Lam dri ma med pa 'od kyi phreng ba
Resource ID | SLv8p417 |
---|---|
Title | lam dri ma med pa 'od kyi phreng ba |
Topics | Six doctrines of Niguma |
Sub-Topics | Instructions |
Author | Sangyé Tönpa |
Link | BDRC W3CN766 BDRC W8LS37032 (p.41) BDRC W8LS32723 BDRC W22103 (p.319 alt. version) |
Notes | Author: in SCv6p51 gro mgon chos rje'i dri med 'od phreng" |
༄༅། །ལམ་དྲི་མ་མེད་པ་འོད་ཀྱི་ཕྲེང་བ་བཞུགས་སོ།།
ན་མོ་གུ་རུ།
ལེགས་པའི་ཡོན་ཏན་མ་ལུས་རབ་རྫོགས་པའི། །གཉུག་མ་ལྷན་གཅིག་སྐྱེས་པ་རྡོ་རྗེའི་སྐུ། །མཁྱེན་པའི་རྩལ་གྱིས་ཤེས་བྱའི་དཀྱིལ་འཁོར་གསལ། །རྗེ་བཙུན་བླ་མའི་ཞབས་ལ་མགོས་བཏུད་དེ། །བླ་མའི་གསུང་ལས་ཇི་ལྟར་ཐོས་པ་ཡི། །སྙན་རྒྱུད་ཞལ་གྱི་གདམས་པ་བདུད་རྩི་འདི། །རང་གཞན་བློ་ཡི་གསལ་འདེབས་དོན་དུ་ཡང་། །ལམ་མཆོག་དྲི་མེད་ཞེས་བྱ་བདག་གིས་བྲི།
དེ་ལ་རྟེན་འདིར་རྟེན་གྱི་གང་ཟག་འཁོར་བ་ལས་ཡིད་བྱུང་ནས། ཐར་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་འདོད་པས་ལམ་ཚང་ལ་མ་ནོར་བ་གཅིག་དགོས་ཏེ། དེ་གང་ཞེ་ན།
སྦྱོར་ངོས་རྗེས་གསུམ་མོ།
།དང་པོ་སེམས་བསྐྱེད་ཅིང་བླ་མ་ལ་གསོལ་བ་གདབ་པ་དང་། དངོས་གཞི་དང་། འཇུག་ཅི་བྱས་ཀྱི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བའོ།
།དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གི་གདམ་པ་འདི་བསྒོམ་སྙམ་དུ་བསམ་མོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པ་ནི། སྨོན་པའི་སེམས་བསྐྱེད་ཡིན་ལ། དེའི་ཆེད་དུ་ཞེས་པ་ནི་འཇུག་པའི་སེམས་བསྐྱེད་དོ།
།དེ་ཡང་སློབ་དཔོན་ཞི་བ་ལྷའི་ཞལ་ནས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱས་ཏེ། །བྱང་ཆུབ་སྨོན་པའི་སེམས་བསྐྱེད་དེ། །བྱང་ཆུབ་འཇུག་པའི་སེམས་བསྐྱེད་དོ། །ཞེས་གསུངས་སོ།
།དེ་ལྟ་བུའི་སེམས་བསྐྱེད་དེ་གལ་ཤིན་ཏུ་ཆེ་སྟེ།
སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། ཞེས་གསུངས་སོ།
།དེ་ལྟ་བུའི་སེམས་བསྐྱེད་དང་ལྡན་པས། ལམ་གྱི་ཐོག་མར་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། རང་གི་སྤྱི་གཙུག་ཏུ་པད་མ་དང་ཟླ་བའི་སྟེང་དུ། རང་གི་རྩ་བའི་བླ་མ་བསམ།༼ཞལ་འཛུམ་པའི་མདངས་དང་ལྡན་པ། མཚན་ཐོས་པ་ཙམ་གྱིས་ཕྱིར་མ་ལོག་པའི་ས་ཐོབ་པ༽ དེའི་ཐུགས་ཁ་ནས་འོདཟེར་འཕྲོས་པས། དབང་བསྐུར་བ་ནས། ཀ་ཁ་བསླབ་པ་ཡན་ཆད་འུབ་ཀྱིས་འདུས། སྤྱི་བོའི་བླ་མ་ལ་བསྟིམ། ཡང་བླ་མའི་ཐུགས་ཁ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བླ་མ་ལ་སྟིམ་གྱིས་ཐིམ་པར་བསྒོམ་མོ།
།དེ་ལྟ་བུའི་བླ་མ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། ཞེས་བྱའོ།
།དེ་ལ་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ལ་གསོལ་བ་གཏབ་པར་བྱ་སྟེ། བླ་མ་རིན་པོ་ཆེ་བདག་གི་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། བྱང་ཆུབ་སེམས་རིན་པོ་ཆེ་འབྱོང་པར་མཛད་དུ་གསོལ། སྟོང་པ་ཉིད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བྱས་ནས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་གདབ་བོ།
