'chi med ye shes kyi khrid

From Shangpa Resource Center








Resource ID CN27
Title 'chi med ye shes kyi khrid
Topics Immortality
Sub-Topics Commentary
Associated Person Bodong Cholé Namgyel
Link BDRC W22103 (p.205)
Notes Commentary of sems 'chi med kyi rtsa ba

དེའི་མན་ངག་རང་སེམས་འཆི་མེད་རང་གྲོལ་གྱི་ཁྲིད་ནི།
འཆི་མེ་ཡེ་ཤེས་རང་སྒྲ་འདི་སྐད་ཐོས། རྡོ་རྗེ་འཆང་གིས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལ་གདམས་པ་རང་སེམས་འཆི་མེད་ཡེ་ཤེས་ཆེན་པོར་རྟོགས་པའི་ཐབས་འདི་ཉིད་ཡིན་ནོ་གསུང་།
གང་ཞིག་དད་ལྡན་དབང་ཐོབ་དམ་ཚིག་ཅན། །ཞེས་གསུངས་ཏེ།
དད་ལྡན་གྱི་སློབ་མ་སྤྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་སྐུར་བ་ཐོབ་ཅིང་། ཁྱད་པར་དུ་དིའི་ཏིང་ངེ་འཛིན་གྱི་དབང་ཐོབ་ནས་རྒྱུད་སྨིན་པ་སྡོམ་པ་དང་དམ་ཚིག་མ་ཉམས་པ།
།ཚེ་འདི་བློས་བཏང་ནས་རྩེ་གཅིག་དུ་སྒོམས་པའི་རྣལ་འབྱོར་པས་མཚན་ཉིད་དང་ལྡན་པའི་བླ་མ་མཆོག་ལ་ཚོགས་དང་། གསེར་གྱི་མཎྜལ་ཕུལ། ལུས་ངག་གི་བྱ་བས་མཉེས་པར་བྱས་ཏེ་སྒོམས་པས།
།རྩེ་གཅིག་ཞག་བདུན་ལོ་སྒྲ་ཡིས། །ཇི་ལྟར་ཉོན་མོངས་ལུས་དག་ལས། །ཡེ་ཤེས་ལུས་ནི་རང་དགར་འབྱུང་། །ཞེས་གསུངས་པའི་དོན། ཚེ་གཅིག་ལུས་གཅིག་ལ་འཆི་མེད་ཀྱི་ཡེ་ཤེས་དཔལ་རྡོ་རྗེ་འཆང་མངོན་དུ་བྱེད་པའི་ཐབས་སོ།
།འདི་ལ་སྦྱོར་དངོས་རྗེས་གསུམ་ལས།
དང་པོ་ནི། དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། འཆི་བ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་བསམ། ལས་རྒྱུ་འབྲས་ལ་ཡིད་ཆེས་སྐྱེད་ཏེ།
།ཚད་མེད་སེམས་སྐྱེད་སྔོན་འགྲོ་བས། །ཅེས་གསུངས་པས་སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་སྒོམ་མོ།
།ཚེ་གསུམ་མམ་སྐད་ཅིག་གིས། །རང་ལུས་ཡི་དམ་ཡབ་ཡུམ་གྱི། །ཞེས་སྦྱར་ལ་ལྷའི་སྐྱེད་ཚུལ་ནི། དེ་ཉིད་སྡུས་པ་ལ་སོགས་པར་མངོན་བྱང་ལྔ་གསུངས་པ་ནི། སྟོང་ཉིད་དང་། ཉི་ཟླ་དང་། ས་བོན་དང་། ཕྱག་མཚན་དང་། སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་ཅེས་དང་། ལ་བའི་ན་བཟའ་ཅན་གྱིས། གདན་དང་། ས་བོན་དང་། སྐུ་སྐྱེད་པ་དང་། འོད་གསལ་དུ་བཞུག་པ་དང་། །ཅེས་གསུངས་ཀྱང་ཕྱི་མ་ནི་རྫོགས་རིམ་གྱི་ཆ་སྟེ་ཆོ་ག་གསུམ་ལས་སྐྱེད་པའམ། ཡང་ན་དྲ་བ་རྒྱ་མཚོའི་རྒྱུད་ལས་ཐིག་ལེ་ཁ་སྦྱོར་ལས་སྐྱེད་པ་ཅེས་དང་། བདེ་མཆོག་ཨ་བྷི་དྷ་ན་ལས། སྐད་ཅིག་གིས་ནི་རྫོགས་པ་ཡི། །རྣལ་འབྱོར་རྣལ་འབྱོར་དམ་པ་ཉིད། །ཅེས་གསུངས་པས་ཐིག་ལེ་ཁ་སྦྱོར་རམ། སྐ་ཅིག་དཀྲོངས་སྐྱེད་ལ་སོགས་པ་གང་མོས་པ་ལ་རྟེན་ཏེ་རང་བདེ་མཆོག་ཡབ་ཡུམ་ལྷན་སྐྱེས་སུ་རྣམ་པ་གསལ་བར་སྒོམས་པའི་སྤྱི་བོར་གདན་བཞི་རྩེག་པའི་སྟེང་དུ་རྩ་བའི་བླ་མ་དེའི་རྣམ་པ་བདེ་མཆོག་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ་འོད་དང་འོད་ཟེར་གྱི་རང་བཞིན་མཚན་ཐོས་པ་ཙམ་མམ། བློ་ཡུལ་དུ་བྱུང་བ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ལ་འགོད་ནུས་པ་གསོལ་བ་བཏབ་ན་སྨོས་ཅི་དགོས་པ་གཅིག་བསམ། དེའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་རང་ལ་ཆོས་འབྲེལ་ཚིག་གཅིག་ཡོད་པའི་བླ་མ་ཐམས་ཅད་དང་། དེ་དག་དང་འབྲེལ་བའི་རྒྱུད་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་པའི་བསྲུངས་མ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱུང་ནས་བླ་མ་ལ་ཐིམ་པས་དེ་དག་དང་དབྱེར་མེད་དུ་བསམས་ཏེ།
བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་གསོལ་བ་གདབ་པ་ནི། བླ་མ་རིན་པོ་ཆེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློ་ཡིས་ཐོངས་པར༴ དགོས་མེད་རྒྱུད་ལ་སྐྱེ་བར༴ རང་སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་བྱིན་གྱིས་རླབ་དུ་གསོལ། ཞེས་གསོལ་བ་དྲག་དུ་བཏབ་པས་བླ་མའི་སྐུ་ལས་འོད་ཟེར་འཕྲོས་ཏེ་རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་ཤིན་དུ་དག་པར་བསམ་མོ། །དེ་དག་གི་གནད་རྒྱས་པར་ནི་བླ་མའི་ཞལ་ལས་ཤེས་པར་བྱ་ཞིང་། ཟབ་ཆོས་རྣམས་ཀྱི་སྤྱིར་འགྲོ་བླ་མའི་རྣལ་འབྱོར་ཡིན་གསུང་ངོ། །དེ་ནས་རང་གི་ལུས་ངག་ཡིད་གསུམ་གནད་ལ་ཕབ་སྟེ།

