་སྡུག་བསྔལ་གྱིས་འདྲེན་པ་ཞིང་པའི་སོ་ནམ་འདྲ་བ་གཅིག་དགོས་གསུངས་སོ།
།ཡང་རྨི་ལམ་ཁོ་ན་ལ་འཇུག་པ་ནི། མཁའ་འགྲོ་མ་སྡེ་ལྔའི་ལུང་པར་སླེབ་པ་དང་འདྲ། དབང་པོ་བརྒྱ་བྱིན་གྱིས་ཚིག་དང་འདྲ་གསུང་ངོ་།
།ཐེམས་ཡིག་ལས། །རྨི་ལམ་སྦྱངས་པའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་བདུན་པ་བཞི། །ཅེས་པས།
གཉིས་པ་སྦྱངས་པ་ལ་བཞི་ལས།
དང་པོ་ལུས་ཀྱིས་སེམས་སྦྱངས་པ་ནི། འོག་ན་ཕྱམ་ཆེན་པོ་ཡོད་པའི་སྟེང་དུ་ལུས་གནད་བཅས་ལ། ༼་་་་་༽ བླ་མའི་རྣལ་འབྱོར་དང་ལྡན་པས། རྨི་ལམ་འབྱོངས་པ་ལ་སོགས་པའི་གསོལ་བ་བཏབ་ལ། ཕྱམ་ཆེན་པོ་དེའི་མདའ་གང་ཙམ་གྱི་ནམ་མཁའ་ལ། རང་གིས་ལུས་བདེ་མཆོག་དུ་བསྒོམས་པས་ཡ་ང་ཏིང་གིས་བྱུང་བ་དང་། བདེ་མཆོག་འདི་ཀ་ངའི་ལུས་ངའི་ལུས་འདི་ཁོ་ན་བདེ་མཆོག་ཡིན་སྙམས་དུ་བསམས་ནས། བདེ་མཆོག་དེ་ས་ལ་སྤྱད་ཀྱི་ལྷུང་། འོད་དུ་ཡལ་སོང་པ་དང་། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བྱའོ།
།དེ་ཁོ་ན་ལྟར་ཡང་ནས་ཡང་དུ་རྩེ་གཅིག་ཏུ་བསྒོམས། དེ་སྔོ་ཡལ་གྱིས་ལུས་སྟོང་སངས་ཀྱིས་སོང་པར་བསམ་ནས། གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་གྱིས་ངང་ལ་བཞག་གོ
།གཉིས་པ་སེམས་ཀྱི་ལུས་སྦྱངས་པ་ནི། གསོལ་འདེབས་བླ་མའི་རྣལ་འབྱོར་སྔར་བཞིན་བྱས་ལ། རང་གི་ལུས་ཀྱི་བུ་ག་རྣམས་སུ་ཧཱུྃ་སྔོན་པོ་ཕྱེད་ནུབ་རེ་བསྒོམས་པའི་འོད་ཟེར་སྔོན་པོ་ལུས་ཀྱི་ནང་དུ་སོང་པས། རང་གི་ལུས་སྔོ་མེར་གིས་གང་པས། ལུས་སྟོང་སང་ཀྱི་སོང་པར་བསམས་ལ། གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞག་གོ
།གསུམ་པ་བདག་མེད་མས་སྦྱང་བ་ནི། གསོལ་འདེབས་བླ་མའི་རྣལ་འབྱོར་དང་འདྲ་བ་ལ། རང་གི་འདུན་དུ་བདག་མེད་མ་སྔོན་མོ་གྲི་ཐོད་ཅན་གྱི་གསང་གནས་སུ། ༼པད་མ་དམར་་་་་༽ ཨོཾ་ཨཱ་སྭ་ཧཱ། ཁ་དོག་སྔོན་པོ་དམིགས་ལ། བཟླས་པ་བྱས་པས་སྔགས་ལས་འོད་ཟེར་སྔོན་པོ་བྱུང་ནས་རང་གི་གསང་གནས་ཡར་སོང་པར་བསམ་ལ་དྲན་འདུན་དྲག་པོ་བྱའོ། །བདག་མེད་མ་འོད་དུ་ཞུ་ནས་རང་གི་གསང་ན་ཡར་བྱུང་པས་ལུས་སྔོ་ཡལ་ལ་སྟོང་པ་སོང་སྟེ། གསལ་སྟོང་འཛིན་མེད་ཀྱི་སྒྱུ་མ་རང་ཤར་ལ་བཞག་གོ
།བཞི་པ་བདུན་པས་སྦྱངས་བ་ནི། བླ་མའི་རྣལ་འབྱོར་བསྒོམས་ནས། གསོལ་བ་ཡུན་ལ་དས་དྲག་པ་བཏབ་པས། སྣང་པ་བདེན་མེད་དུ་ཕྱམ་སོང་པ་དང་། ང་གཉིད་དུ་སོང་འདུག །ངའི་རྣམ་སྨིན་གྱིས་ལུས་ན་ཚ་སྡུག་བསྔལ་བསྐྱེད་པ་དེ་མལ་ན་ཡོད་པ་ཡིན། འདི་ཡིད་ཀྱིས་ལུས་སུ་འདུག །སྣང་པ་འདི་ཐམས་ཅད་རྨི་ལམ་གྱི་སྣང་པར་འདུག །རྨི་ལམ་གྱི་ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱངས་སྦྱང་ཡིན་སྙམས་དུ་བསམ་ནས། འབྱུང་བཞི་ཕྲ་རགས་དང་སེམས་ཅན་ཕྲ་རགས་ཐམས་ཅད་ལས་ཕར་ཐལ་ཚུར་ཐལ་སྦྱང་ངོ་། ཁྱད་པར་དུ་རགས་པ་དང་། ཕྲ་བ་ལ་སྦྱངས་པ་གལ་ཆེ་གསུང་ངོ་།
།ཐེམས་ཡིག་ལས། །རྨི་ལམ་སྤེལ་བའི་ཆོས་དྲུག་ལ། །གསོལ་འདེབས་བཞི་ལ་འདུན་པ་དྲུག །རྨི་ལམ་སྤྲུལ་པའི་ཆོས་དྲུག་ལ། །གསོལ་འདེབས་འདུན་པ་དེ་བཞིན་ནོ། །ཅེས་པས།
གསུམ་པ་སྤེལ་བ་ལ་གཉིས། ཐུག་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བའོ།
།དང་པོ་ཐུག་ཕྲད་དུ་སྤེལ་བ་ལ་གཉིས་སྟེ། སེམས་ཅན་ཕྲ་བ་དང་། རགས་པ་ལ་སྤེལ་བ་ནི། བདག་འཛིན། དགོས་མེད། སྒྱུ་ལུས་རྨི་ལམ་འབྱོངས་པར་བྱིན་གྱིས་རླབ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྣང་པ་བདེན་མེད་དུ་སོང་པ་དང་། ང་གཉིད་དུ་སོང་འདུག །ཡིད་ལུས་དང་། རྨི་ལམ་གྱི་སྣང་པ་ལ་ཇི་ལྟར་སྤེལ་སྤེལ་ཡིན་སྙམ་དུ་བསམས་ནས། སེམས་ཅན་ཕྲ་རགས་གཅིག་ལས་བཅུ་བཅུ་བརྒྱ་སྟོང་ལ་སོགས་པ། ས་གཞི་དང་བར་སྣང་ཁེངས་པར་བསམས་ཞིང་། སྤེལ་ལོ།
།གཉིས་པ་འབྱུང་བཞི་ཕྲ་རགས་ལ་ཡང་དེ་བཞིན་ནོ།
།གཉིས་པ་གང་འདུལ་དུ་སྤེལ་བ་ལ་གཉིས་ཀྱི།
དང་པོ་འཇིག་རྟེན་པའི་གང་འདུལ་དུ་སྤེལ་བ་ནི།
W8LS36545 interrupted. MW22103:
གསོལ་འདེབས་ལ་སོགས་གོང་དང་མཐུན་པས། བྱི་བ་དང་། བྱི་བླ་ལྟ་བུ་དང་། ཁྲ་བྱེའུ། ཁྱི་སྤྱང་ཁྱི། སྟག་སེང་གེ །མི་དང་སྲིན་པོ་ལ་སོགས་པ་གང་འདུལ་དུ་སྤྲུལ་ཞིང་། དེ་སྤེལ་ནས་མིད་པ་དང་ཟ་བ་ལ་སོགས་པའི་སྒོ་ནས་འདུལ་བར་བྱའོ།
།གཉིས་པ་འདས་པའི་གང་འདུལ་དུ་སྤེལ་བ་ནི། གཤིན་རྗེ་གཤེད་འདུལ་བ་ལ་གཤིན་རྗེ་གཤེད། ཀླུ་འདུལ་བ་ལ་ཁྱུང་། རྒྱལ་པོ་འདུལ་བ་ལ་རྟ་མགྲིན། ཀླུ་བདུད་འདུལ་བ་ལ་འཇམ་དཔལ་ཡེ་ཤེས་སེམས་པ། ཀླུ་སྲིན་ལ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཁྲོ་བོར་སྤྲུལ་ཞིང་བཏུལ་ན། སྲོག་སྔགས་འབུལ་ཞིང་བཀའ་འབངས་བྱེད་པ་དང་ལྡན་པར་འགྱུར་རོ།
།བཞི་པ་སྤྲུལ་པ་ལ་ཡང་དེ་བཞིན་བྱའོ། །ཕྱག་ལེན་ལ་སྤྲུལ་བ་ཐོག་མར་མཛད་ནས་དེ་ནས་སྤེལ་བ་མཛད་དོ།
།ཐེམས་ཡིག་ལས། །རྨི་ལམ་བསྒྱུར་བའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་འདུན་པ་བཞི། །ཞེས་པ་སྟེ།
།ལྔ་པ་སྒྱུར་བ་ལ་དོན་བཞི་ལས། དང་པོ་འབྱུང་བཞི་ཕྲ་རགས་སུ་སྒྱུར་བ་ནི། གོང་བཞིན་གསོལ་བ་འདེབས་པ་ལ་སོགས་པ་བྱས་ལ། ས་ལས་ཆུ། ཆུ་ལས་མེ། མེ་ལས་རླུང་དུ་སྒྱུར་པ། དེ་རྣམས་ཀྱང་རགས་པ་ལས་ཕྲ་བ། ཕྲ་བ་ལས་རགས་པར་སྒྱུར་རོ།
།གཉིས་པ་སེམས་ཅན་ཕྲ་རགས་ལའང་དེ་བཞིན་ནོ།
།གསུམ་པ་ལྷ་སྐུ་སྣ་ཚོགས་སུ་སྒྱུར་བ་ནི། ལྷའི་སྐུ་དམར་བ་ལས་སེར་བ་ལ་སོགས་པ་དང་། ཞལ་ཕྱག་མང་ཉུང་དུ་སྒྱུར་བར་བྱའོ།
།བཞི་པ་སྣང་སྟོང་ཞེན་བྲལ་དུ་སྒྱུར་བ་ནི། ལྷ་སྐུ་དེ་རྣམས་གཅིག་གིས་གཅིག་མ་སྒྲིབས་པར་གཟུང་འཛིན་གྱི་བློ་དང་བྲལ་བ་སྣང་ལ་རང་བཞིན་མེད་པ་གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་དུ་རྟོགས་པར་བྱའོ།
།སྒྱུ་མ་ལམ་རིམ་ལས། །དེ་ཕྱིར་སྣང་བ་སྣ་ཚོགས་པ། །སྒོ་ལྔའི་རྣམ་ཤེས་གསལ་དངས་ལ། །ཡིད་ཀྱི་འཛིན་པ་མ་ཞུགས་པ། །དེ་ནི་གསལ་སྟོང་དབྱེར་མེད་དེ། །ཞེན་མེད་སྒྱུ་མ་རང་སྣང་ངོ་། །ཅེས་སོ།
།སྐབས་འདིར་རྡོ་རྗེ་ཚིག་རྐང་ལས། །འཁྲུལ་འབྱམས་སད་འབྱམས་བདེ་འབྱམས་སྟོང་འབྱམས་རྣམས། །མོས་གུས་ཚོགས་སོག་གགས་སེལ་བརྒྱན་པར་བྱ། །ཞེས་པས།
