Chos drug rdo rje'i tshig rkang gi rnam bshad grol ba'i dpal ster

From Shangpa Resource Center








Resource ID SCv8p469
Title chos drug rdo rje'i tshig rkang gi rnam bshad grol ba'i dpal ster
Alt. title dharma ṣaṭ vajra gāthasya vyākhyāta mukta śrī datta vijahara
Topics Six doctrines of Niguma
Sub-Topics Commentary
Author Gyurmé Dechen
Link BDRC W23922
BDRC W2DB16431
BDRC W8LS32723
BDRC W8LS32727
BDRC W8LS32725 (p.136)
BDRC W8LS32725 (p.343 incompl.)
Notes Commentary of the root verses of the Six doctrines of Niguma

༄༅། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་གྲོལ་བའི་དཔལ་སྟེར་བཞུགས་སོ།།

སྐུ་གསུམ་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་། །བདེ་ཆེན་འདོད་པ་འཇོ་བའི་ནི་གུ་མ། །དེ་ཡིས་རྗེས་བཟུང་ཁྱུང་པོ་རྣལ་འབྱོར་སོགས། །བརྒྱུད་པར་བཅས་པས་དེང་འདིར་དགེ་ལེགས་སྩོལ། །སྲིད་ཞིའི་ཆུ་ཀླུང་ལས་སྒྲོལ་ལྕགས་ཟམ་པ། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དང་། །དཀྱིལ་འཁོར་ཀུན་གྱི་རིགས་བདག་དགའ་བཞི་ཡིས། །གྲོལ་བ་མཆོག་སྟེར་རྗེ་བཙུན་བླ་མར་འདུད། །དྭངས་ཤེལ་སྣ་ཚོགས་དར་གྱི་མདངས་འཛིན་ལྟར། །ཡིད་བཞིན་ཅིར་ཡང་འཆར་བའི་གར་མཁན་མཆོག །སྐལ་བཟང་མྱུར་ལམ་སྒྲུབ་པའི་གྲོགས་གྱུར་པ། །དཔའ་བོ་ཌཱ་ཀི་ནི་ཡི་བདག་སྐྱོངས་ཤིག །ཡེ་ཤེས་མཁའ་འགྲོའི་ཞལ་ལུང་འོ་མའི་མཚོ། །རང་བཟོ་ཆུ་ཡི་བསྲེ་སླད་དང་བྲལ་བ། །སྐལབཟུང་ཉམས་རྟོགས་ལུས་ཟུངས་རྒྱས་བྱའི་སླད། །འཁྲུལ་མེད་ཡི་གེའི་ལམ་དུ་འགོད་པར་བྱ།
།འདིར་རྒྱུད་སྡེ་ལྔའི་གབ་པ་ཁོལ་དུ་ཕྱུང་བའི་ངེས་གསང་གི་ཉམས་ལེན་ལོ་ཟླ་ཙམ་གྱིས་མཆོག་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་བའི་མྱུར་ལམ་ཡེ་ཤེས་མཁའ་འགྲོའི་ཞལ་གདམས་ཆོས་དྲུག་གི་གདམས་པ་ཁྱད་པར་ཅན་འདི་ཉིད་ཐུགས་དམ་ཉམས་བཞེས་ཀྱི་ཡུལ་དུ་བསྟེན་པ་ལ། གོ་དོན་ལེགས་པར་བཤད་པ་དང་། སྒོམ་དོན་ཉམས་སུ་བླང་བའི་རིམ་པ་གཉིས།
དང་པོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་གཞུང་ཆུང་ཡིད་བཞིན་གྱི་ནོར་བུའི་དངོས་ཤུགས་ལས་ཆོས་དྲུག་གི་ལམ་རིམ་ཇི་ལྟར་བསྟན་ཚུལ་ལ་ངེས་པ་བརྙེད་པར་བྱ་བ་ཉིད་ཡིན་པས། ཆོས་དྲུག་རྡོ་རྗེའི་ཚིག་རྐང་འདི་ཉིད་འཆད་པ་ལ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ་ལས།

དང་པོ་ལ་རྒྱ་བོད་ཀྱི་མཚན་དང་། འགྱུར་གྱི་ཕྱག་གཉིས་ལས།
དང་པོ་ནི། ༈ རྒྱ་གར་སྐད་དུ། །ངྷརྨ་ཥཊ་བཛྲ་གཱ་ཐཱ་ནཱ་མ། བོད་སྐད་དུ། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ། དེ་ཡང་དྷརྨ་ཆོས། ཥཊ་དྲུག །བཛྲ་རྡོ་རྗེ། གཱ་ཐ་ཚིག་རྐང་། ནཱ་མ་ཞེས་བྱ་བ་ཡིན་ལ། ཚིག་རྐང་གི་དོན་ཡང་ཚིགས་སུ་བཅད་པ་སྟེ།
དཔེར་ན་སྡུད་པ་ཚིགས་སུ་བཅད་པ་ལ། སཉྩ་ཡ་གཱ་ཐ། ཞེས་པ་ཡོད་ཅིང་། དེ་ཡང་སཉྩ་ཡ། སྡུད་པ་དང་། གཱ་ཐ། ཚིགས་སུ་བཅད་པ་ཡིན་པས་སོ། །དེས་ན་གོང་མ་དག་རྡོ་རྗེ་ཚིག་རྐང་གི་ལྷུག་པ་རྣམས་ཁྱུང་པོའི་མཆན་དཀྱུས་ལ་ཤོར་གསུང་བ་ཡང་ཤིན་ཏུ་འཐད་པར་མཚན་དོན་ལས་རྟོགས་སོ།
།གཉིས་པ་ནི། ༈ དཔལ་ཟུང་འཇུག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། དེ་ཡང་དཔལ་ནི།
དགྱེས་པ་རྡོ་རྗེ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་པས།
དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། ཟུང་འཇུག་ནི་ཡུ་ག་ན་དྭ་ཞེས་པའི་སྒྲ་ལས་ཡུ་ག་ཆ་འམ་ཟུང་། ན་དྭ་གཉིས་སུ་མེད་པ་སྟེ། །ཕྱོགས་དང་རིས་སུ་མ་ཆད་པ་རོ་མཉམ་གྱི་ཡེ་ཤེས་ཆེན་པོ་ཡིན་ཞིང་། དེ་ལ་བདེ་བ་ཆེན་པོ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མས་བསྙད་པ་དེར་ལོ་རྩཱ་བས་འགྱུར་གྱི་ཕྱག་མཛད་པའོ།

།གཉིས་པ་གཞུང་གི་དོན་ལ། གླེང་གཞི་ཨེ་ཝཾ་གི་ལུས་རྣམ་པར་བཞག་པ། ལམ་རིམ་གྱི་ཡན་ལག་རྒྱས་པར་བཤད་པའོ།
དང་པོ་ནི། ༈ གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་ཆེན་གྱིས། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས།
།དེ་ཡང་ཐོས་ཞེས་པ་བཤད་པའི་གཞིར་བཞག་ནས། གང་གི་ཐོས་ན་རྡོ་རྗེ་འཆང་ཞེས་གསུངས་པ་ཅི།
།སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །བྱང་ཆུབ་སེམས་ལྡན་གང་ཡིན་པ། །དེ་ཉིད་རྒྱལ་བ་རྡོ་རྗེ་འཆང་། དེ་བཞིན་གཤེགས་པ་ཀུན་གྱི་བདག །ཅེས་གསུངས་ལ།
དེ་ཡང་རྡོ་རྗེ་ནི། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་རྡོ་རྗེའི་དོན་མི་ཕྱེད་པ་སྟེ།
མཚན་མ་དང་རྣམ་པར་རྟོག་པའི་ཚོགས་ཀྱིས་གཞོམ་གཞིག་དང་བྲལ་བའི་ཡེ་ཤེས་ཡིན་ལ། དེའི་བདག་ཉིད་ལ་འཆང་བའི་སྒྲས་བསྟན་པའོ།
།དེ་ཡང་། སུམ་ཅུ་པར། གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར།
གང་ཞིག་ཅེས་པ་སྤྱི་ཁྱབ་ཀྱི་སྒྲ་ཡིན་པས་ཁྱད་གཞི་རྡོ་རྗེ་འཆང་བསྟན་ལ། འོ་ན་དེ་ལ་ཁྱད་པར་གྱི་ཆོས་ཇི་ལྟ་བུ་ཞེས་ན། །སྐུ་གསུམ་ཡན་ལག་བདུན་དང་ལྡན་པ་སྟེ། །ངག་གི་ལམ་ལས་འདས་པས་བརྗོད་པ་དང་བྲལ་བ་ཡིན་ལ།
དེ་སྐད་དུ། མདའ་བསྣན་ཞབས་ཀྱིས། བླ་མས་བརྗོད་པ་དེ་ཡང་མ་ཡིན་ཞིང་། །དེ་ནས་སློབ་མས་གོ་བའམ་ཐོབ་པ་མེད། །ལྷན་ཅིག་སྐྱེས་པའི་བདེ་བ་བདུད་རྩི་དེ། །སུ་ལ་སུ་ཞིག་གིས་ནི་བརྗོད་པར་བྱེད། །ཅེས་དང་།
ཐམས་ཅད་མཁྱེན་པའང་ཚིག་གི་དབུལ་གྱུར་པ། །བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག །ཅེས་དང་།
