Bsnyen sgrub las gsum gyi man ngag phyogs gcig tu bkod pa

From Shangpa Resource Center








Resource ID SCv11p445
Title bsnyen sgrub las gsum gyi man ngag thun mong ma yin pa gsal zhing rgyas la ma sbas par thams cad tshang bar phyogs gcig tu bkod pa
Topics Chadrupa
Sub-Topics Commentary
Link BDRC W23922

༄༅། །མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་མཁས་གྲུབ་བེ་བུམ་དུ་གྲགས་པ་ལས།
བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཐུན་མོང་མ་ཡིན་པ་གསལ་ཞིང་རྒྱས་ལ་མ་སྦས་པར་ཐམས་ཅད་ཚང་བར་ཕྱོགས་གཅིག་ཏུ་བཀོད་པའོ།།

བླ་མ་མགོན་པོ་འཁོར་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།
།དེ་ལ་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་གཏོར་མ་ལ་རགས་ལས། ཐུགས་དམ་གཏོར་མས་བསྐོང་། ཕྲིན་ལས་གཏོར་མ་ཕུལ་ནས་འཆོས་དགོས་པ་ཡིན་པས། ཆོས་སྐྱོང་ལ་གཏོར་མའི་གནད་ཤེས་པ་གལ་ཆེའོ། །དེ་ཡང་རང་གི་སྒྲུབ་ཁང་ངམ། མགོན་ཁང་ལ་སོགས་པར་དུས་རྟག་ཏུ་འཇོག་པའི་གཏོར་མ་ལ་རྟག་གཏོར་ཞེས་ཟེར། ལོའམ་ཟླ་བ་ལ་སོགས་པའི་བར་དུ་བཞག་ནས། ལོ་ཟད་ཟླ་ཟད་ཀྱི་ཉི་ཤུ་དགུ་ལྟ་བུའམ། རང་གནས་འཕོ་བ་ལ་སོགས་པའི་རང་དབང་དེ་དག་ལ་ཕུལ་ཏེ། གཏོར་མ་བསྡུད་པ་ནི་རྟེན་གཏོར་ཞེས་ཟེར་ཏེ། ད་ལྟ་འཛིན་གཏོར་ཞེས་གྲགས་པ་དང་དོན་གཅིག་གོ །ནུབ་རེ་བཞིན་གསར་དུ་བཅས་ཤིང་བྱིན་གྱིས་བརླབ་སྟེ་འབུལ་བ་ནི་རྒྱུན་གཏོར་ཞེས་བྱ་བ་དང་འཕྲལ་གཏོར་ཞེས་ཟེར་བ་ཡིན་ནོ། །ཡར་ངོའི་ཚེས་བརྒྱད་དམ། བཅུ་གཅིག བཅོ་ལྔའམ། མར་ངོའི་ཉི་ཤུ་དགུ་ལྟ་བུ་ལ་གཏོར་མ་གསར་པ་ཤིན་ཏུ་བཟང་བར་བཤམས་ཏེ་རྒྱས་པར་ཕུལ་ནས། དུས་དེའི་ནུབ་ཉིད་ལ་གཏོང་བ་ནི་དུས་གཏོར་ཞེས་ཟེར། དེ་ཡང་རྣམ་སྲས་ལྟ་བུ་ལ་ཡར་ངོའི་ཚེས་བརྒྱད་དང་། བཅོ་ལྔ་ངོས་བཟུང་དུ་གལ་ཆེ། ཞལ་བཞི་པ་ལྟ་བུ་ལ་ཡར་ངོའི་ཚེས་བརྒྱད་དང་བཅུ་གཅིག མར་ངོའི་ཉི་ཤུ་དགུ་གསུམ་གལ་ཆེ་མཉམ་ཡིན་ཀྱང་། མགོན་པོ་འདི་དང་གུར་མགོན་སོགས་ལ་མར་ངོའི་ཉི་ཤུ་དགུ་ལྷག་པར་གལ་ཆེ་ལ། མགོན་པོ་འདི་ལ་བརྟེན་ནས་ལོངས་སྤྱོད་འཕེལ་བར་འདོད་ན་ཡར་ངོའི་ཚེས་བརྒྱད་དང་བཅོ་ལྔ་ལ་ཡང་དུས་གཏོར་བྱེད་པ་ཡིན་ནོ། །ནད་དང་དགྲ་བགེགས་ལ་སོགས་པའི་གནོད་པ་བྱུང་བའི་དབང་གིས་གནོད་པ་བྱུང་བའི་དུས་དེའི་ཚེ་གཏོར་མ་གསར་དུ་བཤམ་སྟེ་ཕུལ་ནས་དུས་དེའི་ཚེ་ཉིད་གཏོང་བ་ལ་གློོ་བུར་ལས་བཅོལ་གྱི་གཏོར་མ་ཞེས་ཟེར། གཏོར་མ་ཤིན་ཏུ་བཟང་བར་བཤམས་ཏེ་རེ་རེ་ཐུན་དྲུག་དྲུག་ཏུ་གསོལ་ཞིང་ཐུན་དྲུག་དྲུག་ཏུ་བྱིན་གྱིས་བརླབས་ཏེ། ལས་གྲུབ་པའི་མཚན་མ་བརྟན་པོ་མ་བྱུང་གི་བར་ཐེབས་གཅིག་ཀྱང་མི་འབུལ་ཞིང་མི་བསྔོ་བར་བཞག་ནས་ཞག་རེ་ལ་འཕྲལ་གཏོར་ཐུན་དྲུག་དྲུག་འབུལ་བ་རྣམས་ཀྱི་ཚེ། ལས་འདི་དང་འདི་སྒྲུབས་ཤིག། ལས་དེ་དང་དེ་གྲུབ་པ་ན་གཏོར་མ་ཆེན་པོ་འདི་ཡང་འབུལ་བ་ཡིན་ནོ། །ཞེས་བྱས་ནས་གཏོར་མ་གཏའམ་སྟོངས་པར་འཛིན་པ་ནི་གཏའ་གཏོར་ཞེས་ཟེར་ལ། ལས་གྲུབ་པའི་མཚན་མ་བརྟན་པོ་བྱུང་ན་གཏོར་མ་ཆེན་པོ་འདི་ཉིད་གཏང་རག་ཚུལ་དུ་འབུལ་བ་ཡིན་ནོ། །མགོན་པོ་ལྕམ་དྲལ་གཉིས་ཀ་ལ་གཏོར་མ་རེ་ཐུན་གྱི་མཐར་གསར་དུ་བཤམས་ཤིང་ཕུལ་ནས་ཡབ་ཀྱི་དེ་ནུབ་མོ་གཏོང་། ཡུམ་གྱི་དེ་སྔ་དྲོ་གཏོང་བ་ལ་ཐུན་གཏོར་ཞེས་ཟེར་རོ། །དེ་གུར་མགོན་དང་ཞལ་བཞི་པའི་ལུགས་ཡིན་གྱི། མགོན་པོ་འདི་ལ་དེ་མི་དགོས་སོ། །གཏོར་མ་ཆེན་པོ་ལྷར་བསྐྱེད་པ་ལ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་ནས་བར་ཆད་སེལ་ཞིང་དངོས་གྲུབ་ཞུ་བ་ཞག་གསུམ་མམ། བདུན་ནམ། དགུའམ། བཅུ་གསུམ་མམ། བཅོ་ལྔའམ། ཉེར་གཅིག་ལ་སོགས་པར་བྱེད་པ་གཏོར་སྒྲུབ་དང་། གཏོར་མ་ཆེན་པོ་ཉིད་ལ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་པ་ལ་སོགས་པའི་སྒྲུབ་པ་ཞག་གྲངས་ཅི་རིགས་པར་བྱ་སྟེ། མཐར་གཏོར་མ་ཆེན་པོ་དེ་ཉིད་དགྲ་བགེགས་ཀྱི་ཕྱོགས་སུ་ཁྱེར་ནས་བརྡེབས་གཏོར་དུ་བྱེད་པ་ནི་གཏོར་ཆེན་ཞེས་བྱའོ། །དེ་དག་གི་རྣམ་དབྱེ་ཞིབ་ཏུ་ལེགས་པར་མ་ཤེས་ན་གཏོར་མ་བྱེད་པ་ལ་དགའ་བ་ཙམ་དུ་ཟད་ལ། ཁྱད་པར་མགོན་པོ་འདིའི་ལུགས་ལ་གཏོར་སྒྲུབ་དང་། གཏོར་ཆེན་གྱི་ཁྱད་པར་དང་རྣམ་བཞག་ཞིབ་ཏུ་ཤེས་པ་གལ་ཆེ་སྟེ། དེར་མ་ཤེས་ན་གཏོར་སྒྲུབ་བྱེད་པ་སྐད་ཟེར་ནས་གཏོར་ཆོག་དཀྱུས་མས་གཏོར་མ་ཞག་རེ་ལ་ལན་ཁ་ཡར་རེ་བསྔོ་བ་དང་། བསྟོད་པ་གང་ཤེས་པ་རེ་བྱེད་པ་མ་གཏོག་གཞན་ཅི་ཡང་བྱེད་རྒྱུ་མེད་པར་མཐར་དངོས་གྲུབ་ལེན་རྒྱུའི་གཏོར་མ་དེ་ཉིད་ཕྱིར་ཁྱེར་ནས་བསྡེབས་པ་ལ་སོགས་པའི་ནོར་བ་ཆེན་པོ་རྣམས་ལ་བློ་ལྟོས་འཆའ་དགོས་པ་འབྱུང་སྟེ། དེ་འདྲ་བ་ལ་དངོས་གྲུབ་དང་དགྲ་བགེགས་ཐུལ་བ་གང་ཡང་རི་བོང་གི་རྭ་དང་ཆོས་མཚུངས་ངལ་བ་ཙམ་སྙིང་པོར་ཟད་པ་ཡིན་ནོ།
།རྟག་གཏོར་དང་གཏའ་གཏོར་ཡང་ཡི་གེའི་བརྡའ་ནོར་བ་ལ་བརྟེན་ནས་གཅིག་ཏུ་འཁྲུལ་བ་ཡང་མང་དུ་བྱུང་སྣང་ཞིང་། དེང་སང་ཕལ་ཆེར་ལ་གཏོར་མའི་རྣམ་དབྱེ་ཅི་ཡང་མི་སྣང་ངོ་།
།དེ་ལ་རྟག་གཏོར་ནི། མར་གསར་རྙིང་གང་ཡང་རུང་བ་གཅིག་བཀོལ་བ་ཚགས་ལ་གཙགས་ཤིང་རྩིག་དང་ལྷད་མེད་པར་སྟོན་པས་ཤེས་ཆེར་ཞུ་བ་བྱས་པ་ལ། ཆང་གར་མར་བདུད་རྩི་རིལ་བུ་བཏབ་པའམ་མར་གྱི་བཞི་ཆ་ཙམ་དང་། གྲི་ཁྲག་ལ་སོགས་པའི་ཁྲག་སྣའང་ཅུང་ཟད་བསྲེ་བ་ལ། སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་རྣམས་ཀྱང་ཕྱེ་མར་བྱས་ཏེ་བཏབ་ནས། དེ་དག་ནས་སྤུར་སོགས་དང་རྡོ་ལ་སོགས་པ་མེད་པའི་ནས་ནག་པོ་བརྗེན་བཏགས་བྱས་པའི་ཙམ་པ་དང་། འཚག་འདྲེས་ངེས་པ་མནལ་ཏེ་ཟན་ཧ་ཅང་སྐ་བ་མ་ཡིན་པ་ལས། གཏོར་མ་དཔལ་བཤོས་ཟུར་གསུམ་སྙིང་པོ་ལ་མ་མཐའ་རྩེ་ཁྲུ་གང་ཡན་ཆད་ཡོད་པ་ལ་འཐེབ་ཀྱུ་བརྒྱ་རྩ་བརྒྱད་གྲངས་ཚང་བ། བཅད་ཁ་མ་ཕྱིར་བསྟན་པས་མཐའ་བསྐོར་ནས་རིན་པོ་ཆེའམ། ཤིང་ལ་སོགས་པ་ལས་བྱས་པའི་སྣོད་ཁེངས་ཤིང་སྣོད་ཀྱི་ཁ་ལས་ཕྱིར་མ་ཐལ་བ་ཐེབ་ཀྱུ་རྣམས་ཀྱི་སྦྱར་མཚམས་ཚགས་ཤིན་ཏུ་དམ་པར་བྱའོ། །མར་ཞུ་བའི་ཁུ་བ་བྱས་པས་ལོ་ཇི་ཙམ་སོང་ཡང་གཏོར་མ་རུལ་མི་འགྲོ་ཞིང་སེམས་ཅན་མི་འཇུག་པ་ཡིན་ལ། གཞན་རྣམས་ནི་གཏོར་མའི་རྫས་ཡིན་ཏེ། དེ་ཡང་ཆང་ནི་གཏོར་མའི་རྒྱུ་ཁྱད་པར་བ། བདུད་རྩི་ལྔས་མགོན་པོ་ཚིམ་ཞིང་དངོས་གྲུབ་མྱུར། གྲི་ཁྲག་སོགས་ཀྱི་རྣོ་ཞིང་དྲག་པོའི་ལས་མྱུར། སྨན་ལྔས་གནས་དེར་ནད་ཉུང་། འབྲུ་ལྔ་དང་རིན་པོ་ཆེ་ལྔས་ཟས་དང་ལོངས་སྤྱོད་འཕེལ། གཏོར་མས་སྣོད་མ་ཁེངས་ན་དངོས་གྲུབ་དཀའ་ཞིང་ལོངས་སྤྱོད་ལ་གནོད། སྣོད་ལས་ཕྱིར་ཐལ་ན་འཁོར་དང་རྟ་ཕྱུགས་སོགས་ལ་གཟན་པར་འགྱུར་བས་ལེགས་པར་བློ་ཞིབ་པ་དང་། གཏོར་མ་གང་ལའང་ཁ་རླང་དང་། ལུས་ཀྱི་དྲི་མ་དང་། མཆིལ་མ་འཐོར་བ་སོགས་ཡེ་མ་ཤོར་བར་གལ་ཆེའོ། །དེ་ནས་གཏོར་མ་དེ་སྟག་གི་པགས་པ་སྡེར་བཞི་དང་རྔ་མ་སོགས་ཚང་ཞིང་མ་ཉམས་པའམ། ཡོད་ན་སྐྱེས་གྲིར་བསད་པའི་གཡང་གཞི་ལ་སོགས་པ་ཁྲི་བཏེགས་མཐོན་པོ་ལ་བཀབ་པའི་སྟེང་དུ་འབྲུ་སྣ་དུ་མ་ལ། ཨ་རུ་ར་གསེར་མདོག་དང་། དབང་པོ་ལག་པ་བཟང་དྲུག་ལ་སོགས་པ་རིན་པོ་ཆེ་ལྔ་ལ་སོགས་པ་བསྲེས་པའི་ཕུང་པོ་སྤུངས་པའི་སྟེང་དུ་བཞག ཤ་ཆེན་ལ་སོགས་པས་ཀྱང་བརྒྱན། གཏོར་མ་དེ་ལའང་ནང་རྟེན་གྱི་མན་ངག་ལྟར་སྒྲུབ་པའི་མདའ་དར་ལ་གསང་བའི་རྟེན་གྱི་མན་ངག་ལྟར་སྒྲུབ་པའི་གྲི་སྙིང་དར་ནག་གིས་དྲིལ་བ་དང་། མེ་ལོང་དང་མགོན་པོའི་སྐུ་ཙཀླི་རྣམས་བཏགས་པ་བཙུགས། དེའི་སྟེང་ནས་དར་ནག་གི་གུར་ཆེན་པོ་ཕུབ། གཏོར་མ་དེའི་རྒྱབ་ཕྱོགས་སུ་མགོན་པོའི་བྲིས་སྐུའམ། ལྟེ་བར་སྐུར་སོགས་མན་ངག་ལྟར་བཞེངས་ཤིང་རབ་གནས་ལེགས་པར་བྱས་པ་གཏོར་མ་ལས་སྐུ་སྐད་ཡན་ཆད་ཙམ་གྱི་མཐོ་བ། གཏོར་མར་ཧྲིག་གེ་གཟིགས་པ་ལྟ་བུར་བཞུགས་སུ་གསོལ། གཞན་ཡང་བླ་བྲེས་དང་། དར་ནག་གི་འཕན། ཁྲག་གི་ཨཱརྒྷཾ། དབང་པོའི་མེ་ཏོག་ལ་སོགས་པའི་མཆོད་རྫས་དུ་མ་རྣམ་པར་བཀོད། རྟག་གཏོར་དེའི་མདུན་རོལ་དུ་རྒྱུན་གཏོར་རམ་རྟེན་གཏོར་ལེགས་པར་བཤམས་ཏེ། སྒྲུབ་པ་པོ་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱི་གཏོར་མ་དང་། མཆོད་རྫས་དང་དམ་རྫས་རྣམས་ལ་གཏོར་ནས་ཐོག་མར་མཆོད་དང་དམ་རྫས་རྣམས་བསྐྱེད་ཅིང་བྱིན་གྱིས་བརླབས། དེ་མདུན་གྱི་རྒྱུན་གཏོར་དང་རྟེན་གཏོར་གཉིས་ཀ་བསངས་སྦྱངས་བསྐྱེད་ཅིང་བྱིན་བརླབས་བྱ་སྟེ། རྟག་གཏོར་ལ་གཟུངས་ཐག་བཏགས་པ་ནས་ལག་གཡོན་པས་བཟུང་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཟགས་པའི་འོད་ཟེར་ལྟ་བུ་བཀུག་པ་རྒྱུན་མི་ཆད་པར་གཏོར་མ་ལ་ཐིམ་པར་བསམ་སྟེ་ངག་བཅད་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿཞེས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །འདི་མན་ཆད་དུ་ནམ་ཡང་རྟག་གཏོར་ཅུང་ཟད་ཀྱང་བསྒུལ་མི་ཉན་བས་དུས་མིན་པར་མི་རེག། དམ་ཚིག་དང་མི་ལྡན་པ་དང་། རྗེས་གནང་མ་ཐོབ་པ་དང་། ཆོས་སྐྱོང་མི་གཅིག་པ་སོགས་ལ་གཏན་ནས་མི་བསྟན་ནོ། །དེ་ནས་མདུན་གྱི་མགོན་པོའི་སྐུ་དང་རྟག་གཏོར་གཉིས་ཀ་སྒྲུབ་ཐབས་ལྟར་མགོན་པོར་བསྐྱེད་པ་རྒྱས་པར་བྱ། ཡེ་ཤེས་པ་སྤྱན་དྲངས། མགོན་པོའི་སྐུ་དང་རྟག་གཏོར་མགོན་པོར་བསྐྱེད་པ་གཉིས་ཀ་ལ་བསྟིམ། མཆོད་པ་གསོལ་འདེབས། ཡིག་བརྒྱ། བཤགས་པ། བཟླས་པ་རྣམས་སྒྲུབ་ཐབས་ལྟར་བྱ།
དེ་ནས་རྒྱུན་གཏོར་རམ། འཛིན་གཏོར་བྱིན་གྱིས་བརླབས་པ་དེ་མདུན་བསྐྱེད་ཀྱི་སྐུ་དང་རྟག་གཏོར་མགོན་པོར་བསྐྱེད་པ་གཉིས་ཀ་ལ་འབུལ། གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་བྱ། སྤོས་སྦྱོར་ནར་མར་བསྲེག། བསྟོད་པ་རྣམས་རྒྱས་པར་བྱ། སྨོན་ལམ་གདབ། ནོངས་པ་བཟོད་གསོལ་བྱ། ཡེ་ཤེས་པ་སྐུ་དང་རྟག་གཏོར་ལ་བརྟན་པར་བཞུགས་སུ་གསོལ་ཞིང་སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་གཏོར། ཁྱུང་པོའི་མཛད་པའི་བཀྲ་ཤིས་བཀའ་རྒྱ་མ་དང་། གཞན་ཡང་བཀྲ་ཤིས་རྒྱས་པར་བྱའོ། །དེ་ནས་ལོ་མི་རབས་དུ་མའི་བར་དུ་ཡིན་ཀྱང་། གཏོར་མ་དེ་ནུབ་རེ་བཞིན་སྔར་གྱི་རྫས་དང་འདྲ་བས་འཐེབ་ཀྱུ་རེ་རེས་གསོ་བར་བྱ་ཞིང་། ནུབ་རེ་བཞིན་དེ་ལ་གཞུག་མའི་བསྐྱེད་ཆོག་མི་བྱེད། དེ་དང་མདུན་གྱི་མགོན་པོའི་སྐུ་གཉིས་ཀ་མགོན་པོར་བསྐྱེད་ཅིང་ཡེ་ཤེས་པ་འཇུག་པ་དང་། དེ་ལ་རྒྱུན་གཏོར་སོགས་འབུལ་བ་ནས་བརྟན་བཞུགས་དང་བཀྲ་ཤིས་ཀྱི་བར་ནུབ་གཅིག་ཀྱང་མ་ཆགས་པར་སྔར་ཇི་ལྟ་བར་བཞིན་དུ་བྱེད་པ་ཡིན་ནོ། །འདི་ཐམས་ཅད་ཀྱི་སྐབས་སུ་མདུན་གྱི་མགོན་པོའི་སྐུ་དང་རྟག་གཏོར་གཉིས་ཀ་མགོན་པོར་དངོས་གྲུབ་ཏུ་མོས་ནས། རང་ཡི་དམ་གྱི་ང་རྒྱལ་བརྟན་པར་བྱས་ཏེ། སྔགས་ཕྲེང་གྲི་གུག་གི་ཕྲེང་བའམ། མེའི་ཆུན་པོ་ལྟ་བུ་དེ་གཉིས་ཀ་དང་རང་གི་ཞལ་ནས་ཞལ་དུ། ལྟེ་བ་ནས་ལྟེ་བར་འཁོར་བར་བསམ་ལ་བཟླས་པ་བྱ་སྟེ། ཚུལ་འདི་ནི་དུས་རྟག་ཏུ་འཇོག་པའི་གཏོར་མ་ལྷར་སྒྲུབ་པ་ཞེས་བྱ་བའི་མན་ངག་ཆེས་ཟབ་པ་ཡིན་ནོ།