དེ་ལ་འཁྲུལ་འབྱམས་ནི། འཁྲུལ་པ་འབའ་ཞིག་དུ་སོང་ནས་རྨི་ལམ་མ་ཟིན་པའོ། །དེ་ལ་ཉིན་བར་གྱི་དུས་སུ་རྨི་ལམ་ཡིན་སྙམ་པ་དང་། དོ་ནུབ་མ་འཁྲུལ་བར་རྨི་ལམ་ཟིན་པ་ཅིག་བྱ་སྙམ་དུ་ཡང་ཡང་འདུན་པ་སྐྱེད་དོ།
།སད་འབྱམས་ནི། རྨི་ལམ་ཡིན་པར་འདུག་སྙམ་པ་དང་གཉིད་ཕྲས་ཏེ་སད་པའོ། །དེ་ལ་མིག་མི་འབྱེད་པར་འོག་རླུང་ཅུང་ཟད་སྐུམ་ནས་རྨི་ལམ་གང་ཡིན་པ་རྨི་བ་དེ་རྨི་ལམ་ཡིན་པར་འདུག་སྙམ་དུ་བརྟན་པར་བྱས་ཏེ་དེ་ལ་བརྟན་པ་ཐོབ་ནས་སྦྱོང་སྤེལ་ལ་སོགས་པ་རིམས་ཀྱིས་བྱེད་པའོ།
།བདེ་འབྱམས་ནི། ཁམས་སྨད་དུ་ལྷུང་བས་འདོད་ཆགས་ཀྱི་ཡུལ་རྨི་ཞིང་རྨི་ལམ་མི་ཟིན་པས་འཁྲུལ་པའི་དབང་དུ་འགྲོ་བའོ། །དེ་ལ་ཐིག་ལེ་འདྲེན་པ་དང་འགྲེམས་པ་ལ་སོགས་པའི་འཁྲུལ་འཁོར་བྱའོ།
།སྟོང་འབྱམས་ནི། རྨི་ལམ་འཁྲུལ་པ་ཡང་མི་རྨི། མ་འཁྲུལ་བ་ཟིན་པ་ཡང་མི་ཡོང་བར་སྟོང་པ་འབའ་ཞིག་དུ་འགྲོ་བའོ། །དེ་ལ་དོ་ནུབ་རྨི་ལམ་མང་པོ་རྨི་བར་བྱ། རྨི་ལམ་བྱུང་བ་རྣམས་ཟིན་པར་བྱ་སྙམ་དུ་འདུན་པ་ཡང་ཡང་དུ་སྐྱེད། མི་དང་ཁྲོམ་མང་པོའི་གསེབ་དུ་འགྲོ་བ་ལ་སོགས་པ་བྱའོ།
།སྤྱིར་རྨི་ལམ་མི་ཟིན་པའི་གགས་བླ་མའི་མོས་གུས་ཉམས་པ་དང་འདུན་པ་ཆུངས་པ་དང་། ཚོགས་མ་བསགས་པ་དང་། བྱང་ཆུབ་ཀྱི་སེམས་ཉམས་པ་དང་། དམ་ཚིག་རྩ་བ་དང་ཡན་ལག་གི་ཉེས་ལྟུང་ཕོག་པ་དང་། སྡིག་ཅན་དང་དམ་ཉམས་ཀྱི་གྲིབ་ཕོག་པ་རྣམས་ཀྱིས་དགེ་སྦྱོར་ཉམས་པ་དང་། རྨི་ལམ་མི་ཟིན་པ་ཡིན་པས། བླ་མའི་མོས་གུས་དང་། ཀུ་སུ་ལུའི་ཚོགས་སོག་དང་། ཏིང་ངེ་འཛིན་གྱི་ཡན་ལག་བདུན་པ་དང་། དབང་སྐུར་བདག་འཇུག་ལ་སོགས་པ་ལ་འབད་པ་འདོན། འདུན་པ་སྐྱེད། ཁྱད་པར་དུ་ནི་གུ་མའི་མན་ངག་འབྱམས་པ་གཅོད་པ་ལ་དམིགས་པ་གོ་ཟློག་གི་གདམས་པ་དང་། འབྱམས་གཅོད་བསྒོམ་པར་བྱའོ།
།དེ་ནས་ཐེམས་ཡིག་ལས། །སྒྱུ་ལུས་གདན་ཐོག་གཅིག་མ་ལ། །གསོལ་འདེབས་བཞི་ལ་འདུན་པ་བརྒྱད།
༼།འདུན་པ་བརྒྱད་ནི། འཆི་ངེས་སྙམ་པ་དང་། མོས་གུས་དང་། གཉིད་དུ་སོང་འདུག་སྙམ་པ་དང་། རྨི་ལམ་དུ་འདུག་སྙམ་པ་དང་། སྦྱོང་བ་དང་། སྤེལ་བ་དང་། སྤྲུལ་པ་དང་། སྒྱུར་བའོ། །འདི་ཕྱི་ལ་སོགས་ཀྱི་་་་་་་༽
།ཅེས་གསུང་པའི་དམིགས་པ་སྒྱུ་ལུས་གདན་ཐོག་གཅིག་མར་ཤེས་པར་བྱའོ།
།དྲུག་པ་ཡུལ་སྣང་ལ་བཞི་སྟེ། དང་པོ་དབང་པོ་རབ་དམིགས་མེད་གསལ་མཁྱེན་ནི། བག་ཆགས་ཀྱི་རླན་དང་བྲལ་བས་ཉིན་མཚན་མེད་པར་སངས་རྒྱས་ཀྱི་ཞིང་ཁམས་དང་རིགས་དྲུག་གི་གནས་ལ་སོགས་པ་དག་པའི་ས་གསུམ་ལ་གནས་པ་བཞིན་དུ་མཁྱེན་ནོ།
།གཉིས་པ་འབྲིང་གང་བསམས་གསལ་མཐོང་ནི། རྨི་ལམ་ཟིན་ནས་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་བསམས་པ་དང་མཐོང་བ་དུས་མཉམ་དུ་འབྱུང་ངོ་།
།གསུམ་པ་ཐ་མ་ཡིད་ལུས་མཁའ་ལྡིང་ནི། བྱ་རྒོད་ལ་སོགས་པའི་ལུས་སུ་སྤྲུལ་ནས་ཞིང་ཁམས་ལྟ་བའོ།
།ཐེམས་ཡིག་ལས། །ཡུལ་སྣང་དམིགས་པ་རྣམ་གསུམ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཅེས་པས་༼བཞི་པ་༽དབང་པོ་ཐ་མའི་ཐ་མ་དམན་པ་དམིགས་པའི་ཡུལ་སྣང་ལ་གསུམ་ལས།
དང་པོ་བདག་མེད་མས་ཡུལ་སྣང་འཆར་བྱེད་ནི། ཡུལ་སྣང་གཏན་ལ་ཕེབས་པ་ལ་སོགས་པར་གསོལ་བ་བཏབ་ལ་ལུས་ཡི་དམ་དུ་སྐྱེད་པའི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་ཨོཾ་ཨཱཿསྭཱཧཱ། ཁ་དོག་སྣ་ཚོགས་སུ་བསམས་ལ་བཟླས་པ་བྱས་པས་སྔགས་ལས་འོད་ཟེར་སྣ་ཚོགས་བྱུང་སྟེ་སྣ་བུག་གཡོན་ནས་འཕྲོས་པས་ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ལྷ་དང་ལྷ་མོར་བསམ། ཡང་སྔགས་ལས་འོད་ཟེར་སྣ་བུག་གཡས་ནས་འཕྲོས་པས་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པར་གྱུར་ཏེ་ཡི་དམ་གྱི་ལྷ་ཚོགས་དཔའ་བོ་ཌཱ་ཀི་ཆོས་སྐྱོང་རྣམས་ལ་ཕུལ་ནས་ཡི་དམ་གྱི་ལྷ་ཁྱེད་རྣམས་ཀྱིས་དོ་ནུབ་ཡུལ་སྣང་གསལ་བར་བསྟན་དུ་གསོལ་ཞེས་གསོལ་བ་གདབ། སྒྲ་གྲག་པ་སྔགས། དྲན་རིག་དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་སྒོམ་པ་ནི་ཉིན་བར་གྱི་ཉམས་ལེན་ནོ།
།མཚན་མོ་ཡང་གསོལ་འདེབས་གོང་ལྟར་བྱས་ལ། རང་ཡི་དམ་དུ་གསལ་བའི་ལྟེ་བར་ཐོད་པའི་ནང་དུ་བདག་མེད་མ་བསམ། དེའི་སྐུ་ལུས་ལ་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་གང་བལྟ་བར་འདོད་པ་དེ་མེ་ལོང་གི་ནང་དུ་གཞིན་གྱི་དཀྱིལ་འཁོར་གྱི་གཟུགས་རྙན་ཤར་བ་བཞིན་བཀྲ་ལམ་མེ་སྒོམས་ལ། ཡི་དམ་གྱི་ལྷ་ཁྱེད་ཀྱི་དོ་ནུབ་ཀྱི་སྐབས་སུ་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པའི་ཡུལ་སྣང་ཐམས་ཅད་མཐོང་བ་དང་། མཆོད་པ་རྒྱ་ཆེན་པོ་འགྲུབ་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་ལ་གཉིད་ལོག་པར་བྱའོ། །དེ་ཡུལ་སྣང་མི་འཆར་མི་སྤྲོད་དོ།
།གཉིས་པ་ཨཱས་ཡུལ་སྣང་འཆར་བྱེད་ནི། ལྟེ་འོག་དུ་རྩ་དབུ་མ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་དུ་ཨཱ་འོད་ཀྱི་རང་བཞིན་གྱིས་དབུ་མ་ཁེངས་པ་ཉིན་མཚན་མེད་པར་རྩེ་གཅིག་དུ་སྒོམ་མོ།
།གསུམ་པ་ཐིག་ལེ་ཡུལ་སྣང་འཆར་བྱེད་ནི། སྤྱི་བོའི་ཐིག་ལེ་དཀར་པོ་དང་། གསང་གནས་ཀྱི་ཐིག་ལེ་དམར་པོ་གཉིས་སྙིང་ཁར་འདྲེས་པའི་འོད་བ་ཐག་ལྟ་བུ་དེ་ལ་འོད་ཟེར་གྱི་སྦུ་གུ་སོག་སྦུབས་ལྟ་བུ་སྙིང་ཁ་ནས་ཕྱིར་འཐོན་ཏེ་ཡུལ་སྣང་གང་ལྟ་བར་འདོད་པ་དེར་ཟུག་པས་ཡུལ་སྣང་གསལ་བར་མཐོང་བར་བསམས་ཏེ། དམིགས་པ་རྩེ་གཅིག་དུ་གཏད་ནས་གཉིད་ལོག་པར་བྱའོ། །དེ་རྣམས་ཀྱིས་ཡུལ་སྣང་ཇི་ལྟ་བ་བཞིན་གཏན་ལ་ཕེབས་གསུང་ངོ་། །རྨི་ལམ་གྱི་ལམ་རྫོགས་སོ།
(MW22103: scv9p722)
༼།བཞི་པ་འོད་གསལ།༽
རྡོ་རྗེ་ཚིག་རྐང་ལས། འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང་། །བདེ་ཆེན་ཟག་བཅས་ཟག་མེད་ལྟ་སྟངས་ཀྱིས། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང་། །སྦྱོར་དངོས་རྗེས་གསུམ་དུས་གནད་བརྒྱན་པར་བྱའོ།