དངོས་གཞི་སྐྱེད་རྫོགས་ཀྱི་རྣལ་འབྱོར་བསྒོམ་པར་བྱ་བ་ནི།
འབིར་ཝ་པས། ངོ་བོ་ཟུང་འཇུག་ཏུ་བསྒོམ་པར་བཞེད་ཏེ།
བརྟག་གཉིས་ལས། སྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །ཞེས་དང་།
རིམ་ལྔ་ལས། སྐྱེད་པའི་རིམ་དང་རྫོགས་པའི་རིམ། །སོ་སོའི་ཆར་ནི་སྣང་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཅེས་དང་།
འདུས་པའི་རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་རྟེན། །སྐྱེད་པའི་རིམ་པ་དང༌པོ་སྟེ། །རྫོགས་པའི་རིམ་པ་གཉིས་པ་ཡིན། །ཞེས་པ་ལ་སོགས་པ་ལ་རྟེན་ནས་སྐྱེད་རྫོགས་རིམ་ཅན་དང་ཟུང་འཇུག་ཏུ་སྒོམ་པ་དང་། འཕགས་པ་ཡབ་སྲས་ནི་སྐྱེད་རིམ་ལ་བརྟན་པ་ཐོབ་ནས་རྫོགས་རིམ་སྒོམ་སྟེ།
རིམ་ལྔ་ལས། སྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་རབ་དུ་སྒོམ། །ཅེས་གསུངས་པས། དེ་དག་གི་ས་འཚམས་ལ་སོགས་པ་ནི་འདིར་མ་སྤྲོས་སོ།

།དེ་ལ་གཉིས་པ་དངོས་གཞི་ལ་བདུན་ཏེ། སྐྱེད་རིམ་ལྷ་སྦྱོང་བའི་དམིགས་པ་དང་། སྣང་སྟོང་ཟུང་འཇུག་སྤྲོས་བྲལ་དུ་ཐག་གཅད་པ་དང་། རྡོ་རྗེའི་ཚིག་བཞིས་འཆི་མེད་དུ་ངོ་སྤྲད་པ་དང་། ཞར་ལ་སྐྱེད་རྫོགས་ཀྱི་གོལ་ས་བསྟན་པ་དང་། བར་དོར་ལོངས་སྐུ་འཆི་མེད་རྟོགས་པ་དཔེ་དང་བཅས་ཏེ་བསྟན་པ་དང་། གཞན་དོན་ཕྲིན་ལས་ལྷུན་གྲུབ་འབྱུང་བར་བསྟན་པ་དང་། དེ་དག་གི་དོན་སྡུས་ཏེ་བསྟན་པ་དང་བདུན་ནོ།
།དང་པོ་ནི། རང་ལུས་ཡི་དམ་ཡབ་ཡུམ་གྱི། །སྤྱི་གཙུག་ས་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅད་ཀུན། །དག་ཅིང་སྟོང་གསལ་ཉིད་སྦྱངས་པས། །སྣང་སྟོང་འཇའ་ཚོན་འོད་ཀྱི་སྐུ། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཞལ་ཕྱག་རྒྱན་དང་མེ་དཔུང་བཅས། །གསལ་ལ་རྟོག་པ་མེད་པ་ཡི། །ཟག་མེད་བདེ་སྟོང་ཆེན་པོར་ལྟོས། །ཅེས་གསུངས་པའི་དོན་ལ།
ཡབ་སྦྱང་། ཡུམ་སྦྱང་བ་གཉིས་སོ།
།ཡབ་ལ་ཕྱི་སྦྱང་། ནང་སྦྱང་། བརྒྱན་ཕྱག་མཚན་སྦྱང་བ་དང་གསུམ་ལས།
དང་པོ་བླ་མའི་རྣལ་འབྱོར་དང་། དབང་བླང་བ་སྔར་བཞིན་བྱས་ལ། རང་བདེ་མཆོག་དུ་སྒོམས་ཏེ། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པར་བྱའོ།
།དེ་ཡང་ཐ་མལ་སྦྱོང་བྱེད་ཀྱི་གཉེན་པོ་ཡིན་པས་གསལ་བ་གལ་ཆེ་སྟེ། ཞལ་ཕྱག་བརྒྱན་དང་ཕྱག་མཚན་རྣམས། །ཤིན་ཏུ་གསལ་བ་ཉིད་དུ་བསྒོམ། །ཅེས་གསུངས་སོ།
།རྣམ་དག་དྲན་པ་ནི། རྟགས་དང་དོན་གྱི་རྣམ་དག་དྲན་པར་དབྱེར་མེད། བྱང་ཆུབ་ཕྱོགས་ཀྱི་རང་བཞིན་ཅན། །མེ་ལོང་གཟུགས་རྙན་བཞིན་གསལ་ལྟ། །ཅེས་གསུངས་སོ།
།ང་རྒྱལ་བརྟན་པ་ནི། སངས་རྒྱས་རྣལ་འབྱོར་ང་རྒྱལ་གྱིས། །སངས་རྒྱས་རྣལ་འབྱོར་ཉིད་དུ་འགྲུབ། །ཅེས་གསུངས་པའི་ཆོས་གསུམ་དང་ལྡན་པར་བྱའོ།
།དེ་ལྟར་གསལ་བའི་སྐྲ་འཚམས་འདིར་ཧཱུྃ་སྔོན་པོ་ཡེ་ཤེས་ལྔའི་རང་བཞིན་བཻ་དུརྻ་གཞུ་བ་ལྟ་བུ་མིག་གིས་ལྟ་མི་བཟོད་པ། འདོ་དང་འོད་ཟེར་མེ་རེ་རེ་འཕྲོ་བ། དེ་ཉིད་ཀྱིས་ལྷ་སྐུ་ཡང་འོད་མོག་མོག་པོར་བྱས་པར་བསམ། དེའི་འོད་ཀྱིས་རང་གི་སྨིན་འཚམས་ཡན་ཆད་གསལ་དངས་སུ་མེ་རི། དེ་མན་ཆད་བཻ་དུརྻའི་སྡོང་པོ་ལ་ཐལ་འབྱམ་གྱིས་གཡོགས་པ་ལྟ་བུ་གནག་ཡོག་གེ་བར་བསམ། དེ་བཞིན་དུ་སྣ་རྩེ། ཞལ་སྒོ། ཨོས་ཀོ། མགྲིན་པ། སྙིང་ཁ། ལྟེ་བ། སུམ་ཕྲག །པུས་མོ། ལོང་བུ། རྐང་པའི་མཐེ་བོང་ཡན་ཅད་གསལ་མི་གསལ་སྔར་བཞིན་སྒོམ། རེ་རེ་ལའང་བླ་མའི་རྣལ་འབྱོར་ལ་སོགས་པ་སྔར་བཞིན་བྱའོ།
།དེ་ལྟར་སྒོམ་པ་དེ་ཡིན་ནས་སྒོམ། མིན་པར་ཡང་སྒོམ། དང་པོ་ནི། སྒོམ་མི་དགོས་ལ། མ་ཡིན་པར་ནི་སྒོམས་ཀྱང་དོན་མེད་ཟེར་ན། ཡིན་པ་ལ་ཡིན་པར་མ་ཤེས་པའི་ཕྱིར་སྐྱོན་དེ་མེད་གསུང་ངོ་། །མདོ་རྒྱུད་མན་ངག་ཀུན་ཀྱང་མཐུན་པར་གསུངས་ཏེ།
ཟླ་བ་སྒྲོན་མེའི་མདོ་ལས། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཅེས་དང་།
ཡུམ་ལས། སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་ཡང་རུང༌། མ་བྱོན་ཡང་རུང༌། སེམས་ཅན་འདི་དག་ནི་དུས་རྟག་ཏུ་ཆོས་སྐུའི་སྙིང་པོ་ཅན་ནོ། །ཅེས་དང་།
བརྒྱན་སྟུག་པོ་བཀོད་པའི་མདོ་ལས། །ཇི་ལྟར་རིན་ཆེན་རྣམ་པར་དག །རི་བྲག་མེ་ཡིས་གཅད་གཏུབས་ཀྱང་། །རྒྱལ་པོའི་ཅོད་པན་བརྒྱན་ཡིན་པས། །ཅོད་པན་ཉིད་དུ་གདགས་པར་བྱ། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །ཉོན་མོངས་བག་ཆགས་གཅད་གཏུབ་ཀྱང་། །རྣམ་དག་སངས་རྒྱས་རིགས་ཡིན་པས། །སངས་རྒྱས་ཉིད་དུ་དེ་བཟུང་ངོ་། །ཞེས་དང་།