ཏིལླི་ཞབས་ཀྱིས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གི་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཅེས་གསུངས་པ་ལྟར་རོ།
།གནས་ལུགས་ལ་ཡོད་པས་ལྷུན་གྲུབ་སྟེ།
།རྒྱུད་བླ་མ་ལས། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །ཅེས་གསུངས་ལ།
དེ་ཡང་ལྷུན་གྲུབ་ཀྱི་སྐད་དོད། ནཱ་བྷོ་ག་སྟེ། ཨཱ་བྷོ་ག་བཟའ་འམ། རྩོལ་བ། དེ་ན་ཡིག་གེས་བཀག་པས་ནཱ་བྷོ་ག་རྩོལ་བ་མེད་པ་སྟེ་ལྷུན་གྱིས་གྲུབ་པ།
དེ་ཡང་། མདོ་སྡེ་རྒྱན་དུ། ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་རྩོལ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཞེས་དང་།
དོ་ཧར། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །ཞེས་གསུངས་པ་ལྟར།
གདོད་མ་ནས་ཡོན་ཏན་རང་ཆས་སུ་ཡོད་པས་ལྷུན་གྲུབ་ཅེས་བྱའོ། །འོ་ན་འཁོར་འདས་ཀྱི་ཁྱད་པར་མི་འཐད་དོ་ཅེ་ན། ཡིན་ལུགས་ལ་འཁོར་འདས་ལ་ཁྱད་པར་མེད་ཀྱང་། བློ་ངོ་ལ་ལྟོས་ནས་འཁོར་འདས་ཀྱི་ཐ་སྙད་བཞག་སྟེ།
དབང་མདོར་བསྟན་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཞེས་ཟླ་བ་འཕེལ་འགྲིབ་ཏུ་སྣང་བ་གྲིབ་མས་བཀབ་པ་དང་མ་བཀབ་པའི་ཁྱད་པར་ཡིན་གྱིས། གནམ་སྟོང་ལ་ཡང་ཟླ་བ་མེད་པ་མ་ཡིན་པ་བཞིན་དུ་སེམས་ཅན་ཐ་མལ་པ་རྣམས་ཀྱིས་སེམས་ལ་སྒྲིབ་པ་གཉིས་ཀྱིས་བཀབ་པ་ལས་བདེ་བ་ཆེན་པོ་མི་མངོན་པར་ཟད་ཀྱི། དེའི་ཚེ་བདེ་བ་ཆེན་པོ་མེད་པ་ནི་མ་ཡིན་པས་དེའི་འགྲེལ་པ་ནཱ་རོ་ཞབས་ཀྱིས་མཛད་པ་ལས། ཉོན་མོངས་ལ་སོགས་ཅེས་པ་ཉོན་མོངས་པ་དང་། ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཉམས་པ་སྤངས་པ་ཉིད་རྫོགས་པའི་སྒྲས་བསྟན་པ་ཡིན་གྱི། ཡེ་ཤེས་ཆད་པ་མ་ཡིན་ལ་དེ་རྫོགས་པ་ཡང་མ་ཡིན་ནོ། དེ་ལུང་དུ་གསུངས་པ། སངས་རྒྱས་རྣམས་ཀྱི་རྟག་ཏུ་ཤར། །མ་རིག་གདུག་སེམས་ཅན་གྱི་མིན། །ཞེས་པའོ། །ཞེས་བྱུང་བ་ལྟར་རོ།
།རྒྱུ་རྐྱེན་ལས་མ་སྐྱེས་པས་འདུས་མ་བྱས་པ་སྟེ།
རྒྱུད་བླ་མར། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཅེས་དང་།
དབང་མདོར་བསྟན་ལས། ཤེས་རབ་རྒྱུ་ལས་མ་བྱུང་ཞིང་། །ཤེས་རབ་རྒྱུ་ལས་བྱུང་བ་འབྲས། །ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། །དེ་ཕྱིར་ཡེ་ཤེས་རྒྱུ་སྐྱེས་མིན། །ཞེས་གསུངས་པ་ལྟར་རོ།
།རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་། མི་འགྱུར་བའི་བདེ་བ་ཆེན་པོ་གདོད་མ་ནས་ཟུང་འཇུག་རོ་མཉམ་དུ་གནས་པས་ཁ་སྦྱོར།
འོ་ན་རྩ་བའི་རྒྱུད་ལས། སྟོང་ཉིད་གཟུགས་བརྙན་བཟུང་བ་རྒྱུ། །སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། །ཅེས་གསུངས་པས།
།སྟོང་ཉིད་རྒྱུ་དང་སྙིང་རྗེ་མི་འགྱུར་བའི་བདེ་བ་འབྲས་བུར་གསུངས་པ་མ་ཡིན་ནམ་ཞེ་ན།
འདིའི་རྒྱུ་འབྲས་ནི། རྒྱུ་རྣམས་ཐམས་ཅད་སྔར་ཡོད་མིན། །ཞེས་རྟོག་གེ་ལ་གྲགས་པའི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མ་ཡིན་གྱི། གདོད་མ་ནས་དུས་མཉམ་ལྷན་སྐྱེས་ཡིན་ཀྱང་། ལམ་ཟབ་མོ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་རྣལ་འབྱོར་པའི་བློ་ངོ་ལ་ལྟོས་ནས་ཐོག་མར་སྟོང་པ་ཉིད་ཀྱི་གཟུགས་མངོན་དུ་འགྱུར་ཞིང་། དེ་ལ་མཉམ་པར་བཞག་པས་མི་འགྱུར་བའི་བདེ་བ་མངོན་དུ་བྱེད་པས།
དྲི་མེད་འོད་དུ། ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཞེས་གསུངས་པ་ལྟར་རོ།
།བདེ་ཆེན་ཞེས་པ་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། མདོར་བསྟན་པ་ཙམ་ནི་
རྒྱུད་བླ་མར། གཙང་རྟག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཅེས་པའི་བདེ་བ་འཆད་པ་ན།
།དེ་ཉིད་དུ། ཡིད་ཀྱི་རང་བཞིན་ཕུང་པོ་དང་། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །ཅེས་གསུངས་ལ།
སྔགས་ཀྱི་ཐེག་པ་ལས་བཤད་པའི་བདེ་བ་ནི་ལས་ཀྱི་ཕྱག་རྒྱ་སོགས་ལ་བརྟེན་པ་ལས་ཡིན་པའི་ཕྱིར་དང་། དེ་ལྟ་བུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལས་མ་བཤད་པས། སྔགས་ཀྱི་ལམ་བདེ་བས་ཁྱད་པར་དུ་བྱས་པ་ཡིན་གྱི། ཕྲ་རགས་ཀྱི་རྣམ་པར་རྟོག་པ་ཇི་སྙེད་པའི་རང་བཞིན་ཐ་མལ་གྱི་ཤེས་པ་དེ་ཉིད་བདེ་བའི་རང་བཞིན་ཡིན་ནོ། །ཞེས་ནི་སྔགས་ཀྱི་ཐེག་པ་ལས་མ་བཤད་དོ་སྙམ་ན་ཤིན་ཏུ་བཤད་དོ།
དགྱེས་པ་རྡོ་རྗེ་ལས། དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་སོགས་ཀྱིས་ཀྱང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་རིགས་དྲུག་གི་འགྲོ་བ་ཐམས་ཅད་ཀྱི་སེམས་རང་བཞིན་གྱི་བདེ་བར་རྟག་ཏུ་གནས་པར་གསུངས་ལ།
དེ་ལྟ་བུའི་རིགས་ཀྱི་རྒྱུན་ལས་སངས་རྒྱས་ཀྱི་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ཐོབ་པ་ཡིན་པས་སངས་རྒྱས་གཞན་དུ་བསྟན་པ་མེད་ཅེས་གསུངས་པ་ཡིན་ནོ།
།དེའི་ཕྱིར་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདེ་བ་ཆེན་པོ་ནི་གཏན་དུ་བ་ཡིན་ལ། དེ་རིགས་འདྲ་གཏན་དུ་བ་མ་ཡིན་པ་གཅིག་ལས་འབྱུང་བར་ག་ལ་འགྱུར།
དོན་འདི་ཉིད་ཐུགས་ལ་བཞག་ནས། སློབ་དཔོན་ཨིནྡྲ་བྷཱུ་ཏིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟོག །ཅེས་དང་།
མཚན་བརྗོད་ལས། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །ཞེས་གསུངས་སོ།