།འོད་གསལ་བཟུང་བ། ལམ་ཁྱེར། སྲེ་བ། མཐར་ཐུག་གོ། །ཅེས་དང་། ཚིག་གསལ་ལས། འོད་གསལ་བཟུང་བ་སོགས་དང་། །ཐེམས་ཡིག་ལས། །ཁྱད་འཕགས་འོད་གསལ་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་དམིགས་བཞི། །ཅེས་པས་འོད་གསལ་ལ་དོན་གསུམ་གྱི་དང་པོ། སྔོན་འགྲོ་ལ་བཞི་ལས།
དང་པོ་རྩ་བ་མི་རྟག་པ་སྐྱོ་ཤས་སྒོམ་པ་ནི། འཆི་བ་རྒྱུད་ལ་མ་སྐྱེས་ཤིང་། །ཚེ་འདི་བློ་ཡིས་མ་ཐོངས་ན། །སྒོམས་ཚད་ངལ་བ་དོན་མེད་ཡིན། །རི་ལ་སྡད་ཀྱང་རི་དགས་འདྲ། །འཆི་བ་རྒྱུད་སྐྱེས་འོད་གསལ་འཆར། །ཞེས་གསུངས་པས་སྐྱོ་ཤས་སྐྱེད་པ་ནི་རྩ་བའོ།
།གཉིས་པ་ཡལ་ཁ་སྤྱོད་ལམ་དམ་རྫས་ནི། སྤྱོད་ལམ་དུལ་ཞིང་ཁ་ཟས་སྣུམ། །རྔུལ་འཐོན་ལས་རྣམས་སྤང་བར་བྱ། །ཅེས་སོ། །དམ་རྫས་ནི། ཚོགས་དང་གཏོར་མ་བཤམ། གུ་གུལ་དང་ཚིལ་ཆེན་གྱི་དུད་པ་བཏང་། ཐོད་པ་མཚན་ལྡན་དུམ་བུ་གཅིག་པ་སྔས་ཀྱི་འོག་དུ་བཞུག་པར་བྱའོ།
།གསུམ་པ་ལོ་འདབ་ཐམས་ཅད་རང་དངས་ནི། ཟས་སྐོམ་བཅུད་ཅན་དང་། ཐབས་ལམ་གྱི་ཐིག་ལེ་རྒྱས་པར་བྱའོ། །ཐིག་ལེའི་གགས་བྱུང་ན། རབ་དགག་སྒྲུབ་དང་བྲལ་བའི་བློས་བསལ་ལོ། །འབྲིང་དབང་སྐུར་དང་ཚོགས་འཁོར། ཐ་མ་དམིགས་པ་དང་འཁྲུལ་འཁོར་གྱིས་བསལ་ལོ།
།བཞི་པ་གསོལ་འདེབས་མེ་ཏོག་འཆར་བྱེད་ནི། འོད་གསལ་མོས་གུས་ཀྱི་གནད་ཡིན་པས་བླ་མའི་རྣལ་འབྱོར་གོང་ལྟར་སྒོམས་ལ། བདག་འཛིན་བློ་ཡིས་ཐོངས་པ། དགོས་མེད་རྒྱུད་ལ་སྐྱེ་བ། འོད་གསལ་འབྱོངས་པ་ལ་སོགས་པའི་གསོལ་བ་གདབ་པ་གསུམ་རྩེ་གཅིག་དུ་བྱས་པས་མོས་གུས་རབ་འབྲིང་དང་སྦྱར་ནས་རྟོགས་པ་འཆར་བར་འགྱུར་རོ།
།གཉིས་པ་དངོས་གཞི་ལ་བཞི་སྟེ། བཟུང་བ། སྲེ་བ། ལམ་ཁྱེར། མཐར་ཐུག་གི་འོད་གསལ་ལོ།
།དང་པོ་བཟུང་བ་ལ་དགུ་སྟེ། དུས་ཀྱི་གནད་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ་གྱི། དུས་གནད་གསུམ་དང་། ལུས་གནད་གསུམ་ནི་རྨི་ལམ་གྱི་སྐབས་སུ་བཤད་པ་བཞིན་ནོ།
།དམིགས་པའི་གནད་གསུམ་ལ། ཨ་འོད་གསལ་འཆར་བྱེད། བདག་མེད་མས་འོད་གསལ་འཆར་བྱེད། བླ་མ་འོད་གསལ་འཆར་བྱེད་གསུམ་གྱི་དང་པོ་། ཨ་འོད་གསལ་འཆར་བྱེད་ནི། ལུས་ཐམས་ཅད་རྩ་དབུ་མར་སྒོམས་པའི་ལྟེ་འོག་དུ་ཨ་དཀར་པོ་སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་གྱི་འོད་ཀྱིས་ཁོང་པ་ཐམས་ཅད་ཁེངས་པར་བསམས་ལ་ཉིན་མཚན་མེད་པར་དམིགས་པ་ལ་སེམས་རྩེ་གཅིག་དུ་གཏད་པས་ཆོས་ཐམས་ཅད་སྐྱེ་མེད་དུ་ཉམས་སུ་བླང་ངོ་། །གཉིད་དུ་འགྲོ་ཁར་ཨ་འོད་ཀྱི་རང་བཞིན་གསལ་ལ་རྟོག་མེད་ལ་བཞག་གོ
།གཉིས་པ་བདག་མེད་མ་འོད་གསལ་འཆར་བྱེད་ནི། གླད་པའི་སྟེང་ཐོད་པའི་འོག་དུ་བདག་མེད་མ་སྔོན་མོ་སྐུ་ཆུང་ལ་ཡན་ལག་དོད་པ་གཅིག་བསམ། དེའི་ཐུགས་ཁར་ཨ་དཀར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་གཏི་མུག་དང་གླད་པ་ཐམས་ཅད་རང་བཞིན་མེད་པར་སྦྱངས་ནས་འོད་ཀྱི་གཞལ་ཡས་ཁང་དུ་སྒོམ། ཐུགས་ཁའི་ཨ་ལ་ཉིན་མཚན་དང་གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་དུ་གཏད་པར་བྱའོ།
།གསུམ་པ་བླ་མ་འོད་གསལ་འཆར་བྱེད་ནི། ཡང་རང་བདེ་མཆོག་དུ་སྒོམས་པའི་སྤྱི་བོ་ནས་རྐང་འཐིལ་ཡན་ཆད་བྱང་སེམས་ཐིག་ལེ་དཀར་པོ་འོད་དང་བདེ་བའི་རང་བཞིན་དུ་སྒོམ། དེའི་ཐུགས་ཁར་བླ་མ་སྐུ་མདོག་དཀར་པོ་ཐིག་ལེའི་ངོ་བོ་འོད་ཀྱི་རང་བཞིན་ཉི་མ་འབུམ་གྱི་གཟི་རྗིད་ལྟ་བུ། ཐུགས་ཁར་ཧཱུྃ་དཀར་པོ་དངུལ་ཆུའི་ཁ་དོག་ལྟ་བུ་བདེ་བའི་རང་བཞིན་ཅན་གཅིག་བསམ། ཁོང་པའི་ཐིག་ལེ་ལས་འོད་འཕྲོས་བླ་མ་གསལ། བླ་མ་ལས་འོད་འཕྲོས་ཧཱུྃ་གསལ་བ་དེ་ཉིད་ལ་ཉིན་མཚན་དང་གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་དུ་གཏད་པས་མི་ཟིན་མི་སྲིད། ཟིན་ནས་འཆོར་མི་སྲིད་གསུང་། རྟོག་མེད་ལ་བཟུང་བ་གསུམ་མོ།
།རྟོག་བཅས་འོད་གསལ་བཟུང་བ་ནི། གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པ་རབ་རིབ་འབྱུང་བཞི་ཕྲ་རགས། སེམས་ཅན་ཕྲ་རགས་ལ་སོགས་པའི་རྟོག་པ་ཆེ་ཆུང་ཐམས་ཅད་འོད་གསལ་དུ་ངོས་བཟུང་བར་བྱའོ།
།གཉིས་པ་སྲེ་བ་ལ་བཞིའི་དང་པོ་གསལ་སྟོང་བདེ་ཆེན་དུ་སྲེ་བ་ནི། སེམས་གསལ་སྟོང་བདེ་བ་ཆེན་པོ་དང་། ཉིན་མོའི་སྒོ་ལྔའི་ཡུལ་དུ་སྣང་བ་སྣ་ཚོགས་སུ་ཤར་བ་སྣང་སྟོང་འོད་གསལ་དང་སྲེ་བ་སྟེ་མ་ཡེངས་པར་སྒོམ་པའོ།
།གཉིས་པ་ཉིན་མཚན་དབྱེར་མེད་དུ་སྲེ་བ་ནི། ཉིན་མོའི་སེམས་འོད་གསལ་བདེ་སྟོང་ཆེན་པོ་དང་། ཉིན་མོའི་སྣང་བ་སྣང་སྟོང་འོད་གསལ་རྣམས་དབྱེར་མེད་དུ་འདྲེས་པ་དེ་མཚན་མོ་གཉིད་ཀྱི་སྣང་བ་འོད་གསལ་དུ་ཤེས་པས་བསྲེའོ། །མཚན་མོའི་འོད་གསལ་དང་། ཉིན་མོའི་སྣང་བ་འོད་གསལ་ལ་སོགས་པར་བསྲེ་བར་བྱའོ།
།གསུམ་པ་ལྟ་སྟངས་ཀྱིས་མཉམ་རྗེས་སྲེ་བ་ནི། རྡོ་རྗེ་ཚིག་རྐང་ལས། བདེ་ཆེན་ཟག་བཅས་ཟག་མེད་ལྟ་སྟངས་ཀྱིས། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང་། །ཅེས་དང་།
འཆུག་མེད་ལས། །སྒྱུ་འཛིན་བྲལ་བའི་དོན་གསལ་ནི། །མོས་གུས་ལྟ་སྟངས་རླུང་ལས་འབྱུང་། །ཞེས་པས་མཉམ་བཞག་དང་རྗེས་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་ལྟ་སྟངས་བྱ་ཞིང་མཉམ་བཞག་གི་ཉམས་གསལ་སྟོང་བདེ་ཆེན་སྣང་སྟོང་འོད་གསལ་གཉིས་མེད་དེ་རྗེས་སྤྱོད་ལམ་ཐམས་ཅད་དུ་དྲན་པས་བཟུང་ངོ་།
།བཞི་པ་ཤེས་རབ་བདེ་སྟོང་དུ་སྲེ་བ་ནི། ཤེས་རབ་མ་པད་མ་ཅན་ལ་སོགས་པ་སྙོམས་པར་ཞུགས་པའི་བདེ་བ་བྱང་ཆུབ་ཀྱི་སེམས་ནོར་བུའི་རྩེ་ནས་ཕྱིར་འཛག་པ་མེད་པར་སྟེང་འོག་གི་རླུང་ཁ་སྦྱར་དྲག་པོས་བཟུང་སྟེ། གསང་གནས་ལྟེ་བ། སྙིང་ཁ། མགྲིན་པ། སྲལ་བ་རྣམས་སུ་རིམ་པར་དྲངས་ལ་སེང་གེ་རྣམ་རོལ་ལ་སོགས་པའི་འཁྲུལ་འཁོར་གྱིས་ལུས་ཐམས་ཅད་ལ་བགྲམ་ཞིང་། འགྱུར་བ་མེད་པའི་བདེ་བ་དང་སེམས་འོད་གསལ་གསལ་རིག་སྟོང་པ་བདེ་ཆེན་གཉིས་མེད་དུ་བསྲེ་བར་བྱའོ།
།གསུམ་པ་ལམ་ཁྱེར་ནི། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ཡང་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །ཅེས་སོ།
།དམ་ཚིག་བཀོད་པ་པའི་རྒྱུད་ལས། །ཆོས་རྣམས་གསལ་བ་སྤྲུལ་པའི་སྐུ། ༼།དེ་ལ་མི་རྟོག་ཆོས་ཀྱི་སྐུ།༽ །རྟོག་བྲལ་བདེ་ཕྱིར་ལོངས་སྤྱོད་རྫོགས། །བྱང་ཆུབ་ཚུལ་འདི་བསྟན་པའོ།