།དེ་ནས་བདག་གི་བླ་མ་ལ་མོས་གུས་དུང་དུང་བྱས་པས་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་དུ་བྱེད་པར་བསམ་ནས།༼ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་བྱ།༽ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབ་འགྲོ་གྲུབ་ཚད་བྱེད་པ་ཡིན་ཏེ། དེ་ལྟ་བུའི་ཐུན་བཞིའི་རྣལ་འབྱོར་དུ་བྱས་ནས། རྗེས་ལ་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་དུ་བསྔོ། དེ་ནི་བླ་མའི་རྣལ་འབྱོར་ཞེས་བྱ་སྟེ། ལམ་གྱི་རིམ་པ་དང་པོའོ།
།བླ་མའི་བཞེད་པས། གཏུམ་མོ་ལམ་གྱི་གཞུང་ཤིང་། རྨི་ལམ་ལམ་གྱི་ཚོགས་འཛིན། འོད་གསལ་འབྲས་བུར་འཆར་བ་ཡིན། གསུང་ངོ་།
།དེ་ལ་དང་པོ་གཏུམ་མོ་བསྒོམ་པར་བྱ་སྟེ། སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་གོང་ལྟར་བྱས་ལ། གསོལ་བ་གདབ་པར་བྱ་སྟེ། བླ་མ་རིན་པོ་ཆེ་བདག་ལ་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ།
།དེ་ནས་རང་ཡི་དམ་གྱི་ལྷར་བསྒོམ། ལུས་གནད་ཙོག་པུར་བྱ། ལག་པ་སྣོལ་ལ་པུས་མོ་ལ་དགབ། དམིགས་པ་ནི་ལྟེ་བའི་འོག་རྩ་གསུམ་འདོམས་སོ། །ཉི་མའི་དལ་གྱི་སྟེང་དུ། རྩ་བའི་བླ་མ་སྐུ་གཅེར་བུ་དྲོད་དང་ལྡན་པ། ལྕགས་སྲེག་༼ལྡོག་དམར་ལ་རེག་བྱ་ཚ་བ་༽འདྲ་བ་རེག་མི་བཟོད་པ་གཅིག་བཞུགས་པར་བསམ་མོ། །དེ་ནས་རང་གི་སྤྱི་བོའི་གཙུག་ཏུ་བུག་པ་འཕང་ལོ་ཙམ་གཅིག་བསམ་ལ། བླ་མའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། སྟེང་གི་ནམ་མཁའ་ལ་བྱོན་པ་དང་། དེ་རྣམས་ཀྱི་ཐུགས་ཁ་ནས་འོད་ཟེར་དཀར་པོ་ཐིག་ལེའི་ངོ་བོར་དཀར་ན་ར་ར་སྤྱི་གཙུག་ན་མར་བྱོན་ཏེ། བླ་མའི་སྐུ་ལ་ཕོག་པས། ལྕགས་སྲེག་ཀྱི་སྟེང་དུ་མར་ཕོག་པ་བཞིན་པོར་སྒྲ་དང་བཅས་ནས་མེ་འབར་བས་ལུས་ཀྱི་ནང་ཐམས་ཅད་མེའི་རང་བཞིན་དུ་ཁེང་པར་བསམ་ནས། འོག་རླུང་ཐེན་ནས་རླུང་མནན་ལ། བླ་མ་འོད་ཀྱི་དབུས་ན་བཞུགས་པ་ལ་སེམས་གཏད་ནས་བསྒོམ་པས་བདེ་དྲོད་མྱུར་དུ་སྐྱེ་བར་བྱེད་དོ། །དེ་ནི་བླ་མའི་གཏུམ་མོ་ཞས་ཀྱང་བྱ་།༼བླ་མ་ཤངས་པ་དང་འོལ་ཀ་བསྒོམ་ཅུང་གཉིས་ལ་ཁྱད་པར་ཆེར་མ་སྣོ༽ རླུང་ལྟར་ཞོན་པའི་གཏུམ་མོ་ཞེས་ཀྱང་བྱའོ།
།འདིའི་ཆ་ལག་ཏུ་བགྱིས་ནས་སྲིད་པའི་དབང་ཞུ་བར་འདོད་པས། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་དམ་པ་འཛུམ་མདང་ཡལ་ལེ་བ་གཅིག་བསྒོམ། དེའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འོད་ཟེར་བཀུག་ལ་བླ་མ་ལ་སྟིམ། བླ་མ་འོད་དམ། ཆུ་རྒྱུན་བྱུང་ནས་རང་ལ་ཐིམ་པར་བསམ། དབང་བཞི་ཐོབ་ནས་ཀུན་གཞི་ལ་ཡོད་པའི་བག་ཆག་ཐམས་ཅད་མ་ལུས་པར་སང་དག་པར་བསྒོམ། དེ་ནི་སྲིད་པའི་དབང་ཞུ་བ་ཞེས་བྱ་སྟེ། འདི་མ་ཆག་པར་བྱས་ན་དམ་ཚིག་ཉམས་ཆག་ཐམས་ཅད་བསྐོངས་བ་དང་། དགེ་སྦྱོར་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གོང་ནས་གོང་དུ་བོག་འདོན་པའི་དགོས་པ་ཡོད་གསུང་ངོ་། །གཏུམ་མོ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བླ་མའི་གཏུམ་མོ་ཞེས་བྱ་སྟེ་རིམ་པ་གཉིས་པའོ།