།འོ་ན་ཡེ་ཤེས་དེ་ཉིད་རྟག་པ་ཉིད་དུ་ཐུལ་བར་འགྱུར་རོ་སྙམ་ན། ངོ་བོ་ཉིད་ཀྱི་འཕེལ་འགྲིབ་མེད་པའི་ཕྱིར་རྟག་པ་ཞེས་པའི་སྒྲས་བསྙད་ཀྱི། རང་བཞིན་གྱི་སྟོང་པར་ཡང་སྨྲ་བའི་ཕྱིར་རྣམ་པ་དེ་ལྟ་བུའི་སྐྱོན་ཡོད་པ་མ་ཡིན་ནོ། གཞན་ལས་ཀྱི་ཕྱག་རྒྱ་སོགས་ལ་བརྟེན་པའི་བདེ་བ་ནི་ཤིན་ཏུ་མི་བརྟན་པ་ཡིན་ཏེ།
ཨིནྡྲ་བྷུ་ཏིས། དབང་པོ་གཉིས་སྐྱེས་བདེ་དེ་ཉིད། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་བ་ཆེཡིན་ཞེས། །རྒྱལ་དབང་མཆོག་གིས་མ་གསུངས་སོ། །ཞེས་བཤད་ལ།
དེས་ན་ལས་ཀྱི་ཕྱག་རྒྱ་སོགས་ཀྱིས་དྲངས་པའི་ཞུ་བདེ་ནི་སྔགས་ཀྱི་ཐེག་པ་ཐབས་མཁས་མྱུར་ལམ་གྱི་ཁྱད་པར་དུ་བྱས་པ་ཡིན་པས། ཞུ་བདེ་ལ་བརྟེན་ནས་རྣམ་པར་རྟོག་པའི་ཚོགས་མཐའ་དག་འགགས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་གདོད་མ་ནས་ལྷུན་གྲུབ་ཏུ་བཞུགས་པའི་བདེ་བ་ཆེན་པོ་མངོན་དུ་གྱུར་པ་ཉིད་ཡིན་ནོ།
།དེས་ན་དམིགས་པ་མེད་པའི་སྙིང་རྗེ་དང་སྔགས་ལས་བཤད་པའི་བདེ་བ་ཆེན་པོ་དོན་གཅིག་པ་ཡང་སྙིང་རྗེའི་སྐད་དོད་ཀ་རུ་ན་ཞེས་པའི་སྒྲ་ལས། ཀ་ནི་འཆི་མེད་མཛོད་ལས། ཀམ་ནི་མགོ་དང་ཆུ་ཡང་བདེ། །ཞེས་དོན་དུ་མ་ལ་འཇུག་པ་ལས། སྐབས་འདིར་བདེ་བ་རུ་ཎ་འགོག་པ་ལ་འཇུག་པས་བདེ་འགོག་ཅེས་པ་སྟེ། ཟག་བཅས་འགྱུར་བའི་བདེ་བ་འགོག་པ་མི་འགྱུར་བའི་བདེ་བ་ཡིན་ཞིང་། ཡང་ན་སློབ་དཔོན་མཚོ་སྐྱེས་ཞབས་ཀྱི་རུ་ཎའི་དོན་བསྡུས་པ་ལ་བཤད་ཅིང་། དེ་ཡང་དགའ་བ་སྔ་མ་གསུམ་རིམ་གྱིས་བསྡུས་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉིད་ཡིན་ཏེ་གོང་དུ་བཤད་པ་དང་དོན་གཅིག་གོ
།དེའི་རྒྱུ་མཚན་ཡེ་ཤེས་སྙིང་པོའི་རྒྱུད་དུ་འབྱུང་བའི་རྒྱུ་དང་གསལ་བའི་རྒྱུ་གཉིས་སུ་ཕྱེ་ནས་དགའ་བ་ལས་མཆོག་དགའ་འབྱུང་བ་འབྱུང་བའི་རྒྱུ་འབྲས་དང་། དགའ་བྲལ་གྱི་དགའ་བའམ་ཁྱད་པར་གྱི་དགའ་བ་ལས་ལྷན་སྐྱེས་འབྱུང་བ་གསལ་བའི་རྒྱུ་འབྲས་སུ་གསུངས་ཏེ།
རྒྱུད་དེ་ཉིད་ལས། གསལ་བའི་རྒྱུ་ནི་དགའ་བྲལ་གྱི་དགའ་བ་སྟེ། ཇི་ལྟར་མར་མེ་བཞིན་ནོ། འབྱུང་བའི་རྒྱུ་ནི། དགའ་བ་ལས་མཆོག་གི་དགའ་བ་སྟེ། ཇི་ལྟར་ས་བོན་ལས་མྱུ་གུ་བཞིན་ནོ། དགའ་བྲལ་གྱི་དགའ་བ་ནི། གཞན་རྣམས་དང་མི་འདྲ་བའི་ཕྱིར། འབྱུང་བའི་རྒྱུ་མ་ཡིན་ཏེ། །ཞེས་བྱུང་བས་སོ།
།དེས་ན་སྐུ་གསུམ་ཀ་བྲལ་འབྲས་སུ་མཛད་པ་འདི་ཉིད་ཤངས་པ་བཀའ་བརྒྱུད་པ་རང་གི་ཐུགས་བཞེད་དྲི་མ་མེད་པ་ཡིན་ཏེ།
གཞི་སྐུ་གསུམ་རང་གནས། ལམ་སྐུ་གསུམ་ལམ་འཁྱེར། འབྲས་བུ་སྐུ་གསུམ་མངོན་འགྱུར། །ཞེས་བྱུང་བས་སོ།
དོན་དེ་ཉིད་ངེས་པའི་དོན་གྱི་མདོ་སྡེ་རིན་པོ་ཆེའི་དགོངས་པ་ཡང་ཡིན་ཏེ།
མདོ་སྡེ་མྱང་འདས་ཆེན་པོར། རིགས་ཀྱི་བུ་གཞན་ཡང་རྒྱུ་རྣམ་པ་གཉིས་ཡོད་དེ་བྱས་པའི་རྒྱུ་དང་གསལ་བའི་རྒྱུའོ། ཇི་ལྟར་རྫ་མཁན་གྱི་འཁོར་ལོ་ནི་བྱས་པའི་རྒྱུ་ཞེས་བྱའོ། །ཇི་ལྟར་མེ་སྒྲོན་ལ་སོགས་པས་མུན་པའི་རྫས་སྣང་བར་བྱེད་པ་ནི་གསལ་བའི་རྒྱུ་ཞེས་བྱའོ། །རིགས་ཀྱི་བུ་མྱ་ངན་འདས་པ་ཆེན་བོ་ནི་བྱས་པའི་རྒྱུ་ལས་གྲུབ་པ་མ་ཡིན་ཏེ་གསལ་བའི་རྒྱུ་འབའ་ཞིག་གོ །ཞེས་སོགས་རྒྱས་པར་འབྱུང་བས་སོ།
།ལོངས་སྐུ་ཞེས་པ་ནི། མངོན་པར་རྟོགས་པའི་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པ་ལོངས་སྤྱོད་རྫོགས་སྐུ་བཞེད། །ཅེས་གསུངས་པ་ལྟར་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་ཞིག་ལ་མཛད་ལ།
དེའི་དབང་དུ་མཛད་ནས། ཡེ་ཤེས་ཀྱི་མཁའ་འགྲོ་འདི་ཉིད་ཀྱི་སྒྱུ་མ་ལམ་གྱི་རིམ་པར། མི་འགྱུར་མ་སྐྱེས་མཚན་མེད་པའི། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །དེ་ལ་བཞེངས་བཞུགས་མི་མངའ་ཡང་། །སྔོན་གྱིས་བསོད་ནམས་བསྐྱེད་པ་དང་། །སྨོན་ལམ་སྐྱེད་རིམ་སྟོབས་ལས་ནི། །གཟུགས་སྐུ་རྣམ་གཉིས་རང་ཤར་ཏེ། །དེ་ཡང་འོག་མིན་ཕོ་བྲང་དུ། །ལོངས་སྐུ་སྣང་མཛད་རྡོ་རྗེ་འཆང་། །མཚན་བཟང་དཔེ་བྱད་རབ་ཏུ་ལྡན། །སྤྲོས་བྲལ་སྣང་སྟོང་དྲི་མེད་སྐུ། །བྱང་ཆུབ་སེམས་དཔའི་ཚོགས་དང་བཅས། །མཐའ་བྲལ་ཐེག་ཆེན་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་སྒྲོགས་པར་བྱེད། །ཅེས་གསུངས་ལ།
སྔགས་ཀྱི་སྐབས་འདིར་ནི་གཙོ་ཆེར་གསུང་རྡོ་རྗེ་ལ་ལོངས་སྐུར་བཞག་སྟེ།
བསྡུས་པའི་རྒྱུད་ལས། འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་སྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པས་སོ། །ཞེས་དང་།
པདྨ་དཀར་པོས། སྐུ་བཞི་ལ་བསྟོད་པར། གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །ཅེས་སོགས་རྒྱས་པར་འབྱུང་ཞིང་།
།བཀའ་བརྒྱུད་རིན་པོ་ཆེ་འདི་པའི་གོངམ་རྣམས་ཀྱང་གསུང་རྡོ་རྗེ་ལ་ལོངས་སྐུར་བཞེད་པ་ཡིན་ཏེ།
རྗེ་རྨོག་ལྕོག་པ་ཆེན་པོས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པར། མ་སྐུ་ཡི་སྤྲུལ་པ་བསམ་མི་ཁྱབ། །སྤྲུལ་སྐུ་ལགས་པར་ཁོ་བོས་གོ །གསུང་གི་བརྗོད་བྱ་བསམ་མི་ཁྱབ། །ལོངས་སྐུ་ལགས་པར་ཁོ་བོས་གོ །ཐུགས་བདེ་སྟོང་གཉིས་པོ་བསམ་མི་ཁྱབ། །ཆོས་སྐུ་ལགས་པར་ཁོ་བོས་གོ །སྐུ་གསུམ་དབྱེར་མེད་རྡོ་རྗེའི་སྐུ། །ཉིད་སྐུ་ལགས་པར་བདག་གིས་གོ །ཞེས་འབྱུང་བས་སོ།
གང་འདུལ་ཤར་ཞེས་པས་སྤྲུལ་སྐུའི་ཡན་ལག་བསྟན་ཏེ།
མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང་།
ཡེ་ཤེས་ཀྱི་མཁའ་འགྲོ་ཉིད་ཀྱིས། །སྤྲུལ་སྐུ་རང་ཤར་གང་འདུལ་ཏེ། །གནས་དུས་སྟོན་པ་ཆོས་འཁོར་སོགས། །གདུལ་བྱ་གང་ལ་གང་མོས་ལ། །བཀོད་པ་བསམ་གྱིས་མི་ཁྱབ་པས། །དེ་དང་དེ་ཡི་སྐུར་བསྟན་ནས། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །འདམ་གྱིས་མ་གོས་པདྨ་འམ། །ནོར་བུ་དཔག་བསམ་ལྟ་བུ་ཡིས། །སེམས་ཅན་སྨིན་ཅིང་གྲོལ་བར་བྱེད། །ཅེས་གསུངས་སོ།དེ་དང་དེ་ཡི་སྐུར་བསྟན་ནས། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །འདམ་གྱིས་མ་གོས་པདྨ་འམ། །ནོར་བུ་དཔག་བསམ་ལྟ་བུ་ཡིས། །སེམས་ཅན་སྨིན་ཅིང་གྲོལ་བར་བྱེད། །ཅེས་གསུངས་སོ།