།ཅེས་པ་ལ་གཉིས། ཉིན་མོ་སྐུ་གསུམ་ལམ་ཁྱེར། མཚན་མོ་སྐུ་གསུམ་རང་ཤར་རོ།
།དང་པོ། ཉིན་མོ་སྐུ་གསུམ་ལམ་ཁྱེར་ནི། སེམས་གསལ་བ་རིག་པ་བདེ་གསལ་སྣང་བ་འོད་གསལ་རྣམས་སྤྲུལ་པའི་སྐུ་ལམ་དུ་འཁྱེར། བདེ་བའི་ཆ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་འཁྱེར། མི་རྟོག་པ་དང་སྟོང་པའི་ཆ་ཆོས་ཀྱི་སྐུར་ལམ་དུ་འཁྱེར་བར་བྱའོ། །མདོར་ན་ཉིན་མོ་ཅེར་སྣང་ཐམས་ཅད་ལ་བླང་པོ་ཆེའི་ལྟ་སྟངས་ཀྱིས་གསལ་སྟོང་འཛིན་མེད་བདེ་ཆེན་གྱི་འོད་གསལ་དུ་ལམ་དུ་འཁྱེར་བར་བྱའོ། །ཉིན་མོ་སྐུ་གསུམ་ལམ་འཁྱེར་རོ།
།དེ་ལྟར་ཉིན་མོ་སྐུ་གསུམ་ལམ་དུ་ཁྱེར་བས་མཚན་མོ་རྨི་ལམ་གྱི་སྣང་བ་ཐམས་ཅད་གསལ་སྟོང་བདེ་ཆེན། སྣང་སྟོང་གཉིས་མེད་སྐུ་གསུམ་དུ་འཆར་གསུང་ངོ་།
།བཞི་པ་མཐར་ཐུག་གི་འོད་གསལ་ལ་ལྔ་སྟེ། ཚིག་གསལ་ལས། གསལ་སྟོང་རང་ཤར་གྱི་འོད་གསལ། བདེ་སྟོང་རང་ཤར་གྱི་འོད་གསལ། ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ། དབྱེར་མེད་ཟུང་འཇུག་གི་འོད་གསལ། དག་པ་གཉིས་ལྡན་གྱི་འོད་གསལ་ལོ། །ཞེས་སོ།
།དེ་དག་ནི་གོང་གི་དེ་ལྟར་ཉམས་སུ་བླངས་བས་སྒྱུ་འཛིན་ཙམ་པོ་ཤེས་བྱའི་སྒྲིབ་པ་དག་ནས་སྣང་བ་ཐམས་ཅད་སྣང་སྟོང་དབྱེར་མེད། ཡོད་མེད་མཐའ་བྲལ་དུ་རྟོགས་པ་བུམ་པའི་དབང་མཐར་ཕྱིན་པའི་འབྲས་བུ་ཡིན།
གསལ་སྟོང་རང་ཤར་གྱི་འོད་གསལ་ནི། རླུང་སེམས་དབུ་མའི་ནང་དུ་ཆུད་པའི་ཉམས་གསལ་ཞིང་སྟོང་པ། སྟོང་ཞིང་གསལ་བ་ཟུང་འཇུག་མཉམ་རྗེས་དུས་རྟག་དུ་འཆར་བ་གསང་དབང་གི་ལམ་མཐར་ཕྱིན་པའི་འབྲས་བུ་ཡིན།
བདེ་སྟོང་རང་ཤར་གྱི་འོད་གསལ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པ་འཛག་མེད་དུ་འཆིང་ཞིང་། གསང་། ལྟེ། སྙིང་། མགྲིན། སྲལ། གཙུག་གི་ལུས་ཀྱི་རྩ་གནས་ཐམས་ཅད་གང་ཞིང་། ཤ་དང་རུས་པ་ལ་ཐིམ་པས་སྣང་སྲིད་བདེ་བ་ཆེན་པོར་དུས་རྟག་དུ་འཆར་བ་ནི། ཤེས་རབ་ཡེ་ཤེས་ཀྱི་ལམ་མཐར་ཕྱིན་པའི་འབྲས་བུ་ཡིན།
ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ་ནི། རྒྱ་ཆེར་རོལ་པའི་མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་གནས་སུ་བསྒོམ་པར་བྱ། །ཞེས་གསུང་པ་བཞིན། ཟབ་ཞི་ནི་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་བས་ཟབ་ཞི་སྤྲོས་པ་དང་བྲལ་བའི་འོད་གསལ་ལོ།
།དབྱེར་མེད་ཟུང་འཇུག་གི་འོད་གསལ་ནི། སེམས་གསལ་བ་རིག་པའི་ཆ་སྤྲུལ་པའི་སྐུ། བདེ་བའི་ཆ་ལོངས་སྤྱོད་རྫོགས་པའི་སྐུ། མི་རྟོག་པ་སྟོང་པའི་ཆ་ཆོས་ཀྱི་སྐུ། དེ་རྣམས་དབྱེར་མི་ཕྱེད་པ་ཟུང་དུ་འཇུག་པ་ཡོད་མེད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བ་འདུས་མ་བྱས་པ་ལྷུན་གྱིས་གྲུབ་པ་ནི་དབང་བཞི་པའི་མཐར་ཕྱིན་པའི་འབྲས་བུའོ། །ཞེས་མཁས་བཙུན་སངས་རྒྱས་པའི་ཆོས་དྲུག་གི་གསུང་སྒྲོས་ལས་གནང་ངོ་།
།དག་པ་གཉིས་ལྡན་གྱི་འོད་གསལ་ནི། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དག་པས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྤང་བྱ་བློ་བུར་གྱི་དྲི་མ་དག་པས་རང་དོན་ཆོས་སྐུ་དག་པ་དང་། གཞན་དོན་གཟུགས་སྐུ་ངག་པ་གཉིས་ཐོབ་བོ། །ཡང་ན་སྒྱུ་མ་རྨི་ལམ་དུ་སྒོམས་པས་ཉོན་མོངས་པའི་དྲི་མ་དག་པ་དང་། སྒྱུ་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོར་རྟོགས་པས་ཤེས་བྱའི་སྒྲིབ་པ་དག་པའོ།
།གསུམ་པ་རྗེས་ལ་ལྔའི་དང་པོ། དམ་ཚིག་སྤྱི་དང་བྱེ་བྲག་ནི། སྤྱི་དམ་ཚིག་སྡོམ་པ་གསུམ་དང་འགལ་བ་ཐམས་ཅད་དང་། རྩ་ལྟུང་བཅུ་བཞི་ཡན་ལག་དང་བཅས་པ་དང་། ཆོས་སྤོང་གི་ལས་རྣམས་སྤང་། བྱེ་བྲག་གི་དམ་ཚིག་འོད་གསལ་གྱི་རྒྱུ་ཐིག་ལེ་ཉམས་པ་རྣམས་སྤངས་ཏེ།
ཀྱེའི་རྡོ་རྗེ་ལས། མ་གསང་སྦྲུལ་དང་ཆོམ་རྐུན་དང༌། །ས་གཅོད་མེ་ཡིས་སྡུག་བསྔལ་བྱ། །ཅེས་དང་།
ཨིནྡྲ་བོ་དྷིས། བྱང་ཆུབ་སེམས་ནི་སྤངས་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་སོ།
།ཁྱད་པར་དུ་བླ་མ་ལ་ལོག་བལྟ་སྤངས་ཏེ། མོས་གུས་རྩེ་གཅིག་དུ་བྱ་བ་དང་། འོད་གསལ་གྱི་དམིགས་པ་ལས་སྐ་ཅིག་ཀྱང་མ་ཡེངས་ཤིང་མི་འདའ་བ་ནི་དམ་ཚིག་གོ
།གཉིས་པ་གགས་སེལ་ཉེས་སྐྱོན་རང་དག་ནི། སྒོམ་གྱི་གགས་རྒོད་འགྱོད་གཉིད་རྨུགས་ཐེ་ཚོམ་ཡིན་པས། བྱིང་བ་ལ་ཤེས་པ་དཔངས་སྟོད། རིག་པ་ཧུར་གདོན། ལུས་སྒྲིམ། རླུང་སྦྱོར་དྲག་པོ་སྒོམ། དམིགས་པ་དཔངས་སྟོད། མིག་ལྟ་སྟངས་རིའི་རྩེ་མོ་དང་། ཐོག་འཚམས་སུ་སྟོད་པ་ལ་སོགས་པ་བྱའོ།
།རྒོད་ཏེ་རྣམ་རྟོག་འཕྲོ་ན་བལྟ་སྟངས་སྨད་ལུང་པའི་འཐིལ་དང་། གདན་གྱི་འཚམས་ལ་སོགས་པ་ཐུར་ལ་ལྟ། རླུང་སྦྱོར་དྲག་པོ་སྒོམ། ཟས་བཅུད་ཅན་བཟའ། གོས་དྲོ་བ་གྱེན། མུན་པ་ནག་སར་སྡོད་ལ་སོགས་པ་བྱའོ། །སྟོད་རླུང་གི་གསལ། ཧ་གདོན། འབེབས་བྱ། འཁྲུལ་འཁོར་སྣ་ཚོགས་བྱའོ།
།སྨད་དུ་ཐིག་ལེའི་གགས་ལ། ནོར་བུ་གོ་ཟློག་གི་དམིགས་པ་སྒོམ་པ་ནི། ནོར་བུའི་ནང་དུ་ཧཱུྃ་སྔོན་པོ་གྱེན་སྟན་ཅིག་གདམ། ཕྱི་རོལ་དུ་པད་མ་དམར་པོ་འདབ་མ་ལྔ་བ་ཡུ་བ་ནང་དུ་བསྟན་པ་དང་ཧཱུྃ་གི་ཞབས་ཀྱུ་གཉིས་སྦྲེལ་བར་བསམས་ཏེ། སྟེང་རླུང་དྲག་དུ་མནན། འོག་རླུངས་གྱེན་དུ་དྲག་པོར་དྲང་། གསུམ་པ་སྒལ་པ་ལ་གཅར་གྱིས་སྦྱར། ལྕེ་རྩེ་གྱེན་དུ་ཟློག །མིག་གྱེན་དུ་ལྟ། རྐང་པའི་སོར་མོ་སྐུམ། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། ཧཱུྃ་ཞེས་དྲག་པོ་རྗོད་ཅིང་། ཧཱུྃ་གི་ཞབས་ཀྱུས་པད་མའི་ཡུ་བ་ནས་མཐེན་པས་ནོར་བུ་རྒྱུ་མ་སློག་པ་བཞིན་དྲངས་ཏེ། སྤྱི་བོར་འབོར་ཏེ་བྱུང་བར་བསམས་ལ་འདྲེན་ལན་མང་དུ་བྱ། བྱས་པས་བྱང་ཆུབ་ཀྱི་སེམས་འདྲོངས་པའི་ཚད་མགོ་བོ་ན་ཏིང་ཏེ་བྱུང་བ་དང་སེང་གེ་རྣམ་གྲོལ་ལ་སོགས་པས་འགྲེམས་པའི་འཁྲུལ་འཁོར་མང་དུ་བྱ་ཞིང་། རླུན་སྦྱོར་དྲག་པོ་སྒོམ། འོད་གསལ་གྱི་ངང་དུ་བཞག་སྟེ་ཡེ་ཤེས་ཆེན་པོར་བསྐྱལ་བར་བྱའོ།