།དེ་ལྟར་གཏུམ་མོ་ལམ་གྱི་གཞུང་བཞིན་དུ་བགྱིས་ནས། རྣམ་པར་སྨིན་སྒྱུ་ལུས་བསྒོམ་པར་འདོད་པས། སེམས་བསྐྱེད་དང་། བླ་མའི་རྣལ་འབྱོར་བྱས་ལ་གསོལ་བ་གདབ་སྟེ། བླ་མ་རིན་པོ་ཆེ་བདག་ལ་སྒྱུ་མ་ལྟ་བུའི་ཏིན་ངེ་འཛིན་འབྱོང་པར་མཛད་དུ་གསོལ། ཞེས་གསོལ་བ་སྙིང་ཁོང་རུས་པའི་གཏིང་ནས་གདབ་པར་བྱའོ། །དེ་ནས་རང་གི་ལུས་འདི་བཅོམ་ལྡན་འདས་བདེ་མཆོག་ལྷན་གཅིག་སྐྱེས་པ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ། གཡོན་དྲིལ་བུ་བཟུང་པ། སྐུ་མདོག་སྔོན་པོ་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཡུམ་སྐུ་མདོག་དམར་མོ་གཡས་གྲི་གུག །གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ་གཅིག་བསམ། ཡབ་ཡུམ་གཉིས་ཀ་རྒྱན་ཆ་ལུག་དང་ལྡན་པ། གསལ་སིང་ངེ་བ། མེ་ལོང་ནང་གི་གཟུགས་བརྙེན་ལྟ་བུ་སྣང་ལ་རང་བཞིན་མེད་པར་སྒོམ་ནས་བླ་མ་ལ་མོས་གུས་དྲག་པོ་བྱས་ཏེ། དེ་ཡང་དང་པོའི་ཆོས་ཅི་དང་ཅི་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན། དོན་ལ་རང་བཞིན་མེད་པ་ཡིན་པས། སྙམ་དུ་འདུན་པ་དྲག་པོ་བྱས་ན། སྒྱུ་མ་ལྟ་བུའི་སྣང་བ་མི་འཆར་བ་མི་སྲིད་གསུང་ངོ་།
།ཡང་རང་གི་ལྟེ་བར་ཆོས་འབྱུང་ཕྱི་དཀར་ལ། ནང་དམར་བ་འོད་ཀྱི་རང་བཞིན་ཅན་གཅིག་བསམ། དེའི་ནང་དུ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་བསྒོམ་ལ་༼འོད་དུ་ལྟེམ་ལྟེམ་༽འདི་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན་མི་བདེན་རྫུན་པའི་རང་བཞིན་ཡིན། སྙམ་དུ་བསམ་ཞིང་། བླ་མའི་མོས་གུས་དང་༼སྒྱུ་མ་རྨི་ལམ་གྱི་༽འདུན་པས་རྒྱབ་ཕུལ་ལ། སྒྱུ་མ་རང་ཤར་དུ་འབྱུང་སྟེ་ཤིན་དུ་ཟབ་༼སྒྱུ་ལུས་ཆག་སྡང་རང་གྲལ༽གསུང་ངོ་། །ཧྲིལ་གྱི་དྲིལ་བས་བླ་མའི་༼རྒྱུན་ཆད་མེད་པ༽མོས་གུས་དང་མདུན་པ་རྒྱབ་ཕུལ་ལ། ཚེ་འདི་ཆེད་དུ་བྱེད་པའི་མི་དང་མི་འགྲོག །དབེན་པའི་ས་བརྟེན་པ་གལ་ཆེ་གསུང་ངོ་།
།དེས་ན་སྤྱོད་ལམ་རྣམ་བཞི་ཅི་དང་ཅི་བྱེད་པ་ཐམས་ཅད་དུ་རང་བཞིན་མེད་པར་ཉམས་སུ་བླང་པ་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས། སྒྱུ་མ་རྟེན་འབྲེལ་དུ་ཤེས། རྟེན་འབྲེལ་སྐད་ཅིག་མར་ཤེས། སྐད་གཅིག་མ་རྐྱེན་ལས་སྐྱེས་པར་ཤེས། རྐྱེན་ལ་སྐྱེས་པ་དེ་སྟོང་པ་ཉིད་དུ་ཤེས། དེ་ཤེས་པས་སྐྱེས་པ་དང་སྐྱེ་མེད་གསལ་གཞག་མེད་པར་ཤེས་ལ། དེ་རྒྱུན་ཆད་མེད་པར་གསོང་པར་བྱས་པ་ལས། སྒྱུ་མ་ལྟ་བུའི་ཏིན་ངེ་འཛིན་མཐར་ཕྱིན་ཏེ། ལུས་རག་པར་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་དག་ནས། ཕྲ་བ་བག་ལ་ཉམ་རྣམས་མངོན་དུ་གྱུར་ཏེ། ཡེ་ཤེས་ཀྱི་ཆོས་རྣམས་མཉམ་པ་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས། དེའི་ཡོན་ཏན་གྱི་སེམས་ཅན་རེ་རེའི་མདུན་དུ་ཡང་ལུས་ཀྱི་བཀོད་པ་དཔག་ཏུ་མེད་པ་སྟོན་པར་ནུས་ཏེ། དཔེར་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་ཅི་སྙེད་ཅིག་བཞུགས་པ་དེ་སྙེད་ཀྱི་མདུན་དུ་རྗེ་བཙུན་སྤྱན་རས་གཟིགས་རེ་རེ་བྱོན་ཞིང་འཁོར་གྱི་གཙོ་བོར་གྱུར་ནས། འགྲོ་བ་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པ་ལྟ་བུ་ཡིན་ནོ། །དེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བླ་མ་ལ་མོས་གུས། སྣང་བ་འདི་རང་བཞིན་མེད་པར་གཏན་ལ་འབེབ་པར་བྱེད་པ་གལ་ཆེ་གསུང་ངོ་། །སྒྱུ་ལུས་ཀྱི་རྣམ་པར་བཞག་པའི་རིམ་པའོ།