མྱང་འདས་ཆུང་ལས། རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་ལ་མཐོང་མ་ནུས་པ་ཙམ་དུ་ཟད་དོ། །ཅེས་དང་།
མདའ་ཀ་ཡེ་ཤེས་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཞེས་པ་དང་།
གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་འདི་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་།
བདེ་མཆོག་ཨ་བྷི་དྷ་ན་ལས། ཁམས་གསུམ་པ་ཡི་སེམས་ཅན་ཀུན། །ཧེ་རུ་ཀ་སོགས་བལྟ་བྱ་ཞིང་། །ཞེས་དང་།
སཾ་བུ་ཊི་ལས། སངས་རྒྱས་ཐམས་ཅད་བདག་ཉིད་ཡིན། །ར་ས་ཡ་ནའི་བདེ་བ་ཡིས། །རྡོ་རྗེ་སེམས་དཔའི་དཔལ་དང་ཚེ། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །ཅེས་དང་།
རྡོ་རྗེ་མཁའ་འགྲོ་ལས། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་ཡིན། །འདུ་ཤེས་པད་མ་གར་དབང་སྟེ། །འདུ་བྱེད་རྡོ་རྗེ་རྒྱལ་པོ་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཅེས་དང་།
ཧེ་བཛྲ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་སྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཞེས་དང་། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་གསུངས་སོ། །ཞེས་དང་། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཅེས་པ་ལ་སོགས་པ་གསུངས་པས་གཞིའི་ཉེས་པ་ཟག་མེད་མངོན་དུ་འགྱུར་བར་བྱ་བའི་ཕྱིར་ཡིན་ནོ་གསུང་ངོ་།
།སློབ་དཔོན་རྡོ་རྗེ་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དང་།
ནག་པོ་པའི་དཀྱིལ་ཆོག་ལས། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཀུན་གྱི་དངོས། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །ཞེས་གསུངས་སོ།
།གཉིས་པ་ནང་སྦྱང་བ་ནི། སྔོན་འགྲོ་རྣམས་སྔར་བཞིན་བྱས་ཏེ། དངོས་གཞི་སྐྲ་འཚམས་ཀྱི་ཧཱུྃ་ལས་འོད་ཟེར་མེར་མེར་འཕྲོས། སྤྱི་བོ་ཚངས་པའི་བུ་ཁ་ན་མར་ཞུགས། ལུས་ནང་གི་སྨིན་འཚམས་ཡན་ཆད་ཀྱི་མི་གཙང་བ་དང་ལྗན་ལྗིན་དུ་སྣང་བ་ཐམས་ཅད་སྦྱངས་ནས་འཐིང་གི་བུམ་པ་གཡའ་དག་པ་བཞིན་ཕྱི་གསལ་ནང་གསལ་དུ་བསམ། རང་ཉིད་ལྷར་གསལ་བའི་དུས་ན་དྲི་མ་དང་སྐྱོན་གྱིས་མ་གོས་པར་མོད་ཀྱང་སྐྲ་འཚམས་ཀྱི་ཧཱུྃ་དེ་འོད་ཀྱི་རང་བཞིན་འཆར་དྲགས་པས་དེ་མན་ཆད་ཁག་གསེ། མགོ་གེ་བ་བྱས་པ་ལྟ་བུ་བསམ་གསུང་། རྩ་བའི་ཧཱུྃ་ངམ་འོད་ཀྱི་འཚམས་ལ་སེམས་ཡུད་དེ་གཏད། རྣམ་རྟོག་གི་ཆོམ་རྐུན་གྱི་གནོད་པ་མ་བྱུང་གི་བར་དུ་སྒོམ་མོ། །ཡང་སྔོན་འགྲོ་རྣམས་སྔར་བཞིན་བྱས་ཏེ་ཧཱུྃ་གི་འོད་ཟེར་རེ་འཕྲོ་ལ་ཤངས་ཀྱི་ནང་། ཞལ་སྒོ། ཨོསྐོའི་ནང་དེ་བཞིན་དུ་མགྲིན་པ། སྙིང་ཁ། ལྟེ་བ་ཡན་ཆད་གསལ་དངས་འོད་ཀྱི་རང་བཞིན་ཅན། དེ་མན་ཆད་ཁག་གསེ། མོག་གེ་བའི་ངང་ལ་སེམས་བཟུང་། ཡང་ཧཱུྃ་ལས་འོད་འཕྲོས་པས། སུམ་ཕྲག །པུས་མོ། ལོང་བུ། སོར་མོའི་རྩེ་མོ་ཡན་ཆད་ཕྱི་གསལ་ནང་གསལ་ནང་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཕྱི་འཇའ་འོད་ཀྱི་རྣམ་པ་གསལ་ལ་དངས་པར་སྒོམས་པའི་རིག་པ་སྙིང་ཁ་ཙམ་དུ་གསལ་ལེ། ཧྲིག་གེ་བཞག །དེ་ལྟར་སྒོམས་པས་ལུས་འབྱོངས་ནས་འཇའ་ལུས་དང་། སེམས་འབྱོངས་ནས་ཆོས་སྐུར་གྱུར་པ་དེ་ལ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཞེས་གསུངས་སོ། །རྩེ་གཅིག་ཏུ་སྒོམས་པས་ཚེ་འདིའི་ཉོན་མོངས་རྣམ་རྟོག་ཇེ་ཆུང་ལ་མཐར་རང་ལུས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་འཇའ་འོད་ལྟ་བུའི་སྐུ་རང་ཤར་དུ་འབྱུང་། དྲིལ་བུ་པ། ན་རོ་པ། ནི་གུ་མ། ཁྱུང་པོ་རྣལ་འབྱོར། རཏྣ་བིརྻ་ལ་སོགས་པའི་བླ་མ་རྣམས་ལ་ལྷ་སྐུ་རང་ཤར་བྱུང་བའི་ལོ་རྒྱུས་གསུང་། གཞན་ཡང་མང་དུ་གསུང་། དཔལ་དགའ་ལོ། རྒོད་ཚང་པ། ཟུར་ཆུང་ཤེས་རབ་གྲགས་ལ་སོགས་པ་གསུང་ངོ་།