།གསུམ་པ་བོགས་འདོན་ཐེ་ཚོམ་གཅོད་བྱད་ནི། རྡོ་རྗེ་ཚིག་རྐང་ལས། །འོད་གསལ་མངོན་གྱུར་དམ་པ་ཉམས་མྱོང་ཅན། །འཆར་སྒོ་བོགས་འདོན་གསོལ་འདེབས་བརྒྱན་པར་བྱ། །ཅེས་པས།
ཕྱག་ཆེན་གའུ་མ་ལས། བོགས་འདོན་སྙིང་རྗེ་གསོལ་འདེབས་སོ། །ཅེས་གསུངས་པས། བླ་མའི་རྣལ་འབྱོར་སྒོམས་ནས་གསོལ་འདེབས་ལ་འབོད་པ་འདོན། དབང་ཞུའོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ལུས་གཟུགས་སྐུ། སེམས་ཆོས་སྐུའི་བདག་ཉིད་དུ་གནས་ཀྱང་དེ་ཉིད་མ་རྟོགས་པས་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པ་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་ཁྱད་པར་ཅན་དྲག་དུ་སྒོམ། ཐབས་ལམ་གྱི་དམིགས་པ་ཐིག་ལེ་དབབ་ཟློག་སྒོམ། རླུང་དང་སྲེ་བའི་རླུང་སྦྱོར་དྲག་པོ་སྒོམ། སྐྱེད་རིམ་དང་། འོད་གསལ་ཕྱག་ཆེན་ཟུང་འཇུག་རྣམས་ཀྱི་ངང་ནས་རླུང་དྲག་པོ་སྒོམས་ཏེ་བོགས་དབྱུང་ངོ་།
།ཐེ་ཚོམ་གཅོད་བྱེད་ནི། རང་གི་སེམས་གསལ་རིག་སྟོང་གསུམ་དབྱེར་མེད་ལྷུན་འགྲུབ་ཆོས་ཀྱི་སྐུ་ཡིན་པ་ལ། ཡིན་ནམ་མ་ཡིན་པར་ཐེ་ཚོམ་མི་བྱ་བར་རང་གི་སེམས་གསལ་སྟོང་ཆོས་ཀྱི་སྐུ་ཡིན་པར་ཐག་ཆོད་པར་ངེས་ཤེས་སྐྱེད་ཏེ།
ནི་གུ་མས། རང་གྲོལ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཚིག་རྐང་ལས། སེམས་ཉིད་མ་བཅོས་ཆོས་ཀྱི་སྐུ། །དེ་ལ་མ་ཡེངས་སྒོམ་པའི་གནད། །ཅེས་དང་།
གའུ་མའི་ཁྲིད་དུ་ཡང་། སེམས་གསལ་སྟོང་ཆོས་ཀྱི་སྐུ་རང་ལ་རང་ཆས་སུ་གནས་ཀྱང་སྐྱོན་བཞིས་འཁོར་བར་འཁྱམས་ཏེ། ཉེ་དྲགས་པས་ངོ་མ་ཤེས། ཟབ་དྲགས་ནས་ངོས་མ་ཟིན། སླ་དྲགས་ནས་ཡིད་མ་ཆེས། བཟང་དྲགས་ནས་བློར་མ་ཤོང་བའི་སྐྱོན་གྱིས་འཁོར་བར་འཁྱམས་སོ།
།ཅེས་སོགས་རྒྱས་པར་གསུངས་པས། སེམས་གསལ་རིག་སྟོང་པ་བདེ་ཆེན་དབྱེར་མེད་འདི་ཉིད་ཆོས་ཀྱི་སྐུའམ། སྐུ་གསུམ། སྐུ་བཞི་ཡེ་ཤེས་ལྔ་དང་། ཡེ་ཤེས་གཉིས་སོགས་སུ་ཐག་གཅད་ངེས་ཤེས་སྐྱེད་ནས་ཡེངས་མེད་ཆུ་བོའི་རྒྱུན་བཞི་སྒོམ་ཞིང་ཐེ་ཚོམ་གཅད་དོ།
།བཞི་པ་ཁྱད་འཕགས་འཆར་སྒོ་ངོས་འཛིན་ནི། རྨི་ལམ་དུ་ཅི་ཤར་གང་ཤར་ཐམས་ཅད་འོད་གསལ་དུ་ཤེས་པར་བྱའོ།
།ལྔ་པ་ཉམས་རྟོགས་ཉིན་མཚན་ཁྱད་པར་ནི། ཞིག་ཅིང་ཡལ་ནས་འགྲོ་བ་ཉམས་ཀྱི་འོད་གསལ་ལོ། །ལན་གཅིག་ཤར་ནས་ཕྱིས་མི་འགྱུར་ཞིང་བརྟན་པས་རྟོགས་པའི་འོད་གསལ་ལོ།
།ཉིན་མཚན་གྱི་ཁྱད་པར་ནི། ཉིན་པར་གྱི་སྣང་བ་ཐམས་ཅད་རང་གི་སེམས། སེམས་ནི་སེམས་མ་མཆིས་པ་སྟེ། སྟོང་པ་དེ་སེམས་ཀྱི་ངོ་བོ། གསལ་བ་དེ་སེམས་ཀྱི་མཆིད། ཟུང་འཇུག་དེ་སེམས་ཀྱི་རང་བཞིན། སྣང་བ་ཐམས་ཅད་གསལ་སྟོང་ཞེན་བྲལ་དུ་རང་ཤར་བ་དེ་ཉིན་བར་གྱི་འོད་གསལ་ལོ། །མཚན་མོའི་སྣང་བ་ཐམས་ཅད་སྐྱེ་ཤིང་ཡོད་མེད། མཐའ་དབུས་དགག་སྒྲུབ་དང་བྲལ་བ་རང་ཤར་བར་རྟོགས་པ་དེ་མཚན་མོའི་འོད་གསལ་ལོ། །གཉིད་ཀྱི་འོད་གསལ་གྱི་འཆར་སྒོ་སྣ་ཚོགས་པ་ནི་འོད་གསལ་འཆར་སྒོ་ངོས་འཛིན་བཞིན་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཡང་ན་རང་དང་སློབ་མའི་འཆར་སྒོ་ལས་རྟོགས་པར་བྱའོ། །འོད་གསལ་གྱི་ལམ་རྫོགས་སོ།
(MW22103: scv9p724)
༼།ལྔ་པ་འཕོ་བ།༽
རྡོ་རྗེ་ཚིག་རྐང་ལས། །འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མས་ཆགས་སྡང་སྤངས་བྱས་ནས། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕང་ཞིང་སྨོན་ལམ་བརྒྱན་པར་བྱ།
ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་མའི་འཕོ་བའོ།
།དུས་གནད་ལུས་གནད་རྫས་དང་ངག་གནད་ལ། །སྦྱངས་ཤིང་བརྟན་པས་འཕོ་བ་མཆོག་ཡིན་ནོ། །ཅེས་དང་།
ཚིག་གསལ་ལས་ཀྱང་། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་ཀྱི་འཕོ་བ། །ཞེས་སོགས་བཞི་གསུངས་པའི་དང་པོ་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་ནི། འོད་གསལ་ཕྱག་རྒྱ་ཆེན་པོ་ལ་གོམས་པ་ཆེ་བ་ནི། རབ་འཕོ་བྱ་འཕོ་བྱེད་དང་བྲལ་བར་རྟོགས་པའོ། །གཉིས་པ་འབྲིང་ཟུང་འཇུག་ཡི་དམ་གྱི་འཕོ་བ། གསུམ་པ་བྱིན་རླབས་བླ་མའི་འཕོ་བ། བཞི་པ་དག་པ་མཁའ་སྤྱོད་ཀྱི་འཕོ་བ་ལ་སོགས་པ་གསུངས་ཀྱང་ཕྱག་ལེན་ནི། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ་འཕོ་བ་ཡེ་ཤེས་ཀྱི་དཀར་ཁུང་མ་མཛད་ཏེ། དེ་ལ་གསུམ། འཕོ་བ་སྦྱང་བ། སྦྱངས་པས་འབྱོངས་པའི་ཚད། ལས་ལ་སྦྱར་བ་དང་གསུམ་གྱི་དང་པོ་འཕོ་བ་སྦྱང་བ་ནི། དེ་ཡང་བླ་མའི་རྣལ་འབྱོར་སྒོམ།
།ཐེམས་ཡིག་ལས། འཕོ་བ་མ་སྒོམས་སངས་རྒྱས་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །ཅེས་པས།
བདག་འཛིན། དགོས་མེད། འཕོ་བ་འབྱོངས་པ། བར་དོར་སངས་རྒྱ་བ་ལ་སོགས་པར་གསོལ་བ་གདབ། རྐང་པ་གཉིས་དཀྱིལ་ཀྲུང་བཅའ། ལག་པ་གཉིས་པུས་མོ་ལ་དགབ། རང་ཡི་དམ་དུ་གནས་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན་ཡ་རྩེ་ཚངས་བུག་དུ་སླེབ་པ། མ་རྩེ་གསང་གནས་སུ་སླེབ་པ་སྟོང་སང་ངེ་ཡོད་པའི་ནང་ལྟེ་བའི་འོག་ཐད་ཀར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཟུར་གཅིག་མདུན་དུ་བསྟན་པ། གཉིས་འཁལ་ཁུང་གི་ཐད་རྩིག་གམ་གཡས་གཡོན་ལ་ཟུག་པ། རྩ་བ་ཕྲ་བ་སྤུ་དཀར་ནག་གི་ཐད་དུ་ཟུག་པ་དེའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་འོད་འཕྲོ་བ་དང་བཅས་པ་འཕུར་ལ་ཁད་པ་དཀར་ཡེད་ཡེད་པ་འཕིར་ལ་ཁད་པ་གཅིག་སྒོམ། དེ་ནས་རླུང་རོ་ལན་གསུམ་ཕྱིར་བསལ་ལ་རྐེད་པ་ཉེག་ཉེག་པ་ལན་གསུམ་བྱས་ཏེ་སྟེང་འོག་གི་རླུང་ནར་དྲངས་ལ་དྲག་དུ་བཟུང་། ཁྱད་པར་དུ་འོག་རླུང་དྲག་པོ་དྲངས་ཏེ་ལྟོ་བ་སྒལ་པ་ལ་གཅར་གྱིས་སྦྱར་བས་ལྟེ་བའི་ཆོས་འབྱུང་ཁ་ནང་དུ་གཅར་གྱིས་སོང་བ་དང་། ལྟེ་བའི་ནང་གི་ཨ་དེ་རང་དབང་མེད་པར་ཨ་ཝ་དྷུ་ཏཱིའི་ནང་ན་ཡར་སངས་ཀྱིས་ཐོན་ནས་སྤྱི་བོའི་ཚངས་བུག་ན་ཡར་རྒྱངས་ཀྱིས་སོང་། འོག་མིན་ཆོས་ཀྱི་ཕོ་བྲང་དུ་སླེབ་པར་བསམ། ཨ་འོད་དུ་ཡལ་སོང་སྟེ། དེའི་ངང་ལ་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག དགེ་བ་བསྔོ། སྨོན་ལམ་རྒྱ་ཆེན་པོ་མང་པོ་གདབ་པོ། དེ་འདྲ་ཐེབས་བདུན་བདུན་ཙམ་བྱས་པའི་རྗེས་ལ་སྤྱི་བོར་ཨ་གཅིག་ལམས་ཀྱིས་བྱུང་བས་ཐོད་པའི་རྒྱ་སྲུབས་དམ་དུ་བཙེམས་པར་བསམ། ཨ་དེ་ཚངས་པའི་བུ་ཁ་ན་མར་སོང་བས་རྩ་དབུ་མའི་ནང་ན་མར་སོང་། ལྟེ་འོག་ཆོས་འབྱུང་ནང་དུ་དཀར་ཚེར་གྱིས་སླེབ་བདེ་སྟོང་གཉིས་སུ་མེད་པའི་ངང་དུ་སིང་ངེ་བ་ལ་བཞག་གོ །འཕོ་བ་ཟབ་ན་ཚེ་ཐུང་བྱ་བ་ཡིན་པས། ཚེ་སྒྲུབ་ཀྱི་གནད་ཡིན་གསུང་། དེ་ལྟ་བུའི་སྦྱོར་བ་ནུས་ཚད་བྱ།