།དེ་ནས་སེམས་བསྐྱེད་ལྔོན་དུ་སོང་པ་ཡིས། རང་ཡི་དམ་ལྷར་བསྒོམ་པའི་རྩ་ཨ་ཝ་དྷཱུ་་ཏི་ལུས་ཀྱི་ནང་ན་ཡར་སྟོང་སང་ངེ་ཡོད་པར་གསལ་གདབ། ཚད་པའི་བུ་ག་སྟོང་པར་བསམ་མོ། །དྷཱུ་་ཏིའི་མར་སྣའི་རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་བསམ། རང་གི་སྤྱི་བོ་ལས་ཁྲུ་གང་གི་མཐོ་བར་ཧེ་བཛྲ་ལྷ་དགུ་འམ། བདེ་མཆོག་འཁོར་ལོ་བདེ་ཆེན་གྱི་ལྷ་མོ་བཞི་དང་བཅས་པ་གཅིག་བསྒོམ་ཏེ་འདྲའོ། །དེ་ནས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བས། སྤྱི་བོར་རེག་པ་དང་། ལྷའི་ཐུགས་ཁ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཁ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ལྷའི་ཐུགས་ཁ་ནས་མར་ཞུགས་པས་བདེ་བ་ཕྲིལ་གྱིས་སྐྱེས་པར་བསྒོམ། བུམ་པའི་དབང་ངོ་། །དེ་ནས་སྤྱི་བོའི་སྟེང་གི་ལྷ་ཡབ་ཡུམ་སྙོམ་འཇུག་བྱས་པས། ཐིག་ལེ་དཀར་དམར་གཉིས་བྱུང་ནས། བདག་གི་ཨ་ཝ་དྷཱུ་ཏིར་ཞུགས་པས། རྩ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གང་བས་ཟག་མེད་ཀྱི་བདེ་བ་སྐྱེས་པར་སྒོམ། གསང་བའི་དབང་ངོ་། །ཡང་སྤྱི་བོའི་ཐུགས་ཁ་ནས། ཡུམ་རྡོ་རྗེ་ཕག་མོ་གཅིག་བྱུང་ནས་བདག་ལ་འཁྱུད་པར་བསྒོམ། སྲུབ་པ་དང་སྲུབ་པའི་སྦྱོར་བ་མི་རྒོས། ཡུམ་དེ་འོད་ཀྱི་རྣམ་པར་གྱུར་ནས་ཟག་པ་མེད་པའི་བདེ་བ་སྐྱེས་པར་བསྒོམ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ནས་ཡུམ་ཀྱང་བདག་ལ་ཐིམ། བདག་ཀྱང་འོད་དུ་ཞུ་ནས། ཐིག་ལེ་དམར་སྐྱ་གཅིག་ཏུ་བསམ། ཐིག་ལེ་དེ་ཇེ་ཆིང་ཇེ་ཆིང་དུ་སོང་ནས། མཐར་བཞི་པ་ཕྱག་རྒྱ་ཆེན་པོའི་དོན་ལ། བློ་བཞག་གོ །དབང་བཞི་པའོ། །དེ་ནས་སྤྱི་བོའི་ལྷ་ཚོགས་མི་དམིགས་པར་བསམ་མོ། །དེ་ནི་དབང་བཞི་པ་དང་འབྲེལ་པའི་གདམ་ངག་བྱ་བ་ཡིན་ནོ། །ད་གཞན་ལ་ཡང་གཏོར་ཚོགས་དང་འབྲེལ་བར་བྱས་ལ་དབང་བསྐུར་གསུང་ངོ་།
།རྨི་ལམ་༼ལ་བྲལ་བ་རང་དགོས༽འཛིན་པར་འདོད་པའི་རྟེན་གྱི་གང་ཟག་གིས། ཉིན་པར་གྱི་དུས་སུ་སྒྱུ་ལུས་ལ་མདུན་པར་གཏང་པ་གཅིག་གི་རྨི་ལམ་བཟུང་པར་སླུ་སྟེ། དེ་ཡང་ཉིན་པར་གྱི་དུས་སུ་དགེ་སྦྱོར་གྱི་ཤུགས་མེད་ན། ནུབ་མོ་རྨི་ལམ་མི་ཟིན་པས།
ཉིན་པར་འཆི་བ་དང་། མི་རྟག་པ་བསམ་པ་དང་། སྐྱོ་ཤས་ཆེན་པོ་སྐྱེད་པ་བྱ་ཞིང་། འདུ་འཛི་དང་གཡེང་བ་དང་། ཐམས་ཅད་ལ་ཡང་རྒྱུན་ཆད་མེད་པར་ཉམས་སུ་བླངས་པས་ཅིས་ཀྱང་མི་ཟིན་ཁ་མེད་ཡིན་ནོ།
།དེ་ལ་དང་པོར་སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་བྱས་ལ་གསོལ་བ་གདབ་པར་བྱ་སྟེ། བླ་མ་རིན་པོ་ཆེ་བདག་གི་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ་བ་གདབ་པར་བྱའོ།
།དེའི་རྗེས་ལ་རང་གི་སྤྱི་གཙུག་དུ། ཧཾ་གཅིག་བསམ། དེ་ལས་ཐིག་ལེ་དཀར་པོ་གཅིག་ཆད་ནས་སྙིང་ཁར་བྱུང་པས། བདེ་མཆོག་དཀར་པོ་གཅིག་ཏུ་གྱུར་པར་བསམ། གསང་གནས་སུ་ཕགས་དམར་སྐྱ་གཅིག་བསམ། དེ་ལ་ཐིག་ལེ་དམར་པོ་གཅིག་ཡར་ཆད་པ་ལས། རྗེ་བཙུན་མར་གྱུར་ཏེ། ཡབ་ལ་འཁྱུད་ནས་གཉིས་སུ་མེད་པར་གྱུར་པས་བདེ་སིང་སིང་སོང་པར་བསམ་ཞིང་། འདི་རྣམས་ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ་མོ།