གང་ཐོས་ན། ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཅེས་པ་སྟེ་འདི་སྐད་ཅེས་པ་ལེགས་སྦྱར་གྱི་སྐད་དུ།
།ཨེ་ཝཾ་ཞེས་པར་ཡོད་པས། འདིའི་དོན། དཔལ་དུས་ཀྱི་འཁོར་ལོར། གང་ཞིག་ཨེ་ཝཾ་ཡི་གེར་གནས་པ་མཆོག་ཏུ་བདེ་བའི་གནས་ལ་སྐུ་གསུང་ཐུགས་ནི་བཞུགས་པའོ། །ཞེས་དང་།
དགྱེས་རྡོར་ལས། ཨེ་ཡིག་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་ཡིག་གིས་བརྒྱན་པ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་དང་།
དྲི་མེད་འོད་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། །ཅེས་སོགས་རྒྱས་པར་འབྱུང་བས།
ཨེ་ཝཾ་གི་དོན་ནི། ཤེས་རབ་དང་ཐབས་སམ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རོ་མཉམ་ཟུང་འཇུག་གི་དོན་ལ་བཞག་ཅིང་། འདི་དག་གི་དོན་རྒྱས་པར་ཁོ་བོས་སྤྱར་བའི་ཨེ་ཝཾ་གི་རྣམ་བཤད་གསང་ཆེན་རྒྱུད་སྡེའི་ངེས་གནས་གསལ་བ་ཞེས་བྱ་བ་ལས་རྟོགས་པར་བྱའོ། འོ་ན་རྡོ་རྗེ་འཆང་གིས་གཞན་ལས་ཐོས་པ་ཇི་ལྟར་འཐད་སྙམ་ན། ཐོས་པའི་དོན་ནི། མཁྱེན་པའམ། ཤེས་པ་ལ་གསུངས་པ་ཡིན་ཏེ།
བསྡུས་པའི་རྒྱུད་ཀྱི་རྒྱལ་པོར། རྒྱུད་རྣམ་དག་ལས་འདི་སྐད་བདག་གིས་ཐོས་ཞེས་གསུངས་པ་གང་དེ་འདི་ལྟར་བདག་གིས་ཤེས་པ་སྟེ། ཞེས་དང་།
རྡོ་རྗེ་སྙིང་འགྲེལ་ལས། ཐོས་པ་ནི་མཁྱེན་པའོ། བདག་གིས་ནི་བདག་ཉིད་ཀྱིས་སོ། དུས་གཅིག་ན་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ན་འོ། བཅོམ་ལྡན་འདས་ནི་བདེ་བ་ཆེན་པོའོ། ཞེས་གསུངས་པས་སོ།
དེས་ན་རས་ཆུང་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་དུ་ཡང་། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །རྡོ་རྗེ་འཆང་ངས་སྐལ་ལྡན་དོན་དུ་བཤད། །ཅེས་བཀའ་བརྒྱུད་གོང་མའི་ཕྱག་དྲེག་འབྱར་བའི་གླེགས་བམ་དག་ན་ཡོད་བཞིན་དུ་ཐོས་ནིར་བསྒྱུར་བ་དང་།
འདིར་ཡང་ཐོས་པའི་དོན། ནི་གུ་མས་རྡོ་རྗེ་འཆང་ལ་ཐོས་ཞེས་སོགས་བཤད་པ་ནི་ཕྱིས་གློ་བུར་དུ་སྦྱར་བའི་རང་བཟོ་སྟེ། རྒྱུད་སྡེ་ཆེན་པོ་རྣམས་ལ་སྤྱན་རས་ཀྱིས་གཟིགས་པ་མ་སྩལ་བའི་སྐྱོན་ཡིན་ལ། རྡོ་རྗེ་འཆང་ཆེན་གྱིས་ཅེས་རྣམ་དབྱེ་གསུམ་པ་བྱེད་པའི་སྒྲ་དངོས་སུ་ཡོད་ཅིང་། སྐྱེ་མེད་རང་སྒྲ་ཞེས་པའི་ཚིག་ཙམ་ལའང་དཔྱད་པ་མ་ཞུགས་པའོ།
།སྐབས་འདིར་དྲི་བ་འདི་ལྟ་བུ་ཞིག་འཇུག་སྟེ།
ཆོས་དྲུག་ཕྱག་ཆེན་འཆི་མེད་རྣམ་གསུམ་གྱི། །རྡོ་རྗེའི་ཚིག་ལ་འདི་སྐད་ཐོས་པ་སྣང་། །ལམ་ཁྱེར་ཉིད་ལ་དེ་ཉིད་མི་འབྱུང་བའི། །རྒྱུ་མཚན་གསལ་པོར་འཆད་ན་ཇི་ལྟ་བུ། །ཞེས་འདྲི་བའི་རྒྱུ་མཚན།
ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་གླེང་གཞིར་ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཅེས་དང་།
ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་དུ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །འཆི་མེད་ཡེ་ཤེས་རང་སྒྲ་འདི་སྐད་ཐོས། །ཞེས་པ་འབྱུང་ཞིང་།
ལམ་ཁྱེར་གྱི་རྡོ་རྗེའི་ཚིག་རྐང་ལ་རྒྱ་བོད་ཀྱི་མཚན་དང་འགྱུར་གྱི་ཕྱག་གི་དེ་མ་ཐག་ཏུ།
གང་གི་བླ་མ་མཆོག་བསྟེན་དབང་ཐོབ་པས། །དབེན་པར་གནས་ཤིང་འཇིག་རྟེན་བློས་བཏང་ནས། །ཅེས་སོགས་ལས།
འདི་སྐད་ཐོས་ཞེས་པ་མི་འབྱུང་བས་དེ་དག་གི་ཁྱད་པར་ཇི་ལྟ་བུ་ཞེས་ན། ཆོས་དྲུག་ཕྱག་ཆེན་འཆི་མེད་གསུམ་གྱི་རྡོ་རྗེའི་ཚིག་རྐང་ནི་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་བཀའ་ཡིན་པས། གླེང་གཞིའི་སྐབས་སུ་འདི་སྐད་ཐོས་ཞེས་པའི་སྒྲ་དངོས་སུ་སྦྱར་བ་ཡིན་ཞིང་། རྒྱུ་མཚན་གཞན་ཡང་།
ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་ཞབས་སུ། ཡེ་ཤེས་ཀྱི་ཌཱ་ཀི་མའི་ཞལ་ནས་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། ཞེས་དང་།
གའུ་མའི་རྡོ་རྗེའི་ཚིག་རྐང་གི་ཞབས་སུ། རང་ཤར་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་ཚིག་རྐང་རྫོགས་སོ། །མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ཏེ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་སོ། །ཞེས་དང་།
འཆི་མེད་རྡོ་རྗེའི་ཚིག་རྐང་གི་ཞབས་སུ། རང་སེམས་འཆི་མེད་རང་གྲོལ་རྫོགས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མས་སེང་ལྡེང་ནགས་ཀྱི་གསེབ་ཏུ་གསུངས་ནས་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ཞེས་མཁའ་འགྲོ་མའི་གསུངས་ཅེས་པ་ཙམ་ལས་མཛད་ཅེས་པ་ཅི་ཡང་མི་འབྱུང་ལ།
ལམ་ཁྱེར་གྱི་ཞབས་སུ། ཁྱད་འཕགས་ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ་ཡེ་ཤེས་ཀྱི་ཌཱ་ཀི་མས་མཛད་པ་རྫོགས་སོ། །ཞེས་འདི་ལ་མཛད་ཀྱི་སྒྲ་དངོས་སུ་བྱུང་བས་ནི་གུ་མས་མཛད་པའི་བསྟན་བཅོས་ཡིན་ཞིང་།
དེས་ན་རྡོ་རྗེའི་ཚིག་རྐང་ལ་བཀའ་རྡོ་རྗེའི་ཚིག་རྐང་དང་། བསྟན་བཅོས་རྡོ་རྗེའི་ཚིག་རྐང་གཉིས་སུ་ཡོད་པའི་དང་པོ་ནི་རས་ཆུང་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་དང་། འདིའི་རྡོ་རྗེའི་ཚིག་རྐང་རྣམ་པ་གསུམ་ལྟ་བུ། ལམ་འབྲས་རྡོ་རྗེའི་ཚིག་རྐང་། སྤྲོས་མེད་རྡོ་རྗེའི་ཚིག་རྐང་། འདིའི་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་ལྟ་བུ་རྣམས་བསྟན་བཅོས་རྡོ་རྗེའི་ཚིག་རྐང་ཡིན་ནོ།