གཉིས་པ་འབྱོངས་པའི་རྟགས་ནི། དེ་ལྟར་སྒོམས་པས་རྟགས་རབ་འབྲིང་ཐ་མ་གསུམ་འབྱུང་སྟེ། རབ་ལ་སྤྱི་བོ་རྡོལ་ནས་ཁྲག་དང་ཆུ་སེར་འོང་། འབྲིང་ལ་སྤྱི་བོ་སྐྲངས་འོང་། ཐ་མ་ལ་ཡང་སྤྱི་བོ་ཟ་བ་དང་། འཁྲིག་པ་དང་འགུལ་པ་ཡོང་གསུང་ངོ་། །དེ་རྣམས་བྱུང་ན་འབྱོངས་པའི་རྟགས་ཡིན་ནོ། །སྒོམ་པའི་དུས་སུ་ཐལ་གྱིས་དོགས་པ་དང་། རིན་པོ་ཆེའི་སྣོད་བྱང་མས་མགོ་མནན་དེས་ཐུབ་གསུང་ངོ་། །སྦྱང་བའོ།
།གཉིས་པ་ལས་སྦྱོར་ནི། །དེ་ལྟར་སྒོམས་པའི་བརྟེན་གྱི་གང་ཟག་དེ་ལ་ངེས་པའི་འཆི་ལྟས་དུས་གནད་ནི།
བླ་མ་ར་ཧུ་ལའི་ཞལ་ནས། རླུང་གཉིས་མཉམ་དུ་རྒྱུ་ན་རྣལ་འབྱོར་མྱུར་དུ་འཆི། །གསུང་པས།
སྲོག་རླུང་དབུ་མར་འདུས་པའི་རྟགས་ཁ་སྣ་གཉིས་ནས་དུས་གཅིག་རླུང་མཉམ་དུ་ཤོ་ཤོ་བྱུང་ན་དེའི་ཉི་མ་ཕྱེད་ནས་འཆི་ངེས་པ་ཡིན་པས་རང་གི་ལུས་ལོངས་སྤྱོད་ཉེ་འབྲེལ་ལ་སོགས་པ་གང་ལ་ཡང་མ་ཆགས་པར་སྣང་སྲིད་འཁོར་འདས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ་སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ལུས་ལྷ་སྐུར་དྲན་པའི་སྤྱི་བོར་བླ་མ་སྒོམས་ལ་གསོལ་བ་གདབ། གཞན་དོན་གྱི་སྨོན་ལམ་རྣམ་པར་དག་པ་གདབ། འདུ་འཛི་དང་གཡེང་བ་ཐམས་ཅད་སྤངས་ལ། རང་ཉིད་གཅིག་པུར་སྡད་ལ་འཕོ་བར་བྱ་སྟེ། ༼ལྔ་ཡ་གཉིས་རང་དགོས་གསུངས།༽ དེ་ཡང་སྔོན་དུ་རྩ་ཁ་འབྱེད་པའི་གདམས་ངག་རྫས་ཀྱི་གནད་ནི། རྒྱུད་ལས་རང་དང་བུད་མེད་ཐིག་ལེ་ཡིས། །རླུང་སེམས་གཉིས་པོ་ཡར་ལ་འདྲེན། །ལྕེ་ལས་རྩ་ཁ་འབྱེད་པར་བྱེད། །མི་ཡི་ཀླད་པས་བར་ཆད་བསྲུང་། །ཞེས་བཤད་པས་དེ་ལྟར་རྫས་བཞི་པོ་དེ་ལག་མཐལ་དུ་སྲིན་ལག་གཡོན་པས་མཉེས་ལ་ཡི་དམ་ལྷའི་སྔགས་ཟླས་ཏེ་སྤྱི་བོར་བླུགས་ལ་རླུང་མི་བཟུང་བར་རང་སར་བཞག་གོ
།དམིགས་པ་ནི། ཆོས་འབྱུང་གི་ཨ་ཡར་རྒྱངས་རྒྱངས་བཏང་ནས་སྐྱེ་མེད་ཀྱི་ངང་དུ་བཞག་ལ། དེའི་ངང་དུ་འཕོ་བར་བྱའོ།
བླ་མ་ར་ཧུ་ལའི་ལུགས་ཀྱི། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ་འཕོ་བ་ཡེ་ཤེས་དཀར་ཁུང་མའོ།
།ཡང་ན་བླ་མ་ཡི་དམ་མཁའ་སྤྱོད་མ་རྣམས་ལ་འཕོ་བར་སྤྲོ་ན། དེ་རྣམས་གང་ལ་འཕོ་བ་དེ་སྤྱི་བོར་བསམ་ནས་གསོལ་བ་བཏབ་ལ།
དམིགས་པ་ནི། ལྟེ་བའི་འོག་དུ་ཆོས་འབྱུང་དང་། རྩ་དབུ་མ་རང་གི་སེམས་ཨ་དཀར་པོར་སྒོམ་པ་རྣམས་སྔར་བཞིན་གསལ་བཏབ་ལ་ལག་པ་གཉིས་ས་ནོན་གྱི་ཕྱག་རྒྱ་པུས་མོ་ལ་དཀབ་སྟེ། རླུང་རོ་ལན་གསུམ་ཕྱིར་བུས་ལ། སྟེང་རླུང་འོག་རླུང་དྲག་དུ་བཟུང་ཁྱད་པར་དུ་འོག་རླུང་དྲག་པོ་དྲངས་ཏེ་ལྟེ་བ་སྐལ་པ་ལ་གཅེར་ཏེ་སྦྱར་བས་ལྟེ་བའི་ཆོས་འབྱུང་ཁ་ནང་དུ་གཅར་གྱིས་སོང་བས་རང་གི་སེམས་ཨ་དཀར་པོ་དེ་སྐར་མདའ་བཞིན་དུ་རྩ་དབུ་མའི་ནང་ན་མར་སོང་ཚངས་བུག་ནས་ཐོན་ཏེ། བླ་མ་ཡི་དམ་མཁའ་འགྲོ་མཁའ་སྤྱོད་མའི་སྐུ་ལ་ཞུགས། ཐུགས་ཁར་དཀར་ཡེར་རེ་བྱུང་བར་བསམ། བླ་མ་ཡི་དམ་མཁའ་སྤྱོད་མ་འོག་མིན་དུ་གཤེགས་པར་བསམས་ཏེ། བསྔོ་བ་དང་སྨོན་ལམ་བྱའོ།
།མཇུག་དུ་བླ་མ་ཡི་དམ་མཁའ་སྤྱོད་མ་རང་གི་སྤྱི་བོར་བྱོན་པའི་གསང་གནས་ནས་ཨ་འཐོན། རང་གི་ལུས་ཀྱི་ཚངས་བུག་ནས་ཞུགས་དབུ་མ་རྒྱུད་ཏེ་ལྟེ་འོག་ཆོས་འབྱུང་གི་ནང་དུ་བརྟན་པར་བསམ་ཞིང་། བླ་མ་ཡི་དམ་མཁའ་སྤྱོད་མའི་གསང་གནས་ནས་བྱང་སེམས་བབས་པས་ཚངས་བུག་ནས་ཞུགས་ལུས་གང་བར་བསམ་པའི་མཐར་བླ་མ་ཡི་དམ་མཁའ་སྤྱོད་མ་རང་གི་སྤྱི་གཙུག་ནས་ཐིམ། ཚངས་བུག་ཟུབས། འོད་ཀྱི་ཞལ་ལ་བྱས་པར་བསམས་ལ། ཚེ་སྒྲུབ་ཡིན་གསུང་ངོ་། །འཕོ་བའི་དུས་གནད་ཤེས་པ་གལ་ཆེ་སྟེ།
རྡོ་རྗེ་གདན་བཞི་ལས། དུས་སུ་གྱུར་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་བྱེད། །ལྷ་རྣམས་གསད་པའི་རྣམ་སྨིན་གྱིས། །དམྱལ་བའི་གནས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པས་ཕྱི་ནང་གསང་བའི་འཆི་བལྟས། ལམ་འབྲས་ལ་སོགས་པ་ནས་བཤད་པ་བཞིན་ཤེས་པར་བྱས་ནས་འཕོ་བ་སྦྱང་བར་བྱ་སྟེ།
རྡོ་རྗེ་གདན་བཞིར། འཆི་བར་གྱུར་པའི་དུས་བྱུང་ན། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ནོ།
།ཅེས་གསུང་པས་ཁམས་བཟང་དུས་སུ་འཕོ་བ་ལེགས་པར་སྦྱངས་པས་རྟགས་ཐོན་ཐོན་སྒོམ་ཞིང་། དེ་ནས་ཞག་རེའམ། ཞག་འགའ་ལ་ཐུན་མ་ཆག་པར་སྦྱང་། དམིགས་པ་མ་རྗེད་པར་བྱའོ། །དེ་ལྟར་མ་སྦྱངས་ན་འཕོ་བ་ཐོབ་ཙམ་དང་། མན་ངག་ཡོད་པ་དང་། ཤེས་པ་ཙམ་གྱིས་དགོས་དུས་ཕན་པ་དཀའོ།
།འཕོ་བ་འབྱོངས་པའི་རྟགས་ནི། ཚངས་བུག་སྐྲངས་པ་དང་། ཟ་བ་ལ་སོགས་པའི་རྟགས་སྔར་བཞིན་འབྱུང་ངོ་།
།ལམ་ལ་སྦྱར་བ་ནི། སམ་བུ་ཊིར། །སྒོ་རྣམས་ཐམས་ཅད་བཀག་ནས་ནི། །བུམ་པ་ཅན་ནི་རབ་དུ་ཙམ། །ཞེས་གསུངས་པས་འཁོར་བའི་སྒོ་བརྒྱད་དགག་སྟེ།
སམ་བུ་ཊིར། །ལྟེ་བ་ལས་ནི་འདོད་ཆགས་ལྷ། །ཐིག་ལེ་ཡི་གཟུགས་མཐོ་རིགས་ཏེ། །སྟེང་ནས་འགྲོ་བས་སྟེང་གི་ནི། །འགྲོ་བ་དག་ཏུ་རབ་ཏུ་བཤད། །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་ནས་ནི་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ལས་ཡིད་དགས་འགྱུར། །ཆུ་མིན་ལས་ནི་དམྱལ་བ་བརྒྱད།
།ཅེས་གསུངས་པས་དེ་དག་དུས་གཅིག་ལ་དགག་པའི་ཕྱིར། ལྟེ་འོག་ཆོས་འབྱུང་རྩ་དབུ་མ་གསལ་གདབ་སྟེ། དམིགས་པ། རྫས་གནད། ལུས་གནད་སྔར་བཞིན་བྱ། བླ་མ་དང་མཆེད་གྲོགས་ཀྱིས་དམིགས་པའི་གསལ་འདེབས་བྱ། སྨོན་ལམ་བཀའ་རྒྱ་མ་གདབ་སོ།
།འཕོ་བའི་ཕན་ཡོན་ནི། རྡོ་རྗེ་གདན་བཞི་དང་། སམ་བུ་ཊི་ལས། ཉིན་རེ་བྲམ་ཟེ་གསོད་པ་དང་། །འཚམས་མེད་ལྔ་དག་བྱེད་པ་དང་། །རྐུ་དང་འདོད་ལ་ལོང་སྤྱོད་དང། །འདི་ཡི་ལམ་གྱིས་གྲོལ་བར་འགྱུར། །ཅེས་སོ། །འཕོ་བའི་ལམ་རྫོགས་སོ།