།གལ་ཏེ་བསྟན་པ་འཇིགས་པ་ལ་ཐུག་པའམ། དགོན་གནས་དེ་ཉིད་དགྲ་བགེགས་ཀྱི་གནོད་པས་འཇིགས་པ་ལ་ཐུག་པའམ། དཔལ་ལྡན་བླ་མའི་སྐུ་དགྲ་ཆེན་པོ་བྱེད་པ་བྱུང་ན། རྟག་གཏོར་དེ་ཉིད་ཀྱང་ཟོར་དུ་བྱས་པ་ཡིན་ཏེ། དེ་ཡང་བསྙེན་སྒྲུབ་ཚད་དུ་ཕྱིན་པའི་མཚན་མ་ཐེབ་ཅིང་། ཡི་དམ་གྱི་ང་རྒྱལ་བརྟན་པོའི་གདེང་དང་ལྡན་པ་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྔགས་པས། རྟག་གཏོར་དེ་ཉིད་ལེགས་པར་གསོས་ཏེ་མགོན་པོར་བསྐྱེད་པ་སོགས་གོང་ལྟར་བྱས་ནས་མདུན་དུ་གཏོར་ཆུང་བཤམས་པ་རྣམས་བསྒྲལ་བའི་ལས་དྲུག་གི་སྒོ་ནས་བཏབ་པ་ལ་སོགས་པ་གཏོར་ཆེན་གྱི་སྐབས་ཇི་ལྟ་བ་བཞིན་བྱས་ནས་བསྟོད་བསྐུལ་རྣམས་ཚར་བ་དང་། རྟག་གཏོར་གྱི་མགོན་པོའི་སྐུ་མགོན་པོར་བསྐྱེད་པ་དེའི་ཐུགས་ཀར་གཤེགས་སུ་གསོལ་ནས། དེ་མན་ཆད་གཏོར་ཆེན་གྱི་སྐབས་ཇི་ལྟ་བ་བཞིན་དུ་བྱས་ནས་དགྲ་ཕྱོགས་སུ་ཁྱེར་ཏེ་ཟོར་དུ་འཕེན་པ་ཡིན་ལ། དེའི་ཕྱི་དེ་ཉིན་ནུབ་གཞན་གྱི་བར་མ་ཆོད་པ་ལ་སྔར་གྱི་རྟག་གཏོར་གསར་པ་སྔར་ལས་མི་ངན་ཞིང་མི་ཆུང་བ་བཤམས་ནས་ཆོ་ག་གོང་དུ་བཤད་པ་ལྟར་བྱེད་པའི་སྐབས་སུ་བསྐང་བཤགས་རྒྱས་པར་བྱ་ཞིང་། གྲུབ་ན་མགོན་པོའི་སྐུ་དང་རྟག་གཏོར་ལ་གཟུངས་ཐག་བཏགས་པ་ནས་ཐམས་ཅད་ཀྱིས་བཟུང་སྟེ་ཡིག་བརྒྱ་འབུམ་ཐེར་ལ་སོགས་པའི་བཟླས་པ་བྱའོ། །འདི་ལ་ཡི་དམ་གྱི་ནུས་པ་ལེགས་པར་ཐོབ་ཅིང་། མགོན་པོ་ལེགས་པར་ཆུན་པ་ཡིན་ན། གཏོར་མའི་མགོན་པོ་གཤེགས་སུ་མི་གསོལ་བར། གཏོར་མ་ལྷར་སྒྲུབ་ཅིང་ལྷ་གསལ་བ་དེ་ཉིད་ཟོར་དུ་འཕངས་ན་ཐོག་ལྟར་གང་ལ་འཕངས་པ་རྡུལ་དུ་བརླག་པར་འགྱུར་རོ། །འོན་ཀྱང་འདི་སུ་རུང་རུང་གིས་བྱེད་ན་མགོན་པོ་རང་ལ་ལྡོག་ཉན་ཆེ་གསུང་ངོ་། །འཛིན་གཏོར་བརྟེན་གཏོར་ནི་ནས་ནག་བརྗེན་བཏགས་ཀྱི་གཏོར་མ་འཆལ་བ་དང་། བྱིན་གྱིས་བརླབས་པ་དང་ཆོ་ག་ལ་སོགས་པ་གཏོར་ཆོག་ཇི་ལྟ་བ་བཞིན་བྱེད་པ་ལ། གཏོར་མ་བཅའ་ཞིང་བྱིན་གྱིས་བརླབས་པ་ནས་བཟུང་སྟེ། མཐར་ལོའམ་ཟླ་བ་ལ་སོགས་པའི་མཐར་གཏོར་མ་སྐྱོང་གི་བར་དུ་གཏོར་མ་མི་འགུལ། ཐུན་མོང་མ་ཡིན་པའི་མན་ངག་ལ་གཏོར་མ་ཐོག་མར་འབུལ་བའི་ཚེ་མགོན་པོ་གཏོར་མའི་རྒྱབ་ཕྱོགས་སུ་ཞལ་ཚུར་གཟིགས་པ་བསྐྱེད་པ་ལ། ཡེ་ཤེས་བཅུག་བཅུག་ནས་གཏོར་མ་མཐར་སྐྱོང་གི་བར་དུ་མགོན་པོ་གཤེགས་སུ་གསོལ་བ་དང་བྲིས་སྐུ་སོགས་ལ་བསྟིམ་པ་སོགས་གང་ཡང་མི་བྱེད་པར་ནུབ་རེ་བཞིན་དམ་ཚིག་པ་གསལ་བཏབ་པ་ལ་ཡེ་ཤེས་པ་བསྟིམ་ཐེབས་རེ་བྱེད། གཏོར་མ་འབུལ་ཞིང་བསྟོད་བསྐུལ་སོགས་ཚར་བ་ན། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ནག་ཁ་གཅིག་ཆད་བྱུང་སྟེ། གཏོར་མའི་ནང་དུ་ཞུགས་ནས་གཏོར་མའི་ནང་གི་དབུས་ན་འོད་འབར་བ་དང་བཅས་ཏེ་ཡོད་པར་བསམ་སྟེ། སྐབས་སྐབས་སུ་ཡིད་ལ་དྲན་ཙམ་དྲན་ཙམ་བྱ། འདི་ལ་བདག་དང་གནས་དང་གཏོར་མ་དང་འཁོར་བསྲུང་བའི་དགོས་པ་ཁྱད་པར་ཅན་ཡོད་གསུངས། ནུབ་ཕྱི་མ་བཟླས་པ་ཚར་ནས་གཏོར་མ་བྱིན་གྱིས་བརློབས་པའི་སྔོན་ཙམ་དུ་ཧཱུྃ་དེ་གཏོར་མ་ལས་ཐོན་ནས་མདུན་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་བསྟིམ། ཡང་བསྟོད་བསྐུལ་ཟིན་པ་དང་སྔར་ལྟར་གཏོར་མའི་ནང་དུ་བབ། མཐར་གཏོར་མ་སྐྱོང་བ་ན་གཙོ་བོ་མགོན་པོའི་གཏོར་མ་རང་ཡང་ཐོག་ཁར་ཁྱེར་ནས་ཆང་གིས་བྲན་ཏེ། མགོན་པོ་འཁོར་བཅས་ཤར་ལྷོ་ནས་ཞལ་ཚུར་གཟིགས་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས་ནས་གཏོར་མ་བཞེས་པར་བསམ་ལ། རོལ་མོས་སྒྲ་དང་། དབྱངས་ལ་སོགས་པ་དང་བཅས་པའམ། དྲིལ་བུ་ཙམ་གྱིས་ཀྱང་རུང་སྟེ། སྤྱི་བསྟབ་ཀྱིས་ཕུལ་ནས་བསྐྱང་བར་བྱ་སྟེ། ཉི་ཤུ་དགུ་ལ་སོགས་པའི་དུས་གཏོར་ལ་ཡང་བསྐྱང་བའི་ཚུལ་ནི་འདི་ཉིད་དེ། གཏོར་མ་ཕྱིར་སྐྱོང་བའི་ཚེ་ནུབ་མོ་ཡིན་ན་གྲིབ་གནོན་གྱི་གདོན་བསྲུང་བའི་ཕྱིར་དུ་དཔལ་འབར་བཙུགས། ཉིན་མོ་ཡིན་ན་མེད་ཀྱང་རུང་གསུངས། གཏོར་མ་བསྐྱང་ཚར་ནས་ནང་དུ་སླེབས་པ་ན་བཏང་རག་གི་མཆོད་པ་དང་། བཟོད་གསོལ་དང་། སྨོན་ལམ་བྱས་ནས་མདུན་གྱི་མགོན་པོ་དེ་བྲིས་སྐུ་སོགས་ཡོད་ན་དེ་ལ་བརྟན་བཞུགས་བྱ། མེད་ན་རང་གནས་སུ་གཤེགས་སུ་གསོལ་བཀྲ་ཤིས་བྱའོ། །དུས་གཏོར་ལ་ཡང་འཇུག་ཆོག་ཚུལ་འདི་ཉིད་དོ། །རྒྱུན་གཏོར་ཞེས་ཀྱང་བྱ། འཕྲལ་གཏོར་ཞེས་ཀྱང་བྱ་བ་འདི། གཏོར་ཆོག་དཀྱུས་མ་ཇི་ལྟ་བ་བཞིན་ཏེ། གཏོར་མ་ཕྱིར་བཏོན་ནས་སྐྱོང་བ་སོགས་མི་བྱེད། མཇུག་ཆོག་ཟིན་པ་དང་གཏོར་མ་བསྡུད་པ་ཡིན་ནོ། །གློ་བུར་ལས་བཅོལ་བའི་གཏོར་མ་ནི། ནད་པ་སོགས་ཀྱི་བར་ཆད་སེལ་བའི་ཆེད་ཡིན་ན། དུས་གཏོར་ཇི་ལྟ་བ་བཞིན་ལ། གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་ཀྱི་ཚེ་དེ་ཉིད་ཀྱི་མིང་ནས་སྨོས་ཏེ་ལས་འཆོལ་བ་ཡིན། དགྲ་ལ་སོགས་པའི་གནོད་པ་གློ་བུར་དུ་བྱུང་བ་ལ་བརྡེག་གཏོར་བྱེད་པ་ཡིན་ན། གཏོར་མ་བསྔོ་ཐེབས་གཅིག་ལས་མི་བྱེད་པ་ལགས་ཀྱང་གཏོར་ཆུང་བསྟབ་པ་ལ་སོགས་པའི་ཆོ་ག་དང་དམིགས་པ་དང་ཕྱིར་ཁྱེར་ནས་འཕེན་ཚུལ་སོགས་ཐམས་ཅད་གཏོར་ཆེན་གྱི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་བྱེད་པ་ཡིན་ནོ། །དུས་གཏོར་ནི་མཆོད་གཏོར་སྤྱན་གཟིགས་སོགས་ཤིན་ཏུ་བཟང་བ་གསར་པ་བཤམས་ནས། ཆོ་ག་གཏོར་ཆོག་དཀྱུས་མ་དང་འདྲ་བ་ལ། མཆོད་འབུལ་དང་། བསྟོད་བསྐུལ་དང་། གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་རྣམས་མཆོག་ཏུ་རྒྱས་པར་བྱ་སྟེ། གཏོར་མ་ཐོག་ཁར་བསྐྱངས་བ་དང་འཇུག་ཆོག་སོགས་གོང་དུ་བཤད་པ་ལྟར་བྱེད་པ་ཡིན་ནོ། །

༈ ད་ནི་གཏོར་སྒྲུབ་དང་གཏོར་ཆེན་གྱི་རྣམ་དབྱེ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་གཏོར་སྒྲུབ་དང་གཏོར་ཆེན་གྱི་མི་འདྲ་བའི་ཁྱད་པར་ཤེས་པ་གལ་ཆེ་སྟེ། དེ་ཡང་གཏོར་སྒྲུབ་ནི་གཙོ་བོར་དངོས་གྲུབ་སྒྲུབ་པ་དང་། བར་ཆད་སེལ་བའི་ཆེད་དུ་བྱེད། གཏོར་ཆེན་ནི་དགྲ་བགེགས་ལ་དྲག་ལས་བྱ་བ་དང་། རྦོད་གཏོང་བྱད་ཁ་ཟློག་པ་དང་། ནད་ཡམ་དྲག་པོ་བཅད་པ་ལ་སོགས་པའི་ཆེད་དུ་བྱེད་དེ། མདོར་ན་ཞི་རྒྱས་དབང་གསུམ་ལ་གཏོར་སྒྲུབ་བྱེད་ཅིང་། དྲག་པོ་ལ་གཏོར་ཆེན་བྱེད་པ་གཙོ་ཆེའོ། །དགོས་པ་མི་འདྲ་བ་དེ་ལྟ་བུ་ཡོད་པའི་རྒྱུ་མཚན་གྱིས་གཏོར་མའི་བཤམས་ཚུལ་མི་འདྲ། འབུལ་བའི་དམིགས་པ་མི་འདྲ། བཟླས་པའི་སྔགས་མི་འདྲ། ཕྲིན་ལས་བཅོལ་ཚུལ་སོགས་མི་འདྲ། མཐར་གཏོང་བའི་ཚུལ་མི་འདྲའོ།
།དེ་ལ་གཏོར་སྒྲུབ་བྱ་བའི་ཚུལ་ལ། དང་པོར་གནས་ཁང་སོགས་བརྒྱན་ཅིང་མཆོད་གཏོར་བཤམས་ཚུལ། དེ་ནས་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་བ། མཐར་གཏོར་མ་གཏོང་བ་དང་། རྗེས་ཆོག་ཇི་ལྟར་བྱ་བ་འོ།
།དང་པོ་ནི། གནས་ཁང་གཙང་ཞིང་དབེན་པར་དམ་པར་བཅད་དེ། སྔོན་དུ་ཕྱག་དར་བྱི་དོར་ལེགས་པར་བྱས་ཤིང་། ཡོལ་བ་བླ་བྲེ་སྤྱན་གཟིགས་ལ་སོགས་པ་ཅི་འབྱོར་བ་བཀོད་པ་ལེགས་པར་བཤམས། དྲི་བཟང་ལ་སོགས་པས་ལེགས་པར་བྱུགས་པའི་ས་ལ་ཁྲུ་གང་ཟླུམ་པོ་བསྐོར་ནས། དེའི་ནང་དུའང་ཟླུམ་བུ་གཉིས་པ་བསྐོར་བ་མུ་ཁྱུད་དང་། དེའི་ནང་དུ་གྲུ་གསུམ་མཐིང་ནག་རྩེ་མོ་ཕར་བསྟན་པ་མེ་རི་དང་བཅས་པའི་དབུས་སུ། གྲི་གུག་ཡུ་བ་ལ་ཧཱུྃ་མཐིང་ནག་གིས་མཚན་པ་དང་། ཟླུམ་པོའི་ཕྱི་རོལ་གྲུ་བཞིར་བཅད་པ་ཕྱོགས་མདོག དེའི་ཕྱི་རོལ་དུ་དུར་ཁྲོད་གཅིག་གིས་མཚན་ཉིད་ཚང་བར་བྲིས། ཟླུམ་པོར་ལྗང་གུ དེའི་མུ་ཁྱུད་སྔོན་པོར་བྱ། དེའི་རྒྱབ་ཏུ་ཞལ་རང་ལ་ཐད་དྲང་དུ་གཟིགས་པ་ལ་མགོན་པོའི་བྲིས་སྐུ་དགྲམ་མོ། །གཏོར་མའི་སྣོད་ཟངས་གཞོང་ལ་སོགས་པའི་གས་ཆག་བུག་པ་ལྷན་པ་སོགས་ཡེ་མེད་ཅིང་ཤིན་ཏུ་གཙང་བའི་ནང་དུ། ནས་ནག་བརྗེན་བཏགས་བྱས་པའི་དཔལ་བཤོས་ཁྲུ་གང་ལས་མི་ཆུང་བ་ལ། འཐེབ་ཀྱུ་བརྒྱ་རྩ་བརྒྱད་གྲངས་ཚང་པས་བསྐོར་ཏེ་སྣོད་ལས་ཕྱིར་མ་ཐལ་བར་ཁེངས་པར་དགང་། དེ་ཡང་བར་ཆད་སེལ་བ་དགོས་པའི་གཙོ་བོ་ཡིན་ན། འཐེབ་ཀྱུ་ཁ་ཕྱིར་བསྟན། ལོངས་སྤྱོད་སྤེལ་བ་དང་འགྲོ་བ་དབང་དུ་བསྡུད་པ་ལ་སོགས་པ་ཆེད་དུ་གཉེར་ནས། དེའི་དོན་དུ་དམིགས་པའི་གཏོར་སྒྲུབ་བྱེད་ན་འཐེབ་ཀྱུ་ཐམས་ཅད་ཁ་ནང་དུ་བསྟན། སྙིང་པོའམ་ཟླུམ་པོར་བྱ། གཏོར་མ་ལ་བདུད་རྩི་རིལ་བུ་ཆང་ལ་སྦྱར་བའི་ཁུ་བའི་ནང་དུ་བསྲེ་བ་གནད་ཆེ་བ་ཡིན། བར་ཆད་སེལ་བ་གཙོ་བོར་བྱེད་པའི་གཏོར་སྒྲུབ་ཡིན་ན། ནང་རྟེན་གྱི་མདའ་དར་ལ་གསང་རྟེན་གྱི་གྲི་སྙིང་སྔགས་ཅན་བཏགས་པ་གཙུགས། ལོངས་སྤྱོད་སྤེལ་བ་དང་དབང་བསྡུད་གཙོ་བོར་བྱེད་པའི་གཏོར་སྒྲུབ་ཡིན་ན། མདའ་དར་དམར་ནག་ལ་མེ་ལོང་གས་ཆག་མེད་པ། ནང་མཆོད་བྱིན་གྱིས་བརླབས་པ་བདུད་རྩི་རིལ་བུ་སྦྱར་བ་དང་ལི་ཁྲི་དང་། མཚལ་བཏུལ་མ་བསྲེས་པའི་དབུས་སུ་ཧྲཱིཿདང་དེའི་མཐའ་ལ་ཧྲཱིཿརིང་ཆ་ཚེག་སྒྲ་མ་ཆད་པར་བཅུ་གཉིས་ཀྱི་མགོ་ཕྱིར་བསྟན་ཅིང་ཁ་ནང་དུ་བསྟན་ཏེ་བསྐོར་བ་བྲིས་ནས་བཏགས་ཏེ་བཙུགས། ཚེ་དང་། ཆོས་དང་། བསོད་ནམས་རྒྱས་པའི་ཆེད་དུ་ཡིན་ན་གཏོར་སྣོད་ཀྱི་ནང་དུ་གུར་གུམ་དང་གྷི་ཝཾ་བསྲེས་པས་པདྨ་འདབ་བརྒྱད་ཚོ་བྲི། དེའི་ལྟེ་བ་ན་གཏོར་མའི་སྙིང་པོ་དང་ཟླུམ་པོ་དང་འདབ་མའི་སྟེང་ན་འཐེབ་ཀྱུ་ཁ་ཕྱིར་བསྟན་པས་བསྐོར། གཏོར་མ་ལ་རིན་ཆེན་དང་དྲི་བཟང་ལ་སོགས་པ་བསྲེ། གསེར་དངུལ་སོགས་རིན་པོ།ཆེ་དངོས་སམ། མེད་ན་རིན་པོ་བདར་ནས་བསྲེས་པའི་མར་ལ་རིན་པོ་ཆེ་དབང་རྒྱལ་ཟུར་བརྒྱད་པ་རྒྱན་ནས་གཏོར་མའི་རྩེ་ལ་གཟུག། མདའ་དར་དམར་སེར་ལ་མེ་ལོང་ནང་མཆོད་བདུད་རྩི་རིལ་བུར་གུར་གུམ་གྷི་ཝཾ་ལི་ཁྲི་སྦྱར་བས་ཧྲཱིཿབཅུ་གསུམ་སྔར་ལྟར་བྲིས་པ་བཏགས་ཏེ་བཙུགས། ཐམས་ཅད་ལ་ཡང་གཏོར་མ་མཉྫི་ཆེན་མོའི་ཁར་དཀྱིལ་འཁོར་གྱི་སྟེང་དུ་བཞག དེའི་གཡས་ཀྱི་གྲལ་མགོར་ཡི་དམ་གྱི་གཏོར་མ། གཡོན་གྱི་གྲལ་མགོར་ལྷ་མོའི་གཏོར་མ། དེའི་འོག་ཏུ་ཏྲཀྴད་ཀྱི་གཏོར་མ། ཡི་དམ་གྱི་འོག་ཏུ་ཛི་ན་མི་ཏྲའི་གཏོར་མ། དཀྱིལ་འཁོར་གྱི་རྒྱབ་ཏུ་ཊཀྐི་ར་ཛའི་གཏོར་མ། མདུན་དུ་ཀྵཻ་ཏྲ་པ་ལའི་གཏོར་མ་བཞག གཞན་ཡང་གཡས་གཡོན་གྱི་མཐའ་ལ་མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་གཏོར་མའང་བཤམས། གཏོར་སྒྲུབ་ཀྱི་སྐབས་སུ་བསྔོ་བ་སོགས་ཡེ་མི་ཉན། ལྷ་མོའི་གཏོར་མ་ལ། ཁ་ཅིག་གྲུ་གསུམ་སྙིང་གི་དབྱིབས་ལྟ་བུ་འཐེབ་ཀྱུས་བསྐོར་བ་བྱེད། ཁ་ཅིག་ཟན་གྱི་ཆང་བུ་ཆེན་པོ་གསུམ་མགོ་གྱེན་ལ་བསྟན་ནས་སླང་བའི་སྟེང་དུ་སླར་ཡང་དེ་འདྲ་བ་གསུམ་བརྩེགས་པའི་མཐའ་ཐེབས་དཀྱུས་བསྐོར་བ་བྱེད། རྗེ་བཙུན་ནམ་མཁའི་རྣལ་འབྱོར་པ་ནས་བརྒྱུད་པའི་ཕྱག་ལེན་འདི་ལ་ཐེབ་ཀྱུ་ཤིན་ཏུ་ཆེ་བ་བཅད་ཁམ་མདུན་བསྟན་པ་དྲུག་བརྩེགས། དེའི་སྟེང་དུ་ཐེབ་ཀྱུ་དེ་འདྲ་བ་གཅིག་བཅད་ཁ་མ་སྟེང་དུ་བསྟན། མཐེབ་རྫེས་མདུན་དུ་བསྟན་ཏེ་གྱེན་དུ་སླངས་ནས་བཙུགས། མཐའ་ཐེབ་ཀྱུས་བསྐོར་བ་མཛོད། འདིའི་ཐུན་མོང་མ་ཡིན་པའི་མན་ངག་ལྷ་མོ་ཕྱག་བཞི་མའི་སྒེར་སྒྲུབ་ཁྱད་པར་ཅན་ཡོད་པ་དེའི་ལུགས་གཏོར་མ་དཔལ་བཤོས་ཟུར་གསུམ་ཐེབ་ཀྱུས་བསྐོར་བར་བྱེད་པ་མན་ངག་ཐུན་མོང་མ་ཡིན་པའི་ལུགས་ལ་ཡོད། ཀྴཻ་ཏྲ་པཱ་ལ་ལ་གཏོར་མ་ཟུར་གསུམ་གསུམ་སྦྲམ་བྱེད་བྱ་བ་སྔོན་གྱི་ཡིག་རྙིང་ན་ཡོད་པ་དེའི་ལག་ལེན་དུ་བྱེད་ལུགས་ལ། ཁ་ཅིག་བཤོས་བུ་ཟུར་གསུམ་གསུམ་བཤིབས་ནས་མཐའ་ཐེབ་ཀྱུས་བསྐོར་བ་བྱེད། ཁ་གཅིག་བཤོས་བུ་ཟུར་གསུམ་གཅིག་གི་ལོགས་གསུམ་ལ་ཡང་ཟུར་རེ་སྟོན་ནས་བྱས་ཀྱང་བླ་མའི་ཕྱག་ལེན་ལ་ཟན་གྲུ་གསུམ་གསུམ་གཅིག་སྟེང་དུ་གཅིག་བརྩེགས་པ་བང་རིམ་ལྟ་བུའི་རིམ་པ་ཡོད་པ་ལ། གཏོར་མ་སྤྱི་འགྲོ་ལ་དེའི་ཐོག་ཏུ་བཤོས་བུ་ཟུར་གསུམ་ཆུང་ངེ་བ་གཅིག་བཞག མཐའ་ཐེབ་ཀྱུ་བང་རིམ་མ་ནུབ་ཙམ་བསྐོར་བ་བྱེད། བསྐང་གསོ་གཙོ་བོར་བྱེད་ན་བར་རིམ་རྣམས་ལ་རིན་པོ་ཆེ་དང་། དོམ་དང་ཁྱི་ནག ལུག་ནག་གི་གཟུགས་དགོད། གཏོར་ཆེན་གྱི་དུས་དང་དྲག་ལས་གཙོ་བོར་བྱེད་ན་སྟེང་དུ་བཤོས་བུས་དོང་ལ་མིའི་སྙིང་དངོས་སམ་གཟུགས་ཁྲག་གིས་སྦགས་པ་དགོད། གནོད་སྦྱིན་གཞན་གསུམ་ལ་བཤོས་བུ་ཟུར་གསུམ་རྩེ་མོ་གཡས་ཕྱོགས་སུ་ཅུང་ཟད་བཅུས་པ་རེ་བྱེད། དེང་སང་ཐམས་ཅད་ལ་ཟླུམ་གཏོར་དང་དྲང་དགའ་བ་རེ་བྱེད་ནས་བརྒྱན་བཀོད་པ་སོགས་རང་རང་གི་སྣང་བ་ལ་གང་དྲན་མ་གཏོགས་བླ་མ་གོང་མའི་ཕྱག་ལེན་དང་མན་ངག་རྣ་བས་ཚོར་བ་ཆེར་མི་གདའོ།