།གསུམ་པ་བརྒྱན་ཕྱག་མཚན་སྦྱང་བ་ནི། སྔར་བཞིན་སྔོན་འགྲོ་སྒོམས་པའི་ངང་ནས། སྐྲ་འཚམས་ཀྱི་ཧཱུྃ་གི་འོད་དེས་ཐོད་པའི་དབུ་བརྒྱན་རཏྣའི་ཟེ་ཀྲོག་དང་བཅས་པ་ཡང་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་དུ་བསམ། དེ་བཞིན་དུ་དབུ་སྐྲ་ཐོར་ཅོག་གི་ཡིད་བཞིན་ནོར་བུ། འཚོགས་མའི་རྡོ་རྗེ་རྒྱ་ཁྲམ། གཡོན་གྱི་ཟླ་བ། འཁོར་ལོ། རྣ་ཆ། མགུལ་རྒྱན། ཕྱག་ཞབས་ཀྱི་གདུབ་བུ། སྐ་རགས། ཐལ་ཆེན་གྱི་རྒྱ། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ། སྟག་གི་ལྤགས་པའི་ཤམ་ཐབས། མེ་དཔུང་དང་། རྡོ་རྗེ་དྲིལ་བུ་ལ་སོགས་པ་བརྒྱན་ཕྱག་མཚན་ཐམས་ཅད་ལ་ཧུྃ་གི་འོད་ཀྱིས་ཁྱབ་པ་དང་། གསལ་དངས་འོད་ཀྱི་རང་བཞིན་ནམ་མཁའ་དངས་པ་ལ་གཟའ་སྐར་ཤར་བ་ལྟ་བུ་བརྒྱན་གྱིས་སྐུ་མི་སྒྲིབ། སྐུས་ཀྱང་བརྒྱན་མི་སྒྲིབ་པར་བསམ་མོ། །དེ་ལྟར་གསལ་བར་སྒོམས་པས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་འགྲུབ་པའི་ཕྱིར། གདན་ལ་སོགས་པ་བརྟན་ཞིང་ཚེ་བས་གཞི་བརྟན་པ་དང་། ཚེ་རིང་ལང་ཚོ་དང་ལྡན་ཞིང་བདེ་བ་རྒྱས་པས་ནི་ཁམས་བཟང་། ནད་ཉུང་། སྤྱན་གསུམ་དམར་ལ་ཟླུམ་པ། མཆེ་བ་རྣོ་ལ་རིང་བ། རུས་བརྒྱན་དཀར་ལ་རིང་བ་མི་མགོ་ཁྲག་འཛག་པ་ལ་སོགས་པ་གསལ་བས་སྣང་བ་ཟིལ་གྱིས་གནོན་པའི་དགོས་པ་ཡོད་པས་ལྷ་སྒོམ་པའི་དུས་སུ་ཚོད་ཡོད་མི་བྱ་བར་གསལ་ཞིང་རོ་མྱང་བར་བྱས་ལ་སྒོམ་ཞེས་གསུངས་སོ། །རྣམ་དག་ཀྱང་དྲན་པར་བྱས་ཏེ། ཆོས་ཉིད་ལས་མི་འགྱུར་བའི་ཕྱིར་སྐུ་མདོག་སྔོན་པོ། ཚོགས་གཉིས་རྫོགས་པའི་ཕྱིར་རལ་པའི་ཐོར་ཅོག །རྟོགས་པ་འཕེལ་བའི་བརྡར་ཚེས་གཅིག་ཟླ་བ། ཕྲིན་ལས་སྣ་ཚོགས་ཀྱི་བརྡར་སྣ་ཚོགས་རྡོ་རྗེ། ཐབས་ཀྱི་ངོ་བོ་ཆགས་པ་དང་མྱང་འདས་ཀྱི་མཐའ་མནན་པའི་བརྡར་གཡས་བརྐྱང་། ཤེས་རབ་ཀྱིས་ཞེ་སྡང་དང་འཁོར་བའི་མཐའ་མནན་པའི་ཕྱིར་གཡོན་སྐུམ་པ་ལ་སོགས་ཤེས་པར་བྱའོ།
།གཉིས་པ་ཡུམ་སྦྱང་བ་ལ་གསུམ་གྱི་དང་པོ་ཕྱི་སྦྱང་བ་ནི། སྔོན་འགྲོ་སྔར་བཞིན་བྱས་ལ་རང་རྗེ་བཙུན་མ་སྐུ་མདོག་ཛཱ་བ་སིན་དྷུ་རའམ། བྱི་རུའི་སྡོང་བུ་ལྟ་བུ། དམར་དངས་འོད་ཀྱི་རང་བཞིན་ཅན་དུ་བསམས་པའི་སྐྲ་འཚམས་འདིར། བཾ་དམར་པོ་དམར་དངས་འོད་ཀྱི་རང་བཞིན་ཅན་འོད་ཟེར་འཕྲོ་བཞིན་པ་གཅིག་བསམ། དེའི་འོད་ཀྱིས་སྔར་གྱི་སྐུ་དེ་ཡང་ཟིལ་གྱིས་མནན་པ་བཞིན་དུ་མོག་བོ། ཐིབས་སེ་བ། དཔེར་ན་བྱི་རུའི་སྡོང་པོ་ལ་ཐལ་འབྱིམ་གྱིས་གཡོགས་པ་ལྟ་བུར་བསམ། བཾ་དེ་ལས་འོད་ཟེར་དམར་པོ་ཇེ་འཕྲོ་ཇེ་འཕྲོ་ལས་རིམས་ཀྱིས་འཕྲོས་ཏེ་སྤྱན་གསུམ་དམར་ཤིག་གེ་བ་ཡན་ཆད། དམར་བ་དང་དངས་པ་ཤིན་དུ་གསལ་བ་འོད་ཀྱི་རང་བཞིན་འོད་དུ་ཡལ་ལ་ཁད་དུ་བསམ། དེ་མན་ཆད་མགོ་གེ་ཐིབས་སེ་བའི་འཚམས་ཆུས་བཀྲུས་པ་བཞིན་བསམ་མོ། །ཡང་བཾ་གྱི་འོད་ཟེར་དེ་ཇེ་འཕྲོ་ལ། ཞལ་གྱི་དཀྱིལ་འཁོར་མཆེ་བ་ཅུང་ཟད་རྩིགས་པ་ཡན་ཆོད་དང། མན་ཆད་ཀྱི་ཁྱད་པར་སྔར་བཞིན་ནོ། །དེ་ནས་ཨོསྐོ། མགྲིན་པ། སྙིང་ཁ། ལྟེ་བ། སུམ་ཕྲག །པུས་མོ། ལོང་བུ། སོར་མོ་རྣམས་ཀྱི་རྩེ་མོའི་བར་དུ་དམིགས་ཡོད། དེ་ཐམས་ཅད་ལ་འོད་ཀྱིས་ཁྱབ་པ་མན་ཆད་ཐལ་འབྱིམ་ཆུས་བཀྲུས་པ་བཞིན་དམར་དངས་འོད་ཀྱི་རང་བཞིན་ཅན་འོད་དུ་ཡལ་ལ་ཁད་པ། དེ་མན་ཆད་མགོ་གེ་ཐིབས་སེ་བའི་ཚུལ་སྔར་བཞིན་ནོ། །དེའི་འཚམས་སུ་རྣམ་རྟོག་གི་ཆོམ་རྐུན་མ་བྱུང་གི་བར་དུ་གསལ་བར་སྒོམས་པས་ཉིན་བར་གྱི་དེ་ས་བོན་གྱི་ཚུལ་དུ་སོང་ནས། རྨི་ལམ་དུ་བག་ཆགས་ཀྱི་ཚུལ་དུ་ལྷ་སྐུ་རང་ཤར་མ་བཅོས། བཟོ་མ་བྱས་པར་སྐུ་ཡོངས་རྫོགས། ཞལ་གྱི་དཀྱིལ་འཁོར་ལམ་པ། སྤྱན་དབུས་མ་གསལ་བ་བྱུང་བ་ལ་སོགས་པ་གང་བྱུང་ཉམས་སུ་བལྟ་གསུང་ངོ་།
།གཉིས་པ་ཡུམ་གྱི་ནང་སྦྱང་བ་ཡང་། སྔོན་འགྲོ་རྣམས་སྔར་བཞིན་ལ། བཾ་དམར་པོ་འོད་ཉི་མ་འབུམ་གྱི་གཟི་བརྗིད་ཅན་ནོ། །དེའི་འོད་ཟེར་ཡུམ་གྱི་ཚངས་པའི་བུ་ཁ་ན་མར་ཞུགས། སྤྱན་གསུམ་ཤངས་ཀྱི་ནང་། ཞལ་གྱི་དཀྱིལ་འཁོར། ཀོསྐོ། མགྲིན་པ། སྙིང་ཁ་ཡན་ཆད་འོད་ཀྱིས་ཁེངས་ཏེ། དེ་མན་ཆད་ཁག་གསེ། མགོ་གེ་བ། པད་མ་རཱ་གའི་བུམ་པ་ཆུ་ཡོད་མེད་ཀྱི་འཚམས་ལྟ་བུར་བསམ། ཡང་ལྟེ་བ། སུམ་ཕྲག །པུས་མོ། ལོང་བུ། སོར་མོའི་རྩེ། རྣ་བའི་ཅོ་ཏོ་ཡན་ཆད་གསལ་དངས་འོད་ཀྱི་རང་བཞིན་ཕྱི་གསལ་ནང་གསལ་འོད་དང་འོད་ཟེར་གྱི་རྣམ་པ་འོད་དུ་ཁྱིལ་ཁྱིལ། འོད་དུ་མེར་མེར་འདུག་པ་ལ་ལྷའི་སྙིང་ཁ་ཙམ་སུ་སེམས་མ་བཅོས་པའི་ངང་དུ་ལྷན་ནེ་བཞག་གོ