(MW22103: scv9p727)
༼།དྲུག་པ་བར་དོ།༽
རྡོ་རྗེ་ཚིག་རྐང་ལས། །བར་དོ་སྣང་སོགས་འོད་གསལ་ལོངས་སྐུ་དང་། །གང་འདུལ་སྤྲུལ་སྐུས་འཚམས་སྦྱར་སྐྱོ་ཤས་གནད། །ཆགས་སྡང་ཕྲ་དོག་འོད་གསལ་ལྷ་སྐུས་སྦྱང་། །དུས་དེར་སྒྲིབ་གཉིས་རང་དག་ལྷ་སྐུ་མངོན་དུ་འགྱུར།
རབ་བར་དོ་དང་པོའི་འོད་གསལ་རང་ཤར། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། སྤྱི་གནད་འཆུག་མེད་ལམ་ཁྱེར་རོ། །ཅེས་དང་།
ཚིག་གསལ་ལས། དབང་པོ་རབ་བར་དོ་དང་པོའི་འོད་གསལ་སོགས་དོན་བཞི་གསུངས་ཤིང་།
ཡེ་ཤེས་རྒྱ་མཚོ་ལས། བར་དོའི་འཇིགས་པ་ཆེན་པོ་ལ། །རྟོགས་པ་བརྟན་པོའི་མན་ངག་གཅེས། །བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པ་མན་ངག་གཅེས། གསུངས་པས།
བར་དོ་ལ་བཞིའི། དབང་པོ་རབ་བར་དོ་དང་པོའི་འོད་གསལ་ནི།
རྡོ་རྗེ་ཚིག་རྐང་ལས། །གཟུགས་སྒྲ་ས་ཆུ་སྣང་མཆེད་ལ་སོགས་པའི། །ཐིམ་འགྲོས་རང་བཞིན་བརྒྱད་བཅུ་ཤེས་པར་བྱ།
།ཞེས་གསུང་པའི་དོན་རྒྱས་པར་བར་དོ་རྣམ་གསུམ་གྱི་གདམས་་་་་་་ན་ཡོད་པ་དེར་ཤེས་པར་བྱའོ། །མདོར་ན། འབྱུང་བའི་ཐིམ་འགྲོས། དབང་པོའི་ཐིམ་འགྲོས་རྣམས་ཐིམ་ནས་སྙིང་ཁར་ལྟེ་བའི་ཨ་ཐུང་དང་། སྤྱི་གཙུག་གི་ཧཾ་ཡིག་སྟེ་ཁམས་དཀར་དམར་གཉིས་ཚོགས་པའི་རྟེན་འབྲེལ་ལ་བརྟེན་ནས་མའི་འོད་གསལ་དང་བུ་སྒོམས་པའི་འོད་གསལ་གཉིས་ཕྲད་ནས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཅོས་མ་མིན་པ་འཆར་བར་འགྱུར་བས་དེ་ལ་ཞག་བདུན་ནམ། ཞེ་དགུ་ལ་སོགས་པ་གནས་ནུས་ན་འོད་གསལ་ཆོས་སྐུ་རང་དོན་དུ་སངས་རྒྱ་བར་འགྱུར་ཞིང་། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཏེ།
འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་མཐོང་མི་འགྱུར། །གཞན་དོན་གཟུགས་སྐུའི་རྣམ་པ་འཆར། །ཅེས་སོ།
།གཉིས་པ་འབྲིང་རྒྱལ་བ་ལོངས་སྐུ་ནི། ཐེམས་ཡིག་ལས། བར་དོ་ལོངས་སྤྱོད་རྫོགས་སྐུ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །ཅེས་པས།
བདག་འཛིན་བློ་ཡིས་ཐོངས་པ། དགོས་མེད། བར་དོར་སངས་རྒྱ་བ་དང་། གཞན་དོན་རྒྱ་ཆེན་པོ་འབྱུང་བ་ལ་སོགས་པའི་གསོལ་བ་བཏབ་པའི་རྗེས་སུ། ང་ཤི་ནས་འདུག་པས་བླ་མས་ངོ་སྤྲད་པའི་རྒྱལ་བ་ལོངས་སྐུ་ཉམས་སུ་བླང་དགོས་སྙམ་དུ་བསམས་ལ། མདུན་དུ་ཆོས་འབྱུང་སྔོན་པོ་གཅིག་བསམས་ཏེ། འདི་མ་རྟོགས་པ་རྣམས་ལ་མའི་མངལ། རྟོགས་པ་རྣམས་ལ་འོག་མིན་ཆོས་ཀྱི་ཕོ་བྲང་ཡིན་ཨང་སྙམ་དུ་བསམ། ཆོས་འབྱུང་གི་ནང་དུ་རང་གི་སེམས་ཉིད་ཡི་གེ་ཧཱུྃ་སྔོན་པར་བསམས་པ་ལས་འོད་འཕྲོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་སྔོན་པོས་གང་བས་མདས་པའི་མའི་མངལ་གྱི་ལན་ཆགས་སྦྱངས། ད་ལྟར་གྱི་མའི་མངལ་གྱི་ལན་ཆགས་དང་དྲི་མ་སྦྱངས། མ་འོངས་པའི་མངལ་སྒོ་བཀག་པར་བསམ། འདི་གཅིག་བུས་ཆོག་གསུང་ངོ་།
།དེ་ནས་ཧཱུྃ་དེ་བདེ་མཆོག་དུ་སྐྱེ་པའི་སྤྱི་བོར་རྗེ་བཙུན་མ། དེའི་སྤྱི་བོར་བླ་མ་སྒོམས་ལ། བླ་མའི་སྐུ་ལུས་ལས་འོད་ཟེར་བདེ་བའི་རང་བཞིན་ཅན་བྱུང་སྟེ་རྗེ་བཙུན་མ་ལ་ཕོག །དེ་ལས་འོད་དེ་ལྟ་བུ་བྱུང་ནས་རང་བདེ་མཆོག་དུ་གསོལ་བ་ལ་ཕོག །ལྷ་སྐུ་འོད་ཀྱི་རང་བཞིན་དེ་ལ་ཉིན་བར་རྩེ་གཅིག་དུ་སྒོམས་པས་རྨི་ལམ་དུ་སྐུ་ཡོངས་སུ་རྫོགས་པའམ། ཐ་ན་སྤྱན་དབུ་མ་ཙམ་ཞིག་གསལ་བས་ཀྱང་བར་དོ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་འགྱུར་རོ།
།དེ་ཡང་སྒྱུ་མ་ལམ་རིམ་ལས། རྨི་ལམ་ཟིན་པ་ལྷ་ཡི་སྐུ། །རང་ཤར་ཡུད་ཙམ་བྱུང་གྱུར་ན། །བར་དོ་ཟིན་པར་ཐེ་ཚོམ་མེད། །སྒྱུ་མར་གྱུར་པ་དེ་དང་མཚུངས། །ཅེས་སོ།
།གསུམ་པ་ཐ་མ། སྤྲུལ་སྐུ་འགག་མེད་རང་ཤར་ལམ་ཁྱེར་ནི། མངལ་སྦྱང་བ་དང་། གསོལ་འདེབས་གོང་བཞིན་བྱས་ལ། བྲང་ཟླ་ལ་སོགས་པའི་དངོས་པོ་འགའ་གསལ་ཞིང་བརྟན་པར་སྐྱེད། ང་ཤི་ནས་འདུག །བྲང་ཟླ་དང་། དངོས་པོ་འདི་རྣམས་ཐམས་ཅད་བར་དོའི་བྲང་ཟླ་ལ་སོགས་པར་འདུག་པས། ང་སྐྱེ་བ་ལེན་དུ་འོང་སྐྱེ་བ་བླངས་ནས་འགྲོ་བ་རིས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས་ཁང་། སྡུག་བསྔལ་གྱི་གྲོགས་པོ་སྡུག་བསྔལ་གྱི་ཡོ་བྱད་མ་གཏོགས་པ་བདེ་ཞིང་སྐྱིད་པའི་སྐབས་མེད་སྙམ་དུ་སྐྱོ་ཤས་དྲག་པོ་སྐྱེད།
ཆགས་སྡང་ཕྲ་དོག་འོད་གསལ་ལྷ་སྐུས་སྦྱང་། །ཞེས་གསུངས་པས། ཆགས་སྡང་གི་ཡུལ་སྣང་སྲིད་ཐམས་ཅད་རབ་འོད་གསལ་ཕྱག་རྒྱ་ཆེན་པོའི་གསལ་ཆར་ཤེས་པའི་རྟོགས་པ་བརྟན་པོས་མ་ཡེངས་པར་དྲན་པས་བཟུང་ཞིང་བླ་མས་ངོ་སྤྲད་པའི་བར་དོ་རྒྱལ་བ་ལོངས་སྐུ་ཉམས་སུ་བླང་དགོས་སྙམ་དུ་བསམས་ལ། གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་གྱི་སྐུ། སྒྲ་གྲག་ཚད་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རིག་དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ལམ་དུ་ཁྱེར་བས་བར་དོར་གཤིན་རྗེའི་གཟུགས་ཐམས་ཅད་ཡི་དམ། སོད་ཅིག་ཆོམ་གཅིག་པའི་སྒྲ་ཐམས་ཅད་སྔགས་ཀྱི་རང་སྒྲ། དངང་སྐྲག་དང་། དྲན་རྟོག་ཐམས་ཅད་ཆོས་ཉིད་དུ་རང་གྲོལ་ནས་རྒྱལ་བ་ལོངས་སྐུར་སངས་རྒྱ་བར་འགྱུར་རོ།
།བཞི་པ་སྤྱི་གནད་འཆུག་མེད་ལམ་ཁྱེར་ནི། མངལ་སྦྱང་བ་དང་གསོལ་འདེབས་གོང་བཞིན་བྱས་ལ། ལམ་ཁྱེར་ཡང་མཐུན་པ་ལ་། སྤྱིར་ཕོ་ཐམས་ཅད་དང་། ཁྱད་པར་དུ་ཞེ་སྡང་སྐྱེ་བའི་ཡུལ་ཐམས་ཅད་ཆོས་འབྱུང་གི་གཡོན་ཟུར་དུ་བདེ་མཆོག་ཡབ། དུ་སྒོམས་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དབུལ་ཞིང་གསོལ་བ་གདབ་པར་བྱའོ། །སྤྱིར་མོ་ཆགས་ཐམས་ཅད། ཁྱད་པར་དུ་འདོད་ཆགས་སྐྱེ་བའི་ཡུལ་དེ་རྗེ་བཙུན་མར་ཆོས་འབྱུང་གི་གཡས་ཟུར་དུ་སྒོམས་ཏེ། མཆོད་པ་དབུལ་ཞིང་གསོལ་བ་བཏབ་ལ། ཕྲ་དོག་དང་མིག་ཟེར་ཐམས་ཅད་སྒྱུ་མ་རྨི་ལམ་དུ་སྦྱང་བར་བྱའོ། །བར་དོར་ཆགས་སྡང་བ་མིག་ཟེར་ཕྲ་དོག་མ་བྱུང་ན་རབ། བྱུང་བ་གནད་འདིས་རང་དག་ནས་ལོངས་སྐུར་སངས་རྒྱ་བར་འགྱུར་རོ། །རབ་ཀྱིས་ཉམས་ལེན་ཐམས་ཅད་ཀྱི་དུས་སུ། ཨ་ཕ། ང་ཤི་ནས་འདུག །སྣང་བ་འདི་བར་དོའི་སྣང་བར་འདུག །ལུས་འདི་ཡིད་ཀྱི་ལུས། གྲོགས་ཐམས་ཅད་བར་དོའི་གྲོགས་སུ་འདུག །ཟས་གོས་ཐམས་ཅད་བར་དོའི་ཟས་གོས་སུ་འདུག་སྙམ་དུ་བསམ་ཞིང་། ངག་དུ་ཡང་རྗོད་བས། བར་དོར་འཆར་རྒྱུ་ཐམས་ཅད་འདིར་ཡང་འཆར། དེར་ཤར་བ་དང་། བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་གདམས་ངག་གཅེས། གསུངས་པས་བླ་མས་ངོ་སྤྲད་པའི་རྒྱལ་བ་ལོངས་སྐུ་ཉམས་སུ་བླང་དགོས་སྙམ་དུ་བསམ། དེ་རྣམས་ཉམས་སུ་བླངས་པས་བར་དོར་སང་མི་རྒྱ་མི་སྲིད་གསུང་ངོ་།