།དེ་ལྟར་གཏོར་མ་བཤམས་པའི་མདུན་དུ་ཁྲག་གི་ཨཱརྒྷཾ། དབང་པོའི་མེ་ཏོག མགོན་པོའི་སྤོས་སྦྱོར། ཚིལ་ཆེན་གྱི་མར་མེ། དུག་ཁྲག་གི་དྲི་ཆབ། བཤོས་བུ་དམར་ནག་གི་ཤ་ཆེན་གྱིས་བརྒྱན་པའི་ཞལ་ཟས། ཐོད་པའི་ཅང་ཏེའུ། མི་རྐང་གི་གླིང་བུ། རྔ་བོ་ཆེ་དང་ཀཱ་པཱ་ལ་ལ་སོགས་པའི་མཆོད་རྫས་རྣམས་བཤམས། གཏོར་སྒྲུབ་ལ་ནི་ཁྱད་པར་དུ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་པ་གལ་ཆེ་ཞིང་མེད་མི་རུང་ཡིན་ན། གཏོར་ཆུང་བྱེད་ལུགས་མི་འདྲ་བ་མང་སྟེ། ཁ་ཅིག་གཏོར་མ་ཆེ་བའི་མདུན་དུ་གཏོར་མ་ཆུང་བའང་དཔལ་བཤོས་ཟུར་གསུམ་ཐེབ་ཀྱུས་བསྐོར་བ་གཅིག་བཞག་ནས། གཏོར་མ་ཆེ་བ་ལྷར་བསྐྱེད། ཆུང་བ་གཏོར་མ་བྱིན་རླབས་བྱས་པ་འབུལ་བ་ན། གཏོར་མ་ཆུང་བ་དེ་ལག་ཏུ་བཟུང་ནས་བྱེད་དེ་ཐུན་དྲུག་ཏུ་དགོས། གཏོར་མ་ཆེ་བའི་སྣོད་དུ་མི་བླུག། ཐོན་ཁར་གཏོར་མ་ཆེ་བའི་ལྷ་བཏེགས་ནས་ཆེ་བ་རང་ཡང་གཏོར་མ་བྱིན་རླབས་བྱས་ཏེ་ཕུལ་ནས་དངོས་གྲུབ་ཏུ་ལེན། ཆུང་བ་དེ་བརྡེག་གཏོར་དུ་བྱེད་པའི་ལུགས་ཡོད། ཁ་ཅིག་ཐེབ་ཀྱུ་མང་པོ་ཞིག་སྙིང་པོ་མེད་པར་སྣོད་དུ་སྤུངས་པ་བྱིན་རླབས་བྱེད། འབུལ་རན་པ་ན་གཏོར་སྔགས་ཚར་རེ་བརྗོད་པ་དང་གཏོར་ཆུང་གི་འཐེབ་ཀྱུ་རེས་གཏོར་མ་ཆེ་བ་གསོ་བ་མཉམ་དུ་བྱེད། དེ་མིན་པས་གཏོར་མ་ཆེ་བ་མི་གསོ། མཐར་ཐོན་ཁར་གཏོར་ཆུང་བཏབ་ཟིན་མ་ཐག་སླར་ཡང་གཏོར་མ་ཆེ་བ་གསོས་ནས་སྦྱངས་ནས། ལྷ་བཏེག བྱིན་རླབས་བྱས་ནས་འབུལ། དེ་དངོས་གྲུབ་ཏུ་ལེན། གཏོར་སྒྲུབ་ཀྱི་གཏོར་མ་ཆེ་བ་སྣོད་གཏོར་དུ་བྱེད་པའི་ལུགས་སུ་ཡང་མེད་དོ། །ཡང་ཁ་ཅིག་གཏོར་སྡེར་ལྔའི་ནང་དུ་རེ་རེ་འཐེབ་ཀྱུ་གསུམ་གསུམ་བཤམས། གཏོར་མ་ཆེ་བ་ལྷར་བསྐྱེད། གཏོར་ཆུང་རྣམས་བྱིན་གྱིས་བརླབས་ནས་གཏོར་ཆུང་དང་པོ་བླ་མ་ལ། གཉིས་པ་ཡི་དམ་ལ། གསུམ་པ་མགོན་པོ་ལ། བཞི་པ་ལྷ་མོ་ལ། ལྔ་པ་གནོད་སྦྱིན་ལ་འབུལ་ཞིང་ཐམས་ཅད་གཏོར་མ་ཆེ་བའི་སྣོད་ཀྱི་ནང་དུ་བླུགས་སོ། །བདག་གི་བླ་མ་དམ་པ་མང་པོ་ཞིག་ལས་ཆོས་འདིའི་སྐོར་གྱི་གདམས་པ་མནོས་ཤིང་ཕྱག་ལེན་བཙལ་བ་ལས། བླ་མ་འགའ་ཞིག་སོ་སོ་གོང་དུ་བརྗོད་པའི་ཕྱག་ལེན་དེ་དག་སོ་སོ་ལ་ཕྱག་བཞེས་མཛད་པ་སྣང་མོད། འོན་ཀྱང་རྗེ་བཙུན་མུས་པ་ནམ་མཁའི་རྣལ་འབྱོར་པ་ཉིད་ཀྱི་ཞལ་སྔ་ནས་ཕྱག་བཞེས་མཛད་པ་ཉིད་རྣམ་པར་དག་པར་མཐོང་བས་འདིར་དེའི་མན་ངག་ཞིབ་པར་བརྗོད་ན། ཁྱུང་པོའི་གསུང་གིས་ཟིན་རིས་ཀྱི་ཡི་གེ་རྙིང་པ་མང་པོ་ལས་ཐུན་དྲུག་ཏུ་གཏོར་མ་འབུལ་བའི་ཐུན་རེ་རེ་ལ་ཡང་གཏོར་ཆུང་ཉི་ཤུ་རྩ་གཅིག་རེ་འབུལ་ཞེས་བྱུང་བའི་ལག་ལེན་འདི་ལྟར་བྱེད་པ་ཡིན་གསུངས་ནས། གཏོར་སྡེར་ལྔའི་ནང་དུ་གཏོར་སྡེར་དང་པོར་འཐེབ་ཀྱུ་གསུམ་བཅད་ཁ་མ་ཕྱིར་བསྟན། ལྟག་པ་གསུམ་སྤྲད་ནས་གྲུ་གསུམ་གྱི་རྣམ་པར་བཞག དེ་དག་གི་སྟེང་གི་དབུས་སུ་འཐེབ་ཀྱུ་གཅིག་གདན་ཐབས་སུ་བཞག དེའི་སྟེང་དུ་གཅིག་བཅད་ཁ་མ་སྟེང་དུ་བསྟན། འཐེབ་རྫེས་མདུན་དུ་བསྟན་ནས་གྱེན་དུ་སླང་སྟེ་བཙུགས། གཏོར་སྡེར་བཞི་ལ་ཡང་གདན་ཐབས་ཀྱི་ཐེབས་ཀྱུ་གཅིག་པོ་མེད་པ་མ་གཏོགས་གཞན་སྔར་ཇི་བཞིན་དུ་བཤམས་པའི་བཤམ་ཐེབ་གཅིག་ལ་ཐེབ་ཀྱུ་ཉི་ཤུ་རྩ་གཅིག་ཚང་བ་རེ་འོང་བ་ཡིན། གཏོར་མ་ཆེ་ཆུང་ཐམས་ཅད་ཆང་ཆུ་ནང་མཆོད་ཀྱི་རིམ་པ་བཞིན་བྲན། ཐུན་རེ་རེ་ལ་གཏོར་མ་ཆེ་བ་དང་འཁོར་གྱི་གཏོར་མ་རྣམས་ཀྱང་གསོ། ཐེབས་རེ་དང་སྦྱོར། ཐེབས་རེ་བྱེད།
གཉིས་པ་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ་བའི་རིམ་པ་ནི། ཐོག་མར་ཡི་དམ་གྱི་བསྒོམ་བཟླས། དེ་ནས་མགོན་པོའི་མཆོད་རྫས་སྤྱན་གཟིགས་རྣམས་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབས་ཤིང་རོལ་མོ་དང་གུ་གུལ་གྱི་དུད་པ་སོགས་ཤིན་ཏུ་ཆེ་ཞིང་རྒྱུན་རིང་བས་བྱིན་དབབ། དེ་ནས་མགོན་པོ་འཁོར་བཅས་ཀྱི་མངོན་རྟོགས་རྒྱས་པར་བསྒོམས་ནས་སྤོས་སྦྱོར་སྲེག་སྟེ་རིག་པ་གདེངས་དང་ལྡན་པས་ཐོད་རྔ་སོགས་ཀྱི་སྒྲ་དང་བཅས་པས་སྤྱན་འདྲེན་རྒྱས་པ། ཕྱག་འཚལ། ཕྱི་ནང་གི་མཆོད་པ་རྣམས་རྒྱས་པར་བྱ། དེ་ནས་གསོལ་འདེབས་ཤུགས་དྲགས་ལ་རྒྱུན་རིང་བ་བྱ་ཞིང་རོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་པ་ལེགས་པར་ཕབ། དེ་ཡང་གཏོར་སྒྲུབ་ལ་མོས་གུས་དང་གསོལ་འདེབས་བསྐང་བཤགས་གདུང་ཤུགས་ཆེ་ལ་རྒྱུན་རིང་བ། གཏོར་ཆེན་ལ་ང་རྒྱལ་བརྟན་ཞིང་ཞེ་སྡང་དྲག་ལ་མ་གཡེངས་ཤིང་ངར་ཆེ་བ་གལ་ཆེ། གང་ལ་ཡང་ཐོག་བབས་པ་འདྲ་བ་གཅིག་དགོས། སྤྱོད་དཀའ་མེད་པ་འདྲ་བ་བྱས་པས་མི་འོང་། སྐོང་དུ་བླུག་པ་དང་ཁྱད་ཅི་ཡོད། ཅེས་གསུངས་སོ།
།དེ་ནས་ཡི་གེ་བརྒྱ་པ་མང་དུ་བཏོན་པའི་དམིགས་པ་དང་བཅས་པས་དབྱངས་དང་བཅས་པའམ། མེད་ཀྱང་ངག་དལ་ཞིང་བློ་གདུང་ཤུགས་དྲག་པོ་བྱ། དེ་ནས་སྐོང་བ་རྒྱས་པར་བྱེད། དེ་ནས་བཟླས་པ་བྱེད་པ་ལ། དབང་དུ་བསྡུ་བའི་ཕྱིར་གཏོར་སྒྲུབ་བྱེད་པ་ཡིན་ན། གཏོར་མ་ཆེ་བའི་མདའ་དར་མེ་ལོང་དང་བཅས་པའི་མདའི་མགུལ་པ་དང་མདུན་གྱི་བྲིས་སྐུ་གཉིས་ཀ་གཟུངས་ཐག་གིས་སྦྲེལ་ཏེ། དེའི་སྣེ་མོ་ནས་སྔགས་ཐུན་བྱེད་པ་རྣམས་ཀྱིས་བཟུང་ནས། ན་ར་ཀྲིཾ་ཀྲིཾ་ཁོ་ནས་བཟླས་པ་དང་དམིགས་པ་བྱ། རྒྱས་པའི་ཕྱིར་དུ་ཡིན་ནའང་གཟུངས་ཐག་སྔར་ལྟར་བྱས་ནས། དམིགས་པ་མགོན་པོའི་སྤྱི་བོར་བླ་མ་སྐུ་མདོག་སེར་པོ་རིན་པོ་ཆེ་དབང་རྒྱལ་བསྣམས་པ་དང་། བླ་མ་མགོན་པོ་གཉིས་ཀའི་སྐུའི་འོད་ཟེར་སེར་པོ་དང་། མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟེང་གི་མཁའ་འགྲོ་མ་བཅུ་གསུམ་སྐུ་མདོག་སེར་མོ། འོད་ཟེར་སེར་པོ་འཕྲོ་བར་བསྒོམ་སྟེ། བླ་མ་དང་། མགོན་པོ་དང་། མཁའ་འགྲོ་མ་རྣམས་ཀྱི་སྐུའི་འོད་ཟེར་གྱིས་བདག་དང་། གང་གི་ཆེད་དུ་དམིགས་པའི་གང་ཟག་དེ་དག་དང་། དགེ་འདུན་དང་། རང་གི་གནས་མལ་དང་དགེ་འདུན་གྱི་གནས་མལ་དང་། འཁྱམས་དང་། གཙུག་ལག་ཁང་ལ་སོགས་པའི་ཐམས་ཅད་འོད་ཀྱིས་ཕྱི་ནང་མ་ལུས་པར་ཁྱབ་སྟེ། གསེར་བཙོ་མ་དྲི་མ་མེད་པ་ལྟ་བུར་གྱུར་ཏེ། ཚེ་དང་། བསོད་ནམས་དང་། ལོངས་སྤྱོད་དང་། དབང་ཐང་དང་། ཆོས་ལ་སོགས་པ་རྒྱས་པར་བྱས་པར་བསྒོམས་ལ། སྔགས་ན་ར་ཀྲིཾ་ཀྲིཾ་དང་། སྙིང་པོའི་སྔགས་ལ་རྒྱས་པའི་སྤེལ་ཚིག་སྦྱར་བའི་བཟླས་པ་ཕྱེད་མར་བྱ་ཞིང་། སྔགས་ཐུན་ཡང་དེ་བཞིན་ཏེ། དཔེར་ན་མི་བཞི་བཞིས་དུས་རེ་ལ་སྔགས་བཟླ་བའི་ཐུན་བྱེད་ན་གཉིས་ཀྱིས་ན་ར་ཀྲིཾ་ཀྲིཾ་དང་། གཉིས་ཀྱིས་སྙིང་པོ་ཟླ་བ་ལྟ་བུའོ། །སྙིང་པོའི་སྔགས་ལ་སྤེལ་ཚིག་སྦྱོར་ཚུལ་ནི། བསོད་ནམས་རྒྱས་པར་འདོད་ན། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲིཾ་ཏ་བིགྷ་ནམ་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་མ་མ་ཨ་ཡུ་པུཥྱེ་པུཥྚཾ་ཀུ་རུ་སྭཱ་ཧཱཿཅེས་པ་དང་། ཚེ་དང་བསོད་ནམས་གཉིས་ཀ་རྒྱས་པར་འདོད་ན། མ་མ་ཨ་ཡུ་པུཥྱེ་པུཥྚཾ་ཅེས་པ་དང་། ཆོས་རྒྱས་པར་འདོད་ན་དྷརྨ་པུཥྚཾ་ཅེས་སྦྱར་ལ། གཞན་དོན་དུ་བྱེད་ན། མ་མའི་དོད་ལ་ཆྒཻ ཨོཾ་མོ་སྦྱར་བར་བྱའོ། །དགྲ་བགེགས་ཀྱི་བར་ཆད་བཟློག་པའི་ཕྱིར་དུ་བྱེད་ན། མགོན་པོ་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པ་ཐུན་རེ་ལ་ཐེབས་རེ་བྱེད། དེ་ནས་གཙོ་བོར་སྙིང་པོ་སྔགས་ཐུང་དང་། རྩ་སྔགས་ཤ་ས་ན་ཅུང་ཟད་མང་བར་བཟླས་པའི་དམིགས་པ་གཏོར་ཆོག་དཀྱུས་ན་ཡོད་པ་ལྟར་ལ། སྐབས་སྐབས་སུ་སྔགས་ཕྲེང་ལས་མེ་ལྕེ་དཔག་ཏུ་མེད་པ་འཕྲོས་པའི་ནང་ནས་གྲི་གུག་ལ་སོགས་པ་དཔག་ཏུ་མེད་པ་མེ་འདག་འཐོར་བ་ལྟར་འཕྲོས་ཏེ་དགྲ་བགེགས་ཐམས་ཅད་བཅད་ཅིང་བཏུབ་ནས་མེས་བསྲེག་སྟེ་ཐལ་བ་ཙམ་ཡང་མ་ལུས་པར་བྱས་པར་བསམས་པ་ཡང་ཡང་བྱའོ། །དེ་ཡང་འདིའི་སྐབས་སུ་འོད་ཟེར་དམར་པོ་འཕྲོ་བ་ཐམས་ཅད་མེ་ལྕེ་དྲག་ལ་རྩུབ་པ་འཁྱིལ་ཞིང་ཆད་ལ་འབར་བའི་རྣམ་པ་ཅན་དུ་བསྒོམ་པ་ཡིན། ན་ར་ཀྲིཾ་ཀྲིཾ་བཟླས་པའི་ཚེ། བླ་མ་དང་། མཁའ་འགྲོ་དང་། མགོན་པོའི་སྐུ་ལས་འཕྲོས་པའི་འོད་ཐམས་ཅད་མེ་ལྕེ་ལྟ་བུ་མ་ཡིན་པའི་འོད་དམར་སྨུག་འཕྲོས་པས། གང་དབང་དུ་བྱ་བའི་ལྷ་མི་ལ་སོགས་ཐམས་ཅད་ལ་འོད་དེས་ཁྱབ་སྟེ། དེ་དག་ཐམས་ཅད་ཀྱི་ལུས་འོད་ཀྱི་དམར་ལམ་ལམ་སོང་བ་དང་། སེམས་བདག་གི་གང་ལ་ཆགས་པའི་སེམས་དུང་དུང་སྐྱེས་པར་བསམ་པ་དང་། འོད་དེ་དག་གི་རྩེ་མོ་ཐམས་ཅད་ལྕགས་ཀྱུ་ལྟར་གྱུར་པས་སེམས་ཅན་དེ་དག་གི་སྙིང་དང་སྐྱེ་གནས་ནས་ཕུག་སྟེ་རང་དབང་མེད་པར་དྲངས་ནས་བདག་གི་རྐང་པའི་དྲུང་དུའམ་བླ་མ་ལྟ་བུ་རྐང་པའི་དྲུང་དུ་དྲན་པ་ཉམས་ཤིང་འགྱེལ་བར་བསམ་པ་དང་། སྐབས་སྐབས་སུ་བླ་མ་མཁའ་འགྲོ་བཅུ་གསུམ་མགོན་པོ་མཁོར་དང་བཅས་པའི་ཌཱ་མ་རུས་སྒྲ་དྲག་ཏུ་མཛད་ཅིང་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པས། གནས་གསུམ་གྱི་མཁའ་འགྲོ་དང་། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དཔའ་མོ་ཐམས་ཅད་རང་དབང་མེད་པར་ནམ་མཁའ་ལ་སྤྲིན་ལྟར་འདུས་ཏེ་དངོས་གྲུབ་དང་དགོས་འདོད་ཐམས་ཅད་ཆར་བཞིན་ཕབ་པར་བསམ་པ་ཡང་ཡང་བྱེད། ཕྱི་མ་འདི་རྒྱས་པའི་སྐབས་སུ་ཡང་བྱེད་པ་ལ་འོད་ཟེར་སེར་པོ་བསྒོམ་པ་དང་དམར་སྨུག་ཏུ་བསྒོམ་པ་ཁྱད་པར་ཡིན་ནོ། །དབང་གི་སྐབས་སུ་ཡང་མགོན་པོ་འཁོར་བཅས་ཀྱང་ཅུང་ཟད་ཁྲོ་ཆགས་ཀྱི་ཉམས་དང་ལྡན་པ་དང་། རྒྱས་པའི་སྐབས་སུ་མགོན་པོ་འཁོར་བཅས་ཤིན་ཏུ་དགྱེས་པའི་ཉམས་དང་ལྡན་པ་འཛུམ་ཁྲོའི་རྣམ་པ་ཅན་དུ་བསྒོམ་པ་ཡིན་ནོ།