།གསུམ་པ་ཡུམ་གྱི་ཕྱག་མཚན་སྦྱང་བ་ལ་སྔོན་འགྲོ་རྣམས་སྔར་བཞིན་བྱས་པའི་ཡུམ་གྱི་སྐྲ་འཚམས་ཀྱི་བཾ་དམར་པོ་ལས་འོད་འཕྲོས་ཏེ། ཡུམ་གྱི་དབུ་བརྒྱན་ལ་སོགས་པ་དང་། ཐོད་པ་སྐམ་པོའི་ཕྲེང་བ་དང་། གྲི་གུག་ཐོད་ཁྲག །འཇིགས་བྱེད་དུས་མཚན། མེ་རི་མེ་དཔུང་དང་བཅས་པའི་བར་དུ་གསལ་དངས་འོད་ཀྱི་རང་བཞིན་ཅན་ཤེལ་དམར་པོའི་སྡོང་བུ་ལ་ནོར་བུ་སྣ་ཚོགས་ཀྱིས་བརྒྱན་པ་བཞིན་གསལ་མ་འདྲེས་པ་སྐུ་ལུས་ཀྱིས་བརྒྱན་མི་སྒྲིབ། བརྒྱན་གྱིས་སྐུ་ལུས་མི་སྒྲིབ་པ། ཆུ་ནང་གི་ཟླ་བ་ལྟ་བུར་བསམ་གསུང་། དེ་ལྟར་ཡབ་ཡུམ་བརྒྱན་ཕྱག་མཚན་དང་བཅས་པ་དེ་ལྡེར་བཟོ་ལྟ་བུའི་སྦིག་སྦིག་པོ་མ་ཡིན། བྲིས་སྐུ་ལྟ་བུའི་ཅར་ཅར་པོ་མ་ཡིན་པར་གསལ་དངས་འོད་ཀྱི་རང་བཞིན་ཅན་གྱི་སྐུ། རྣམ་པ་གསལ་སིང་ངེ་བ། ངོ་བོ་བདེ་བ། རང་བཞིན་སྟོང་པ། དབང་བཞིའི་མངོན་རྟོགས་ཚང་བ། ཡབ་ཡུམ་ཟུང་འཇུག་འཐིང་དམར་དུ་ཤིག་གེ་བ། དེ་ཡང་སྣང་བའི་ཆ་ནས་རྨ་བྱའམ། གྱི་ལྡང་གི་ཁ་དོག་གམ། ཀོ་ཀ་ལི་ཀའི་མགྲིན་པ་ལྟ་བུ་གསལ་དངས་འོད་ཀྱི་རང་བཞིན་ཅན་དང་། སྟོང་པའི་ཆ་ནས་འོད་དུ་ཡལ་ལ་ཁད། ཡལ་ལ་ཁད། བར་སྣང་དངས་པའི་འཇའ་འོད་བཞིན་བསམ་གསུང་ངོ་།
།དེ་ལྟར་ཡང་རིམ་ལྔ་ལས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་དང་། བདེན་མིན་རྫུན་མིན་ཆུ་ཟླ་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་པ་ལ་སོགས་པ་གསུངས།
དེས་ན་རང་གི་གཉུག་མ་བྱང་ཆུབ་ཀྱི་སེམས་ཉིད་ལྷ་སྐུའི་རྣམ་པར་གསལ་ལ། ལྷའི་སྐུ་ཉིད་སེམས་ཀྱི་གསལ་ཆར་མ་འགགས་པ་དེ་ལ་མ་བཅོས་པ་བཟོ་མེད་དུ་བཞག་གོ །དེ་ལ་སྒོམ་པ་དམིགས་པའི་ཕྱག་རྒྱ་ཆེན་པོ་ནི། རྣམ་པར་མི་རྟོག་པའི་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ལ་རྩེ་གཅིག་དུ་འཇོག་པ་སྟེ། རྡོ་རྗེ་འཆང་གིས་ལྷ་སྐུ་ཕྱག་རྒྱ་ཆེན་པོར་སྒོམ་པ་ཕྱག་རྒྱའི་དམ་ཚིག་ཅེས་གསུངས་པ་ཡིན་ནོ་ཞེས་གསུང་། དེ་ལྟར་རྣལ་འབྱོར་དུ་བྱས་པས་ཕྱག་རྒྱ་ཆེན་པོ་འཆི་མེད་རང་གྲོལ་ཞེས་བྱ་བ་སྐུ་བཞི་ཡེ་ཤེས་ལྔ་ལྡན་དྲུག་པ་རྡོ་རྗེ་འཆང་ཆེན་པོར་སངས་རྒྱ་བ་ཡིན་ནོ།
།ཌཱ་ཀི་བཛྲའི་གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་མྱུར་དུ་འགྲུབ། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ།

།གཉིས་པ་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་དུ་ཐག་གཅད་པ་ནི། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །སེམས་ནི་སྣང་སྟོང་ལྷ་སྐུ་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་དེ། །རྨི་ལམ་དུས་དང་ཆུ་ཟླ་ལྟར། །ཞེས་གསུངས་ཏེ། སྤྱིར་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་སེམས་ལས་ལོགས་ན་མེད་པར་ཐག་གཅད། ཁྱད་པར་རང་ལུས་ལྷ་སྐུར་སྣང་བ་ནི་རང་སེམས་ལས་ལོགས་ན་མེད་པར་ཐག་གཅད། རང་སེམས་ལ་ལྷ་སྐུར་ཤར་བ་འདི་བདེན་མེད་འཇའ་ཚོན་ལྟ་བུར་ཐག་གཅད། དེ་ཉིད་ཟུང་འཇུག་སྤྲོས་བྲལ་དུ་ཐག་གཅད་པ་དང་བཞི་ལས།
དང་པོ་ནི། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འདི་རང་གི་སེམས་ཀྱི་འཆར་སྒོ་ཡིན་ནོ།
།གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་པ་དང་།
ལང་ཀར་གཤེགས་པ་ལས། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་།
སུམ་བཅུ་པ་ལས། དངོས་གཅིག་ཡིད་ལ་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་པ་དང་།
ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་རབ་ཏུ་སྟེར་བ་ཡིན། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་སེམས་ལས་མ་གཏོགས་པའི་ཆོས་གཞན་མ་གྲུབ་པར་ཐག་གཅད་ཅིང་ངེས་ཤེས་སྐྱེད་དོ།
།གཉིས་པ་རང་ལུས་ལྷ་སྐུར་སྣང་བ་འདི་རང་གི་སེམས་ལས་ལོགས་ན་མེད་དེ། སེམས་ལས་ཕྱི་རོལ་ན་མེད་པའི་སྣང་བ་ཡིན་པའི་ཕྱིར། རྨི་ལམ་གྱི་སྣང་བ་བཞིན་ནོ།
།གསུམ་པ་རང་སེམས་ལྷ་སྐུར་ཤར་བ་བདེན་མེད་དུ་བསྟན་པ་ནི། སྒྱུ་མ་ལམ་རིམ་ལས། རྨི་ལམ་སྣ་ཚོགས་རྨིས་པའི་དཔེས། །སྣང་བ་སེམས་སུ་གཏན་ལ་ཕོབ། །སེམས་ནི་སྣང་སྟོང་སྒྱུ་མ་སྟེ། །གཟུང་འཛིན་བྲལ་བའི་འོད་གསལ་ལོ། །ཞེས་གསུངས་པས་རང་སེམས་འོད་གསལ་ལྷ་སྐུ་སྣང་ལ་བདེན་གྲུབ་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུའོ།
།བཞི་པ་དེ་ཉིད་ཟུང་འཇུག་སྤྲོས་བྲལ་དུ་ཐག་གཅད་པ་ནི། རང་བཞིན་ཟུང་འཇུག་ཆེན་པོ་ཡི། །ངོ་བོ་རྗོད་བྲལ་བློ་འདས་ཏེ། །དེ་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། ཞེས་གསུངས་པའི་རྣམ་སྨིན་ལུས་འདི་གདམས་པས་མ་ཟིན་ན་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་སོང་སྟེ། ལས་ངན་སོག །དེས་རྨི་ལམ་བག་ཆགས་ཀྱང་འཁྲུལ་ཕྱིར་དུ་འཇུག །དེས་བར་དོ་ཡིད་ལུས་ཀྱང་འཁྲུལ་པའི་རྗེས་སུ་འབྲངས་ཏེ་འཁོར་བ་མུ་མཐའ་མེད་པར་འཇུག་ལ།