།ཆོས་དྲུག་གི་བསྒོས་སྒོས་ཀྱི་གནད་དྲུག་ནི། ཐབས་ལམ་རྩོལ་བའི་གནད་ཡིན་པས་རླུང་རྩོལ་དང་འཁྲུལ་འཁོར་ལ་འབད། སྒྱུ་ལུས་བདེན་མེད་གྱི་གནད་ཡིན་པས་ཨ་འཐས་ཤིག །རྨི་ལམ་འདུན་པའི་གནད་ཡིན་པས་རྨི་ལམ་མ་འཁྲུལ་པར་ཟིན་པ་ཅིག་བྱ་སྙམ་དུ་འདུན་པ་སྐྱེད། འོད་གསལ་མོས་གུས་ཀྱི་གནདཡིན་པས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེད་ནས་གསོལ་བ་རྒྱུན་མི་འཆད་པར་གདབ། འཕོ་བ་རྩེ་གཅིག་གི་གནད་ཡིན་པས་སེམས་དབང་པོའི་སྒོ་གཞན་ན་ཕར་མ་ཡེངས་པར་བྱས་ལ་རྣམས་ཨ་དཀར་པོ་ཚངས་བུག་ནས་འཕོ་བ་ལ་རྩེ་གཅིག་དུ་གཏད། བར་དོ་སྐྱོ་ཤས་ཀྱི་གནད་ཡིན་པས། ང་བར་དོ་ན་ཡོད་པར་འདུག་སྣང་བ་འདི་བར་དོའི་སྣང་བ་ཡིན་པར་འདུག །སྐྱེ་བ་ལེན་དུ་ཡོང་སྐྱེ་བ་བླངས་ན། ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྐྱིད་མེད་སྙམ་པའི་སྐྱོ་ཤས་དྲག་པོ་སྐྱེད་ལ་འཁྱེར་སོ་གསུམ་ལ་འབད་དོ།
གགས་དྲུག་ནི། ཐབས་ལམ་ལ་དྲེད། སྒྱུ་ལུས་ལ་འཐས། རྨི་ལམ་ལ་འབྱམས། འོད་གསལ་ལ་མོས་གུས་ཀྱིས་རྡུགས། འཕོ་བ་རྣམ་རྟོག་གཞན་ལ་འཕྲོས། བར་དོ་ལ་ཡིན་པར་ངོ་མ་ཤེས་པས་འཁྲུལ་པའི་གགས་སོ།
།ཐབས་ལམ་མ་དྲེད་པ་ལ་བཞི་སྟེ། ངལ་སོ་ཡུན་རིངས་གཏུམ་མོའི་དྲེད། ཐིག་ལེ་ཉམས་པ་བདེ་བའི་དྲེད། ཉམས་མྱོང་བཤད་པ་དམ་ཚིག་ལྟུང་བའི་དྲེད། བཟར་མེད་བརྩོན་འགྲུས་གཏུམ་མོའི་དྲེད། །ཅེས་པ་རྣམས་སྤང་ངོ་།
།ཡང་གཏུམ་མོ་ལམ་གྱི་གཞུང་ཤིང་། སྒྱུ་ལུས་ལམ་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་ལམ་གྱི་དངོས་གཞི། འཕོ་བ་ལམ་གྱི་ཉེན་སྐྱེལ། བར་དོ་ལམ་གྱི་མཚམས་སྦྱོར། །ཞེས་སོ།
།ཆོས་དྲུག་སྒོམས་པས་ས་ལམ་བགྲོད་པའི་ཚུལ་ནི། ཚིག་གསལ་ལས། ས་དང་ལམ་གྱི་རིམ་པ་རྣམས། །མདོ་དང་རྒྱུད་ལས་གསུངས་པ་ལྟར། །རང་གིས་ཉམས་སུ་མྱོང་བྱས་ནས། །ཡིད་ཆེས་ལུང་གིས་བརྒྱན་པར་བྱའོ། །ཞེས་གསུངས་པས།
ས་ལམ་གྱི་རིམ་པ་རྣམས་སྒྱུ་མ་ལམ་རིམ་ལས་ཤེས་པར་བྱའོ། །འདིར་ཁ་ཅིག་གི་བསམ་པ་ལ། ཁྲིད་ཡིན་པ་ལ་མདོ་རྒྱུད་ཀྱི་ལུང་འདྲེན་སོགས་བཤད་པ་མང་པོ་དགོས་པ་མེད་དོ།
།སྙམ་ན། རྡོ་རྗེ་ཚིག་རྐང་ལས། ལོག་བལྟས་རྒྱུད་བཀྲུགས་རྩོད་ལྡན་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་སྐར་རུས་སྦལ་སྤུ། །ལོག་ཆོས་ཚོང་འདུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་ལུང་དང་ཐེམས་ཡིག་བརྒྱན་པ་གཅེས། །ཞེས་གསུངས་པས།
ཤངས་པ་བཀའ་རྒྱུད་ཀྱི་ལུགས་ཀྱི་ཁྲིད་ཀྱི་དམིགས་པ་ཐམས་ཅད་ལ་རྩ་བ་མེད་པའི་ཡལ་ཁ་མང་པོ་མི་བྱེད་པར་མཁའ་འགྲོ་མའི་རྡོ་རྗེའི་ཚིག་རྐང་དམིགས་པ་རེ་ལ། དེ་དང་བླན་པའི་མདོ་རྒྱུད་ཀྱི་ལུང་རེ། བླ་མ་གོང་མའི་ཐུགས་ཉམས་སུ་བཞེས་པའི་གསུང་སྒྲོས་དང་། བླ་མ་རང་གི་ཉམས་མྱོང་དང་བཅས་ནས་འཆད་པའི་བཀའ་སྲོལ་ཡིན་ནོ།
།ཆོས་དྲུག་ཉམས་སུ་བླངས་པའི་འབྲས་བུ་ནི། རྡོ་རྗེ་ཚིག་རྐང་ལས། ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདི་འམ་བར་མ་དོར། །བདེ་སྟོང་དབྱེར་མེད་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ
།ཞེས་པའི་དོན་ནི། ཆོས་དྲུག་གི་གདམས་པ་འདི་ཉམས་སུ་ལེན་པ་རྣམས་དབང་པོ་རབ་འབྲིང་ཐ་གསུམ་དང་། བརྩོན་འགྲུས་ཆེ་ཆུང་གི་བྱེ་བྲག་གིས་རབ་ལུས་མ་སྤངས་བར་མཁའ་སྤྱོད་རིག་འཛིན་ཐོན། འབྲིང་འཆི་ཁ་བར་དོ་དང་པོ་གཉིས་པ་གསུམ་པར་མཁའ་སྤྱོད་རིག་འཛིན་ཐོབ་པར་འགྱུར། ཐ་མ་སྐྱེ་བ་བདུན་ནམ། བཅུ་དྲུག་ལ་སོགས་པ་ལ་བདེ་སྟོང་དབྱེར་མེད་ཏེ། ཁམས་འཛག་མེད། སེམས་རྟོག་མེད། འོད་གསལ་ཕྱག་རྒྱ་ཆེན་པོ་ཟུང་དུ་ཆུད་ཏེ་མཐར་ཕྱིན་ནས། ལུས་འཇའ་ལུས། སྣང་སྟོང་ཟུང་འཇུག །སེམས་རིག་སྟོང་དབྱེར་མེད་ཟུང་འཇུག་ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས། འགྲོ་དྲུག་གང་འདུལ་ལྷུན་གྲུབ་རང་ཤར་གྱི་མཁའ་སྤྱོད་དེ། ཚེ་ཉི་ཟླ་དང་མཉམ་པ། ལོངས་སྤྱོད་ནམ་མཁའ་ནས་འབྱུང་བ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ། ལུས་འཇའ་ལུས་སུ་ཡོད་པ། ཕྱོགས་བཅུའི་སངས་རྒྱས་ལ་ཆོས་ཉམ་པར་ནུས་པ། མཁའ་སྤྱོད་ཡོན་ཏན་ལྔ་ལྡན་འགྲུབ་པར་འགྱུར་ཞིང་། རིམ་གྱིས་ལུས་དེ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང་འགྲུབ་པར་འགྱུར་བ་ཉིད་དོ། །བར་དོའི་ལམ་རྫོགས་སོ།
།ཆོས་དྲུག་གི་མན་ངག་ཁྲིད་ཡིག་ལེའུ་ཚན་བཅུ་གསུམ་པ་རྫོགས་སོ།

Revision as of 16:16, 27 March 2024

Resource ID SD2
Title ni gu chos drug gi khrid yig
Topics Six doctrines of Niguma
Sub-Topics Manual
Author Shönu Drup
Associated Person Bodong Cholé Namgyel
Link BDRC W8LS36545 (p.71-98 incomplete)
BUDA MW22103 (p.151,153,167,175,184,192,198,200)
Notes Possibly a later and developed version of ni gu chos drug gi khrid yig mkhas btsun gzhon nu grub kyis mdzad pa. Contains large excerpts common to ye shes mkha' 'gro chos drug gsal sgron

༄༅། །ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཤངས་པ་བཀའ་རྒྱུད་ཀྱི་རྒྱུད་་་་་་་པར་བྱོན། མཁས་གྲུབ་ཆོས་རྗེ་གྲགས་པ། མཚན་གཞོན་ནུ་གྲུབ་ཞེས་གྲགས་པ་དེ་ཉིད་ཀྱིས་མཛད་པ་བཞུགས་སོ།།

མཁས་གྲུབ་རིན་པོ་ཆེའི་ཞལ་ནས། བླ་མའི་མོས་གུས་ལ་བླ་མ་གོ་འདྲེས་ཀྱིས་མ་ཁྱེར་བ་དང་། མོས་གུས་གོ་ཡུལ་དུ་མ་ལུས་པ་ཅིག་དགོས་གསུང་།