།དེ་ནས་བདེ་མཆོག་དེའི་ཐུགས་ཁ་ནས། འོད་ཟེར་ཁ་དོག་ལྔ་མདུན་གྱི་ནམ་མཁའ་ལ་འཕྲོས་པས་བདེ་མཆོག་རིགས་བསྡུས་ཀྱི་དཀྱིལ་འཁོར་དུ་བསམ་ནས། དེ་ལ་མཆོད་པ་ཡིད་ཀྱིས་ལྕོག་ཚད་ཕུལ་ལ། འདི་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་བསམ་པར་བྱའོ།
།དེ་ལྟར་བྱས་ནས་གཉིད་དུ་འགྲོ་ཁར་མདུན་གྱི་ནམ་མཁའི་བདེ་མཆོག་༼རང་གི་ལུས་ལ་ཐིམ། རང་གི་ལུས་མཐའ་ནས་འདུས་ནས་བདེ་མཆོག་ལ་ཐིམ། བདེ་མཆོག་༽ཀྱང་། འོད་དུ་ལམ་ལམ་མཐར་ཡལ་ནས་སོང་པ་ལ་དམིགས་ནས། མདུན་པ་འདུད་ན་རྨི་ལམ་ཟིན་ནས་འོད་གསུང་ངོ་།
།དེས་ཀྱང་མ་ཟིན་སྤྱི་བོ་ནས་ཐིག་ལེ་དཀར་པོ་གཅིག་སད་ཆད་ནས་སྙིང་ཁར་བྱུང་། གསང་གནས་ནས་ཐིག་ལེ་དམར་པོ་གཅིག་ཆད་ནས། སྙིང་ཁར་བྱུང་སྟེ། ཐིག་ལེ་གཉིས་པོ་སྒ་ར་ར་འཁོར་བ་ལ་ཤེས་པ་གཏད། སྐབ་སྐབས་སུ་ཐིག་ལེ་གཉིས་པོ་སྦྱར་བས་བདེ་སིང་སིང་སོང་པར་བསམ་ནས། ཆོས་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་བསམ། གཉིད་དུ་འགྲོ་ཁར་ཐིག་ལེ་གཅིག་ལ་གཅིག་ཐིམ་ནས་མཐར་འོད་དུ་ཡལ་སོང་པར་བསམ་ལ། དེའི་ཤེས་པ་བཟུང་ན། མི་ཟིན་མི་སྲིད་གསུང་ངོ་།
།དེས་ཀྱང་མ་ཟིན་ན་རང་གི་བླ་མ་དམ་པ་གསལ་སིང་ངེ་བ་གཅིག་བསྒོམ། བླ་མའི་ཐུགས་ཀར་ཧཱུྃ་དཀར་པོ་གཅིག་བསྒོམས་ལ། ཆོས་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན། མི་བདེན་རྫུན་པའི་རང་བཞིན་ཡིན་ཨང་སྙིང་དུ་བསམ་ལ། དེ་ནས་གཉིད་དུ་འགྲོ་ཁར་རང་གི་ལུས་འདི་འོད་ཀྱི་རང་བཞིན་ལས་མཐའ་ནས་འདུས་ནས་བླ་མ་ལ་ཐིམ། བླ་མ་ཧཱུྃ་ལ་ཐིམ། ཧཱུྃ་ཡང་འདུས་ནས་ཟླ་ཚེས་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། དེ་ན་ད་ལ་ཐིམ་ནས་ཇེ་འཕྲ་ཇི་འཕྲ་ལ་མཐར་ཡལ་ནས་སོང་བར་བསམ་ནས། དེའི་ངང་ནས་གཉིད་དུ་སོང་ན་མི་ཟིན་མི་སྲིད་དོ་གསུང་ངོ་།
།ཟིན་པའི་རྟགས་སུ་གཉིད་ཐུམ་ཕྲས་སུ་བྱེད་པའམ། རྨི་ལམ་དུ་འདུག་སྙམ་པ་འབྱུང་སྟེ། དེ་ནི་ཟིན་པའོ།
།དེ་ཡང་། ཟིན་པར་བསྟན་པར་མ་གྱུར་པར་སྦྱང་བའི་སྦྱོར་བ་མི་བྱའོ། །ཞེས་གསུངས་པས།
ཟིན་མ་ཐོག་ནས་སྦྱོང་སྤེལ་བྱས་ན་བོགས་ཆུང་བས། བསྟན་པར་བྱེད་པ་གལ་ཆེ་གསུང་ངོ་།
།དེ་ཇི་ལྟར་བྱེད་ན། རྨི་ལམ་ཟིན་པའི་དུས་སུ་མིག་མི་དབྱེ་བར་ཆོས་ཐམས་ཅད་རྨི་ལམ་དུ་འདུག་སྙམ་པའི་འདུན་པ་དྲག་པོ་བྱེད་པ་ཡིན་ཏེ། དེ་ལྟར་བྱས་པས་སད་འབྱམས་སུ་མི་འགྲོ་བར་བོགས་ཆེ་བ་ཡིན་གསུང་ངོ་།
།དེ་ལྟར་བསྟན་པར་གྱུར་ན་རྨི་ལམ་གྱི་གནས་སྐབས་སུ་ཆུའམ་མེའམ། ཁྱི་ལྟ་བུ་འཇིགས་པའི་མཚན་མ་བྱུང་བའི་དུས་སུ་རྨི་ལམ་ཟིན་ནས་འོང་། དེའི་དུས་སུ་རྨི་ལམ་གྱི་ཆུ་དང་མེ་དང་ཁྱི་ལ་སོགས་པ་ལ་འཇིགས་འབྱུང་སྙམ་དུ་བསྒོམ་པ་ནི་སྦྱང་པའོ།
།སྤེལ་བ་ནི་ཆུའམ་མེ་ལྟ་བུ་ཡིན་ན་སྔར་བས་ཀྱང་ཆེར་སོང་པར་བསམ་ལ་ཆུའི་ནང་ན་ཕར་འགྲོ་བའམ། མེའི་གསེབ་དུ་འགྲོ་བའམ། ཁྱི་ཡིན་ན་བརྒྱའམ་སྟོང་ལ་སོགས་པར་བསམ་པ་ནི་སྤེལ་བའོ།
།དེ་ལྟར་སྦྱོང་སྤེལ་ལ་བརྟན་པ་ཐོབ་ནས། ཡུལ་སྣང་ལ་༼གང་བསམ་གསལ་མཐོང་༽ལྟ་བར་འདོད་པས། རང་གི་སྙིང་ཁར་ཧཱུྃ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་བ་ཐག་ལྟ་བུ་བྱུང་ནས་གང་ལྟ་བར་འདོད་པའི་སྙིང་ཁར་ཐིམ་པར་བསམ་ནས། གཉིད་དུ་མ་སོང་རིང་ལ་སེམས་བཟུང་ནས་རྨི་ལམ་ཟིན་པའི་དུས་སུ་ཡང་ཡུལ་སྣང་གཏན་ལ་ཕེབ་པ། ཇི་ལྟ་བ་བཞིན་དུ་འབྱུང་གསུང་ངོ་།