།དེ་ཡང་མགོན་པོ་ཐུགས་བསྐྱེད་ཚུལ་མཻ་ཏྲི་པས་གསུང་། ཁྱུང་པོས་ཡི་གེར་བཀོད་པ་རྩོད་པ་མེད་པའི་ལུགས་ལས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཚོན་པའི་འདི་ཉིད་ཀྱིས་ཕྲིན་ལས་ནུས་པ་དང་ལྡན་པར་བྱའོ། །ཞེས་བྱ་བའི་མན་ངག་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པ་འདི་ལ་ཟེར་བ་ཡིན། ཡང་དེ་ཉིད་ལས། གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་ཅན་རྣམས་ཀྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱི་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །ཞེས་བྱ་བའི་མན་ངག་ནི། དཔྲལ་བའི་སིནྡྷུ་རའི་སྟེང་གི་མཁའ་འགྲོ་མ་ལ་བརྟེན་ནས་དབང་དུ་བསྡུ་བའི་དམིགས་པ་ན་ར་ཀྲིཾ་ཀྲིཾ་བཟླས་པ་དང་བཅས་པ་དང་། ཡང་དེ་ཉིད་ཀྱི་སྒོ་ནས་རྒྱས་པའི་ལས་བསྒྲུབ་པའི་དམིགས་པ་དང་བཟླས་པ་སོགས་ཀྱི་མན་ངག་གི་ཞལ་ཤེས་ཐུན་མོང་མ་ཡིན་པ་ཡི་གེར་བཀོད་པ་འདི་དག་ཡིན་ཞིང་སྙིང་ལ་བཅང་པར་དམ་དུ་འཆང་བའི་མན་ངག་མེད་དུ་མི་རུང་བ་འདི་དག་ཡིན་པས་ཁོང་སྙིང་མེད་པའི་བླུན་པོའི་བློས་བྱས་ཀྱིས་ཡིག་སྣ་མང་པོ་ལ་མཆོག་ཏུ་བཟུང་སྟེ། དགོས་པ་གང་ཡང་སྒྲུབ་པར་མི་ནུས་པའི་ཟོག་ཆོས་ཀྱི་རང་གཞན་བསླུ་བར་མ་བྱེད་ཅིག བླ་མའི་སྐུའི་འོད་ཟེར་དམར་སྨུག་མགོན་པོར་སྐུ་ལ་ཕོག་པས་མགོན་པོའི་སྐུ་མདོག་ནག་ལ་དམར་བའི་མདངས་ཆགས་པར་གྱུར་པ་འདི་ལ་མགོན་པོ་མཆིན་ཁ་ཟེར་བ་ཡིན་པས། འདི་ལས་ཟབ་པའི་མཆིན་ཁའི་མན་ངག་ཅུང་ཟད་ཀྱང་མེད་དོ། །དེས་ན་རྣམ་གྲངས་མང་བ་ལ་དགའ་བར་མ་བྱེད་ཅིག རྨི་ལམ་དང་ལྟས་ངན་པ་བཟློག་པ་དང་། ནད་པ་དང་མི་ཁ་སོགས་བཟློག་པའི་གཏོར་སྒྲུབ་བྱེད་པ་ཡིན་ན་ཡང་། བཟླས་པའི་དམིགས་པ་དང་བཟླས་པ་གང་ལ་བྱ་བ་སོགས་གོང་དུ་བར་ཆད་བཟློག་པའི་སྐབས་སུ་བཤད་པ་དང་འདྲའོ། །དེ་ལྟར་བཟླས་པ་བྱས་པ་སྔགས་ཀྱི་ཐུན་ལ་ཡོད་པ་མ་ཡིན་པ་དག་གིས་གཏོར་མ་འབུལ་བར་བྱ་སྟེ། དེ་ཡང་གཏོར་མ་ཆེན་པོ་ནི་གོང་དུ་ལྷ་བསྐྱེད་པའི་སྔ་རོལ་དུ་བྱིན་གྱིས་བརླབས་ཟིན་པས་འདིར་སྔོན་ལ་ཡི་དམ་གྱི་གཏོར་མ་བྱིན་གྱིས་བརླབས་ནས་དབུལ། དེ་རྗེས་གཏོར་ཆུང་རྣམས་དང་འཁོར་གྱི་སྒེར་གཏོར་རྣམས་དུས་གཅིག་ཏུ་བྱིན་གྱིས་བརླབ་པ་ལ། ཚུལ་ཇི་ལྟར་བྱིན་གྱིས་རློབ་པའི་ཆོ་ག་གཏོར་ཆོག་གི་དཀྱུས་ན་ཡོད་པ་ལྟར་བྱ། དེ་ནས་གཏོར་ཆུང་དང་པོ་ལག་ཏུ་བཟུང་ནས་སྟེང་དུ་འཕྱར། གཏོར་ཆུང་གི་ཁ་མགོན་པོ་བསྐྱེད་ཕྱོགས་ལ་བསྟན་ཏེ་བཟུང་ནས་རིག་པ་ལེགས་པར་བསྒྲིམས། དམིགས་པ་གསལ་བཏབ་བློ་ཤུགས་དྲག་ལ་ཏབ་ཏོབ་ཏུ་མ་སོང་བ་བྱས་ནས། མ་གཡེལ་གཅིག་ཚར་གཅིག་བྱས། དེ་ནས་ཧཱུྃ་ལན་དྲུག་བརྗོད་པ་ལ་ཧཱུྃ་དང་པོ་བརྗོད་པས་གཏོར་ཆུང་རྣམས་ཀྱིས་སྟེང་དུ་ཧཱུྃ་རེ་རེ་བསམ། ཧཱུྃ་གཉིས་པ་བརྗོད་པས། གཏོར་མའི་སྟེང་གི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་ནས། རྒྱས་པ་དང་དབང་གི་སྐབས་སུ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱང་ཆུབ་སེམས་ཀྱིས་བདུད་རྩི་བཀུག་སྟེ་གཏོར་མ་ལ་ཐིམ་པར་བསམ། གདོན་བགེགས་དགྲ་བོ་ལ་སོགས་པའི་བར་ཆད་བཟློག་པའི་ཆད་དུ་ཡིན་ན། འོད་ཟེར་གྱི་ལྕགས་ཀྱུས་དགྲ་བགེགས་བར་ཆད་བཀུག་ནས་གཏོར་མ་ལ་བཅུག་པས་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩིར་བསམ། རྨི་ལམ་ངན་པ་མི་ཁ་སོགས་དང་། ནད་ལ་སོགས་པ་ནི་གང་ལ་ཡོད་པའི་ཕྱོགས་ནས་ཁ་དོག་སྔོ་དམར་གྱི་རྣམ་པར་བཀུགས་ཏེ་གཏོར་མ་ལ་ཐིམ་པས། གཏོར་མ་ཡང་ཁ་དོག་སྔོ་དམར་ཤིགས་སེ་འདུག་པར་བསམ། རྨི་ལམ་ངན་པ་རྣམ་པ་ཇི་ལྟ་བུ་རྨི་བ་དེ་བཀུག་ནས་གཏོར་མ་ལ་ཐིམ་པས་བདུད་རྩི་དང་དབྱེར་མེད་དུ་གྱུར་པར་བསམ་ལ། སླར་ཡང་ཧཱུྃ་གསུམ་པ་བརྗོད་པས། མགོན་པོ་འཁོར་བཅས་ཀྱིས་ལྗགས་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས། གཏོར་མ་ལ་འོད་ཀྱི་སྦུ་གུ་ཟུག་པར་བསམ། དེ་ནས་ཧཱུྃ་གསུམ་བརྗོད་པས། མགོན་པོ་འཁོར་བཅས་ཀྱིས་སྦུ་གུ་ནས་རྔུབ་སྟེ་སིབ་སིབ་གསོལ་བར་བསམ་ལ། གཏོར་ཆུང་རྣམས་རིམ་པས་གཏོར་མ་ཆེ་བའི་ནང་དུ་བླུགས་ཤིང་། སྔགས་ཐུང་ལ་བ་ལིཾ་ཏ་བཏགས་པ་ལན་བདུན་དང་། ཤ་ས་ན་ལ་བ་ལིཾ་བར་དུ་བཅུག་པ་ལན་བདུན་བརྗོད། དེ་ནས་སྒེར་གཏོར་རྣམས་རང་རང་གི་གསོལ་བར་བསམ་ལ། ལྷ་མོ་དང་གནོད་སྦྱིན་བཞིའི་རང་རང་གི་གཏོར་སྔགས་རིམ་པས་བརྗོད། དེ་ནས་གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་རྒྱས་པར་བྱས་ནས། བར་ཆད་དང་མི་མཐུན་པ་སེལ་བའི་གཏོར་སྒྲུབ་ཡིན་ན། དགྲ་བགེགས་ཚར་གཅོད་པ་དང་བར་ཆད་བཟློག་པའི་འཕྲིན་ལས་བཅོལ་ཞིང་ཐལ་མོ་བརྡབ། རྒྱས་པ་དང་དབང་གི་ཡིན་ན། ཐལ་མོ་མི་བརྡབ་པར་ཐལ་མོ་སྦྱར་ནས་འདོད་དོན་ཞུ་ཞིང་། ཚེ་དང་བསོད་ནམས་དང་ཆོས་དང་ལོངས་སྤྱོད་རྒྱས་པ་དང་། འགྲོ་བ་དབང་དུ་འདུས་པ་ལ་སོགས་པའི་འཕྲིན་ལས་བཅོལ་བར་བྱའོ། །ཐལ་མོ་བརྡབ་པའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་གིས་འོད་ཟེར་ལྕགས་ཀྱུ་ལྟ་བུས་གནོད་བྱེད་ཐམས་ཅད་སྐད་ཅིག་ལ་དྲངས་ཏེ། རང་གི་ལག་མཐིལ་གཅིག་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པའམ། རྩིབས་སྟོང་པ་རེ་རེར་གྱུར་པའི་བར་དུ་བཅུག་ནས་བརྡབ་པས་རྡུལ་ཕྲན་བཞིན་དུ་བརླགས་པར་བྱས་ནས་ཤ་ཁྲག་རུས་པ་རྣམས་མགོན་པོ་འཁོར་བཅས་ཀྱི་ལྷགས་མ་མེད་པར་བཞེས་པར་བསམ་མོ།
།དེ་ནས་བསྟོད་བསྐུལ་རྣམས་རྒྱས་པར་བྱ་ཞིང་བླ་མ་མགོན་པོ་དབྱེར་མེད་ལ་ཞེས་སོགས་ཀྱི་ཚིག་དང་ལན་བདུན་ནམ་ཉེར་གཅིག་ལ་སོགས་པ་གུས་པ་དྲག་པོས་རྩེ་གཅིག་པས་བརྗོད་པར་བྱའོ། །དེ་ལྟར་ཉིན་ཞག་རེ་ལ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ཐུན་དྲུག་ཏུ་མགོན་པོ་འཁོར་བཅས་བསྐྱེད་པ་ནས་བསྟོད་བསྐུལ་སོགས་རྫོགས་པའི་བར་ཚར་རེ་བྱ་ཞིང་ཆོ་ག་དང་པོ་རང་གི་བཟླས་པ་ཚུགས་ནས་གཏོར་སྒྲུབ་ཞག་ཇི་ཙམ་བྱེད་པའི་ཞག་གྲངས་རྫོགས་པའི་ཐུན་ཐ་མ་ལ་གཏོར་མ་མ་འབུལ་བར་དུ་སྔགས་ཐུན་སྐད་ཅིག་ཀྱང་བར་མ་ཆད་ཅིང་ངག་མ་ཤོར་བར་བྱས་ལ། ཞག་གྲངས་རྫོགས་པའི་ཐུན་ཐ་མའི་གཏོར་མ་འབུལ་བ་ན། གཏོར་མ་ཆེ་བའི་མགོན་པོ་སྟེང་གི་ནམ་མཁའ་ལ་བཏེག་ནས། གཏོར་མ་ཆེ་ཆུང་གཉིས་ཀ་དུས་གཅིག་ཏུ་མདུན་གྱི་ནམ་མཁའ་ལ་བཞུགས་པའི་མགོན་པོ་དེ་ལ་འབུལ་བར་བྱའོ།
།དེ་ནས་རྗེས་ཆོག་ནི། གཏོར་སྒྲུབ་ཀྱི་གཏོར་མ་ཆེ་བ་ཕྱིར་བཏོན་ན་དངོས་གྲུབ་ཡལ་བས་གཏན་ནས་ཁྱེར་མི་ཉན་ཅིང་། གཏོར་མ་ཆེ་བ་ལ་གཏོར་ཆུང་བཏབ་པའི་གཏོར་ཆུང་གི་ཐེབ་ཀྱུ་ནས་ལྷ་མོ་དང་གནོད་སྦྱིན་བཞིའི་གཏོར་མ་ལ་ཅུང་ཟད་རེ་བཞག་ནས། ཡི་དམ་དང་གཏོར་མ་ཆེ་བ་མ་གཏོགས་གཞན་རྣམས་ཐོག་ཁར་ཁྱེར་ནས་ཤར་ལྷོའི་ཕྱོགས་སུ་ཁ་བསྟན་ཏེ་བསྒྲིགས། གཏོར་མ་རྣམས་ལ་ནང་མཆོད་ཀྱི་བྲན། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས། ཤར་ལྷོ་ནས་བསིལ་བའི་ཚལ་གྱིས་དུར་ཁྲོད་ནས་མགོན་པོ་འཁོར་བཅས་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པས་བྱོན་ཏེ་ནམ་མཁའ་ལ་ཞལ་ཚུར་གཟིགས་ཏེ་བཞུགས་ནས་གཏོར་མ་བཞེས་པར་བསམ་ལ། སྤྱི་བསྟབ་བྱ་ཞིང་དབུལ། རྒྱས་པ་དབང་གི་གཏོར་སྒྲུབ་ཡིན་ན་སྤྱི་བསྟབ་ཟིན་ནས་མགོན་པོ་འཁོར་བཅས་ནམ་མཁའ་ལ་བཞུགས་པ་དེ་དག་རང་གནས་སུ་གཤེགས་པར་བསམ་ལ། གཏོར་མ་རྣམས་ཀྱི་རྩེ་མོ་ནས་ནམ་མཁའ་ལ་གཏོར་ཏེ། ལྷག་མ་དེ་མ་ཐག་ནང་དུ་བསྡུ་བར་བྱའོ། །དགྲ་བགེགས་ཀྱི་གནོད་པ་དང་བར་ཆད་བཟློག་པའི་གཏོར་སྒྲུབ་ཡིན་ན། སྤྱི་བསྟབ་ཟིན་ཕྲལ་ལ་མགོན་པོ་འཁོར་བཅས་ཞལ་ཕར་གཟིགས་ཏེ། སྤྲུལ་པའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་འཇིགས་པའི་མཚམས་རྔམ་དཔག་ཏུ་མེད་པ་མཛད་ཅིང་བར་དུ་གཅོད་པ་ཐམས་ཅད་བཟློག་པ་དང་། དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ལས་མཛད་པར་བསམ་སྟེ། གཏོར་མ་རྣམས་མཚོན་ཆ་དང་མེའི་ཕུང་པོར་བསམས་ནས་གནོད་བྱེད་ཐམས་ཅད་སྲེག་ཅིང་བསྟུབ་པའི་ཚར་བཅད་པར་བསམ་ནས་རང་ཡི་དམ་གྱི་ང་རྒྱལ་བརྟན་པོས་གཏོར་མ་ཕར་རྩེ་མོ་བསྟན་ནས་ཁ་སྤུབ་པར་བྱ་ཞིང་ཤ་ས་ན་བརྗོད་ནས་ཐལ་མོ་བརྡབ་པར་བྱའོ། །དེ་ནས་ནང་དུ་འོངས་ཏེ་སླར་ཡང་མགོན་པོ་འཁོར་བཅས་ལ་མཆོད་པ་ནང་མཆོད་དབུལ་བ། བསྟོད་པ་རྣམས་བྱས་ནས་ཡིག་བརྒྱ་བཟླས་ཤིང་བཟོད་པར་གསོལ། མགོན་པོ་ནམ་མཁའ་ལ་བཞུགས་པ་དཀྱིལ་འཁོར་གྱི་དབུས་སུ་དང་པོ་བསྐྱེད་པ་དེ་བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། བསྔོ་བ་སྨོན་ལམ་བཀྲ་ཤིས་བཀའ་རྒྱ་མ་བྱའོ། །དེ་ཡང་གཏོར་སྒྲུབ་ཀྱི་སྐབས་གཅེས་པའི་དམ་ཚིག་ནི། མཚམས་དམ་པ། སྒྲུབ་པ་པོ་དུ་ཡོད་པ་ཐམས་ཅད་ཕན་ཚུན་སེལ་མེད་པ། ཆང་ཕུད་མ་ཉམས་ཤིང་གཏོར་མ་སོགས་རྫས་གང་ལ་ཡང་འབགས་པ་དང་གྲིབ་ཅན་དང་། དམ་ཉམས་ཀྱི་རྫས་མ་འདྲེས་པ། ཆོ་ག་སླ་ཆོས་སུ་མ་སོང་ཤིང་། བླ་མ་མགོན་པོ་ལ་དད་པ་དྲག་པོ་དང་ཡིད་ཆེས་པ་གལ་ཆེ་ཞིང་། གཏོར་མ་དང་མཆོད་རྫས་ནང་མཆོད་བྱིན་བརླབས་ཐོག་མར་བྱས་ནས་ཞག་གྲངས་རྫོགས་པའི་མཇུག་གི་བཀྲ་ཤིས་མ་ཟིན་བར་ལ་ཕྱག་དར་མི་བྱེད། སྟན་མི་སྤྲུག སྒྲུབ་རྫས་ཕྱིར་མི་འདོན། ནང་མཆོད་ཀྱི་ཀ་པ་ལ་དང་གཏོར་མ་ཆེ་བ་མི་འགུལ། སྒྲུབ་པ་པོ་རྣམས་ཁ་ཤགས་དང་ཚིག་རྩོད་སོགས་མི་བྱ། དེའི་རིང་ལ་ཆོས་སྐྱོང་གཞན་ལ་གཏོར་མ་མི་བསྔོ། སྒྲུབ་པ་པོ་གཏོར་སྒྲུབ་དེ་མ་གཏོགས་པ་སུ་ཡང་དེའི་རིང་ལ་གནས་ཁང་གཞན་དུ་མི་ཉལ། གཏོར་མའི་དྲུང་ལས་གཞན་དུ་སྔགས་ཐུན་པས་སྔགས་མི་བཟླ། གཏོར་སྒྲུབ་པ་རྣམས་གྲིབ་ཅན་གྱི་ཟས་མི་ཟ་ཞིང་མི་ངོ་གསར་སུ་ལའང་མི་འཕྲད་པ་ཤིན་ཏུ་གལ་ཆེ་སྟེ། དམ་ཚིག་འདི་དག་ལས་འགལ་ན་བར་ཆད་འཇུག ཆོས་སྐྱོང་རང་ལ་ལྡོག ནང་དུ་གནོད་པ་དང་བཀྲ་མི་ཤིས་པ་དུ་མ་འབྱུང་བར་གདོན་མི་ཟ་བར་གསུངས་པས། ཆོས་སྐྱོང་ཤིན་ཏུ་དགྱེས་ལ་ཅིར་ཡང་མི་སེམས་པ་བྱིས་པས་རྩེད་མོ་བྱེད་པ་ལྟ་བུ་ལ། ཕན་གནོད་རང་ཇི་ལྟར་འདོད་པ་བཞིན་འབྱུང་བ་འདོད་པ་བཞད་བགད་ཤིན་ཏུ་ཆེན་པོའོ། །གཏོར་མ་ཆེ་བ་ནི་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ཆོས་སྐྱོང་གཅིག་པ་རྣམས་ཁོ་ནས་དངོས་གྲུབ་ཏུ་བླངས་ཏེ་རང་རང་གི་ཁ་ཟས་སུ་ལོངས་སྤྱོད་པར་བྱའི། གཞན་མི་དང་མི་མ་ཡིན་པ་སུ་ལ་ཡང་སྦྱིན་པར་མི་བྱ་སྟེ། སྦྱིན་ན་དངོས་གྲུབ་ཉམས་ཤིང་བར་ཆད་འབྱུང་བར་འགྱུར་རོ། །གཏོར་སྒྲུབ་བྱ་བའི་མན་ངག་ཞིབ་པར་བརྗོད་ཟིན་ཏོ།།

༈ ད་ནི་གཏོར་ཆེན་གྱི་མན་ངག་བརྗོད་པར་བྱའོ། །དེ་ཡང་ཞི་རྒྱས་སོགས་ཀྱི་གཏོར་སྒྲུབ་ནི། ཡར་ངོའི་ཚེས་གྲངས་བཟང་པོ་དང་། གཟའ་སྐར་བཟང་ཞིང་འཇམ་པོ་དང་དུས་སྦྱོར་བཟང་པོ་འཛོམས་པའི་སྔ་དྲོའི་ཆ་ལ་ཐོགས་མར་གཙུགས་ཤིང་། བར་ཆད་སེལ་བ་སོགས་ཀྱི་གཏོར་སྒྲུབ་ཡིན་ན་མར་ངོས་ཉི་ཤུ་དགུ་ལ་དངོས་གཞི་འོང་བ་ལྟ་བུ་བྱེད་པ་ཡིན་ལ། གཏོར་ཆེན་མར་ངོའི་ཚེས་གྲངས་དང་། གཟའ་སྐར་དང་། སྦྱོར་བ་དང་། བྱེད་པ་ཤིན་ཏུ་རྩུབ་པའི་ཉིན་ཕྱེད་དམ་ནམ་ཕྱེད་ལྟ་བུ་ལ་ཐོག་མར་གཙུགས་ནས་ཉེར་དགུ་ལ་གཏོར་མ་བརྡེབ་པ་ཡིན་ནོ། །དེ་ལ་ཐོག་མར་དཀྱིལ་འཁོར་གང་དུ་བྱེད་པའི་གཞི་དེར་རོ་ཐལ་ལམ་རོ་སོལ་གྱིས་ནག་པོར་བྱུགས་པའི་དབུས་སུ་གྲུ་གསུམ་མཐིང་ནག་ཤིན་ཏུ་ཆེ་བ་མེ་རི་དང་བཅས་པ་བྲིས། དེའི་དབུས་སུ་ཉི་མའི་དབུས་སུ་གྲི་གུག་ལྟེ་བ་ལ་ཧཱུྃ་ནག་པོ་མཚན་པ་བྲིས། དེའི་སྟེང་དུ་ནས་ནག་བརྗེན་བཏགས་ཁྲག་ཆང་བསྲེས་པས་ཁུ་བ་བྱས་ཏེ་གྲི་ཁྲག་ལ་སོགས་པས་ཀྱང་སྦགས་པས་དཔལ་བཤོས་རྩེ་ཁྲུ་གང་བ་ཟུར་གསུམ་པ་བྱས་པའི་མཐའ་ཐེབས་ཀྱུ་ཆེན་པོ་ཟུར་ལ་བླངས་ནས་བསྐོར་ཏེ། བཅད་ཁམས་ཕྱིར་བསྟན་པ་རྣམས་ཁྲག་གི་སྦགས་པ། གཅན་གཟན་མི་རོ་གསར་པ་ཟོས་པའི་གདོང་པ་ལྟ་བུ་བྱས་ནས་དར་ནག་མེ་ལོང་དང་བཅས་པས་བརྒྱན་ཏེ། མཉྫི་ཆེན་པོ་ལ་སོགས་པའི་ཁར་འཇོགས་པ་ཡིན་ནོ། །དེ་ནས་བྲིས་སྐུ་དགྲམ། ཁྲག་གི་མཆོད་ཡོན་ལ་སོགས་པ་བཤམས་པ་སྔར་བཤད་པ་དང་འདྲ་ཞིང་། དང་པོ་ནས་བྱེད་པ་གསང་ནས་བྱེད་པའང་བར་ཆད་ཆུང་བའི་རྒྱུར་བཤད་ལ། མཚམས་ཤིན་ཏུ་དམ་པར་བཅད་པར་དང་། གཞན་གྱི་ཟས་དང་གཏོར་མའི་རྫས་དང་ཆང་ལ་སོགས་པ་ཡེ་མ་འདྲེས་པ་གལ་ཆེ་སྟེ། འདྲེས་ན་རང་ལ་ལྡོག་པའི་རྒྱུ་ཐུན་མོང་མ་ཡིན་པར་བཤད་པས། དང་པོ་གཏོར་ཕྱེ་སོགས་སྒྲུབ་པའི་དུས་ནས་བློ་ཤིན་ཏུ་ཞིབ་པར་བྱའོ། །དེ་ནས་མགོན་པོ་འཁོར་བཅས་ཀྱི་བསྐྱེད་ཆོག་ལ་སོགས་པ་སྔར་བར་ཆད་སེལ་བའི་གཏོར་སྒྲུབ་གཏོང་སྐབས་སུ་བཤད་པ་ལྟར་བྱ་ཞིང་། གཙོ་བོར་ཐམས་ཅད་ཤིན་ཏུ་དྲག་ལ་རྔམ་པར་བསམ། དེ་ནས་བཤགས་པ་ཚར་བ་ཡན་ཆད་ཀྱི་ཆོ་ག་གཞན་ཐམས་ཅད་སྔར་བར་ཆད་སེལ་བའི་གཏོར་སྒྲུབ་ཀྱི་སྐབས་སུ་བཤད་པ་དང་འདྲ་བས། ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་ཐུན་རེ་ལ་ཉེར་གཅིག་རེ་དང་། སྙིང་པོ་སྔགས་ཐུན་བརྒྱ་རྩ་རེ་ཙམ་བཟླས། དེ་ནས་སྔགས་ཐུན་བྱེད་པ་དང་བཟླས་པ་ཐམས་ཅད་གཙོ་བོར་ཤཱ་ས་ན་བྱེད་པ་ཡིན་ལ། དེ་ཡང་སྤེལ་ཚིག་སྦྱར་ནས་བྱས་པ་ཡིན་ཏེ། སྤེལ་ཚིག་སྦྱོར་བའི་ཚུལ་ནི། དགྲ་བགེགས་གང་ཡང་རུང་བ་ལ་དམིགས་བསལ་མེད་པར་སྤྱིར་དགྲ་བགེགས་ཀྱི་གནོད་པ་བཟློག་པ་ཙམ་གྱི་ཆེད་དུ་དམིགས་ནས་བྱེད་པ་ཡིན་ན། ཨི་དཾ་དུཥྚཾ་དགྲ་བགེགས་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་ར་གྲྀཧྣ་གྲྀཧྣ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་དགྲ་བགེགས་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་དང་དམིགས་བསལ་ཡོད་ན། ཆྒཻ་མོ་ཁ་ཁ་སོགས་བརྗོད་པར་བྱའོ།