།དེས་ན། ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། ཅེས་པའི་དོན་ནི་གུ་མས་རྡོ་རྗེ་འཆང་ལ་ཐོས་ཅེས་པའི་བཤད་པའང་རྟགས་ཀྱི་རང་བཟོ་ཡིན་པར་ཤེས་ཏེ། ལམ་ཁྱེར་གྱི་གདམས་པ་འདི་ཡང་རྡོ་རྗེ་འཆང་ལ་ནི་གུ་མས་ཐོས་པ་གཞིར་བཞག་པས། འདི་ལ་ཡང་འདི་སྐད་ཐོས་ཅེས་འབྱུང་རིགས་པས་སོ།

།གཉིས་པ་ལམ་རིམ་གྱི་ཡན་ལག་རྒྱས་པར་བཤད་པ་ལ། ལམ་གྱི་སྔོན་འགྲོ་བཤད་ནས་དངོས་གྲུབ་ཐོབ་པའི་དུས་ཀྱི་ངེས་པ་བསྟན་པ་ལམ་གྱི་དངོས་གཞི་ཉམས་སུ་བླང་ཚུལ། གདམས་ངག་ལ་བསྲེ་སླད་སྤང་ཕྱིར་ཉམས་མྱོང་ལུང་དང་ཐེམ་ཡིག་གིས་བརྒྱན་པར་བསྟན་པ། ལམ་སྒོམ་པས་འབྲས་བུ་ཐོབ་ཚུལ་དུས་ཀྱི་ངེས་པ་དང་བཅས་པ་ཆིག་བརྒྱུད་ཀྱི་བཀའ་རྒྱས་བཏབ་པའོ།
དང་པོ་ནི། ༈ དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་འགྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར།
།དབང་བཞིས་སྨིན་བྱེད་ཅེས་པ། བཀའ་བརྒྱུད་རིན་པོ་ཆེ་འདིའི་ལུགས་ལ།
དབད་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཡང་སྨིན་བྱེད་ཀྱི་དབང་དུ་མཛད་དེ། མཁས་གྲུབ་ཁྱུང་པོས། ཆོས་དྲུག་སྤྱིའི་དབང་བསྐུར་གྱི་ཆོ་ག་ལས། དེ་ཡང་དབང་བསྐུར་བ་ལ་དབང་པོའི་བྱེ་བྲག་གིས། རབ་ཏིང་ངེ་འཛིན། འབྲིང་མེ་ཏོག་ཚོམ་བུ། ཐ་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ།
ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། དབང་བསྐུར་དབང་པོའི་བྱེ་བྲག་གིས། །ཏིང་འཛིན་མེ་ཏོག་རྡུལ་ཚོན་ནོ། ཞེས་དང་།
སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དཀྱིལ་འཁོར་སློབ་མ་རབ་འབྲིང་ཐ། །ཏིང་འཛིན་མེ་ཏོག་རྡུལ་ཚོན་རིམ། །ཞེས་སོ།
དེ་ལ་སྨིན་བྱེད་སྒྱུ་ལུས་རྨི་ལམ་འོད་གསལ་གྱི་དབང་བསྐུར་བ་འདི་ལ་གསུམ་སྟེ། ཞེས་བྱིན་རླབས་ཀྱི་རིམ་པ་འདི་དག་ལ་ཡང་སྨིན་བྱེདཀྱི་དབང་དུ་རྣམ་པར་བཞག་པས་སོ།
།འདིར་དྲི་བ་འདི་ལྟ་བུ་ཞིག་འཇུག་སྟེ། དབང་བཞི་གསོལ་གདབ་རིམ་པར་བྱིན་རླབས་ཀྱི། །གནས་སུ་དེང་བདག་མཛོད་ཅེས་འབྱུང་བ་དང་། །དབང་བསྐུར་བྱིན་རླབས་ཉིད་དུ་བཞག་པས་ན། །བྱིན་རླབས་དབང་ལ་ཁྱད་པར་ཅི་ཞིག་ཡོད། །ཅེས་འདྲི་བའི་རྒྱུ་མཚན།
འགའ་ཞིག་དབང་དང་བྱིན་རླབས་ལ་ཁྱད་པར་ཡོད་པ་དང་། བྱིན་རླབས་ནི་སྨིན་ཟིན་པ་ཞིག་ལ་ཡེ་ཤེས་གོང་འཕེལ་གྱི་སླད་དུ་ཡིན་གྱི། བྱིན་རླབས་ཀྱི་སྨིན་བྱེད་མི་ཡོང་ཅེས་གསུངས་མོད། །དེ་ལྟར་ན་དབང་བཞིའི་གསོལ་གདབ།
རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པའི་ཚིག །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་གྱིས་དངོས། སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད།
།ཅེས་བདག་ལ་སྐུ་རྡོ་རྗེའི་བྱིན་གྱིས་བརླབ་པ་སྩལ་དུ་གསོལ། །ཞེས་པ་དང་།
བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། །ཞེས་པ་ལ་ཁྱད་པར་མེད་ཅིང་།
དེ་བཞིན་དུ་གསང་དབང་ཤེས་རབ་ཡེ་ཤེས། དབང་བཞི་པ་རྣམས་སྩལ་དུ་གསོལ། །ཞེས་པ་དང་།
གསུང་གི་རྡོ་རྗེ། ཐུགས་ཀྱི་རྡོ་རྗེ། ཡེ་ཤེས་ཀྱི་རྡོ་རྗེ་རྣམས་ཀྱི་བྱིན་གྱིས་བརླབས་པ་སྩལ་དུ་གསོལ། །ཞེས་པ་ལ་ཁྱད་པར་མེད་དེ།
བརྟག་པ་གཉིས་པར། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཕྱིར་འདི་ནི་བྱིན་རླབས་ཡིན། །ཞེས་དབང་བསྐུར་བ་བཀའ་བྱིན་བརླབས་སུ་མཛད་པས་སོ།
།བྱིན་རླབས་དང་དབང་དོན་གཅིག་ཏུ་མཛད་པ་ནི་ཤངས་པ་བཀའ་བརྒྱུད་པའི་ཡིག་རྙིང་རྣམས་ན། བྱིན་རླབས་དབང་གི་གཞི། ཞེས་གསུང་ཞིང་།
སློབ་དཔོན་དྲིལ་བུ་ཞབས་ཀྱིས། །བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །འཁོར་ལོ་སྡོམ་པར་སྦས་པ་ཡི། །བྱིན་རླབས་རིམ་པ་བཤད་པར་བྱ། །ཞེས་གསུངས་པའི་བླ་མའི་བྱིན་རླབས་ཙམ་ཞེས་པའི་ཙམ་སྒྲ་ནི་གཞན་གཅོད་པའི་དོན་ཡིན་པས་དཀྱིལ་འཁོར་ལས་རིམ་ཅན་སོགས་ཆོ་གའི་སྤྲོས་པ་ཆེ་བ་ལ་མ་ལྟོས་པར་བྱིན་རླབས་ཙམ་གྱིས་སྨིན་པ་ཞིག་ཡོད་ཅེས་པའི་དོན་ནོ།
།དད་དང་། ཞེས་པ་ནི། སྤྱིར་དད་པ་དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར། འཕགས་པའི་ནོར་བདུན་གྱི་ཐོག་མ་ཉིད་དུ་གསུངས་ལ། ཁྱད་པར་རང་བྱུང་གི་ཡེ་ཤེས་དད་པ་ཉིད་ཀྱི་མཐུས་རྟོགས་པར་བྱ་བ་ཡིན་པས་དེ་ཉིད་མེད་ན་མི་འབྱུང་གི་འབྲེལ་པ་ཅན་དུ་དཔེ་དང་སྦྱར་ནས་བསྟན་པ།
རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་གསུངས་སོ།
བརྩོན་འགྲུས་ལྡན། །ཞེས་པ།
སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་གསུངས་པས།
བརྩོན་འགྲུས་ནི། དགེ་བ་ལ་སྤྲོ་བའི་ངང་ཚུལ་ཅན་ཡིན་ལ། །བརྩོན་འགྲུས་ཀྱི་སྐད་དོད། བཱིཪྻ་ཞེས་པའི་སྒྲ་ལས་དྲངས་ནས། བརྩོན་འགྲུས་ཀྱི་དོན། རྒྱལ་བ་མ་ཕམ་པས། མཆོག་སྦྱོར་བ་དང་། ཞེས་གསུངས་ལ།
དེ་ཡང་། བི་བ་ར་མཆོག །ཡོན་ཏན་སྦྱོར་བ་སྟེ། དགེ་བ་མཆོག་ལ་སྦྱོར་བ་བརྩོན་འགྲུས། དེ་ཡང་འཆི་བ་མི་རྟག་པ་དྲན་པའི་སྐྱོ་ཤས་དང་། །ཉེས་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་དེ་ཕུང་སོགས་ལ་དམིགས་པ་ལས་བྱུང་བར་ཤེས་ནས་སྲིད་པ་ལས་ངེས་པར་འབྱུང་བའི་སྒྲུབ་པ་པོས་ལམ་འདི་ལ་འབད་ན། དབང་པོའི་བྱེ་བྲག་གིས། ཟླ་བ་དྲུག་གམ། ལོ་འམ་ཚེ་འདིར་འཚང་རྒྱ་བ་སྟེ། དེ་ཡང་ཚེ་གཅིག་གི་འཚང་རྒྱ་བ་ནི་བླ་མེད་སྤྱི་ལ་ཡོངས་སུ་གྲགས་ཤིང་། ཟླ་བ་དྲུག་དང་། ལོ་ཙམ་གྱིས་འཚང་རྒྱ་བའི་དུས་ཀྱི་ངེས་པ་གསལ་བ་ནི།