།རྨི་ལམ་གྱི་རྩལ་ཆེན་པོར་མ་གྱུར་པ་ལ་དེ་ལྟར་བྱའོ། ༼རྨི་ལམ་གྱི་རྩལ་ཆེ་བ་ལ་ནི། འདི་དང་འདི་ལྟར་བྱའོ།༽ །སྙམ་དུ་བསམ་པ་དེ་ཁོ་ན་ལྟར་འབྱུང་གསུང་ངོ་།
།དེ་ཡང་སྒྱུ་ལུས་དང་རྨི་ལམ་གཉིས་ཀ་ལ་གཏུམ་མོ་བསྒོམ་པ་གལ་ཆེ་བས། ཁྱད་པར་དུ་ཡང་རྨི་ལམ་སྦྱོང་སྤེལ་དང་། ཡུལ་སྣང་ལྟ་བ་ལ་གལ་ཆེ་སྟེ། བོག་འབྱིན་རླུང་གི་རྟ་ཕོ་ཡིས། ཡུལ་གྱི་ལྟད་མོ་སྣ་ཚོགས་ལྟ་གསུང་ངོ་།
།སྤྱིར་མ་ཟིན་པ་དང་། འབྱམ་པ་དང་། གོལ་བ་ལ་སོགས་པ་སྐྱོན་ཅི་བྱུང་ཡང་བསོད་ནམས་ཀྱི་ཚོགས་ཁོ་ནས་བོགས་འདོན་པར་བྱེད་ལ། ཁྱད་པར་དུ་བླ་མ་མ་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས་སྐྱོན་གང་བྱུང་པ་དེ། མི་འབྱུང་བའི་གསོལ་བ་གདབ་པ་ཁོ་ན་གལ་ཆེ་བ་ཡིན་ཏེ། མ་ཟིན་འབྱམས་དང་གོལ་པ་གསུམ། བསོད་ནམས་ཚོགས་ཀྱིས་གཅད་པར་བྱ་གསུང་ངོ་།
།དེ་ཡང་བླ་མ་རྨོག་ལྕོག་པའི་ཞལ་ནས། འོད་གསལ་གཏན་ལ་འབེབ་པ་སྒྱུ་ལུས། །སྒྱུ་ལུས་གཏན་ལ་འབེབ་པ་རྨི་ལམ། །རྨི་ལམ་གཏན་ལ་འབེབ་པ་དད་འདུན། །དད་འདུན་སྟོན་པར་བྱེད་པ་བླ་མ་གསུང་ནས། སྒྱུ་ལུས་ཀྱི་རྨི་ལམ་བོགས་འདོན། རྨི་ལམ་གྱི་སྒྱུ་ལུས་གཏན་ལ་འབེབས་པར་བཞེད། གཉིད་ཀྱི་འཁྲུལ་པ་བཟློག་པ་ལ་རྨི་ལམ། གཉིད་དུ་མ་སོང་པའི་འཁྲུལ་པ་བཟློག་པ་ལ་སྒྱུ་ལུས་གསུང་པ་ཡིན། རྨི་ལམ་དང་སྒྱུ་ལུས་གཉིས་འབྲས་བུའི་དུས་ན་ཡང་། སྒྱུ་མའི་དཔེ་བཅུ་གཉིས་ལ་སོགས་པ་ལ། ཁྱད་པར་མེད་པ་ལམ་ཉམས་སུ་ལེན་པའི་དུས་སུ་ཡང་། ཉིན་པར་གྱི་དུས་སུ་ཤར་བ་དེ་དང་། ནུབ་མོའི་དུས་སུ་ཤར་བ་དེ་ཁྱད་མེད། ནུབ་མོའི་དུས་སུ་ཤར་བ་དེ་ཉིན་པར་དུས་སུ་ཡང་འཆར་བས་ལམ་ལ་ཡང་ཁྱད་མེད་དེ། ཉིན་པར་གྱི་འཁྲུལ་པ་བཟློག་པ་དང་། ནུབ་མོའི་འཁྲུལ་པ་བཟློག་པ་གཉིས་དགོངས་ནས་ཁྱད་དུ་བྱེད་ལ། དོན་ལ་ཁྱད་མེད་པར་བཞེད་དོ།
།དེ་ཡང་རྒྱུད་ལས། ལོག་དང་མེད་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། ཞེས་པ་དང་།
ཕ་རོལ་དུ་ཕྱིན་པ་རྒྱ་ཁྲི་གསུམ་ལས། ཤ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པས་རྣམ་པར་འཕེལ་ལམ། འོན་ཏེ་རྨི་ལམ་དུ་བསྒོམས་པས་རྣམ་པར་འཕེལ། ཤ་རིའི་བུས་སྨྲས་པ། རབ་འབྱོར་ཉིན་པར་བསྒོམས་ནས་རྣམ་པར་འཕེལ་ན་རྨི་ལམ་དུ་བསྒོམས་པས་ཀྱང་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་པར་ཡང་རྣམ་པར་རྟོག་པ་ལ་ཁྱད་མེད་པའོ་ཞེས་སོ།
།དེ་ཡང་རིན་པོ་ཆེ་དམོག་ཅོག་པའི་ཞལ་ནས། རྨི་ལམ་འབྱོངས་པའི་གང་ཟག་དེ། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། ཁྱད་པར་མེད་པ་ཡིན་ནོ་གསུང་། །ས་བཅུའི་བྱང་ཆུབ་སེམས་དཔའ་དེ། །རགས་པ་ཉོན་མོངས་སྒྲིབ་པ་ཡངས། །ཤེས་བྱའི་སྒྲིབ་པ་རྐང་ཕྲི་ལ། །རྩི་བཞིན་དུ་ནི་གནས་པ་ཡིན། །དེ་ཡོང་པ་ཡི་ཐབས་ལ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཆོས་སྐུ་མངོན་དུ་བྱེད་པ་ཡིན་གསུང་ནས། གང་ཟག་རྨི་ལམ་འབྱོངས་པའི་གནས་སྐབས་དེ་ཉིད་དང་ས་བཅུའི་བྱང་ཆུབ་སེམས་དཔའ་དང་ཡོན་ཏན་ལ་ཁྱད་པར་མེད་པར་བཞེད། ཉོན་མོངས་པའི་སྒྲིབ་པ་