།དེ་ལྟར་བཟླས་པ་བྱེད་པའི་སྐབས་ཀྱི་དམིགས་པ་ནི། གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པ་ཐུན་རེ་རེ་ལ་ཐེབ་རེ་རེ་བཟླས་པའི་ཐོག་མར་བྱ། དེ་ནས་རང་གཤིན་རྗེ་གཤེད་ལ་སོགས་པའི་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་པའི་ཐུགས་ཀའི་ཧཱུྃ་གིས་འོད་ཟེར་མེ་འོད་དྲག་པོ་འཕྲོས་པ་ལྟ་བུ་མགོན་པོའི་ཐུགས་ཀར་ཕོག་པས། མགོན་པོའི་གནད་དུ་ཕོག་པ་ལྟར་བསྐུལ་ཏེ། ཁྲོས་འཁྲུགས་རྔམ་པས་ཞབས་ས་ལ་བརྡེབས། དྲག་པོས་ང་རོ་འབྲུག་ལྟར་སྒྲོགས་ཤིང་ཌཱ་མ་རུའི་སྒྲ་དྲག་ཏུ་མཛད་དེ། སྤྱན་གསུམ་འཁོར་རྣམས་ལ་དྲག་ཏུ་གཟིགས་པས་འཁོར་ཐམས་ཅད་རང་དབང་མེད་པར་ཁྲོས་འཁྲུགས་རྔམ་པས་འཇིགས་པའི་གད་རྒྱངས་ས་དང་བར་སྣང་གང་བ་སྒྲགས་ཏེ། ཞགས་པ་དང་ལྕགས་ཀྱུ་དང་དྲག་པོའི་མཚོན་ཆ་སྣ་ཚོགས་པ་འཇིག་རྟེན་པའི་འཇིགས་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས་པས་ཐོགས་པ་མེད་པར་སོང་སྟེ། དགྲ་བགེགས་གནོད་བྱེད་ཐམས་ཅད་ཞགས་པས་བཅིངས་ཞིང་ལྕགས་ཀྱུས་བཟུང་སྟེ། ཁྲིད་འོངས་ནས་བཅད་པ་དང་། བཏུབ་པ་དང་། དོན་སྙིང་འབྱིན་པ་ལ་སོགས་པ་བྱ་སྟེ། གཙོ་འཁོར་ཐམས་ཅད་ཀྱི་ཤ་ཁྲག་རུས་པ་ནང་ཁྲོལ་ཐམས་ཅད་ཆོམ་ཆོམ་དམར་ཙིར་ཙིར་གསོལ་བར་བསམ་ནས། རིག་པ་ངར་དང་ལྡན་པས་སྔགས་དྲག་ཏུ་བཟླས་པ་ནི། སྔགས་བཟླས་པ་པོ་ཐམས་ཅད་ཀྱིས་བྱ་སྟེ། དེ་ཡང་བཟླས་པའི་མགོ་ལ་དམིགས་པ་དེ་ཐེངས་རེ་དྲན་ཙམ་གྱིས་མི་ཆོག་གིས། བཟླས་པའི་རིང་ལ་ཡང་དང་ཡང་དུ་དམིགས་པ་དེ་ནར་མར་བྱའོ། །དེ་ལྟར་ཐུན་བྱེད་པ་རྣམས་ཀྱི་སྔགས་བཟླས་ཤིང་། གཞན་རྣམས་ཀྱིས་བཟླས་པ་ཅུང་ཟད་རེ་བྱེད་ནས་གཏོར་མ་འབུལ་བ་ལ་འཇུག་པར་བྱ་སྟེ། དེ་ཡང་གཏོར་ཆེན་བྱེད་པའི་གཏོར་མ་འབུལ་བ་ལ་གསང་བའི་ལས་དྲུག་བྱ་བའི་མན་ངག་ཤེས་དགོས་པ་ཡིན།
དེ་ལ་དང་པོ་མན་ངག་ནི། རྔེའུ་ཆུང་གི་མྱོས་པར་བྱེད། རྡོ་རྗེ་ཞགས་པས་འདྲེན་པར་བྱེད། ཁ་ཊྭཾ་གས་ནི་གནས་གསུམ་བསྣུན། གྲི་གུག་བཤའ་བཞིན་སྲོག་དང་འཕྲལ། ཕྲེང་བ་འཛིན་པས་ཐོད་པར་བླུག དོན་སྙིང་ལྔ་པོ་གཙོ་བོས་གསོལ། ལྷག་མ་ཁྲག་བཅས་འཁོར་གྱིས་རོལ། རྣམ་ཤེས་པདྨ་ཅན་དུ་འཕངས། ཁོ་ནི་ཕས་ཤེས་ཆུག་པར་བསམ། དགྲ་བགེགས་གཏོར་མའི་ཁར་རྒྱབ། སྒྲུབ་པ་པོ་ལ་བསྟན་ནས་ཁུག་པར་བསམ་མོ། །གསང་བའི་ལས་དྲུག་གི་ཞལ་གདམས་སོ། །བྱ་བའི་ཡིག་ཆུང་འདི་ལས་མེད་དོ།
།འདིའི་དམིགས་པ་ཇི་ལྟར་བྱ་བ་ནི། རང་ཡི་དམ་གྱི་ང་རྒྱལ་བརྟན་པོ་ལ་གནས་ནས། རང་དང་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཤིང་། མགོན་པོའི་ཕྱག་གཡོན་ཞགས་པ་འཛིན་པའི་སྡིགས་འཛུབ་ཀྱི་རྩེ་ལས་ཁྲོ་བོ་རབ་ཏུ་རྔམས་ཤིང་རླུང་གི་ཤུགས་ཅན་ཕྱག་གཉིས་ཞགས་པ་འཛིན་པ་དཔག་ཏུ་མེད་པ་འཕྲོས་ཏེ། དེ་དམིགས་པའི་དགྲ་བགེགས་གང་ཡིན་པ་དེའི་གནས་སུ་སོང་ནས་འོད་ཟེར་གྱི་ལྕགས་ཀྱུས་སྙིང་གར་བཏབ་ཅིང་། ཁྲོ་བོ་རྣམས་ཀྱིས་ཞགས་པས་མགྲིན་པ་ནས་བཅིངས་ནས། །བསྒྲུབ་བྱ་གཅེར་བུ་གོས་དང་བྲལ་བ་དེ་ལ་ཁྲོ་བོ་རྣམས་ཀྱིས་རྒྱོབ་ཅིག་སོད་ཅིག་ལ་སོགས་པའི་སྒྲ་དྲག་པོ་སྒྲོགས་ཤིང་། ཐོགས་པ་མེད་པར་ཁྲིད་འོང་སྟེ་གཏོར་ཆུང་རྣམས་ཀྱི་སྟེང་། གཏོར་སྣོད་ཀྱི་ནང་ན་རང་ལ་རྒྱབ་བསྟན། མགོན་པོ་ལ་མདུན་བསྟན་ནས་འདར་ཧད་ཧད་འདུག་པར་བསམ་ལ། རང་གི་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏྲ་བིགྷྣན་བི་ན་ཡ་ཀ་དགྲ་བགེགས་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ལན་ཉེར་གཅིག་ལ་སོགས་པ་དྲག་ཏུ་བརྗོད་ཅིང་། མགོན་པོའི་ཐུགས་རྒྱུད་བསྐུལ་བས་མགོན་པོའི་ཤིན་ཏུ་ཁྲོས་པའི་སྒྲ་དྲག་པོ་གྲིགས་ཤིང་། ཕྱག་གཡོན་གྱི་གཉིས་པའི་རྩེ་གསུམ་བསྒྲུབ་བྱའི་གནས་གསུམ་དུ་བསྣུན། གཡས་ཀྱིས་ཐ་མའི་ཌཱ་མ་རུ་དྲག་ཏུ་ཁྲོལ་བས་བསྒྲུབ་བྱའི་ཡིད་མྱོས། མགོ་འཁོར་དྲན་པ་ཉམས་ཤིང་དབང་པོའི་སྒོ་ཐམས་ཅད་ནས་ཁྲག་གི་རྒྱུན་དམར་ནར་གྱིས་འབྱུང་བ་ལ། གཡས་ཀྱི་དང་པོའི་གྲི་གུག་གིས་བསྒྲུབ་བྱའི་བྲང་བཤག་སྟེ། ཕྲེང་བ་འཛིན་པའི་ཕྱག་གིས་དོན་སྙིང་ལྔ་ཕྱུང་ནས་གཡོན་གྱི་དང་པོའི་ཐོད་པར་བླུགས་ནས་ཞལ་དུ་དམར་ཙིར་ཙིར་གསོལ། ཤ་ཁྲག་རྣམས་གཞན་གྱི་གཏོར་མའི་ནང་དམར་མེར་མེར་ཁེངས་པ་སྟེ། གཏོར་སྣོད་ལག་ཏུ་བཟུང་ནས་དེང་བྱས་པས་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དམར་དང་ངེ་བ་རྣམས་སུ་སིབ་སིབ་གསོལ་བར་བསམ་ལ། གཏོར་སྔགས་རྣམས་བརྗོད་ཅིང་གཏོར་ཆུང་རྣམས་བཏབ་པར་བྱའོ། །དེ་ཡང་ཐོག་མར་གཏོར་མའི་བྱིན་བརླབས་གཏོར་སྒྲུབ་ཀྱི་སྐབས་ལྟར་བྱས་ནས། དེ་ནས་ཕྱག་དྲུག་གི་སྒོ་ནས་བསྒྲལ་བའི་ལས་དྲུག་པོ་འདི་བྱེད་པ་ཡིན་ནོ། །དེ་ཡང་རང་ཆགས་ཤིན་ཏུ་ཆེ་བའམ། དགྲ་བགེགས་ཀྱི་གནོད་པ་ཤིན་ཏུ་དྲག་པའམ། མགོན་པོ་འཁོར་བཅས་ལས་མྱུར་དུ་མི་བྱེད་པའི་རྣམ་པ་ཡོད་པའི་ཚེ་ན་བཟླས་པ་ན་ར་ཀྲིཾ་ཀྲིཾ་སོང་བ་དང་། སྙིང་པོ་དང་སྔགས་རིང་གཉིས་ཀྱི་བཟླས་པ་མི་བྱེད་པའི་བར་སྐབས་དེར་མགོན་པོའི་གནད་འབེབས་ཀྱི་མན་ངག་གི་ཡི་གེ་ཟུར་ན་ཡོད་པ་ལྟར་དྲག་ཏུ་བྱས་ནས་སྙིང་པོ་དང་རྩ་སྔགས་ཀྱིས་བཟླས་པ་ལ་འཇུག་པར་བྱ་ཞིང་། དེ་ལྟར་མ་ཡིན་པའི་སྐབས་སུ་གཏོར་ཆེན་བྱེད་པ་ཡིན་ཀྱང་གནད་འབེབས་མི་བྱའོ། །དེ་ལྟར་གཏོར་མ་ཕུལ་ནས་བསྟོད་བསྐུལ་རྒྱས་པར་བྱ་ཞིང་། ཁྱད་པར་ལྷ་མོ་དང་གནོད་སྦྱིན་གཤེད་གཉིས་དྲག་ཏུ་བསྐུལ་བར་བྱའོ། །གཏོར་ཆེན་དྲག་པོ་རང་དང་། བཟློག་པ་སོགས་སྟོབས་ཅན་དགོས་པའི་ཚེ་ཡིན་ན་ལྷ་མོ་ཕྱག་བཞི་མར་བྱ། ཀྵཻ་ཏྲ་པ་ལཱ་ཡང་ཡབ་ཡུམ་གཉིས་ཀ་བསྐྱེད་ནས་དབུལ་བར་བྱའོ། །གོང་དུ་བཤད་པ་ལྟར་གཏོར་སྒྲུབ་སོགས་ཀྱིས་སྐབས་དང་ལྷའི་བསྐྱེད་ཆོག་སོགས་འདྲ་བར་བྱས་པར་ནི། གཏོར་ཆེན་དཀྱུས་མའི་དབང་དུ་བྱས་ལ། ལྷ་མོ་ཕྱག་བཞི་མ་སོགས་ཀྱི་བསྐྱེད་ཆོག་མི་འདྲ་བ་བྱེད་པ་ནི། གཏོར་ཆེན་གྱི་ནང་ནས་ཀྱང་ཆེས་དྲག་པོ་དང་སྟོབས་ཅན་བྱེད་པའི་དབང་དུ་བྱེད་པའོ།
།དེ་ལྟར་ལྷ་མོ་ནི་ཁྲག་གི་རྒྱ་མཚོ་ཞག་གི་རྦ་ཀློང་འཁྲུགས་པའི་དབུས་སུ། དམ་ཉམས་དགྲ་བགེགས་ནན་པའི་སྟེང་དུ་དྲེའུ་རྟ་རྐང་གསུམ་གྱི་སྟེང་ན་མཾ་སྔོ་ནག་ཡོངས་སུ་འགྱུར་པ་ལས་བྱུང་བའི་ལྷ་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ་ཤིན་ཏུ་འཇིགས་ཤིང་མི་སྡུག་པའི་གཟུགས་ཅན་མེའི་ཕུང་པོ་དང་མཚུངས་པའི་སྤྱན་གསུམ་དགྲ་བགེགས་ལ་ཕྱིར་གཟིགས་ཤིང་མཆེ་བ་གཙིགས་ནས་ཁ་རབ་ཏུ་གདངས་ཤིང་ལྗགས་རྣམ་པར་བསྐྱོད་པའི་ཞལ་ལས་ཁྲག་འཛགས་པ། སྙན་གཡས་པ་ལ་སེང་གེ་དང་གཡོན་པ་ལ་དུག་སྦྲུལ་དང་སྤྱི་བོར་རྨ་བྱའི་སྒྲོ་གདོངས་ཀྱི་བརྒྱན་པ། མི་ལྤགས་རློན་པ་སྟོད་གཡོག་སུ་གྱོན་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་གྲི་གུག། གཡོན་གྱི་དང་པོ་ན་ཐོད་པ་རློན་པ་དགྲ་བོའི་སྙིང་ཁྲག་གིས་བཀང་བའི་ཁྲག་རྒྱུན་ཞལ་དུ་གསོལ་བ། གཡོན་གཉིས་པ་ན་ནལ་བུའི་རྒྱལ་མཚན་འཛིན་པ། དྲེའུའི་སྟེང་ན་ཞབས་ཕྱེད་དཀྱིལ་དུ་བཞུགས་པ། སྒ་ཡི་སྔ་རུ་སྲིན་པོའི་ཡ་འགལ་ལ་བྱས་ཤིང་། ཕྱི་རུ་སྲིན་པོའི་མ་འགལ་ལ་བྱས་པའི་སྔ་ཤ་ལ་བདུད་ཀྱི་ཁྲམ་ཤིང་ནག་པོ་དང་། ཕྱི་ཤ་ལ་ནད་ཀྱི་རྐྱལ་པ་བཏགས་པ། འཁོར་དུ་ཆུ་སྲིན་གདོང་ཅན་ནག་པོ་གཡས་བདུད་ཞག་ནག་པོ་དགྲ་ལ་འདེབས་ཤིང་གཡོན་དྲེའུ་རྟའི་ཐུར་སྣ་བཟུང་ནས་ལྷ་མོ་ལ་ལྟ་བ། སེངྒེའི་གདོང་པ་ཅན་དམར་ནག་ཕྱག་གཡས་གྲི་གུག་དགྲ་ལ་འཕྱར་ཞིང་། གཡོན་ཞགས་པ་བཟུང་ནས་སྡིགས་འཛུབ་གདེངས་པ། ཁ་ཕྱིར་བལྟས་ནས་དགྲ་ལ་འོ་དོད་འབོད་ཅིང་ལྷ་མོའི་ཕྱི་བཞིན་འབྲང་བའོ།
།ལྷ་མོ་དེའི་སྙིང་པོ་ནི། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷཀྵ་ཛ་ར་མ་ཏྲི་འུར་བ་འུར་བ་ས་མ་ཏྲི་ར་ཛ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྟེ། རང་ཡི་དམ་མགོན་པོ་གང་ཡང་རུང་བའི་ང་རྒྱལ་ལ་གནས་ནས་མདུན་གྱི་ལྷ་མོའི་ཐུགས་ཀར་མཾ་སྔོ་ནག་མེ་འབར་བར་བསམ་ཞིང་། རང་གི་ཐུགས་ཀར་ཧཱུྃ་གི་འོད་ཟེར་འཕྲོས་པས་མཾ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བར་བསམ་སྟེ། བཟླས་པ་ནི་བསྙེན་པའི་དམིགས་པའོ། །སྭཱ་ཧཱའི་གོང་དུ་དགྲ་བགེགས་མ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་སྦྱར་བ་ནི་གཏོར་སྔགས་སོ། །མཻ་ཏྲི་པས་མཛད་པའི་བསྐལ་མེ་མ་ཆེ་བ་ནི་འདིའི་བསྟོད་པའོ། །ལྷ་མོ་འདི་ཕྱག་གཉིས་མ་ལས་ཤིན་ཏུ་གཉན་ཞིང་སྟོབས་ཆེ་ལ་རྩུབ་ཅིང་མྱུར་བ་ཡིན་ཏེ། སྙིང་ལྟར་གཅེས་ཤིང་དམ་ཚིག་ལྡན་པའི་སློབ་མ་རེ་རེ་ཙམ་མིན་པ་ལ་སྟེར་བའི་ལུགས་མེད་དོ། །བསྙེན་སྒྲུབ་དང་གཏོར་མ་འབུལ་བ་ཙམ་ཡང་གཞན་གྱིས་མ་རིག་པ་བྱེད་དོ། །ཀྵེ་ཏྲ་པ་ལའི་ཡུམ་ནི། གནོད་སྦྱིན་གྱི་གཡོན་དུ་མ་མོ་མཁའ་འགྲོ་ཤ་ཟ་དཔག་ཏུ་མེད་པའི་དབུས་ན་ལྷ་མོ་ནག་མོ་སྐུ་ལ་དར་ནག་གི་འཇོལ་རིང་གསོལ་བ། ཕྱག་གཡས་མེ་ལོང་དང་ཞགས་པ་ཐོགས་ནས། དགྲ་ལ་གཡོབ་ཅིང་ཞགས་པ་འདེབས་པ། ཕྱག་གཡོན་ན་དགྲ་བོའི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱན་རྩ་དམར་པོ་གློག་ལྟར་འཁྲུགས་པ། འཇིགས་པའི་གད་མོ་རྒོད་ཅིང་ཕྱོགས་བཅུར་རྒྱུག་ཅིང་སྐད་ཅིག་ཙམ་གྱིས་དགྲ་བགེགས་ཐལ་བར་བརླག་པའོ།
།བཟླས་པའི་སྔགས་ནི། གནོད་སྦྱིན་བཞི་ལ་སྔོན་དུ་བསྙེན་པའི་ཚེ་དཀྱུས་མ་དང་འདྲ། དམིགས་པའི་མན་ངག་ནི། རང་བདག་བསྐྱེད་མགོན་པོར་བྱས། བསིལ་བ་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བཅུག མདུན་དུ་ཀྵཻ་ཏྲ་པ་ལས་རང་ལ་མིག་ཡར་བལྟ་ཞིང་བཀའ་གནང་པར་བསམ། རང་མིག་གནོད་སྦྱིན་ལ་ཐུར་དུ་བལྟ་ཞིང་བཀའ་བསྒོ་བར་བསམ་པའོ། །གཏོར་ཆེན་ཤིན་ཏུ་དྲག་པོ་ལ་སོགས་པའི་ལས་སྦྱོར་གྱི་དུས་སུ། ཨོཾ་ཀྵེ་ཏྲ་པ་ལ་བིགྷྣན་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཅེས་བཟླས་པར་བྱ་ཞིང་ཡུམ་ལ། རག་མོ་ནག་མོ་དམ་ཉམས་འདིའི་ཙིཏྟ་ལ་རྦད། ཁ་ལ་ཕུར་ཡ་རྦད། ཅེས་བཟླས་པར་བྱའོ།