དམ་ཚིག་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གིས་ཐོབ་འགྱུར། །ཞེས་དང་།
ཡེ་ཤེས་མངོན་འབྱུང་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །ཅེས་གསུངས་སོ།
།གཉིས་པ་ལམ་གྱི་དངོས་གཞི་ཉམས་སུ་བླང་ཚུལ་ལ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ།

དང་པོ་ནི། ༈ རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ག་མུ་ཁའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ། །བཅུད་བསྡུས་དག་བྱེད་སྟོང་རའི་གནད་གསུམ་དང་། །དྲོད་མྱུར་གཏུམ་མོ་ཆོས་དྲུག་རིམ་བཞིན་ཏེ། །རི་བོང་དབབ་བཟུང་བཟློག་དགྲམ་རླུང་དང་བསྲེ། །ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱའོ།
།ཞེས་རང་ལུས་ཐབས་ལྡན་དང་། གཞན་ལུས་ཤེས་རབ་རྣལ་འབྱོར་གཉིས་ཀྱི་སྒོ་ནས་ཐབས་ལམ་བདེ་དྲོད་རང་འབར་གྱི་གདམས་ངག་བསྟན་ཅིང་།
བཅུད་བསྡུས་དག་བྱེད་སྟོང་རའི་གནད་གསུམ་དང་། །ཞེས་པ་འདིས་སྔོན་འགྲོ་དག་བྱེད་སྟོང་རའི་རྣལ་འབྱོར་བསྟན་ལ། བཅུད་བསྡུས་ཅེས་པ་ཡང་། ཆོས་འབྱུང་གི་ནང་དུ་སྒོམ་རྒྱུའི་ཨ་དེ་ཉིད་སྐྱེ་བ་མེད་པ་མཚོན་པས། ཆོས་ཐམས་ཅད་ཀྱི་བཅུད་དམ་སྙིང་པོར་གྱུར་པ་ཡིན་ཞིང་། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱང་སེམས་ཉིད་སྐྱེ་བ་མེད་པའི་གནས་ལུགས་རྟོགས་པ་ལས་བྱུང་བ་སྟེ།
མཚན་ཡང་དག་པར་བརྗོད་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་དང་།
བརྟག་པ་གཉིས་པའི་སྔགས་ཀྱི་ལེའུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨདྱ་ནུ་ཏྤན་ན་ཏྭཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། །ཞེས་འབྱུང་ལ།
དེ་ཉིད་བོད་སྐད་དུ། ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པས་སོ།
དག་བྱེད་ཅེས་པའི་དོན། ཡེ་ཤེས་ཀྱི་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་པ་ལས། རང་རྒྱུད་དྲི་མ་ཉམས་ཆགས་འདག །འདི་ནི་སྟོང་རའི་མཚན་ཉིད་ཡིན། །ཞེས་པ་ལྟར།
རང་རྒྱུད་ཀྱི་སྡིག་སྒྲིབ་ཉེས་ལྟུང་སོགས་དྲི་མ་མཐའ་དག་སྦྱོང་བར་བྱེད་པའི་རྣལ་འབྱོར་ཁྱད་པར་ཅན་ཞིག་ཡིན་ལ། དེའི་གསོལ་འདེབས་དང་དམིགས་པའི་གྲངས་ནི།
ཐེམ་ཡིག་ལས། སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ།
།གསོལ་འདེབས་ནི། སྡིག་སྒྲིབ་འདག་པར། ནད་གདོན་ཞི་བར། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར།
དམིགས་པ་ནི། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་ཏེ་ཕྱི་མ་ལ་དམིགས་པར་བཞག་པ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པའོ།
།ཐབས་ལམ་བདེ་དྲོད་རང་འབར་གྱི་མཚན་ཉིད་ནི། །བདེ་དྲོད་རང་བཞིན་སྟོང་གསལ་འཆར། །འདི་ནི་ཐབས་ལམ་མཚན་ཉིད་ཡིན། །ཞེས་པ་ལྟར་ཨ་ཧཾ་འབར་འཛག་གིས་རྡོ་རྗེའི་ལུས་ལ་བདེ་དྲོད་བསྐྱེད་དེ་སྟོང་གསལ་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེད་པར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེ་ཡང་ཐོག་མར་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ་བའི་རྟེན་རྩ་གསུམ་དང་འཁོར་ལོ་བཞིའི་རྣམ་བཞག་ཅུང་ཟད་བརྗོད་ན།
རྩ་གསུམ་ནི་སྡོམ་འབྱུང་ལས། །དེ་རྣམས་དབུས་ན་རྩ་གསུམ་ནི། །རྟེན་དང་ཀུན་དུ་འགྲོ་བའོ། །ལ་ལ་ནཱ་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །ཞེས་དང་།
བརྟག་གཉིས་ལས། དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། །རྒྱུང་མ་དང་རོ་མ་དང་ཀུན་འདར་མའོ། །ཞེས་གསུངས་ལ།
མཁའ་འགྲོ་རྒྱ་མཚོ་ལས། འདི་ལྟར་དབུ་མ་ཐམས་ཅད་ཀྱི། །ཁྱབ་བྱེད་དུ་ནི་རྣམ་པར་གནས། །ཅེས་ཨ་ཝ་དྷུ་ཏཱི་ནི་ཐམས་ཅད་ལ་ཁྱབ་བྱེད་དུ་གནས་པར་བཤད་པས། དེའི་རྣམ་བཞག །ཤིན་ཏུ་ཕྲ་བ་གཉུག་མ་དོན་གྱི་དབུ་མ། ཕྲ་བ་ཆོས་ཉིད་ཀྱི་དབུ་མ། རགས་པ་གནས་པ་རྩའི་དབུ་མ། བསྒོམ་པ་དམིགས་རྟེན་གྱི་དབུ་མ་བཞི་ལས།
དང་པོ་ནི། བཟུང་དང་འཛིན་པ་རྣམ་པར་སྤངས། །ཅེས་གསུངས་པའི་ཕྱིར།
།སེམས་ཀྱི་རྡོ་རྗེའི་དག་པའི་ཆ་ལ་བྱ་སྟེ། དེ་ནི་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ཡིན་པས། ཐམས་ཅད་ལ་རིས་མེད་པར་བཞུགས་པའི་དབང་དུ་མཛད་ནས། ཕྱི་ན་མ་ཡིན་ནང་ན་མིན། །ཞེས་གསུངས་སོ།
།གཉིས་པ་ནི། མི་ཤིག་པའི་ཐིག་ལེ་ལ་བརྟེན་བྱེད་པའི་ཆ་ནས་རྩ་ཞེས་བཏགས་པ་དེའོ། །འདི་ནི་དབུ་མའི་ནང་གི་འཁོར་ལོ་དྲུག་ཏུ་ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་རང་བཞིན་ཕྲ་བའི་རྩ་དྲུག་སྟེ།
དེ་ལྟར་ཡང་ཡེ་ཤེས་ཐིག་ལེ་ལས། འཁོར་ལོ་དྲུག་གི་ལྟེ་བའི་དབུས། །ཕྲ་མོའི་ལུས་ལྡན་རྩ་ནི་དྲུག །ཐིག་ལེ་དང་བཅས་དེ་རྣམས་སྦྱོར། །སྲོག་གི་དབྱུག་པའི་ནང་དུའོ། །ཞེས་གསུངས་ལ།
གོང་མ་དག་གིས། ཆོས་ཉིད་ཀྱི་རྩ་དབུ་མ་འོད་ཀྱི་སྐུད་པ་ལྟ་བུ་དབུ་མའི་ནང་དུ་གནས་སོ། ཞེས་གསུངས་པ་ཡང་དེ་ཡིན་ནོ།
།གསུམ་པ་ནི། ཡེ་ཤེས་ཐིག་ལེར། དེ་ནི་སྲོག་གི་རྩ་ནི་ཉིད། །ཅེས་སྲོག་རྩ་སྟེ།