ཡངས་པས་ཡངས་པ་ལ་ཁྱད་མེད་དེ། ལུས་ཀྱི་བཀོད་པ་དཔག་ཏུ་མེད་པར་སྤྲུལ་ནས་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཉན་ནུས་པའམ། སེམས་ཅན་དཔག་ཏུ་མེད་པ་ལ་ཆོས་སྟོན་ནུས་པའམ། ཏིང་ནེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་ནུས་པ་འབྱུང་སྟེ། ཡོན་ཏན་ལ་ཁྱད་པར་མེད། རྐང་དང་སྤྱི་ལ་གནས་པའི་ཤེས་བྱའི་སྒྲིབ་པ་དེ་ཉིད་སྒྱུ་མ་ཙམ་དུ་འཛིན་པ་དེ་ཉིད་ལ་ངོས་འཛིན་ཏེ་ཡོང་པའི་ཐབས་ལ་ནི་འོད་གསལ་སྟོང་པ་འདུས་མ་བྱས་རྡོ་རྗེ་ལྟ་བུའི་སྐུ་དེས་སྐད་གཅིག་ལ་ཡོང་པར་བྱེད་པ་ཡིན་ལ། དེ་ལ་འོད་གསལ་ཞེས་བྱ། ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ། དོན་དམ་པའི་བདེན་པ་ཞེས་བྱ། ཁྱད་པར་མེད་དེ་དེ་ལྟ་བུའི་ཡང་བྱ་མ་ལུས་པར་ཡངས། ཡོན་ཏན་མ་ལུས་པར་རྫོགས་པ་དེ་སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་ལས་ཀྱིས་གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་གང་ལ་གང་འདུལ་བ་དེ་སྟོན་པར་བྱེད་དོ། །དཔེར་ན་རིན་པོ་ཆེ་དབང་གི་རྒྱལ་པོའམ། ནམ་མཁའ་ལྡིང་གི་མཆོད་སྡོང་ལྟ་བུའོ། །ཞེས་གསུངས་སོ། །རྨི་ལམ་གྱི་རྣམ་པར་གཞག་པའི་རིམ་པའོ།
འོད་གསལ་༼གཏི་མུག་སངས་༽ངོས་འཛིན་པར་འདོད་པའི་རྟེན་གྱི་གང་ཟག་གིས། །སེམས་བསྐྱེད་བླ་མའི་རྣལ་འབྱོར་གོང་ལྟར་བྱས་ལ་གསོལ་བ་གདབ་པར་བྱ་སྟེ། བླ་མ་རིན་པོ་ཆེ་བདག་ལ་འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ་བྱས་ལ་གསོལ་བ་འདེབས་པ་གལ་ཆེའོ། །དེ་ཡང་ཉིན་མོ་དགེ་སྦྱོར་གྱི་ཤུགས་མེད་པར་ནུབ་མོ་འོད་གསལ་མི་ཟིན་པས། འདུ་འཛི་གཡེང་པ་ཕྱིར་བཀྱེད་ལ་དགེ་སྦྱོར་ལ་འབད་པར་བྱའོ། །དེ་ཡང་གཏུམ་མོ་བསྒོམས་ནས་འོད་གསལ་བསྒོམས་ན་གནད་དུ་འགྲོ་བས་ཉིན་པར་གཏུམ་མོ་བསྒོམ་པ་དང་བླ་མ་ལ་འོད་གསལ་ཟིན་པར་གསོལ་བ་གདབ། དེ་ནས་ཁྱད་པར་དུ་ཐོ་རངས་འཛིན་པར་བྱེད་པ་ཡིན་ཏེ། ལུས་ཡི་དམ་ལྷར་བསྒོམས་པའི་ཁོང་པའི་ནང་སྟོང་པ་གཅིག་བསྒོམ། རང་གི་སྙིང་ཁར་སྣ་ཚོགས་པད་མའི་སྟེང་དུ་ཉི་མའི་དཀྱིལ་འཁོར་འོད་ཀྱིས་གང་པ་གཅིག་བསྒོམ། དེའི་སྟེང་དུ་བླ་མ་དྲུག་པ་རྡོ་རྗེ་འཆང་ལྷན་གཅིག་སྐྱེས་པའི་རང་བཞིན་ཅན་རྒྱན་ཆ་ལུགས་དང་ལྡན་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན་འོད་ཀྱི་ཕུང་པོའི་རང་བཞིན་ཅན་དུ་བསམས་ལ་དེ་ལ་སེམས་བཟུང་ངོ་། །དེ་ནས་ཕྱིའི་སྣང་པ་འགགས་ཏེ། གཉིད་མཐུག་པར་མ་སོང་པའི་སྐབས་དེར་རྣམ་པར་རྟོག་པ་མེད་པའི་ངང་ལ་ཕྲིལ་གྱིས་འགྲོ་བ་ཡིན་ལ། སྔར་གྱི་དྲན་པ་དང་མདུན་པས་མཚམས་སྦྱར་ནས་ཁབ་དམིག་ཏུ་སྐུད་པ་འཛུད་པ་ལྟ་བུ་མ་ཡེངས་པར་བླ་མ་ལ་སེམས་གཏད་པར་བྱའོ། །འོད་གསལ་ཟིན་པའི་རྟགས་སུ་གཏི་མུག་གི་གཉིད་མུན་པ་བཞིན་དུ་ཐིབས་ཀྱིས་འགྲོ་རྒྱུ་གཅིག་ཡོད་པ་དེ་ཉི་མ་འཆར་བའི་མུན་པ་བཞིན་དུ་དངས་ནས། ཤེས་པ་བདེ་གསལ་མི་རྟོག་པའི་རང་བཞིན་དུ་གྱུར་ཏེ། གཉིད་དུ་མ་སོང་པ་དང་ཁྱད་མེད་པ་འབྱུང་། དེས་ན་གཉིད་ལོག་སད་པར་མི་བྱེད་དོ། །ཞེས་གསུངས་པའི་དོན་ནི་སྙིད་དུ་སོང་སྙམ་ཙ་ན་སད་རྒྱུ་ཡོད་པ། སོང་པ་ཡིན་སྙམ་ཙ་ན་ཉེ་འཁོར་གྱི་བྱ་བྱེད་གང་ལ་ཡང་མ་སྒྲིབས་པར་མཐོང་པས་དེ་ནི་གཉིད་ཀྱི་འོད་གསལ་ཟིན་པའོ། །དེ་ནི་བླ་མའི་འོད་གསལ་ཞེས་བྱ་སྟེ། འདི་ཉིད་ཀྱིས་མི་ཟིན་མི་སྲིད་གསུང་ངོ་།