།གཏོར་སྔགས་ནི། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣན་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྵེ་ཏྲ་པཱ་ལ་དགྲ་བགེགས་ཆྒཻ་མོ་མོའི་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙིཏྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཾ་ས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་དང་། ཡུམ་ལ་བཟླས་སྔགས་ཀྱི་འཇུག་ཏུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། རག་མོ་ནག་མོ་དགྲ་བགེགས་ཆྒཻ་མོའི་རཀྟ་ལ་ཞེས་པ་མན་ངག་སྔར་ལྟར་སྦྱར་བའོ། །བསྟོད་བསྐུལ་དཀྱུས་མ་དང་འདྲ་འདྲའོ། །ཏྲག་བཤད་ནི་རྟ་ནག་ལ་ཆིབས་པ་སྐུ་མདོག་ནག་མོ་མཐའ་བེར་སྔོ་ཁྲ་གསོལ་ཞིང་ཞབས་ལ་སག་ལྷམ་ནག་པོ་བསྣམས་པ། ཕྱག་གཡས་རུ་མཚོན་དམར་པོ་འཕྱར་ཞིང་། གཡོན་པ་ཙནྡན་གྱི་བེང་ཆེན་དཀུར་བསྟན་པའི་ནང་ནས། བདུད་འདུལ་གྱི་དམག་ཚོགས་ཉི་ཁྲི་ཆིག་སྟོང་བྱུང་བ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ནི། ལྕགས་སྤྱང་ཆེན་པོ་བརྒྱད་དུ་སྤྲུལ་ཏེ་སྣ་ལས་འབྱུང་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་ནི་ཁྱི་ནག་ཆེན་པོ་བརྒྱད་དུ་སྤྲུལ་ཏེ་ཕྱི་བཞིན་དུ་རྗེས་སུ་འབྲང་བའོ།
།དེའི་བསྙེན་སྔགས་ནི། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ཛི་མཱ་ར་ནི་ཛཿཛཿཅེས་པ་སྟེ། དམིགས་པའི་མན་ངག་གོང་དུ་གནོད་སྦྱིན་ལ་བརྗོད་པ་ལྟར་རོ། །གཏོར་ཆེན་ཤིན་ཏུ་དྲག་པོ་ལ་སོགས་པའི་ལས་སྦྱོར་གྱི་དུས་སུ་བསྙེན་ངག་འདིའི་མཇུག་ཏུ། ར་ཙ་ཏྲེ་པ་ཤ་དུ་དུ། མཱ་རི་ནི་ཁུག་ཁུག་ཨ་ཀཪྵ་ཡ་ཛཿཛཿཅེས་པ་དང་། མ་ཧཱ་ཀཱ་ལ་རུ་པ་རུ་པ། ཤ་བྷྲུཾ་ནན། ཚལ་པ་ནན། མ་ར་ཡ་ནན། དུ་མ་ཧཱ་ཀཱ་ལ་ཏྲཀྴད་ཤུ་དུ་དུ་གུར་རྦུད་རྦུད་ཐུཾ་ཆྒཻ་མོ་མཱ་ར་ཡ་སོད་སོད། ཅེས་པ་རྣམས་དཀྱུས་གཅིག་ཏུ་དྲིལ་ནས་བཟླས་པ་བྱ་སྟེ། སྔགས་དང་པོ་བསྙེན་སྔགས་ནི། རྦོད་པ། གཉིས་པ་རྦད་པ། གསུམ་པ་བསད་པའོ། །གཏོར་སྔགས་ནི། བསྙེན་སྔགས་ལ་ཏྲི་ཡཾ་ཏྲི་བྷྱོ། བ་ལིཾ་ཏ་དམ་ཉམས་དགྲ་བགེགས་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བཏགས་ལ་བསྟོད་བསྐུལ་ནི།
༈ མ་གཡེལ་མ་གཡེལ་མགོན་པོའི་ཚོགས། །ཚུར་གཤེགས་ཚུར་གཤེགས་མགོན་ནག་ལགས། །ཅེས་སོ།
།དེ་ལྟར་ཞག་རེ་ལ་ཐུན་དྲུག་དྲུག་ཏུ་བྱས་པའི་ཞག་གྲངས་ཐེམས་པའི་ཐུན་ཐ་མ་ལ་གཏོར་མ་ཆེ་བའི་མགོན་པོ་ནམ་མཁའ་ལ་བཏེགས་ཏེ། གཏོར་མ་ཆེ་ཆུང་ཐམས་ཅད་དུས་གཅིག་ཏུ་བྱིན་གྱིས་རློབས་ཏེ་དེ་ནས་བསྒྲལ་བའི་ལས་དྲུག་ལ་སོགས་པ་བྱས་ནས། གཏོར་མ་ཆེ་ཆུང་ཐམས་ཅད་དུས་གཅིག་ཏུ་དབུལ་བར་བྱའོ། །གཏོར་མ་འབུལ་བ་ཐུན་སྔ་ཕྱི་དེ་དག་ཐམས་ཅད་ལ་མགོར་མ་གཡེལ་ཅིག་དང་། མཇུག་ཏུ་གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་དང་། ཐལ་མོ་བརྡབ་པའི་དམིགས་པ་ལ་སོགས་གཏོར་སྒྲུབ་ཀྱི་སྐབས་སུ་བཤད་པ་ལྟར་རོ། །དེ་ནས་ཐེབས་བཟློག་རྩིས། སྒྲ་གཅན་གྱི་གདོང་དང་མ་ཐུག ཉི་མའི་འོད་ཟེར་དང་རང་གི་གདོང་མ་ཐུག བིཥྚི་དང་མ་འཛོམ་པར་བྱས་ལ། བ་དན་དང་དུང་གླིང་དྲིལ་བུ་སོགས་ཀྱི་རོལ་མོའི་སྒྲ་དང་། ཤ་ཆེན་གྱི་དུད་པ་དང་། ནང་མཆོད་འཐོར་བ་ལ་རྩོན་པས་གཏོར་མའི་སྣ་དྲངས་ཏེ་རྫོངས་ཐེབ་པ། དམ་ཚིག་གཙང་མས་གཙོ་བོའི་གཏོར་མ་ཆེ་བ་དང་འཁོར་གྱི་གཏོར་མ་རྣམས་དང་བཅས་པ་ཡི་དམ་གྱི་གཏོར་མ་མ་གཏོགས་ཐམས་ཅད་ཁྱེར་ནས་ཇི་ལྟར་ཐུང་ན་ཡང་གོམ་པ་བཞི་བཅུ་རྩ་དགུའི་མཐའ་བར་དུ་གནས་པའི་དགྲ་བགེགས་ཀྱི་ཕྱོགས་སུ་སོང་སྟེ། གཏོར་མ་རྣམས་གདོང་ཕར་བསྟན་ནས་གྲལ་ལ་བསྒྲིགས་སྔོན་དུ་ཆང་ཕུད་གཏོར་ནས། འཇིག་རྟེན་གྱི་ལྷ་དང་ཀླུ་དང་། གཟའ་ལ་སོགས་པ་མཁའ་ལ་རྒྱུ་བའི་འབྱུང་པོ་མི་དང་མི་མ་ཡིན་པ་མཐུ་བོ་ཆེ་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་གིས་བསྔོས་ནས། ཁོ་བོ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད། ལམ་ཐེག་པ་ཆེན་པོ་ལ་ནན་ཏན་སྙིང་པོར་བྱས་ནས་རང་གཞན་གྱི་དོན་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པ། བླ་མ་དམ་པའི་སྐུ་ལ་དམོད་པ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་པའི་བསམ་སྦྱོར་ལ་གནས་པ། དགེ་འདུན་གྱི་ཆོས་འཁོར་གཉན་པོ་བཤིགས་པ། སྐྱེ་བོ་མང་པོ་ལ་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པའི་བསམ་པ་དང་ལྡན་པ་འདི་དག་ལ་དྲག་པོ་གཏོར་མའི་ལས་བྱེད་ཀྱི། ཁྱེད་རྣམས་ལ་ཞི་བའི་ཆོས་འཆད། བདེན་པའི་དམ་བདར། མཐུན་པའི་རྫས་གཏོར་བ་ཡིན་པས། བདུད་རྩིའི་བཏུང་བ་རྒྱ་མཚོ་ཆེན་པོ་སྔགས་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པ་འདིས་རབ་ཏུ་ཚིམ་པར་གྱིས་ལ། གནོད་པ་དང་གདུག་པའི་བསམ་པ་ཐམས་ཅད་ཉེ་བར་ཞི་ཞིང་། ཕན་ཚུན་ཕན་པ་དང་བྱམས་པའི་སེམས་དང་ལྡན་པར་བགྱི་ལ། ཁོ་བོའི་བསྒྲུབ་བྱ་དམིགས་ཀྱིས་བསལ་བ་ལ་གཏོར་མའི་ལས་ཀྱི་ཚར་བཅད་པ་ལ་རུ་ང་དང་། ཕྲག་དོག་དང་། གནོད་པ་འཁོན་དུ་འཛིན་པ་དང་། བཟང་པོའི་སྣ་འདྲེན་པ་དང་། ངན་པའི་རྒྱབ་བརྟེན་གང་ཡང་མ་བྱེད་པར་རང་རང་སོ་སོའི་གནས་སུ་སོངས་ཤིག ཅེས་བརྗོད། བདེན་བདར་དཔུང་གཟུགས་འདི་ཙམ་གྱིས་ཆོག་གོ དེ་ཡང་སྒྲུབ་ན་སྒྲུབ་པ་པོ་རང་གི་གོས་ནག་པོ་གྱོན། རོ་སོལ་གྱིས་གདོང་ནག་པོར་བསྒྱུར། ཐོད་ནག་པོ་བཅིང་པ་ལ་སོགས་པའི་ཆས་འཇུག་ཀྱང་བྱའོ། །དེ་ནས་གྲུབ་ན་རྔ་ཡི་སྒྲ་དང་དབྱངས་ལ་སོགས་པ་དང་བཅས་པའམ། མེད་ཀྱང་མི་སྤྲོ་ན་དེ་དག་མ་བྱས་ཀྱང་རུང་སྟེ། སྤྱི་བཏབ་མི་བྱེད་པར་དེའི་དོད་ལ། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ཅེས་སོགས་ཀྱི་བསྐུལ་དྲག་ཏུ་བྱས་ལ། རིག་པ་ལྷའི་ང་རྒྱལ་བརྟན་ཅིང་ཤིན་ཏུ་ཁྲོས་པའི་སེམས་དང་ལྡན་པས། གཙོ་བོའི་གཏོར་མ་དཔལ་འབར་དང་བཅས་པ་དེ་ཉིད་ཧཱུྃ་ལ་དུག་དང་མཚོན་དང་། ནད་དང་། མེའི་ཕུང་པོ་འཇིག་རྟེན་གསུམ་སྐད་ཅིག་ལ་བརླག་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ། གཏོར་མ་ལག་པ་གཉིས་ཀྱིས་ཕྲག་གོང་གཡས་སུ་འཕྱར་ཏེ། ཤཱ་ས་ན་སྤེལ་ཚིག་དང་བཅས་པ་དྲག་ཏུ་བརྗོད་ཅིང་། དེའི་ཚེ་དམིགས་པ་ནི། གཏོར་མ་དེ་ཐོག་རྒྱུག་པ་ལྟར་དྲག་པོས་སྒྲ་དང་བཅས་པས་ཐོགས་པ་མེད་པར་སོང་སྟེ། དགྲའམ་བགེགས་ཁོ་བོ་རང་ཡུལ་ན་གནས་པ་མངོན་སུམ་ལྟ་བུར་བསམ་པ་དེའི་སྙིང་གི་དཀྱིལ་ན་སྲོག་གི་རྟེན་རྣམ་ཤེས་ཨ་ཐུང་ཏིལ་མར་གྱི་མར་མེ་ལྟ་བུ་དེ་ལ་མདའ་འཕང་པ་ལྟར་ཕོག་པས། ནག་ཐུམ་གྱིས་སོང་ནས་སྲོག་དང་བྲལ། ཡིད་དྲན་པ་ཉམས། ལུས་ཤ་ཁྲག་རུས་པ་ཐམས་ཅད་ཆམ་ཆམ་དུ་སོང་། གཏོར་མ་འགྲོ་བ་དང་དུས་མཉམ་དུ་མགོན་པོ་འཁོར་བཅས་བར་སྣང་གང་བ་ཐམས་ཅད་ཤིན་ཏུ་ཁྲོས་ཤིང་རྔམ་པས་འཇིགས་པའི་གད་མོས་ས་གཞི་དང་རི་བོ་ཐམས་ཅད་འཇིགས་པར་བྱེད་པའི་འབྲུག་སྒྲ་ལྟ་བུ་སྒྲོགས་ཤིང་རྒྱུག་སྟེ་སོང་ནས། བསྒྲུབ་བྱའི་ཤ་ཁྲག་རུས་པ་ཐམས་ཅད་ཆོམ་ཆོམ་ལྷག་མ་མེད་པར་ཟོས། ཁྲོས་པའི་གར་མཛད་ཅིང་ནད་དང་། དུག་དང་། མཚོན་གྱི་ཆར་པ་ཕབ་པས་ཡུལ་ཕྱོགས་ཐམས་ཅད་བཅོམ་ཞིང་བརླག་པར་བྱས་པར་བསམ་མོ། །དེ་ལྟར་དམིགས་པ་གསལ་ཞིང་བརྟན་པར་བྱས་ནས། ཤཱ་ས་ནཱ་སྤེལ་ཚིག་དང་བཅས་པ་བརྗོད་དེ་གཙོ་བོའི་གཏོར་མ་འཕངས། དེ་རྗེས་འཁོར་རྣམས་ཀྱི་རང་གི་གཏོར་སྔགས་གོང་དུ་བཤད་པ་དེ་དག་བརྗོད་ལ་རེ་རེ་ནས་འཕངས། དེ་ནས་སྔགས་དྲག་ཏུ་བརྗོད། གོས་དང་ཐལ་མོ་བརྡབ། ཐུན་སྒྲུབས་སྒྲུབ་པ་ཡོད་ནའང་འཕངས། དེ་ནས་ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་དོ། །རང་གནས་པའི་གཏོར་མ་འཕེན་པ་དེ་ནས་རྡོ་རྗེ་རྭ་བས་བར་ཆད་བསལ་བ་ལ་བསྲུང་འཁོར་གསལ་གདབ། དཔོན་སློབ་ཐམས་ཅད་ཕྱིར་ཡེ་མི་བལྟ། གནས་འདིར་ཡོ་བྱད་ཡེ་མ་ལུས་པར་བྱས་ལ། ངག་བཅད་དེ་སྔགས་བཟློས་ཤིང་ནང་དུ་འོངས། རྗེས་ཆོག་རྣམས་གཏོར་སྒྲུབ་ཀྱི་སྐབས་ལྟར་བྱའོ། །གཏོར་ཆེན་ཞེས་བྱ་བའི་མིང་ཙམ་ཞིག་བྱེད་པ་དང་བྲིས་པ་མང་པོ་ཡོད་ཀྱང་འདི་འདྲའི་མན་ངག་གི་གནད་ཐམས་ཅད་རྫོགས་པ་ཆེས་ཟབ་བའི་ཞལ་ཤེས་རྣམས་ཀྱིས་བརྒྱན་པ་ནི། དེང་སང་ས་སྟེང་མ་ལུས་པར་ཟོང་དུ་གསེར་ཁུར་པོ་ཐེག་ཚད་ཁུར་ནས་བཙལ་ཡང་རྙེད་པའི་གདམས་པ་མ་ཡིན་པས། ལས་འབྲས་ངོ་མི་ཤེས་པའི་སྣོད་མིན་ལ་ཟུར་ཙམ་ཡང་མ་སྤེལ་བར་སྲོག་ལྟར་གཅེས་པར་བཟུང་ངོ་། །གཏོར་ཆེན་ལ་བརྟེན་པའི་དྲག་པོའི་ལས་སྦྱོར། མནན་བསད་ཆིག་དྲིལ་གྱི་མན་ངག་དུག་ལྟ་བུ་ལ་ཡང་མི་སྦྱིན་པའི་བཀའ་རྒྱ་ཅན་ནི། བེ་བུམ་ནག་པོའི་མན་ངག་གི་ཡིག་ཆུང་གཙོ་ཆེ་ཤོས་གཅིག་ཡིན་ལ། ཡིག་ཆུང་ངོ་བོ་ནི་འདི་ལྟར་རོ།།

༈ ན་མོ་གུ་རུ། ཡེ་ཤེས་མགོན་པོའི་ལྟོ་བ་རུ། །དགྲ་བགེགས་མནན་ཅིང་བསྒྲལ་བར་བྱ། །ལིངྒ་སྔགས་གནད་མ་ནོར་གཅེས། །གྲི་གུག་བསྒྲུབ་བྱ་བསད་པར་བྱ། །བསྟན་པ་འཇིག་ལ་ཐུག་པ་ན། །རྣལ་འབྱོར་བསྙེན་སྒྲུབ་མཐར་སོན་ཅིག །དམ་ཚིག་ལྡན་པས་བྱ་བའི་ལས། །དེ་ལས་གཞན་དུ་བྱ་བ་མིན། །གཏོར་མདའ་གཏོར་མའི་བཅའ་གཞི་དང་། །བྱུགས་པའི་རྫས་གསུམ་ལག་ལེན་གྱིས། །མན་ངག་བླ་མའི་ཞལ་ལས་དྲིས། །འདི་ནི་དུག་དང་འདྲ་བས་ན། །སྙིང་གི་བུ་ལ་སྦྱིན་མི་བྱ། །ཨྀཐི༔ ཞེས་པའོ།
།འདིའི་ལག་ལེན་ཞལ་ཤེས་དང་བཅས་པའི་མན་ངག་ཆིག་བརྒྱུད་ཡིན་པས། བླ་མ་ཁྱུང་པོས་རྟོགས་ལྡན་ཞང་སྒོམ་ཆོས་སེང་ལ་སྔོན་དུ་གནང་ཚར་ནས་རྨོག་ལྕོག་པ་ལ་ཡང་མ་གནང་བར། ཁོང་གིས་རྟོགས་ལྡན་ཞང་སྒོམ་ཆོས་སེང་ལ་ཞུས། རྨོག་ལྕོག་པས་ཀྱང་སྐྱེར་སྒང་པ་ལ་དུས་ཕྱིས་བར་དུ་མ་གནང་། ཡོད་པའི་གཏམ་ཡང་གསུང་མ་ཉན། ཕྱིས་སྐུ་གཤེགས་པའི་གོང་ཙམ་དུ་སྐྱེར་སྒང་དུ་གདན་དྲངས། འབུལ་བ་ཚད་མེད་པ་མཛད་པའི་དུས་སུ་འདི་དང་། སེར་བ་ལ་སོགས་པ་དང་། འཁོར་གྱི་དགོས་སྒྲུབ་ཟབ་ཤོས་གཅིག་དང་བཅས་པ་ལ་སོགས་པ་གནང་། ང་མན་ངག་ལྷག་མ་ཡོད་རེ་དབུ་སྙུང་བཞེས་པ་ཡིན་ཞེས་འབྱུང་ངོ་། །འདིའི་ལག་ལེན་གྱི་མན་ངག་ནི་འདི་ཡིན་ཏེ། རོ་ཐལ་གྱི་བྱུགས་པའམ། ཕུང་ཤུལ་གྱི་ས་ལས་བྱས་པའི་སྟེགས་བུའི་ཁར་རོ་སོལ་གྱིས་གྲུ་གསུམ་མཐིང་ནག་རྩེ་མོ་ཕར་བསྟན་པ་བྲིས་པའི་སྟེང་དུ་ས་བོན་མི་བྲིས། གྲུ་གསུམ་དེ་འབྲུབ་ཁུང་གི་མཚོན་བྱེད་ཡིན་གྱིས། ལྷ་གང་དུ་བསྐྱེད་པའི་ཆོས་འབྱུང་མ་ཡིན་ནོ། །དེ་ནས་གཏོར་མ་བཅའ་བ་ནི། ནས་ནག་བརྗེན་བཏགས་ཀྱི་ཕྱེ་ཁྲག་ཆང་སྲེས་པ་ལ་གྲི་ཁྲག་གིས་ཀྱང་ཁུ་བ་བྱས་ཏེ། དཔལ་བཤོས་ཟུར་གསུམ་ཆེན་པོ་ཁྲུ་གང་ལས་མི་ཆུང་བ་བྱས་པའི་སུམ་གཉིས་སྟེང་དུ་བཞག གསུམ་ཆ་འོག་ཏུ་བཞགས་པའི་མཚམས་ནས་གྲིས་བཅད་ལ། འོག་མ་དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་ཅུང་ཡངས་པ་གཅིག་བྲུ། དེ་ནས་ཤ། གྲོ་གའམ། མེད་ན་ཤོག་བུས་ཀྱང་བྱས་ནས་རུང་སྟེ་སོར་བཞི་ཙམ་ལ་དགྲ་བགེགས་གང་ཡིན་དེའི་ལིངྒ་སྔགས་ཅན་དཔེ་ཆུང་ལྟར་བྲིས་པ་ལ། རང་ཡི་དམ་དུ་གསལ་བ་དང་མདུན་དུ་མགོན་པོ་བསྐྱེད་ཅིང་སྤྱན་དྲངས་ནས། རང་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་དང་། རང་དང་མགོན་པོ་གཉིས་ཀའི་ཐུགས་ཀའི་ས་བོན་ལས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་བསྒྲུབ་བྱ་དེའི་སྐེ་ནས་ཞགས་པས་བཅིངས། སྙིང་ག་ནས་ལྕགས་ཀྱུས་བཟུང་། རྒྱབ་ནས་དབྱུག་པ་དང་ཐོ་བ་སོགས་ཀྱིས་སྡིགས་བཞིན་པས་རླུང་གི་དཀྱིལ་འཁོར་ནག་པོའི་སྟེང་དུ་གཅེར་བུ་གོས་དང་བྲལ་བ། དབང་པོའི་སྒོ་ཐམས་ཅད་ནས་ཁྲག་འཛག་ཅིང་ཁ་ནས་སྲིད་ཅེས་སྒྲོགས་པ་འདར་ཞིང་སྐྲག་པའི་མིག་ཅན་དེ་ཉིད། ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་བཅིང་སྟེ་བཞག་ནས་ཐོགས་པ་མེད་པར་བདག་ཉིད་ཀྱི་དྲུང་དུ་ཁྲིད་འོང་བར་བསམ་ལ། དམིགས་པ་བརྟན་པོས་ལྕགས་ཀྱུས་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏྲ་བིགྷྣན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཆྒཻ་མོའི་ཨ་ཀཪྵ་ཡ་ཛཿཛཿཅེས་ལན་ཉེར་གཅིག་ལ་སོགས་པ་བརྗོད་ནས། སེམས་མ་ཡེངས་པར་རྩེ་གཅིག་ཏུ་བསྒྲིམ་སྟེ་དངོས་སུ་ཁུག་པའི་མོས་པ་བརྟན་པོར་བྱས་ནས་ལིངྒ་དེ་ལ་ཛཿཧཱུྃ་བཾ་ཧོཿས་བསྟིམ་ཞིང་གཉིས་སུ་མེད་པར་བསྲེས་ལ། ལིངྒ་དགྲ་བགེགས་གང་ཡིན་དངོས་སུ་མོས་པར་བྱ། དེ་ནས་དགྲ་བོའི་ལུས་ལ་གནས་པའི་འཇིག་རྟེན་ལས་འདས་པའི་ལྷ་དང་མགོན་སྐྱོབ་མཛད་པའི་ལྷ་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ལ་སྒྲུབ་བྱ་དེས་བླ་མའི་སྐུ་དགྲ་བྱེད་པ་དང་། དགེ་འདུན་གྱི་སྡེ་བཤིག་ཅིང་དཀོར་འཕྲོག་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་པའི་བསམ་སྦྱོར་དྲག་པོ་གནས་པ་དང་། ཆོས་བཞིན་བྱེད་པའི་སྒྲུབ་པ་པོ་རྣམས་ལ་བར་དུ་གཅོད་ཅིང་རྣམ་པར་འཚེ་བ་དང་། སྐྱེ་བོ་དུ་མ་ལ་གནོད་ཅིང་རྣམ་པར་འཚེ་བ་ལ་སོགས་པའི་ཉེས་པ་རྒྱས་པར་བསྒྲགས་ཏེ། འདི་ལྟ་བུ་ཡུན་རིང་དུ་གསོན་ན་བསྟན་པ་དང་སེམས་ཅན་དུ་མ་ལ་གནོད་པ་ཆེན་པོར་འགྱུར་ཞིང་། འདི་ཉིད་ཀྱང་ཡུན་རིང་དུ་ངན་སོང་ལས་ཐར་ཐབས་མེད་པའི་ལས་ཤིན་ཏུ་ལྕི་བ་དུ་མ་གསོག་པར་འགྱུར་བས། འདིའི་ལུས་ལ་བཞུགས་པའི་དུས་མ་ལགས། མགོན་སྐྱབས་མཛད་པའི་དུས་མ་ལགས་ཀྱི། འདིའི་ལུས་ལ་མ་བཞུགས། མགོན་སྐྱབ་མ་མཛད་པར་འདི་ཉིད་ཆོམས་ཤིག ཅེས་ལན་གསུམ་བརྗོད་པས། དེ་ཐམས་ཅད་སྲིན་པོ་ཁྲོས་པ་ལྟ་བུའི་ཁྲོ་བོ་རྣམས་སུ་འགྱུར་ཏེ། དེའི་ལུས་ལས་དོན་སྙིང་དང་། ནང་ཁྲོལ་ལ་སོགས་པ་རྣམས་ཐམས་ཅད་དྲངས་ནས་ཚུར་བྱོན་ནས་བདག་ཉིད་ལ་ཐིམ་པས་བདག་སྔར་བས་ཀྱང་མཐུ་སྟོབས་ཆེས་ཆེ་བར་གྱུར་བསྒོམ་པར་བྱའོ། །དེ་ནི་བཟླས་པའི་ལྷ་དང་བྲལ་བའོ།
།དེ་ནས་གོ་ཆ་དཔྲལ་བ་ནི། བདག་དང་མགོན་པོའི་ཐུགས་ཀ་ལས་སྤྲོས་པའི་ཁྲོ་བོ་བཤད་མ་ཐག་པ་ལྟ་བུ་རྣམས་ཀྱི་དེའི་ལུས་ལ་གནས་པའི་བསྲུང་བ་དང་། སྔགས་མདུད་དང་དེ་རང་དང་དེ་སྐྱོབ་པའི་བླ་མ་སོགས་ཀྱིས་བསྒོམས་པའི་བསྲུང་འཁོར་ཐམས་ཅད་འོད་ཀྱི་ཞགས་པ་དང་ཁྲོ་བོའི་ཕྱག་གི་ཞགས་པས་བཅིངས་ཤིང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ། ཁྲོ་བོ་ཡན་ལག་རགས་ཤིང་ལུས་ཆེ་བ་རི་རབ་ཀྱང་བསྒུལ་བར་ནུས་པ་ལྟ་བུ་དཔག་ཏུ་མེད་པས་རང་དབང་མེད་པར་དྲངས་ཏེ་འོང་བར་བསམ་སྟེ། ལྕགས་ཀྱུའི་ཕྱག་རྒྱ་བཅའ་ཞིང་། ཆྒཻ་མོའི་ཀྵ་པཾ་པུཥྚཾ་རཀྵ་མནྟྲ་དེ་བ་ཏན་ཙ་ཨ་ཀཪྵ་ཡ་ཛཿཞེས་མང་དུ་བརྗོད་ཅིང་། དེ་ལྟར་དམིགས་པ་བརྟན་པོས་བཀུག་ནས་བསྲུང་འཁོར་རྣམས་བདག་གིས་བསྒོམས་པའི་བསྲུང་འཁོར་ལ་བསྟིམ། སྔགས་མདུད་དང་བྲིས་པའི་འཁོར་ལོ་དང་། །རྟེན་འབྲེལ་གྱིས་རྫས་དང་། རིན་པོ་ཆེའི་བྱེ་བྲག་ལུས་དང་གནས་ཁང་བསྲུང་བའི་དོན་དུ་བཅངས་པ་ལ་སོགས་པ་ཐམས་ཅད་བདག་གི་གཡས་ཀྱི་གཡོན་ཕྱོགས་སུ་བཞགས་པར་མོས་ཏེ། རང་གི་སྙིང་ག་ནས་ཁྲོ་བོ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དཔག་ཏུ་མེད་པར་འཕྲོས་ཏེ། དེ་ཐམས་ཅད་ལ་གཙུགས། ཡང་རང་གི་ཐུགས་ཀ་ནས་ཁྲོ་བོ་རྡོ་རྗེ་ཐོ་བ་ཐོགས་པ་རྣམས་སྤྲོས་ཏེ། ཕུར་བུ་རྣམས་ཀྱིས་སྤྱི་བོ་ནས་བརྡུངས་པར་བསམ་ལ། ཨོཾ་གྷ་གྷ་གྷ་ཏ་ལ་སོགས་པའི་འཇུག་ཏུ། ཆྒཻ་མོའི་ཀྵ་པཾ་པུཥྚིཾ་དི་རཀྵ་མནྟྲ་དེ་བ་ཏན་ཙ་བཛྲ་ཀི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ལན་བདུན་ལ་སོགས་པ་བརྗོད་པར་བྱའོ། །བླ་མ་གོང་མའི་མན་ངག་ལ་གྷ་གྷ་སོགས་མི་འདུག་ནའང་ཡོད་པ་འཐད་པར་མཐོང་ངོ་། །བསོད་ནམས་ཀྱི་མཐུ་དང་དབྲལ་བ་ནི། བདག་དང་མགོན་པོའི་སྐུ་ལས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་གྲངས་མེད་པ་མདུན་གྱི་སྒྲུབ་བྱའི་བ་སྤུའི་སྒོ་ཐམས་ཅད་ནས་ལུས་ཀྱི་ནང་དུ་ཞུགས་ཏེ། བསྒྲུབ་བྱའི་བསོད་ནམས་དང་གཟི་བརྗིད་དང་། དབང་ཐང་དང་། དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འོད་ཟེར་དཀར་པོས་རྣམ་པར་ཚུར་དྲངས་ཏེ། བདག་གི་བ་སྤུའི་སྒོ་རྣམས་ནས་ཞུགས་པས་བདག་གི་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་ཅིག བསྒྲུབ་བྱ་དེ་དབང་པོ་དང་ལུས་ཀྱི་མདངས་ཤོར། བསོད་ནམས་དང་གཟི་བརྗིད་ཉམས་ཏེ་ཤིན་ཏུ་རིད་པར་གྱུར་པར་བསམ་མོ།
དེ་ནས་འཇིག་རྟེན་པའི་ལྷ་དང་བྲལ་བ་ནི། འགུགས་པའི་དམིགས་པ་དང་བཀུག་པ་ནས་ཕུར་གདབ་བྱེད་པ་སྔར་ཇི་ལྟ་བ་ལ། ཁྱད་པར་ནི། ཆྒཻ་མོའི་ལོ་ཀ་དེ་བ་རཀྵ་ཨ་ཀཪྵ་ཡ་ཛཿཅེས་པའི་སྔགས་ཀྱི་འགུགས་པ་དང་། ཆྒཻ་མོའི་ལོ་ཀ་དེ་བ་རཀྵ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་འདེབས་པའོ། །ཁྱད་པར་རྫས་ཀྱི་དབྲལ་བ་ནི། དེ་ནས་སྒྲུབ་ཁང་མ་ཡིན་པ་སྒོ་ཁང་ལ་སོགས་པ་ཐོག་ཕུབ་པ་གཅིག་ཏུ་སོང་ལ། ལིངྒ་དེ་སྙུག་མའི་སྐམ་པ་རིང་པོ་ཅིག་གི་རྩེ་མོར་བཀས་པའི་བར་དུ་རྐང་པ་མ་ཟིན་ཙམ་བཅུག རང་གི་ལག་པ་རས་ལ་སོགས་པས་དྲིལ་ཏེ་དུ་བ་མི་ཕོག་པར་བྱས་ལ། སྙུག་མའི་རྩ་བ་ནས་བཟུང་སྟེ། རོ་སོལ་གྱི་མེ་ལ་གུ་གུལ་ནག་པོ། བསེ་ནག་གི་རོ། བཙན་དུག། ཟ་འགོ། བཞི་མོང་ནག་པོ། རྟ་བོན་མུ་ཟི་ནག་པོ་རྣམས་བསྔོགས་པའི་དུ་བ་ལ་བདུག། དེའི་ཚེ་ལིངྒ་སྒྲུབ་བྱ་དངོས་སུ་བསམ་ལ། རྫས་རྒོད་ཀྱི་དུ་བས་བདུག་པས་ཡིད་མྱོས། དྲན་པ་ཉམས། ལྷ་བསྲུངས་ཐམས་ཅད་ཕྱོགས་སུ་འཁོར་མི་ནུས་པ་བསམ། དམིགས་པ་མ་ཡེངས་པར་བྱེད་པ་མ་གཏོགས་སྔགས་བཟླ་མི་དགོས། རང་གི་སྣ་བུག་དང་། གོས་དང་། ལུས་ལ་དུ་བ་མ་ཕོག་པ་དང་། དུ་བ་སྒྲུབ་ཁང་དུ་ཡེ་མ་སོང་བ་གལ་ཆེའོ། །དེ་ལྟར་བཟླས་པའི་ལྷ་དང་དབྲལ་བ། གོ་ཆ་དང་དབྲལ་བ། འཇིག་རྟེན་གྱི་ལྷ་དང་དབྲལ་བ་སྟེ། ཁ་སྦྱོར་དབྱེ་བ་བཞི་པོ་འདི་ལ་བེ་བུམ་ནག་པོས་མན་ངག་ཅེས་ཐ་སྙད་བྱེད་པའི་ཡིག་ཆུང་མདོར་བསྡུས་ཚན་པ་བཞི་འདུག་ནའང་ཁོ་བོས་གསལ་ཞིང་རྒྱས་པར་ཕྱོགས་གཅིག་ཏུ་བླ་མའི་མན་ངག་ལྟར་དུ་བཀོད་པ་ཡིན། ཁ་སྦྱོར་དབྱེ་བ་འདི་འདྲ་བའི་ཟབ་ཅིང་རྒྱས་ལ་ཆ་ཚང་བ། ལྷ་དང་ཆོས་སྐྱོང་གཞན་གང་གི་མན་ངག་ལ་མི་འདུག། ཁ་སྦྱོར་དབྱེ་བ་མ་ཐུབ་ན་དྲག་ལས་ཅི་འདྲ་ཞིག་བྱེད་ཀྱང་ནུས་པ་ཐོན་མི་སྲིད་པས། འདི་ལས་གལ་ཆེ་བ་ལས་སྦྱོར་འདི་རིགས་ལ་མེད་དོ། །དེ་ལྟར་ཁ་སྦྱོར་དབྱེ་བར་ཡིད་ཆེས་པར་བྱས་པའི་རྗེས་སུ་ལིངྒ་དེ་མ་ལྟེབ་པར་བལ་སྔོ་དམར་གྱི་སྐུད་པས་རྒྱ་གྲམ་དུ་དཀྲིས་ཏེ། གཏོར་མའི་གསུམ་ཆ་ཞབས་ཀྱི་ཟུར་དུ་བཅད་པའི་དབུས་སུ་གྲུ་གསུམ་བྲུས་པ་དེའི་ནང་དུ་མགོ་འཇུག་ལྡོག་ནས་ཁ་མདུན་ཕྱོགས་ལ་བསྟན་ཏེ་བཅུག། དེ་ནས་ལྕགས་ཕྱེ། རྡོ་ཕྱེ། ཡུངས་ཀར། ཉུངས་ནག། སྐེ་ཚེ། ཤངས་ཚེ་སོགས་ཤ་ས་ན་ཁྲི་ཁྲག་ལ་སོགས་པ་བཟླས་ནས། སྔོན་དུ་སྒྲུབ་པའི་ཐུན་ཡོད་ན་དེ་དག་གི་གྲུ་གསུམ་ཁེངས་པར་གང་། མེད་ན་བཀང་ཀྱང་རུང་། དེ་ནས་དེའི་སྟེང་གཏོར་མའི་གསུམ་གཉིས་ཟུར་དུ་བཅད་པ་དེ་སྦྱར་ནས་མཚམས་མི་མངོན་པར་བྱ། གཏོར་མའི་ལོགས་གཅིག་མི་ཁྲག་གཅིག་ཁྱི་ཁྲག་གཅིག་རྟ་ཁྲག་གིས་བྱུག། བག་ཟན་ལ་དྲེག་པ་ནག་པོས་བསྒྱུར་བའི་བྱ་རོག་ནག་པོ་ལྡིང་བ་གསུམ་གྱི་གཟུགས་སྙུག་མའི་རྩེ་ལ་སྐྱོན་པ་གཏོར་མའི་ལོགས་གསུམ་ལ་གཙུགས། འཐེབ་ཀྱུ་སོགས་གཏོར་ཆེན་ལ་གོང་དུ་བཤད་པ་དང་འདྲ། འདི་ལ་མར་གྱི་གཏོར་རྒྱན་མི་བྱེད། རྒྱལ་འགོང་ལ་དགོངས་སུ་བྱེད་ན་རྟ་ཁྲག་གི་དོད་སྤྱིན་ཤུའི་ཁྲག་ལ་བྱ། བྱ་རོག་གི་སྒྲོ་གསུམ་སྐྱོན་པའི་བར་བར་དུ་སྔགས་ཐུང་བྲིས་ཤིང་གྲི་ལྕགས་ཀྱི་མདེའུ་བྱས་སྙུག་མ་དང་། བཅའ་ར་དང་། སྟོང་ཐམས་ཅད་རྒྱ་སྣགས་ལ་དུག་ཁྲག་གིས་བསྲེས་པའི་ཁུ་བས་བྱུགས་པའི་མདའ་ལ་དར་ནག་བཏགས་པ་གཏོར་མ་ལ་བཙུགས། གཞན་འཁོར་གྱི་གཏོར་མ་དང་གཏོར་ཆུང་གི་བཤམས་ཚུལ་གོང་དུ་གཏོར་ཆེན་ལ་བརྗོད་པ་ཇི་ལྟའོ། །མདུན་དུ་རོ་སོལ་གྱི་རྩེ་མོ་ཕར་བསྟན་པའི་གྲུ་གསུམ་ནག་པོ་གཅིག་བྲིས་པའི་དབུས་སུ་བག་ཟན་ལས་བྱས་པའི་ལིངྒ་སོར་བཞི་པ་གཅིག་བཞག། དེ་ནས་ཉིན་ཞག་རེ་རེ་ལ་ཐུན་དྲུག་དྲུག་ཏུ་བྱེད་པ་དང་། ཐུན་རེ་རེ་ཞིང་ཆོ་ག་གང་བྱེད་པའི་ཆོ་ག་སྤྱིའི་རྣམ་བཞག་གཞན་ཐམས་ཅད་གོང་དུ་གཏོར་ཆེན་གྱི་སྐབས་སུ་བཤད་པ་དང་འདྲ་བ་ལ། འདིའི་ཐུན་མོང་མ་ཡིན་པའི་མི་འདྲ་བའི་ཁྱད་པར་ནི། མདུན་གྱི་གཏོར་མ་ཆེན་པོ་ལྷར་བསྐྱེད་པའི་ཚེ། མདུན་དུ་འབྲུབ་ཁུང་ནག་པོ་ཟུར་གསུམ་པ་རྒྱ་ཆེ་ཞིང་གཏིང་ཟབ་པ་ནད་དང་དུག་གི་ན་བུན་འཚུབས་པའི་ནང་ན་དགྲ་བོའི་སྤྱིའུ་ཚུག་ན་གནས་པའི་འབྲུབ་ཁུང་གི་སྟེང་གི་པདྨ་ཉི་མ་ཚོགས་བདག་གི་གདན་ལ་མགོན་པོ་བསྐྱེད་པར་བྱ་ཞིང་། ལྷ་མོ་ཕྱག་བཞི་མ་ལ་སོགས་པའི་འཁོར་གྱི་བསྐྱེད་ཚུལ་ཁྱད་པར་གོང་དུ་བཤད་པ་ལྟར་རོ།
།བཟླས་པའི་དམིགས་པ་ནི། གཏོར་མའི་ཞབས་ཀྱི་འབྲུབ་ཁུང་བཤད་མ་ཐག་པ་ལྟར་བསྒོམ་པའི་ནང་གི་ལིངྒ་དགྲ་བོ་དངོས་སུ་མོས་པ་སྤྱི་བོ་ཚུགས་སུ་གནས་པའི་སྙིང་རྩའི་ནང་ནས་རྣམ་ཤེས་ཀྱི་རྟེན་སྲོག་གི་དྭངས་མ་ཨ་ཐུང་ཤད་ཀྱི་རྣམ་པ་ཏིལ་མར་གྱི་མར་མེ་ལྟར་གསལ་བར་བསྒོམས་པར་བྱའོ། །གཏོར་མ་མགོན་པོར་བསྐྱེད་པ་དེའི་ཐུགས་ཀའི་ཧཱུྃ་ལས་གྲི་གུག་རྣོ་ཞིང་རབ་ཏུ་འབར་བ་ཐོན་བྱུང་སྟེ། འོག་གི་འབྲུབ་ཁུང་གི་ནང་དུ་སོང་ནས། དགྲ་བོའི་སྤྱི་བོ་ཚུགས་སུ་གནས་པའི་བཤང་ལམ་ནས་ཞུགས། རྩ་དབུ་མའི་ནང་ནས་སོང་སྟེ་སྙིང་གའི་ཨ་ཐུང་མར་མེ་ལྟ་བུ་དེའི་དཀྱིལ་དུ་ཤུགས་དྲག་ཅིང་མྱུར་བར་འཁོར་བས་ཨ་ཐུང་ནག་ཐུམ་ཐུམ་སོང་ཞིང་། དགྲ་བོའི་ཁ་ནས་ཁྲག་སྦུ་ནར་ནར་འཛག་པར་བསམ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིགྷྣན་བི་ན་ཡ་ཀ་མིང་རུས་ཆྒཻ་མོ་ལ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་དམིགས་པ་གསལ་ཞིང་རིག་པ་གྲིམས་ལ་ང་རྒྱལ་བརྟན་པས་བཟླས་པར་བྱ་སྟེ། ཤ་ས་ན་སྤེལ་ཚིག་དང་བཅས་པ་བཟླས་པ་ལ་ཡང་དམིགས་པ་དེ་ཉིད་དོ། སྔགས་བརྒྱ་རྩ་རེ་ཙམ་སོང་བ་དང་ཐུགས་ཀའི་ཧཱུྃ་ལས་གྲི་གུག་འཕྲོས་པས་སྔར་ལྟར་སོང་སྟེ། སྔར་སྙིང་ག་ནས་འཁོར་བཞིན་པའི་གྲི་གུག་དེ་ལ་ཐིམ་པས་སྔར་ལས་ཀྱང་ཤུགས་དྲག་ཏུ་འཁོར་བའི་དམིགས་པ་བྱས་ལ་སྲོག་དང་བྲལ་བར་བསམ་མོ། །འདི་ནི་སྔགས་གནད་མ་ནོར་བར་གཅེས། ཞེས་པའི་ཞལ་ཤེས་དངོས་གཞིའོ། །གཏོར་མ་སྟོབ་པའི་སྐབས་སུ་གོང་དུ་བཤད་པའི་བསྒྲལ་བའི་ལས་དྲུག་འདི་ལ་མི་བྱེད། སྔོན་དུ་གཏོར་ཆུང་དང་འཁོར་གྱི་གཏོར་མ་རྣམས་བྱིན་གྱིས་བརླབས། དེ་ནས་མདུན་གྱི་བག་ཟན་གྱི་ལིངྒ་དེ་དགྲ་བོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་དགྲ་བོ་དངོས་སུ་བསམ་ལ། དེ་ནས་དགྲ་བོ་དགུག་པ་ལིངྒར་བསྟིམ་པ། ཁ་སྦྱོར་དབྱེ་བ་བཞི་དང་བཅས་པ་གོང་དུ་བཤད་པ་ཇི་ལྟ་བ་བཞིན་དུ་བྱ། དེ་ནས་རང་ཉིད་ཡི་དམ་གྱི་ང་རྒྱལ་ལས་མགོན་པོའི་ང་རྒྱལ་དུ་འཕོས་ནས་ཤིན་ཏུ་ཁྲོས་པའི་སེམས་དང་ལྡན་པས་ཡོད་ན་གྲི་ལྕགས་ལས་བྱས་པའི་གྲི་གུག། མེད་ན་སྐྱེས་པ་དར་མ་གཡུལ་དུ་བསད་པའི་གྲི། དེ་ཡང་མེད་ན། གྲི་ངར་དང་ལྡན་པ་ལ་གྲི་ཁྲག་གིས་བྱུག་པ་ལག་ཏུ་བཟུང་སྟེ། དེ་ཉིད་ཕྱག་གཡས་ཀྱི་དང་པོའི་གྲི་གུག་ཏུ་བསྒོམས་ནས། སྔགས་ཐུང་སྤེལ་ཚིག་བཅས་པ་གོང་དུ་བཤད་པ་ལྟར་དྲག་ཏུ་བརྗོད་ཅིང་། ལིངྒ་དགྲ་བོ་དངོས་སུ་མོས་པ་དང་། ཞེན་པ་དྲག་པོ་བྱས་པའི་རྐང་པ་གཡས་ནས་བརྩམས་ཏེ་རིམ་པ་བཞིན་དུ་བཏུབ། མགོན་པོའི་འཁོར་ལོ་དང་གནོད་སྦྱིན་གཤེད་གཉིས་ལ་སོགས་པས་ཀྱང་དགྲ་བོ་དེ་གཅོད་པ་དང་གཏུབ་པའི་ལས་བྱེད་པར་བསམ། དེ་ལྟར་གཏུབ་པའི་དུམ་བུ་རྣམས་གཏོར་ཆུང་རྣམས་ཀྱི་ནང་དུ་བཅུག་པས་ཐོད་པ་ཤིན་ཏུ་ཡངས་པ་ཤ་ལྔ་བདུད་རྩི་ལྔས་གང་བ་རྣམས་སླར་ཡང་དགྲ་བོའི་ཤ་ཁྲག་རུས་པ་དོན་སྙིང་ནང་ཁྲོལ་མགོ་བོ་ལ་སོགས་པའི་ཡན་ལག་གི་དམར་མེར་ཁེངས་པར་བསམ་སྟེ། དེ་མ་ཐག་ཏུ་གཏོར་ཆུང་ལག་ཏུ་འཕྱར་ནས་དེང་བྱེད་པ་དང་དུས་མཉམ་དུ་མ་གཡེལ་གཅིག་བྱས་ནས་བཏབ་པ་དང་། འཇུག་ཏུ་གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་སོགས་དང་། བསྟོད་བསྐུལ་རྣམས་སྔར་དང་འདྲའོ། །བསྟོད་བསྐུལ་ཟིན་མ་ཐག་ཡང་བག་ཟན་གྱི་ལིངྒ་གཅིག་བཅས་ལ་སྔར་ལྟར་གྲུ་གསུམ་ནག་པོའི་དབུས་སུ་བཞག་གོ །དེ་ལྟར་ཞག་རེ་ལ་ལན་དྲུག་དྲུག་གོ །འདི་དག་གི་སྐབས་སུ་ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་ཁ་ཡར་རེ་ལས་མི་བྱེད། ཡིག་བརྒྱ་ཐུན་རེ་ལ་ལྔ་བཅུ་རེ་ཙམ་དང་བཤགས་པ་ལ་ནན་ཏན་བསྐྱེད། ཆོས་སྐྱོང་རང་ལ་མི་ལྡོག་པ་ཡིན་ནོ། །སྔགས་ཐུང་གསུམ་ཆ། སྔགས་རིང་གསུམ་གཉིས། འཁོར་རྣམས་ཀྱིའང་སྔགས་སྤེལ་ཚིག་དང་བཅས་པ་ཅི་རིགས་པ་བཟླའོ། །འདི་ཤིན་ཏུ་རྩུབ་པས་བསྙེན་སྒྲུབ་རྟགས་ཐོན་པ་སོང་ཞིང་། དམ་ཚིག་ཤིན་ཏུ་གཙང་བའི་ནང་ན་སེལ་ཡེ་མེད་པའི་གྲོགས་གསུམ་བཞི་སོགས་མ་གཏོགས། མཚན་ཉིད་དེ་དག་མ་ཚང་བའི་སྒྲུབ་གྲོགས་ནི་ཆོས་སྐྱོང་རང་ལ་ལྡོག་པའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པས་མང་བ་མི་དགའ་ཞིང་། སྔགས་རྒྱུན་ནར་མ་མེད་ཀྱང་རུང་ངོ་། །ལིངྒ་ལ་དགྲ་བོའི་རྐང་རྗེས་ཀྱི་སའམ། གཅིན་ཤུལ་གྱི་སའམ། ཟག་རྫས་སམ་ལུས་ཀྱི་དྲི་མ་སོགས་གང་རུང་འདྲེས་ན་ཁྱད་ཤིན་ཏུ་ཆེ་ཞིང་མྱུར་རོ། །དགྲ་བོ་དུ་མ་ལ་བྱ་དགོས་པ་བྱུང་ན་གཏོར་མ་ཤིན་ཏུ་ཆེ་བ་བྱས་ལ། གསུམ་གཉིས་སྟེང་དང་གསུམ་ཆ་འོག་ཏུ་བཞག་པའི་མཚམས་ནས་བཅད་པའི་གསུམ་ཆ་པོ་དེ་ཡང་དཔངས་ཆ་མཉམ་གསུམ་དུ་སྒོ་ནས་བཅད་པ་རེ་རེ་ལ་ཡང་དབུས་དང་ཟུར་གསུམ་དུ་འབྲུབ་ཁུང་རེ་རེ་བྲུས་པས་འབྲུབ་ཁུང་བཞི་གསུམ་བཅུ་གཉིས་གྱུར་ལ། །དེ་རེ་རེར་ཡང་ལིངྒ་རེ་རེ་དང་། ཤིན་ཏུ་མང་ན་འབྲུབ་ཁུང་རེར་ལིངྒ་གསུམ་མམ་ལྔའམ་བདུན་ལ་སོགས་པ་ཡང་བཅུག་ཏུ་རུང་ལ། ནང་དུ་ལིངྒ་དུ་མ་བཅུག་པའི་གྲངས་དང་མཉམ་པའི་ཕྱི་རུ་བག་ཟན་གྱི་ལིངྒ་བཅའ་བ་དང་། བཟླས་པའི་ཚེ་དེ་སྙེད་ཀྱི་གྲི་གུག་སྤྲོ་བ་སོགས་ཤེས་པར་བྱའོ། །མགོན་པོ་ལེགས་པར་འགྲུབ་ན་ལིངྒ་དངོས་སུ་མ་བཅུག་ཀྱང་། གྲུ་གསུམ་རྣམས་སུ་མིང་ཡིག་སྒོམ་པ་ཙམ་གྱིས་ཀྱང་ཐོགས་པ་མེད་པར་གྲུབ་པར་སྣང་ངོ་། །ཞེས་བྱའོ། །རང་ལ་རྦོད་གཏོང་བྱད་པའི་བྱེད་མ་བསད་པ་ལ་ཡང་ཆོ་ག་འདི་ཉིད་དོ།
།གྲོང་ཁྱེར་དཀྲུག་པར་འདོད་ན། ཤོག་བུ་ལ་གྲོང་ཁྱེར་དེའི་གཟུགས་བྲིས་པའི་དབུས་སུ་རྒྱལ་པོ་དང་བློན་པོ་གཙོ་བོ་དེ་དག་གི་གཟུགས་ཀྱི་ལིངྒ་སྔགས་ཅན་བྲིས་པ་ལ་དགུག་གཞུག་སོགས་སྔར་ལྟར་བྱེད་པའི་ཚེ་གྲོང་ཁྱེར་རངས་སོ་བཅུག་བཅིངས་བསྟིམ་པ་སོགས་བྱེད་ནས་འབྲུབ་ཁུང་དུ་བཞུགས། བཟླས་པའི་ཚེ་སྔགས་ཐུང་དང་སྔགས་རིངས་ཀྱིའང་དི་ན་མེ་ཀི་ནའི་འཇུག་ཏུ། གྲོང་ཁྱེར་ཆྒཻ་མོ་དཀྲུག་དཀྲུག་ཕྱེ་ཕྱེ་ཤིག་ཤིག་གྲོང་ཁྱེར་ཆཻ་གེ་མོའི་བདག་པོ་འཁོར་དང་བཅས་པ་བི་དེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་བཟླས་པར་བྱ་ཞིང་ཐུགས་ཀའི་ཧཱུྃ་ལས་གྲི་གུག་གི་འཁོར་ལོ་དུས་མཐའི་མེ་ལྟར་དྲག་པོའི་རླུང་དང་བཅས་པ་སྤྲོས་པ་གྲོང་ཁྱེར་དེའི་དབུས་སུ་སོང་ཞིང་རྣམ་པར་དཀྲུག་ཅིང་གཏོར་ནས་ཉམས་པར་བྱས་པར་བསམ་སྟེ། འདི་ལ་ཕྱི་རུ་མིའི་ལིངྒ་མ་གཏོགས་གྲོང་ཁྱེར་གྱི་མི་དགོས་སོ། །དེ་འདྲ་བའི་ཕྱི་ནང་གི་རྟགས་རབ་འབྲིང་ཐ་མ་གང་ཡང་རུང་བའི་ཡིད་རྟེན་ཐུབ་ངེས་མ་བྱུང་གི་བར་དུ་བྱས་པའི་མཐར་གཏོར་མ་ཆེ་བའི་མགོན་པོ་མཁའ་ལ་བཏེག གཏོར་ཆེན་གཏོར་ཆུང་ཐམས་ཅད་བྱིན་གྱིས་བརླབས། ལིངྒ་ཆོ་ག་གོང་ལྟར་བྱས་ཤིང་དབུལ། གཏོར་མ་ཕྱིར་ཁྱེར་ནས་ཟོར་དུ་འཕེན་པའི་ཚུལ་གཞན་ཐམས་ཅད་སྔར་དང་འདྲ་བ་ལ། ཁྱད་པར་གྲུ་གསུམ་སྟེང་འོག་སྦྱར་མཚམས་ནས་ཕྲལ་ཏེ་སྟེང་གི་གྲུ་གསུམ་གཉིས་དཔལ་འབར་བཙུགས་པ་ཟོར་དུ་འཕེན་པའི་དམིགས་པ་སོགས་སྔར་ཇི་ལྟ་བ་བཞིན་གྲུ་གསུམ་འབྲུབ་ཁུང་ཅན་གྱི་ལིངྒ་ཕྱུང་སྟེ། ཟོར་འཕངས་པའི་ས་དེ་ཉིད་དུ་སྦྱིན་བསྲེགས་རྒྱས་བསྡུས་གང་རུང་བྱས་ལ་ཐལ་བ་དགྲ་ཕྱོགས་སུ་རླུང་ལ་བསྐུར་རོ། །འདི་དག་གི་ཚེ་ཤིན་ཏུ་དྲག་པོའི་ཆས་འཇུག ཆང་ཕུད་འཐོར་ཞིང་ཁྲག་སྦྲེང་བ་ལ་བརྩོན་པ། དམིགས་པ་གསལ་ཞིང་ང་རྒྱལ་བརྟན་པ་དང་སེམས་མ་ཡེངས་པས་བྱ་བ་གཅེས་ཤིང་གྲུབ་ན་ནང་དུ་སླེབས་མ་ཁད་གཏོར་མ་གསར་པ་རྒྱན་གྱིས་བརྒྱན་པ་བཟང་བ་གཅིག་བཤམས་ནས། བསྐང་བཤགས་རྒྱས་པ་ཚར་གཅིག་བྱའོ། །འདི་འདྲ་བའི་ལས་སྦྱོར་གང་ལ་བྱ་བའི་ཡུལ་བསོད་ནམས་ཀྱི་སྟོབས་དང་ལྡན་པ་དང་། བགེགས་གདུག་པ་ཅན་ཡིན་ན་ནི། རིམ་གྲོ་དང་བཟློག་པ་སོགས་ཀྱི་རྒྱབ་ཚན་བསྐྱེད་པ་གལ་ཆེའོ། །དེ་ལྟར་ན་གཏོར་མའི་ལས་སྦྱོར་མ་ལུས་པ་བཤད་ཟིན་ཏོ།།

༈ ད་ནི་གཏོར་སྒྲུབ་གཏོར་ཆེན་དུས་གཏོར་ལ་སོགས་པའི་སྐབས་སུ་དགྲ་བོ་དང་བྱད་མ་ལ་སོགས་པ་གཞན་གྱི་གཏོར་ཕྱེ་དང་ཆང་ཕུད་ལ་སོགས་པ་བསྲེས་པ་དང་། དགྲ་བོ་སོགས་ཀྱི་གཏོར་སྒྲུབ་ཀྱི་སྐབས་སུའམ། སྐབས་གཞན་དུ་ཡང་བཟའ་བཏུང་སོགས་སྦྱིན་པར་ལོངས་སྤྱོད་དགོས་པ་བྱུང་བའམ། དགྲ་བོའི་བྱད་མ་སོགས་ལས་ཡོན་ཏན་ཅིག་ལ་འདུག་པའམ། གྲལ་ལྷན་ཅིག་ཏུ་འདུག་དགོས་པ་འབྱུང་ན་དེ་དག་ཉིད་དགྲ་བོ་མྱུར་དུ་ཚར་གཅོད་པའི་གྲོགས་སུ་འགྱུར་ཞིང་། རང་ལ་ཆོས་སྐྱོང་ལྡོག་པ་སོགས་ཀྱི་སྐྱོན་མི་འབྱུང་བར་བྱེད་པའི་མན་ངག་ཁྱད་པར་ཅན། དགྲ་བོའི་ཚོགས་སུ་བཟའ་བཏུང་གི་ཚར་གཅོད་པ། བྱད་ཤ་སྦག་པ་སྟེ། དེ་འདྲ་བའི་མན་ངག་གསུམ་ཞལ་ཤེས་དང་བཅས་པ་བཤད་པར་བྱའོ།
།དེ་ལ་དང་པོ་ནི། དགྲ་བོའི་གཏོར་ཕྱེ་སོགས་མི་བསྲེ་དབང་མེད་དུ་བྱུང་བའམ། གཞན་གྱིས་བསྲེ་བའི་དོགས་པ་བྱུང་ན། དེ་འདྲ་བའི་གཏོར་ཕྱེ་དང་། ཤ་ཆང་ལ་སོགས་པའི་ཚོགས་ཀྱི་ཡོ་བྱད་དུ་བྱ་སྟེ། གོང་དུ་བཤད་པའི་བསྒྲལ་བའི་ལས་དྲུག་པོ་ཡིད་ཀྱིས་དམིགས་པ་ཤིན་ཏུ་གསལ་ཞིང་ངག་ཏུ་གཞན་གྱི་ཐོས་པར་མི་བརྗོད་པར་ཤུབ་བུའི་བཟླས་པ་བྱ་སྟེ། ཚོགས་ཀྱི་ཡོ་བྱད་དེ་དག་དགྲ་དེ་རིང་ཤ་ཁྲག་དོན་སྙིང་དངོས་སུ་བསམ་ནས། སྔགས་ལ་དགྲ་བོ་དེའི་མིང་སྤེལ་བའི་གཏོར་སྔགས་ཤུབ་བུས་བརྗོད་ནས་མགོན་པོ་འཁོར་བཅས་ལ་ཚོགས་འབུལ་བར་བྱ་ཞིང་རང་ཉིད་ལྷའི་ང་རྒྱལ་ལ་གནས་པས་དགྲ་བོ་དེའི་ཤ་ཁྲག་རུས་གསུམ་སོགས་ལ་དངོས་སུ་ལོངས་སྤྱོད་པར་བསམས་ཏེ། ཚོགས་ཀྱི་ཡོ་བྱད་ལ་ལོངས་སྤྱོད་པར་བྱའོ། །གཏོར་མ་རང་ལ་བསྲེ་ནའང་དེ་དག་ལ་གཏོར་ཆུང་བྱེད་དེ་ལས་དྲུག་བྱས་པས་ལྷར་མྱུར་རོ།
།གཉིས་པ་ནི་རང་མགོན་པོར་བསྐྱེད། ཡེ་ཤེས་པ་བཅུག་སླར་ཡང་བསིལ་བའི་ཚལ་ནས་མགོན་པོ་སྤྱན་དྲངས། རང་གི་སྤྱི་བོར་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་བསམ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་མེ་འབར་བར་བསམ། ཧཱུྃ་དེ་ལས་ཁྲོ་བོ་སྤྲོས་ནས་དགྲ་བོ་དེ་ཉིད་འགུགས་པའི་དམིགས་པ་དང་། བཀུག་ནས་ཁོ་རང་གི་བྱིན་པའི་བཟའ་བཏུང་རྣམས་ལ་བསྟིམ་པ་དང་། བསྟིམ་ནས་དགྲ་བོ་དངོས་སུ་མོས་པ་ལ་གྲི་གུག་གིས་བསད་པའི་དམིགས་པ་རྣམས་སྔར་བག་ཟན་གྱི་ལིངྒ་ལ་བཤད་པ་ལྟར་བྱས་ལ། དགྲ་བོའི་ཤ་ཁྲག་དོན་སྙིང་སོགས་སུ་མོས་ཏེ། དགྲ་བོ་འདིའི་ལུས་ལོངས་སྤྱོད་ཐམས་ཅད་མ་ཟད་ཀྱི་བར་དུ་བདག་གི་ཟས་སྐལ་འཐུང་སྐལ་ཡིན་སྙམ་དུ་བསམ་སྟེ་ཟོས་ཤིང་འཐུང་བ་མགྲིན་པ་ནས་སོང་བ་རྣམས་ཐུགས་ཀའི་མགོན་པོ་དེས་ཀྱང་ཞལ་དུ་དམར་ཙིར་ཙིར་གསོལ་བར་བསམ་ལ་ལོངས་སྤྱོད་པར་བྱ་སྟེ། འདི་ལྟར་བྱས་ན་ནི་བབས་བླངས་པར་བྱས་ཀྱང་སླར་ཡང་དགྲ་བོ་བརླག་པར་མྱུར་དུ་འགྲོ་གསུང་ལ། རང་གི་བཟའ་བཏུང་ནར་མ་ལ་ཡང་དམིགས་པ་འདི་ལྟར་བྱས་ན་སྒྲོལ་བའི་ལས་ཆོག་སྟེ། དེ་ལྟར་བཟའ་ལྟུང་སོགས་ལ་ལོངས་སྤྱོད་པའི་སྐབས་སུ་ཡང་། ཤཱ་ས་ན་ལ་དགྲ་བོའི་མིང་སྤེལ་སྦྱར་བའི་གཏོར་སྔགས་ཤུབ་བུས་བཟླས་པར་བྱའོ།
།གསུམ་པ་ནི། དགྲ་བོའི་བྱད་མ་དང་སྟན་གཅིག་ལ་འདུག་པའམ། གྲལ་གང་ལྷན་གཅིག་ཏུ་ཚོགས་པའི་ཚེ། རང་མགོན་པོར་བསྐྱེད་ཡེ་ཤེས་པ་དང་དབྱེར་མེད་དུ་བྱས། རང་གི་ཐུགས་ཀའི་ཧཱུྃ་མཐིང་ནག་ལས་འོད་ཟེར་སྔོན་པོ་གཅིག་ན་རེ་ལུས་ཀྱི་ནང་ནས་ཡར་བྱུང་སྟེ། རང་གི་སྣ་བུག་གཡས་ཀྱི་སྒོར་སླེབས་པ་དང་། འོད་དེ་མགོན་པོ་མཚོན་གང་བ་ཁྲོ་ཞིང་རྔམ་པ་གཅིག་ཏུ་གྱུར་ཏེ་བྱད་མའམ། དགྲ་བོ་དེའི་སྣ་བུག་གཡོན་ནས་ཞུགས་ཏེ་དགྲ་བོས་བྱད་མ་དེའི་སྲོག་རྩ་སྙིང་དང་བཅས་པ་གྲི་གུག་གིས་རྦད་དེ་བཅད་དེ་དམར་ཙ་ར་ར་ཁྱེར་འོངས་ནས་ཞལ་དུ་དམར་ཙི་རི་རི་གསོལ་ནས། ཁྲོ་ཆུང་བདག་གི་སྣ་བུག་གཡོན་ནས་ཞུགས། སྙིང་གི་ཧཱུྃ་ལ་ཐིམ་པར་བསམ་ཞིང་། སྔགས་ཐུང་། སྔགས་རིང་མིང་སྤེལ་དང་བཅས་པ་ཤུབ་བུས་ནར་མར་བཟླས། དམིགས་པ་དེ་ཡང་དང་ཡང་དུ་བྱའོ། །དེ་ལྟར་མན་ངག་གསུམ་ཞལ་ཤེས་དང་བཅས་པ་གསལ་བར་བཤད་ཟིན་ཏོ།
།དེ་ལྟར་གཏོར་མ་ལ་བརྟེན་པའི་རྣམ་དབྱེ་ལས་སྦྱོར། དེ་དག་གི་སྐབས་སུ་ཉེ་བར་མཁོ་བའི་མན་ངག་ཟུར་འདེབས་ཞལ་ཤེས་དང་བཅས་པ། མགོན་པོ་ཕྱག་དྲུག་པ་ལ་གཏོར་མ་འབུལ་ཞིང་མན་ངག་དང་ལྡན་པར་ཁས་འཆེ་བ་ས་སྟེང་ཁྱབ་པ་དག་ཐམས་ཅད་དང་ཐུན་མོང་དུ་མ་གྱུར་པ། སྙིང་དང་འདྲ་བ་གཅེས་པའི་མན་ངག་གསལ་ཞིང་རྒྱས་ལ་མ་སྦས་པར་ཆ་ལག་ཐམས་ཅད་ཚང་བ་ཕྱོགས་ཅིག་ཏུ་བཀོད་པ་འདི་ནི་སྣོད་ལྡན་ལས་འབྲས་ལ་འཛེམ་ཞིང་། བསྙེན་སྒྲུབ་ལ་ནན་ཏན་སྙིང་པོར་བྱེད། རྒྱལ་བའི་བསྟན་པ་འབའ་ཞིག་གཅེས་པར་འཛིན་པ། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་སྐྱོང་བ་རེ་རེ་ཙམ་ཁོ་ནའི་དོན་དུ་བསམ་སྟེ་མགོན་པོ་འཁོར་བཅས་ལ་ཡང་གསོལ་བ་བཏབ་ནས་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོའི་བྲིས་པ་ཡིན་ནོ། །མན་ངག་འདི་ནི་སྙིང་ལས་གཅེས། །དགོས་འདོད་སྦྱིན་པའི་ཡིད་བཞིན་ནོར། སྲོག་འཕྲོག་ཧ་ལ་ནག་པོའི་དུག། དགྲ་བགེགས་འབྱུང་པོའི་ཤན་པ་ཡིན། །གསེར་དང་རྟ་ཁྲབ་གོས་དར་ལ། །བརྗེ་ཚོང་བྱ་བའི་གདམས་པ་མིན། །དད་ལྡན་དམ་ཚིག་སྡོམ་པ་གནས། །སྡིག་ལ་འཛེམ་ཞིང་བླ་མར་གུས། །སྙིང་རྗེ་ཆེ་ཞིང་སྒྲུབ་ལ་བརྩོན། །བསྟན་པ་འབའ་ཞིག་གཅེས་པར་འཛིན། །དེ་ལྟའི་སྣོད་ལྡན་སློབ་མ་ལ། །བསྟན་པ་བསྲུང་བའི་ལག་ཆ་རུ། །ལུང་ནོད་བཀའ་རྒྱས་བཏབ་ལ་སྦྱིན། །སློབ་མ་རིམ་པ་དེ་དང་དེ། །གང་གི་ལག་སོང་དེ་དེས་ཀྱང་། །ཇི་སྐད་བཤད་པའི་མཚན་ཉིད་དག རབ་རྫོགས་སྣོད་ལྡན་མ་ཡིན་པ། འབུལ་བ་ཟས་ནོར་ཁ་བསགས་ཀྱིས། །རྗེས་འབྲང་རང་དོན་ལྷུར་ལེན་ལ། །ངེས་དགར་སྟེར་ན་སྟེར་བྱེད་དེ། །ནག་པོ་འཁོར་དང་བཅས་པ་ཡིས། །སྙིང་ཁྲག་འཐུང་ལ་ཚར་ཆོད་ཅིག །།ས་མཱ་ཡ། གུ་ཧྱ་གུ་ཧྱ།། །།