དེ་ཡང་། ལུས་འདི་ལ་ལྟེ་བའི་འོག་ནས་གཙུག་ཏོར་གྱི་བར་དང་། །གཙུག་ཏོར་ནས་སྨིན་མ་གཉིས་ཀྱི་དབུས་སུ་ཅུང་ཟད་གུག་པས། ཨ་ཝ་དྷུ་ཏཱི་སྲོག་ཤིང་གི་ཚུལ་དུ་གནས་ཤིང་། དེ་ཡང་སྤྱི་བོ་ནས་གསང་གནས་ཚུན་ལུས་ཀྱི་དབུས་སུ་འོངས་ཏེ། དེ་ནས་འོག་ཏུ་གཡས་སུ་ཕྱོགས་པས་གསང་བའི་སྣ་རྩེར་དྲུག །སྣ་གཉིས་ཀ་མེ་ཏོག་གི་འདབ་མ་ལྟ་བུ་གྱེས་པའི་ཚེ་བཞི་དང་། གཞན་དུ་ཟུམ་པར་བཤད། གསང་གནས་ནས་ནོར་བུའི་བར་སྐྱེས་པ་ལ་དཀར་ཆའི་དྭངས་མས་གང་བས་དུང་ཅན་དུ་བཏགས། བུད་མེད་ལ་དམར་ཆས་གང་ཞིང་། སྣ་ལ་ལྟོས་ནས་རིགས་ཅན་བཞིར་འབྱེད་དེ། སྣ་དེ་ཉིང་གླང་པོ་ཆེའི་སྣ་ལྟར་བལྟབ་པས་གླང་པོ་ཅན་མ་དུང་བཞིན་འཁྱིལ་བས་དུང་ཅན་མ། བྱང་སེམས་འགོར་འགོར་པོ་གླ་རྩི་ལྟ་བུས་བཀག་པས་རི་དྭགས་ཅན་མ། པདྨ་བཞིན་རེས་བྱེ་རེས་ཟུམ་པས་པདྨ་ཅན་ཞེས་བཞག་གོ །ཁུ་བལྟུང་བའི་དུས་སུ་དེ་ཤིན་ཏུ་འདར་བས་ཀུན་འདར་མར་བཏགས། གཞན་ཡང་དབུ་མ་འདི་ལ་མིང་གི་རྣམ་གྲངས། ཨ་ཝ་དྷུ་ཏཱེ་སྟེ་གཉིས་སྤངས། སྟོང་པ་ཉིད་གཞོམ་དུ་མེད་པའི་སྒྲ་འབྱུང་བའི་ཕྱིར་དྲིལ་ཅན། ལྟེ་བ་མན་ལ་དུས་མེ། ཡན་ལ་སྒྲ་གཅན་སོགས་སུ་བཏགས་སོ། །དེ་བས་ན་ལམ་སྦྱངས་པས་དབུ་མར་དག་པ་ཡང་། སོ་སྐྱེའི་གནས་སྐབས་སུ་རགས་པའི་དབུ་མ་དང་ས་ཐོབ་ནས་ཕྲ་བའི་དབུ་མ་དང་། སངས་རྒྱས་ནས་གཉུག་མའི་དབུ་མར་དག་པ་གསུམ་ཤེས་པར་བྱའོ།
།བཞི་པ་བསྒོམ་པ་དམིགས་རྟེན་གྱི་དབུ་མ་ནི། རྣལ་འབྱོར་སྒོམ་པའི་ཚེ་བློས་བཏགས་ནས་བཞག་པ་སྟེ། ཚད་དབྱིབས་ཁ་དོག་སོགས་མཐའ་གཅིག་ཏུ་མ་ངེས་སོ། །རག་པའི་དབུ་མ་དེ་ལས། སྡོང་པོ་ལས་ཡལ་ག་ལྟ་བུར་རྩ་ཐམས་ཅད་གྱེས་ལ། དེ་ཡང་། ལྟེ་བའི་འོག་ནས་གཡས་ནས་རོ་མ་དང་། གཡོན་ནས་རྐྱང་མ་གཉིས་ཀྱང་གཙུག་ཏོར་གྱི་བར་དུ་སོང་ནས། སླར་གུག་སྟེ་སྣའི་བུ་ག་གཉིས་སུ་ཟུག་པ་ཡིན་ལ། དེ་ཡང་རོ་མ་ཞེས་པ་ལེགས་སྦྱར་གྱི་སྐད་དུ་ར་ས་ནཱ་སྟེ་ལུས་ལ་ཕན་འདོགས་པར་བྱེད་པའི་བཅུད་ལེན་པའི་རྩ་ཡིན་པས་རོ་མ། རྐྱང་མ་ནི་ལ་ལ་ནཱ་སྟེ། ཁ་དོག་ཏུ་འཕྱང་བས་རྐྱང་མ་འམ་འཕྱང་མ། མདོར་བསྡུས་དང་པོར་དམར་པོར་ལུགས་དང་ཀུན་དོར་མ་སྟེ་ཉི་ཟླ་སྒྲ་གཅན་ལམ་གསུམ་བགྲོད་རྣམས་རྣལ་འབྱོར་མ། ཞེས་པའི་དམར་སེར་རོ་མ། ལུག་རྐྱང་མ་སྟེ། དེའི་ྔོན་ཡང་། ལུག་པའམ་འཕྱང་བའོ། །རོ་མ་ལ་མིང་གི་རྣམ་གྲངས་ཉི་མ། རྡུལ། གཟུང་བའི་རྩ། དམར་སེར་སོགས་དང་། རྐྱང་མ་ལ་ཟླ་བ། སྙིང་སྟོབས། འཛིན་པའི་རྩ་ལུགས་སོགས་སུ་བཏགས་སོ།
།འཁོར་ལོ་བཞི་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྣམས་ཡིན་ལ། དེ་དག་ལ་དེ་དང་དེར་འཇོག་པའི་རྒྱུ་ཚན།
བརྟག་གཉིས་ལས། གང་གི་བསྐྱེད་དང་སྤྲུལ་བྱེད་པའི། །སྐུ་ནི་སྤྲུལ་པ་ཅན་དུ་བརྗོད། །སེམས་ནི་ཆོས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །རོ་རྣམས་དྲུག་གི་གཟུགས་ཅན་གྱི། །བཟའ་བ་ངེས་པར་ལོངས་སྤྱོད་བརྗོད། །མགྲིན་པ་ལོངས་སྤྱོད་འཁོར་ལོ་དང་། །སྤྱི་བོར་བདེ་བ་ཆེན་པོར་གནས། །ཅེས་གསུངས་པ་ལྟར་ཡིན་ལ། དེ་ཡང་།
ཇོ་བོ་ནཱ་རོ་པའི་ལམ་སྐོར་ལས། དེ་ལ་དུས་ཀྱི་གནད་བཤད་པ། གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །ཞེས་གཉིད་འཐུག་པོའི་དུས་སུ་སེམས་སྙིང་གར་གནས་ཤིང་། དེ་དུས་རླུང་དབུ་མར་རང་སྟོབས་ཀྱིས་འཇུག །དེའི་དུས་སུ་རྣམ་རྟོག་ཐམས་ཅད་དང་བྲལ་བའི་ཆོས་སྐུའི་དགོངས་པ་ཉམས་སུ་མྱོང་བས་སྙིང་ག་ཆོས་ཀྱི་འཁོར་ལོ་ཞེས་བཏགས། དེ་ནས་རོ་རྐྱང་གཉིས་སུ་རླུང་ཤོར་བས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འབྱུང་། དེ་དུས་རིག་པ་མགྲིན་པར་གནས། ལོངས་སྐུའི་དགོངས་པ་ཉམས་སུ་མྱོང་བས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བཏགས། གཉིད་སད་ནས་རོ་རྐྱང་གཉིས་ནས་བརྒྱུད་དེ་ཉིན་པར་གྱི་དུས་སུ་རིག་པ་ལྟེ་བར་གནས། སྤྲུལ་སྐུའི་དགོངས་པ་ཉམས་སུ་མྱོང་བས། དེ་ལ་ལྟེ་བ་སྤྲུལ་པའི་འཁོར་ལོ་ཞེས་བཏགས། སྙོམས་འཇུག་གི་དུས་སུ་རིག་པ་སྤྱི་བོར་གནས་ཤིང་ལུས་སེམས་བདེ་བས་གང་། བདེ་བ་ཆེན་པོ་ཉམས་སུ་མྱོང་བས། དེ་ལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཞེས་བཏགས་པ་ཡིན་ལ། སེམས་ཉིད་འཁོར་ལོས་བསྒྱུར་རྒྱལ་འདྲ་ཞེས་འཁོར་ལོས་བསྒྱུར་བ་གླིང་བཞིར་རེ་མོས་སུ་གནས་པ་དང་། དེ་ཡང་ཡུལ་དབུས་འབའ་ཞིག་ཏུ་གནས་འཆའ་བ་བཞིན་དུ་སེམས་དེ་ཡང་། གནས་སྐབས་བཞིར་དབུ་མའི་ནང་ཉིད་ཀྱི་ལྟེ་བ་ནས་ལྟེ་བར་གནས་འཕོ་ཞིང་གནས་སོ།
།ཨ་ཧཾ་འབར་འཛག་ཅེས་པ།
བརྟག་གཉིས་སུ། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་པའི་དོན་ཡིན་ཞིང་། དེ་ཡང་ཨ་ཞེས་པ་ཨ་ཤད་དོ།
ནཱ་རོ་པས་མར་པ་ལ་གདམས་པའི་མགུར་ལས། ཕྱི་ན་སྒྱུ་མ་ལྷ་ཡི་སྐུ། །ནང་ནི་རྩ་གསུམ་འཁོར་ལོ་བཞི། །འོག་ན་ཨ་ཤད་ཙཎྜ་ལཱི། །སྟེང་ན་ཧཾ་ཡིག་རྣམ་པ་ཅན། །སྟེང་འོག་རླུང་གི་འཁོར་ལོ་ལ། །སྲོག་སྩོལ་བུམ་ཅན་ཉམས་ལེན་གྱིས། །འབར་བ་བདེ་སྟོང་གསལ་བའི་ཉམས། །མིང་ཡང་གཏུམ་མོའི་གདམས་ངག་ཟེར། །རླུང་གནད་དུ་ཆུད་དམ་ལོ་ཙཱ་བ། །ཞེས་གསུངས་པའི་ཨ་ཤད་ནི། ལྟེ་འོག་སྟེ། དོན་གསང་བའི་འཁོར་ལོའི་དབུས་ཀྱི་རྩ་དབུ་མ་སོར་ཕྱེད་པ་དེ་གསུམ་དུ་འཁྱོགས་པའི་ནང་བྱང་ཆུབ་ཀྱི་སེམས་དམར་པོས་གང་བའི་གཟུགས་པླུ་ཏའི་དབྱིབས་ཅན་གློག་གི་འོད་ཟེར་ལྟ་བུ་སྤྲོ་བ་དེ་ཡིན་ལ། དེ་ཉིད་ཨ་ཐུང་གནས་གྱུར་པ་ཡིན་པས་ཨ་ཐུང་དབྱིབས་ཤད་དུ་ཡོད་པ་དེས་ན་ངོ་བོ་ཨ་ཡིག་ཡིན་པས་གཞི་མཐུན་དུ་བསྡུས་ནས་ཨ་ཤད་ཅེས་བཏགས་སོ།