ཁྱུང་པོ་རྣལ་འབྱོར་གྱི་ཞལ་ནས། ལུས་གསུམ་གདམས་པས་མ་ཟིན་ན། །འཁྲུལ་པ་འབའ་ཞིག་རྗེས་སུ་འཇུག །ཅེས་སོ།
།དེས་ན་སྔར་གནད་ཟབ་མོ་དེ་དག་གིས་འཁོར་འདས་ཀྱི་ཆོས་རང་ལ་སྣང་བ་ཐམས་ཅད་རང་གི་བྱང་ཆུབ་སེམས་ལས་ལོགས་ན་མེད་པ་དེ་ཡང་ལྷར་སྣང་། རྨི་ལམ་སྒྱུ་མའི་ཚུལ་ཉིན་པར་གོམས་པས་རྣམ་སྨིན་གྱི་ལུས་ལ་ལྷ་སྐུ་འཇའ་འོད་ལྟ་བུའི་སྣང་བ་རང་ཤར་དུ་འབྱུང་། དེའི་བག་ཆགས་རྨི་ལམ་དུ་རང་ཤར། དེའི་སྟོབས་ཀྱིས་བར་དོའི་ཡིད་ལུས་ལོངས་སྐུ་རང་ཤར་དུ་འབྱུང་སྟེ།
།རྣམ་སྨིན་བག་ཆགས་ཡིད་ཀྱི་ལུས། །གནད་ཀྱིས་ཟིན་པ་རྒྱལ་བའི་སྐུ། །ཞེས་པ་ལ་སོགས་པ་གསུངས་པས་རང་སེམས་ལྷ་སྐུ་སྒྱུ་མ་ལྟ་བུ་དེ་ལ་གསུམ་སྟེ།
ངོ་བོ་བརྗོད་བྲལ་བློ་འདས། །རང་བཞིན་དབྱེར་མེད་མཐའ་བྲལ། །མཚན་ཉིད་མ་འདྲེས་ཡོངས་རྫོགས། །བྱ་བ་ཡིན།
ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལྷ་སྐུ་སྣང་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་མཐའ་བྲལ་ཏེ། །མཚན་ཉིད་མ་འདྲེས་ཡོངས་རྫོགས་ཏེ། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། །ཞེས་བཤད་པས། ངོ་བོ་ལ་མཐའ་དབུས། དབྱིབས་ཁ་དོག །འདས་མ་འོངས། རྗོད་བྱ་རྗོད་བྱེད་ལ་སོགས་གང་དུ་ཡང་མ་གྲུབ་ཅིང་གདོད་མ་ནས་དག་པའོ། །མཚན་ཉིད་མ་འདྲེས་པ་ཡོངས་སུ་གསལ་བ་ནི་ལྷའི་སྐུ་མདོག་ཕྱག་མཚན་བརྒྱན་དང་ཆ་ལུགས་རྣམ་པ་བཞུགས་ཚུལ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་སྣང་བའི་ཆ་དེ་སྐྱེད་རིམ་ཞེས་བྱའོ།
།དེ་གཉིས་རང་བཞིན་དབྱེར་མེད་མཐའ་བྲལ་ཡིན་ཏེ། ལྷ་སྐུའི་སྣང་བ་དེ་རང་བཞིན་མེད་པས༌སྟོང་ཉིད། སྟོང་ཉིད་ཀྱང་རང་བཞིན་མེད་པས་སྣང་བ། དེ་གཉིས་དབྱེར་མེད་པས་མཐའ་བྲལ་ལོ། །ཡང་ན་སྣང་བའི་མཐའ་དང་བྲལ་བས་སྟོང་ཉིད། སྟོང་པའི་མཐའ་དང་བྲལ་བས་སྣང་བ། དབྱེར་མི་ཕྱེད་པས་དབྱེ་བའི་མཐའ་དང་བྲལ། དེ་ལྟ་བུའི་རྣལ་འབྱོར་པ་དེ་ལ།

གསུམ་པ་རྡོ་རྗེའི་ཚིག་བཞིས་འཆི་མེད་དུ་ངོ་སྤྲད་པ་ནི། དེ་ལ་ན་རྒྱུ་འཆི་རྒྱུ་དང་། །འཁོར་བ་་མྱང་འདས་མ་གྲུབ་ཅིང་། །འཕོ་བྱ་འཕོ་བྱེད་བྲལ་བས་ན། །དེ་ཕྱིར་འཆི་མེད་རང་གྲོལ་ལོ། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ལ། སྐྱབས་འགྲོ་ནས། ལྷ་སྐུ་སྐྱེ་འགག་གནས་གསུམ་ལ་སོགས་པ་དང་བྲལ་བར་ཉམས་སུ་ལེན་པ་ཡན་ཆད་སྔར་བཞིན་བྱས་ལ་དེའི་ངང་ནས་རང་སེམས་ལྷ་སྣང་དབྱེར་མེད་འདི་ལ་ན་བ་ཞེས་བྱ་བ་མ་གྲུབ་སྟེ། ནང་བའི་རྒྱུ་ངོ་བོ་འབྲས་བུ་དང་། ན་བའི་མཁན་པ་གང་ནས་བཙལ་ཡང་མི་རྙེད། མ་རྙེད་པའི་ངང་ལ་ལྷ་སྐུ་སྣང་སྟོང་ཟུང་འཇུག་དུ་བཞག །འབྱུང་བཞི་འཕེལ་འགྲིབ་བློ་བུར་གྱི་རྟོག་པའི་རྗེས་སུ་མི་འབྲང་། གལ་ཏེ་མཉམ་བཞག་མི་བརྟན་པར་ནད་ཕྱིར་དུ་འཆོར་ན་ཤ་ཁྲག་གི་ཕུང་པོ་ལ་འབྱུང་བཞིའི་འཕེལ་འགྲིབ་ལ་ན་བར་མིང་བཏགས་པ་འདིས་འཁོར་བ་ལས་ཡིད་འབྱུང་། ཚོགས་གཉིས་རྫོགས་པའི་རྐྱེན་བྱེད། སྔོན་གྱི་ལས་ངན་འཛད་པ་ལ་སོགས་པའི་རྒྱུ་མཚན་གསུང་།
གླིང་རས་ཀྱི་གསུང་གིས། བཞི་བརྒྱ་རྩ་བཞིའི་ནད་འདུས་ཀྱང་། །རོ་སྙོམས་སྒོམ་པའི་རྣལ་འབྱོར་ལ། །ན་ཚ་བྱུང་ན་སློབ་དཔོན་ཡིན། །རྣམ་དཔྱད་བྱེད་ན་རྣལ་འབྱོར་མིན། །ཞེས་དང་། རྗེ་དམ་པ་ཁ་རག་སྒོམ་བྱུང་། སངས་རྒྱས་སྟོན་པ་ལ་སོགས་པའི་ལོ་རྒྱུས་གསུང་།
ཡང་མཉམ་བཞག་སྔར་བཞིན་སྒོམས་ཏེ། ནད་དེ་ཉིད་ཀྱི་ངོ་བོ་ལ་དགེ་སྦྱོར་གྱི་འཐིལ་བྱེད། ནད་རང་སྒོ་རྗེན་པར་སྐྱོང་བ་འདི། །རྣལ་འབྱོར་ནད་འདོན་གྱི་ཁྱད་ཆོས་ཡིན། ཞེས་པ་ལ་སོགས་པ་གསུངས་པའི་དོན་ནི། སྙིང་དཀར་ནག་གི་འཚམས་སུ་འཛེ་ག་ར་ཞུགས་ནས་ལུས་ཟུག་སེམས་ཟུག་བཟོད་མེད་དུ་བྱུང་ན་ནད་ཀྱི་རྗེས་སུ་མི་འབྲང་། མི་སྤོང་། མི་སྒྱུར་ན་བའི་དང་པོ་སྐྱེས་ལ་མ་འགགས་པའི་གདངས་ཏ་ལེ། སེམས་འཛིན་མེད་དུ་ཤིག་གེ་འཇོག
།ཨ་ལ་ལ་ཧོཿ ཇི་ལྟར་ཉོན་མོངས་ལུས་འདི་ལ། །ཡེ་ཤེས་ལུས་ནི་རང་དགར་འབྱུང་། །ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་ངང་ལ་མ་ཡེངས་པར་སྒོམ་གསུང་། ཡང་སྔར་བཞིན་ནོ། །རང་སེམས་ལྷ་སྣང་། ངོ་བོ་རྗོད་བྲལ་བློ་འདས་འདི་ལ་འཆི་བ་ཞེས་བྱ་བ་མ་གྲུབ་སྟེ། འཆི་བའི་ངོ་བོ་རྒྱུ་འབྲས་བུ། འཆི་བྱ་འཆི་བྱེད་ལ་སོགས་གང་ནས་བཙལ་ཀྱང་མི་རྙེད། མ་རྙེད་པའི་ངང་ལ་སྣང་སྟོང་འཇའ་འོད་ལྟ་བུར་བཞག །རྣམ་རྟོག་གི་འཕེལ་འགྲིབ་དེའི་རྗེས་སུ་མི་འབྲང་།
བླ་མ་ཞང་གི་གསུང་ནས། ལུས་ཀྱི་འཆི་བ་འབྱུང་བའི་དར་རྒུད་ཡིན། །ངག་གི་སྐྱེ་འཆི་རླུང་གི་འཕེལ་འགྲིབ་ཡིན། །སེམས་ཀྱི་སྐྱེ་འཆི་རྟོག་པའི་འཕེལ་འགྲིབ་ཡིན། །བདེན་པར་འཛིན་པ་རང་གི་འཁྲུལ་སྣང་ཡིན། །ཞེས་གསུངས་སོ།
༼།གསུམ་པ་ནི་སྔར་བཞིན་སྒོམས་པ་དེ་ལ་སངས་རྒྱ་རུ་འདུག་གམ་མི་འདུག་ལྟ། དེ་ལ་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དེ་ཡང་མིང་ཙམ་རྡ་ཙམ་བཏགས་པ་མིན་པ་མིང་དེ་ནང་གཅིག་ནའང་། ཕྱི་རོལ་དང་བར་ན་ཡང་མེ་ཅིང་རང་བཞིན་མ་གྲུབ་པས་མི་དམིགས་ཏེ། འཆི་མེད་ཡེ་ཤེས་ཆེན་པོའི་དོན་ལ་སངས་རྒྱས་མ་གྲུབ་སྟེ། རྒྱ་བྱག་རྒྱ་བྱེད་དང་བྲལ་བའོ། །དེ་ལྟར་ཐག་མ་ཆོད་པར་ལ་སྒོམ་མོ།
།རྡོ་རྗེ་ཚིག་རྐང་བཞི་པ་ནི། ལྷའི་སྐུ་གསལ་ལ་འཛིན་མེད། རང་སེམས་དབྱེར་མེད་པའི་ངོ་བོ་ལ་འཁོར་བ་ཞེས་མ་གྲུབ་སྟེ། སྤྱིར་འཁོར་བ་མ་གྲུབ་པས། བྱེ་བྲག་འཁོར་བར་འཁྱམ་ཅན་མ་གྲུབ་སྟེ། འཁོར་བ་རང་སེམས་སུ་ཐག་མ་ཆོད་པར་ལ་སྒོ་མོ།༽

།བཞི་པ་རིམ་གཉིས་ཀྱི་གོལ་སྒྲིབ་བསྟན་པ་ནི། དེ་ལྟར་མ་རྟོགས་རྣལ་འབྱོར་པས། །བསྐལ་པར་སྒྲུབས་ཀྱང་དོན་མེད་འགྱུར། །ལོག་པའི་ལམ་ཞུགས་ཁོ་ནར་ཟད། །ཅེས་གསུགས་པའི་དོན་ནི།
དེ་ལྟར་སྐྱེད་རྫོགས་ཟུང་འཇུག་དུ་མ་སྒོམས་ན་ཕྱོགས་རེ་བའམ་ཞེན་འཛིན་ཅན་གྱིས་བསྐལ་པའི་བར་དུ་སྒོམས་ཀྱང་དོན་མེད་ཏེ། ཁ་ཅིག་སྐྱེད་རིམ་བེམས་པོ་དང་། ཀུན་བཏགས་ཡིན་པས་མི་དགོས་ཟེར་བ་དང་། ཡང་སྡང་སེམས་ཀྱིས་ཀུན་ནས་སླང་ན་རུ་དྲར་གོལ་ལ། ཆགས་སེམས་ཀྱིས་ཀུན་ནས་སླང་ན་གཟུགས་ཁམས་སུ་གོལ་བས་ལོག་པ་ལམ་ཞུགས་ཁོ་ན་ཡིན་ནོ། །ཞེས་གསུངས་པས་རྒྱས་པར་ཞལ་ལས་ཤེས་སོ།

།ལྔ་པ་བར་དོར་ལོངས་སྐུ་འཆི་མེད་རྟོགས་པ་དཔེ་དང་བཅས་ཏེ་བསྟན་པ་ལ། རྟོགས་པ་དང་དེའི་དཔེ་གསུམ་དང་བཅས་པའོ།
།དང་པོ་ནི། སྤྱིར་དབང་པོ་ཡང་རབ་ཅིག་ཅར་དུ་གྲོལ་བ་ཞེས་བྱ་བ་ནི་བྲམ་ཟེ་ཆེན་པོ་ས་ར་ཧ་དང་། རི་ཁྲོད་དབང་ཕྱུག་དང་། ས་ཀ་ར་སིད་དྷི་ལྟ་བུ། བླ་མའི་བྱིན་རླབས་སམ། བརྡའ་ཐེབས་རེས་གྲོལ་བ་ཡང་ཡོད་ཏེ། དང་པོ་དྲིལ་བུ་པས། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །ཞེས་གསུང་པ་ནི། བར་དོ་ལ་མི་ལྟོས་སོ། །བར་དོའི་ལམ་རྫོགས་སོ།
།འདིར་མན་ངག་ཀྱང་ཡོད་ལ། རྟོགས་པ་མངོན་དུ་མ་གྱུར་པ་ལ་འཆི་ཁའམ་བར་དོར་འཆི་མེད་ཡེ་ཤེས་ཆེན་པོ་རྟོགས་ཏེ། ལུས་གཟུགས་སྐུ་དང་སེམས་ཆོས་སྐུར་བརྟན་པ་ཐོབ་བོ། །ཞེས་གསུང་པ་ནི།
༼འོད་བསྲུང་གིས་ཞུས་པར། སྐྱེ་མེད་དོན་ལ་སྒོམ་པའི་གང་ཟག་གིས། །ད་ལྟ་མཐུན་སྣང་འབྲས་བུ་མངོན་དུ་མ་གྱུར་ཀྱང་། །ལུས་ངན་སྡུག་བསྔལ་དྲ་བ་བྲལ་མ་ཐག །ཐར་སེམས་འབྲས་བུས་བླ་མེད་ཐོབ་པར་འགྱུར། །དཔེར་ན་སེང་གེ་ཁྱུང་དང་ཀ་ལ་པིང་ཀ་བཞིན། །ཅེས་སོ།༽
གང་གིས་མཚམས་མེད་ལྔ་རྫོགས་ཀྱང་། །འཆི་ཁའི་ཚེ་འམ་དུས་གཞན་དུ། །འཆི་མེད་རྡོ་རྗེའི་ཚིག་རྐང་བཞི། །སྐ་ཅིག་ཡུད་ཙམ་གཅིག་པ་འམ། །དྲན་ཐོས་རེག་པར་གྱུར་པས་ཀྱང་། །གནད་གཅོད་སྡུག་བསྔལ་རང་དག་ནས། །བར་དོར་ལོངས་སྐུར་མངོན་སངས་རྒྱ། །སྒྲིབ་པ་ཆུང་བ་སྨོས་ཅི་དགོས། །འདི་ནི་འཆུག་མེད་གནད་ཡིན་ནོ། །ཞེས་གསུང་པ་ནི།
སྡིག་ཅན་འཚམས་མེད་ལྔ་བྱས་པས་ཀྱང་སྐྱེ་འཆི་འཁོར་འདས་ངོ་བོ་མེད་པར་དྲན་པའམ་ཐོས་པས་ཀྱང་སྡུག་བསྔལ་རང་དག་ལ། རེག་པ་སྟེ་ཉམས་ལེན་བརྟན་ན་བར་དོར་ལོངས་སྐུར་སངས་རྒྱས་པ་གཞན་ལྟ་ཅི་སྨོས་ངེས་ཤེས་སྐྱེས་ནས་ཉམས་སུ་བླང་བ་ནི་འཆུག་མེད་ཀྱི་གནད་ཡིན་ནོ་གསུང་ངོ་།
།གཉིས་པ་དེའི་དཔེ་གསུམ་ནི། སྔར་གོམས་སྟོབས་ཀྱི་དཔེ་གྱོགས་དང་འཕྲུལ་འཁོར་ནི།
གལ་ཏེ་ལུས་སེམས་རྐྱེན་དབང་གིས། །འཆི་ཁར་གསལ་བར་མ་གྱུར་ཀྱང་། །དཔེར་ན་སྒྱོགས་ཀྱི་འཕྲུལ་འཁོར་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །རྒྱལ་བ་ལོངས་སྐུ་རང་ཤར་འབྱུང་། །ཞེས་དང་།
༼གདན་བཞི་ལས། འཚམས་མེད་ལྔ་ནི་བྱེད་པ་དང་། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །ཆོམ་རྐུན་ལས་ཀྱིས་་་་་་བྱེད་ཀྱང་། །སྡིག་པས་གོས་པར་མི་འགྱུར་ཏེ། །འདི་ཡི་ལམ་གྱིས་གྲོལ་འགྱུར་རོ། །ཅེས་པ་ལྟར་ཡིན་ནོ།༽