།འོད་གསལ་མི་སྐྱེ་བའི་སྐྱོན་བཞི་སྟེ། མོས་གུས་མེད་པ། བརྩོན་འགྲུས་མེད་པ། དམ་ཚིག་ཉམས་པ་དང་། གདམ་ངག་མེད་པའི་སྐྱོན་ནོ།
།དང་པོ་མོས་གུས་མེད་པ་ནི། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས་ན་མི་ཟིན་པས་བསྐྱེད།
གཉིས་པ་ཉིན་པར་གྱི་དགེ་སྦྱོར་གྱི་རྒྱབ་མེད་པའོ།
གསུམ་པ་ནི་སྤྱིར་དམ་ཚིག་ཐམས་ཅད་ཡིན་ལ། བྱེ་བྲག་ཏུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཕྱིར་ཤོར་བའོ།
།བཞི་པ་ནི། ལུས་ཀྱི་འཁྲུལ་འཁོར། དམིགས་པའི་གནད། འཛིན་པའི་དུས་གསུམ་མི་ཤེས་པའོ། །འཁྲུལ་འཁོར་ནི། གཉིད་མཐུག་པོ་ཡོད་ན་གཙོག་པུས་བཟུང་། སྲབ་ན་སེང་གེའི་ཉལ་ཐབས་བྱའོ།
།དམིགས་པ་ནི། སློབ་དཔོན་ཀླུ་གྲུབ་ཀྱི་བཞེད་ཀྱིས་དུས་བཞི་འདུ་བའི་གནད་ཡིན་པས་མགྲིན་པར་ཨ་ནུ་ཏ་ར་ལ་འཛིན་གསུང། ལ་བ་པའི་བཞེད་པས། གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པས་སྙིང་གི་དཀྱིལ་དུ་མར་མེ་རྩེ་སར་བཞི་པ་གཅིག་ལ་འཛིན་གསུང་ངོ་། །སུ་མ་ཏི་ཀུན་ཏུ་བཟང་མོ་རྣམ་པར་ཤེས་པ་འདུ་བའི་གནད་ཡིན་པས་སྨིན་སྤྲག་ཏུ་ཐིག་ལེ་དཀར་པོ་གཅིག་ལ་འཛིན་གསུང་ངོ་།
།བླ་མའི་བཞེད་ཀྱིས། ཁྱད་པར་དུ་སྙིང་ཁར་བླ་མ་ལ་དམིགས་པ་གཏོད་པའོ། །འཛིན་པའི་དུས་ནི་རྣམ་རྟོག་རགས་པ་འགགས་ནས་གཉིད་ཀྱིས་འཁམས་འདུས་པའི་དུས་སུ་བླ་མ་འོད་ཀྱི་རང་བཞིན་ལ་དམིགས་ནས་མཉམ་པར་བཞག་པའོ། །བག་ཆགས་ཀྱི་ས་བོན་འདག་པར་བྱེད་པའི་མན་ངག་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་ཐབས་འོད་གསལ་གྱི་རྣམ་པར་གཞག་པའི་རིམ་པའོ།
།རྣལ་འབྱོར་པ་གང་ཞིག་གི་འོད་གསལ་ལ་འདྲིས་ཡོད་པ་རྨི་ལམ་དང་སྒྱུ་ལུས་ལ་སྦྱང་པ་ཞིག་གི །བར་དོའི་སྐབས་སུ་སྔོན་གྱི་འདྲིས་པ་དང་འཆི་བའི་འོད་གསལ་གཉིས་འདྲེས་ནས། དེའི་སྐད་གཅིག་རྨི་ལམ་གྱི་མདུན་པ་དེ་ཉིད་ཀྱིས་རྒྱུ་བྱས་ནས་བཅོམ་ལྡན་འདས་བདེ་མཆོག་ལྟ་བུའམ། གཟུགས་སྐུའི་སྣང་པ་རང་ཤར་དུ་བྱུང་ནས་དུས་དེ་ཉིད་དུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ཏེ། དེ་ནི་གཟུགས་སྐུ་མཚན་ཉིད་པ་ཡིན་ཤེས་བླ་མ་དམ་པ་ཐམས་ཅད་གཞེད་དོ།
།འོད་གསལ་བའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་པ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། ཞེས་པ་དེ་ལ་དགོངས་པ་ཡིན་ནོ།
།བར་དོའི་གདམ་ངག་མང་པོ་བཤད་ཀྱང་རྨི་ལམ་ལ་དབང་མ་ཐོབ་ན་ཕན་མེད་དེ། དེས་ན་བར་དོ་ཤེས་པའི་མཆོག་རྨི་ལམ་ཡིན་གསུང་ངོ་།
།བར་དོར་རྒྱལ་བ་ལོངས་སྐུར་སངས་རྒྱས་བའི་མན་ངག་བླ་མའི་གསུང་ཇི་ལྟ་བ་བཞིན་དུ་བཀོད་པའོ།
།གནམ་ལོ་བྱི་བའི་དབྱར་ཟླ་འབྲིང་པོ་ཡི། །ཡར་གྱི་བཅུ་གསུམ་དག་ལ་རི་གོང་དུ། །བླ་མའི་ཞལ་གྱི་བདུད་རྩི་དྲི་མེད་ཞེས། །རྒྱལ་བ་འོད་ཀྱི་གསུང་ལ་རྟེན་ནས་སྦྱར། །དགེ་བ་འདི་ཡི་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པར་ཤོག།ལམ་དྲི་མ་མེད་པ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། བླ་མའི་གསུང་ལས་ཇི་ལྟར་འབྱུང་པ་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།