མཉམ་བཞག་ཡེ་མེད་ཀྱི་དཔེ། འཚམས་སྦྱར་ངན་པས་རྒྱུད་བཀྲུགས་ཀྱང་། །གསལ་དངས་རྫིང་བུར་རྡོ་རྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་། །ཅེས་དང་།
ཡེ་ཤེས་འཆི་མེད་ཟུང་འབྲེལ་གྱི་དཔེ་ནི། །བརྟན་པར་མ་གྱུར་ལོང་མེད་ཀྱང་། །བཅོ་ལྔའི་ཉི་རྒས་ཟླ་ཤར་ལྟར། །འདི་འམ་འཆི་ཁའི་དྲན་ཐོས་ཀྱིས། །བར་དོར་ལོངས་སྐུ་ཐེ་ཚོམ་མེད། །ཅེས་གསུངས་ལ།
རྒྱུད་ལས། ཇི་ལྟར་ཆུ་ཀླུང་དངས་པ་ལ། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཆོས་ཉིད་སྟོང་པ་ལས། །སྒྱུ་འཕྲུལ་དྲ་བ་ལྡང་བར་བྱ། །ཞེས་པའི་དོན་ནོ།
།བར་དོ་ལོངས་སྐུའི་ཞིང་ཁམས། སྐྱེ་བ་སྤྲུལ་སྐུའི་ཞིང་ཁམས་ལ་སོགས་པའི་གནད་གོ་བར་བྱའོ། །གསུང་ཞིུང་། གྲུབ་ཐོབ་འབར་བ་འཛིན་པ་ལ་སོགས་པའི་ལོ་རྒྱུས་གསུང་ངོ་།

དྲུག་པ་ཕྲིན་ལས་ལྷུན་གྲུབ་དུ་འབྱུང་བ་ནི། རང་སེམས་སྐྱེ་མེད་ཆོས་སྐུ་ལས། །འགག་མེད་ལོངས་སྐུར་རང་ཤར་གྱིས། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །ངོ་བོ་རྣམ་པ་ཕྲིན་ལས་གསུས། །ཟུང་འཇུག་ཆེན་པོར་རྟོགས་པར་བྱ། །ཞེས་གསུངས་པ་ཡིན་ནོ།

བདུན་པ་དེ་དག་གི་དོན་སྡུས་ཏེ་བསྟན་པ་ནི། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །འཆི་རྒྱུ་མེད་པ་དབང་པོ་རབ། །དེ་དོན་སྐ་ཅིག་རྟོགས་གྱུར་པས། །དག་པ་བདེ་སྟོང་མཁའ་སྤྱོད་འགྲོ། །དུས་གསུམ་རྒྱལ་བས་འདི་རྟོགས་པས། །བདུད་བཏུལ་སངས་རྒྱས་འཁོར་ལོ་བསྐོར། །ཞེས་པའི་དོན་རྣམས་སྔར་རྒྱས་བར་བསྟན་ཟིན་ཏོ།
།ཕྱི་དོན་གསུམ་པ་མཇུག་གི་ཆོས་སྡུ་བ་ནི། དེ་ལྟར་རྟོགས་ཤིང་རྒྱུད་ལ་སྐྱེ་བ་ནི་བླ་མའི་བྱིན་རླབས་ཀྱིས་མངོན་དུ་གྱུར་པ་དང་། མདོ་རྒྱུད་ཀྱི་ལུང་ལ་བརྟེན་ཏེ་ཡིད་ཆེས་སྐྱེར་པའོ།
།དང་པོ་ནི། །དེ་ཕྱིར་རྒྱལ་བའི་ཐུགས་བཅུད་འདི། །མདོ་རྒྱུད་དུ་མ་བསྟན་གྱུར་ཀྱང་། །དམ་པའི་དྲིན་གྱི་མ་གཏོགས་པར། །ཐབས་གཞན་གང་གིས་རྙེད་མི་འགྱུར། །དེ་ཕྱིར་བླ་མ་མཆོག་སྟེན་ནས། །གུས་ཤིང་མཉེས་པ་མཆོག་ཡིན་ནོ།
།ཞེས་པའི་དོན་ནི། ཚེ་གཅིག་ལུས་གཅིག་ལ་རང་སེམས་འཆི་མེད་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེ་བ་ནི་བླ་མ་མཚན་ལྡན་གྱི་བྱིན་རླབས་ཁོ་ན་ཡིན་ལ། ཚིག་ཐ་སྙད་ལས་མི་རྟོགས་ཏེ། མདོ་ལ་ལར་ནི་རྒྱ་ཆེས་དེ་འཕྲོས། ལ་ལར་གབ་སྟེ་སྦས། ལ་ལར་བཞུག་པ་ལྡེམ་དགོངས། སྒྱུར་བ་ལྡེམ་དགོངས། གཉེན་པོ་ལྡེམ་དགོངས། གཉེན་པོ་ལྡེམ་དགོངས། མཚན་ཉིད་ལྡེམ་དགོངས། དྲང་དོན་དང་ངེས་དོན་ལ་སོགས་པའི་དབྱེ་བས་སློབ་མས་རང་དགར་མི་རྟོགས་ལ། རྒྱུད་རྣམས་ལ་མཐའ་དྲུག་ཚུལ་བཞིའི་སྒོ་ལྕགས་ཀྱིས་རྒྱས་བཏབ་པས་བླ་མའི་གདམས་ངག་དང་བྱིན་རླབས་མེད་པར་འཆི་མེད་ཕྱག་རྒྱ་ཆེན་པོ་མི་རྟོགས་པས་བླ་མ་ལ་གུས་ཤིང་མཉེས་པ་གནད་ཡིན་གསུང་། མོས་གུས་གནད་དུ་ཚུད་པའི་གཏམ་རྒྱུད་མང་པོ་གསུང་ངོ་། །དབང་པོ་ཡང་རབ་ལ་གོང་གི་ཉམས་རྟོགས་གསུམ་ཅིག་ཅར་དུ་འབྱུང་། འབྲིང་ཐ་རྣམས་ལ་དགོངས་ཏེ།
གཉིས་པའི་དོན་ནི། སྙིགས་མར་ལོག་བལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱའོ། །ཅེས་པའི་དོན་ནི། སེམས་ཉིད་ལྷ་སྣང་དང་། སྣང་བ་སེམས་ཉིད་དབྱེར་མེད་དུ་བསྟན་ཟིན་ཏོ།
།འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་རྒྱུད་རྡོ་རྗེའི་རྒྱ་ཡིས་གདབ། །མི་རབས་བདུན་ནས་གསུམ་ལའོ། །རང་སེམས་འཆི་མེད་རང་གྲོལ་རྫོགས་སོ།
།ཞེས་པའི་དོན་ནི། སེམས་ཉིད་ཀྱི་ངོ་བོ་སྐྱེ་འཆི་དང་བྲལ་བ་ཡིན་ལ། ཡིན་པ་ལ་ཡིན་པར་རྟོགས་པའི་ཡེ་ཤེས་ངོ་སྤྲད་པ་ནི་རྟོགས་པ་འཕོ་བའི་ཚུལ་དུ་ཚིག་རྒྱུད་རྡོ་རྗེའི་བརྒྱ་ལྟ་བུར་བྱ་གསུང། མི་རབས་བདུན་ནས་བླ་མ་དང་མཁའ་འགྲོས་ལུང་བསྟན་པའི་བླ་མ་དེ་ཉིད་ཀྱིས་དབང་པོ་རབ་བླ་མ་ལ་ཆོས་སྐུའི་འདུ་ཤེས་སྐྱེས་པ། འབྲིང་གདམ་ངག་ལ་ངེས་ཤེས་སྐྱེས་པ། ཐ་མ་འཇིག་རྟེན་བློས་བཏང་ནས་སྒོམ་པའི་སློབ་མ་གསུམ་ལ་གནང་བར་བྱའོ། །གསུང་།
རང་སེམས་འཆི་མེད་རང་གྲོལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་ཁྱུང་པོ་རྣལ་འབྱོར་ལ་དབང་དང་གདམ་ངག་མ་ལུས་པར་གནང་ཞིང་། རྟོགས་པའི་ཆིག་རྒྱུད་ཐོབ། དེ་ནས་རིམ་གྱིས་རྒྱུད་ཏེ་ཟབ་ལམ་གྱི་སྙིང་པོ་འདི་འཕེལ་བ་ཡིན་ནོ།
།འཆི་མེད་ཡེ་ཤེས་ཀྱི་ཁྲིད་ལེའུ་ཆེན་གསུམ་པ་རྫོགས་སོ།