།དེ་ཡང་། སྒྲ་པའི་ལུགས་ལ། ཤུདྡྷོ་ཨ་ཧཾ་ལྟ་བུ་ལ་ཚིག་མཐར་ཨེཏ་ཨཏ་ལས་ཕ་རོལ་གྱི་ཨ་ཡིག་དབྱི་འོས་ཕ་རོལ་གྱི་ཨ་ཡིག་དེ་གསུམ་ཤད་པླུ་ཏར་བསྒྱུར་བས་ཀྱང་རྟོགས་པར་ནུས་སོ། །སུམ་ཤད་ཀྱི་རྣམ་པ་ཨ་ཤད་དུ་བཞག་པ་ནི་རྡོ་རྗེའི་ལུས་ལ་གནས་པའི་དབང་དུ་མཛད་ལ། རཾ་ལས་མི་གླ་བའི་རིལ་མ་ཙམ་སོགས་བཤད་པ་ནི་བློས་བཏགས་ནས་སྒོམ་པའི་དམིགས་པ་སྟེ། འདིས་མཚོན་ནས་གནས་ཚུལ་སྒོམ་ཚུལ་གྱི་དབྱེ་བའང་ཤེས་དགོས་སོ། །དེ་ལྟ་བུའི་རྫས་ཀྱི་ཐིག་ལེ་རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་བདག་ཉིད་མ་དག་པའི་ཁམས་ཐམས་ཅད་ཀྱི་གཤེད་མ་ནང་གི་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་རླུང་གིས་སྦར་བས་སྟོབས་སུ་གྱུར་ཏེ། བདེ་ཆེན་གྱི་འཁོར་ལོའི་དབུས་སུ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཀྱི་བདག་ཉིད་ནང་གི་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་རླུང་གིས་སྦར་བས་སྟོབས་སུ་གྱུར་ཏེ། བདེ་ཆེན་གྱི་འཁོར་ལོའི་དབུས་སུ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཀྱི་བདག་ཉིད་ནང་གི་ཧེ་རུ་ཀ་དེ་ཉིད་དབུ་མའི་ཡས་སྣར་རྩ་གཟུགས་ཀྱི་དབྱིབས་ཧཾ་ཡིག་ཐིག་ལེ་ནཱ་དས་བརྒྱན་པ་ལྟ་བུ་སོར་གཅིག་པ་མགོ་བོ་ཐུར་བསྟན་གྱི་ནང་བྱང་ཆུབ་ཀྱི་སེམས་དཀར་པོས་གང་བ་ལྟ་བུ་བསིལ་བའི་འོད་ཅན་གྱི་བདུད་རྩི་འཛག་པར་བྱེད་པ་སྟེ། འབར་འཛག་དེ་ཉིད་རང་ལུས་ཐབས་ལྡན་གྱི་དམིགས་པའི་དངོས་གཞི་ཡིན་ནོ།
།འདིར་ཡང་འདྲི་བའི་ཚུལ། རྡོ་རྗེའི་ཚིག་ཏུ་ཨ་ཧཾ་འབར་འཛག་ཅེས། གསལ་བར་གསུངས་བཞིན་འཇག་བསམ་ཁྲིད་ཡིག་ཏུ། རཾ་ཡིག་འབར་བ་ཙམ་ལས་ཧཾ་ཡིག་ནི། །འཛག་པའི་དམིགས་པ་མི་འབྱུང་རྒྱུ་མཚན་ཅི། །ཞེས་འདྲི་བའི་རྒྱུ་མཚན་རྡོ་རྗེའི་ཚིག་ཏུ་ཨ་ཧཾ་འབར་འཛག་ཅེས་དངོས་བསྟན་ལ་གསུངས་བཞིན་དུ་འཇག་བསམ་སོགས་ཀྱི་ཁྲིད་ཡིག་རྣམས་སུ་རྩ་གསུམ་གསལ་བཏབ། དེ་གསུམ་གྱི་འདུས་མདོར་རཾ་ལས་མེ་འབར་བའི་དམིགས་པ་ཙམ་ལས་ཧཾ་ལས་བདུད་རྩི་འཛག་པ་སོགས་དངོས་སུ་མི་སྟོན་པ་ཅི་ཞེས་ན། ཐོག་མར་དྲོད་བསྐྱེད་པའི་དམིགས་པ་ལ་ནན་ཏན་དུ་བྱས་ནས། དེ་ནས་ཧཾ་ལས་བདུད་རྩི་འཛགས་པ་སོགས་རང་ལུས་དང་གཞན་ལུས་ཀྱི་བོགས་འདོན་སོགས་ལོགས་སུ་རིམ་པར་སྟོན་པའི་དབང་དུ་མཛད་ཅིང་། གྲུབ་ཐོབ་ཆེན་པོའི་སྙིང་པོ་ཀུན་འདུས་སུ། འཁོར་ལོ་བཞིའི་དོད་རོ་རྐྱང་གཉིས་ཀྱི་དབུ་མ་ལ་ལྟེ་སྙིང་མགྲིན་སྤྱི་བཞིར་འཁྱིལ་བའི་རྣམ་པས་འཁོར་ལོ་བཞི་དང་། འབར་བར་མ་ཟད་ཧཾ་ཡིག་ལས་བདུད་རྩི་འཛག་པ་སོགས་དངོས་སུ་འགོད་པར་མཛད་པ་དང་། རྗེ་བཙུན་གྲོལ་མཆོག་ཞབས་ཀྱིས། གཏུམ་མོ་ཟས་སུ་ཟ་བའི་དམིགས་པ་འཇག་བསམ་གྱི་ཁྲིད་ཡིག་དང་ཆ་འདྲ་བ་ལ། སྲིད་པའི་དབང་ཞུ་བའི་དམིགས་པ་ཡང་འདིར་བཞེས་ཏེ། སྤྱི་བོའི་བླ་མ་ལ་བདེ་དྲོད་ཀྱིས་མཆོད་པ་བཞི་རྫོགས་སུ་ཕུལ་བས། བླ་མའི་སྐུ་ལས་བདེ་ཆེན་བདུད་རྩིའི་རྒྱུན་བབས། དེས་རང་གི་ལུས་གང་དབང་བཞི་ཐོབ་པར་མཛད་པ་ཡང་། ཡེ་ཤེས་ཀྱི་མཁའ་འགྲོ་ས་གནང་བ་སྩལ་བའི་ཟབ་ཁྱད་ཡིན་ནོ། །རྣལ་འབྱོར་འདི་དག་སྒོམ་པ་ལ་རླུང་རོ་བསལ་བ་སྔོན་དུ་བཏང་ནས་སྦྱོར་བཞིའི་གནད་དང་ལྡན་པའི་བུམ་ཅན་སྒོམ་པ་མེད་མི་རུང་ཡིན་པས།
དེ་བསྒོམ་པའི་ཚུལ་ཇོ་བོ་ནཱ་རོ་པའི་ལམ་སྐོར་ལས། རླུང་ལ་སྦྱོར་བ་བཞི་ལྡན་ཏེ། །རྔུབ་དང་དགང་དང་གཞིལ་བ་དང་། །འཕང་བར་བྱ་དང་རྣམ་པ་བཞི། །ཞེས་གསུངས་ལ།
དེ་དག་དཔེ་དང་སྦྱར་ནས། ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །བུམ་པ་བཞིན་དུ་དགང་བ་དང་། །རྒྱ་མདུད་བཞིན་དུ་བསྡམས་ནས་སུ། །མདའ་ལྟར་གྱེན་དུ་འཕར་བར་བྱ །ཞེས་པའི་དོན།
ཕྱིའི་སོར་བཅུ་དྲུག་ཙམ་གྱི་ཐད་ནས་སྒྲ་མེད་དུ་སྣ་གཉིས་ཀྱི་ནང་དུ་བཞུགས་པ་རྔུབ་པ། དེ་ལྟེ་འོག་ཏུ་མནན། འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་འཛིན་པ་དགང་བ། མི་ཐུབ་ལ་ཁད་པ་དང་རྔུབ་ཆུང་བྱས་གཡས་བཅག་གཡོན་བཅག་མཉམ་དུ་བཅག་པ་གཞིལ་བ། དེ་ནས་མི་ཐུབ་ལ་ཁད་པ་དང་། ཧག་པ་ལ་མ་ཐུག་པར་སྣ་གཉིས་ནས་དང་པོ་དང་མཇུག་ཏུ་ཤེད་ཆུང་ཞིང་། བར་དུ་ཤུགས་ཆེ་བར་དབྱུང་བ་མདའ་ལྟར་འཕང་བའོ།
།སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །ཞེས་སྦྱོར་བཞིའི་གནད་མ་ཟིན་ན་སྐྱོན་འབྱུང་བས། སྦྱོར་བཞི་ལ་ནན་ཏན་དུ་བྱའོ།
།བུམ་པ་ཅན་གྱི་རྣལ་འབྱོར་འདི་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་འདྲེན་པའི་ཐབས་མཁས་བླ་ན་མེད་པ་ཡིན་པའི་ཕྱིར། རྒྱུད་སྡེ་རིན་པོ་ཆེ་རྣམས་ན་འདིའི་སྒོམ་ཚུལ་མཐའ་ཡས་པ་ཞིག་བཞུགས་མོད།
ཤིན་ཏུ་གསལ་བ་དཔལ་དུས་ཀྱི་འཁོར་ལོ་ལས། ཁ་ཡང་བཙུམ་སྟེ་སྣ་ཡི་བུག་པ་གཉིས་ཀ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པ་ཐུར་སེལ་རླུང་དང་སྦྱར་བྱས་པ། དུས་ཀྱི་སྒོམས་པའི་སྦྱོར་བ་དག་ལས་ཟླ་བ་ཉི་མ་མེ་ཡི་དབུས་སུ་རོ་ནི་མཉམ་པར་འགྱུར། །ལུས་ལ་ཟས་ལ་སོགས་པས་བཀྲེས་པ་དང་ནི་སྐོམ་པ་འཕྲོག་སྟེ་འཆི་བ་མེད་པ་ཉིད་ཀྱང་སྟེར། ཞེས་རླུང་སྒོམ་ཚུལ་ཕན་ཡོན་དང་བཅས་པ་གསུངས་ཤིང་།
བུམ་པ་ཅན་འདི་ཉིད་ཚེ་སྒྲུབ་མཆོག་ཏུ་གྱུར་བའི་རྒྱུ་མཚན་དབང་མདོར་བསྟན་ལས། ལྟེ་བའི་པདྨ་སྙིང་མགྲིན་དང་། །དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ། །ས་ཆུ་མེ་རླུང་སྟོང་པ་རྣམས། །སྡུད་པས་རབ་ཏུ་འབབ་པ་ནི། །འབྱུང་འགྱུར་དེ་ནི་འཇུག་པ་དག །སྐྱེད་པས་འཇུག་སྟེ་ས་ལའོ། །དེ་བཞིན་དུ་ཐུར་སེལ་གྱི་ནུས་པ་ནི། །ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་ནི་འབབ་པ་དག །འབྱུང་བ་དང་ནི་འཇུག་པ་ནི། །སྡུད་དང་སྐྱེད་པའི་རང་བཞིན་ཅན། །ཞེས་འོག་ཐུར་སེལ་ལ་རིམ་པ་གསུམ་གསུངས་ལ།
སྲོག་རླུང་ཕྱིར་འགྲོ་བའི་ཚེ། ལྟེ་བར་ས། སྙིང་གར་ཆུ། མགྲིན་པར་མེ། དཔྲལ་བར་རླུང་། གཙུག་ཏོར་དུ་ནམ་མཁའ་བྱིན་གྱིས་བརླབས་པའི་ཚུལ་དུ་རྒྱུ་བས་རགས་པ་ཕྲ་བ་ལ་ཐིམ་པའི་ཚུལ་གྱི་འཆི་རིམས་སམ་སྡུད་པའི་རིམ་པས་རྒྱུ་ལ། ནང་དུ་འཇུག་པ་ན། ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། སའི་རིམ་པས་འཇུག་པ་ཕྲ་བ་ལས་རགས་པ་སྐྱེ་བའི་རིམ་པ་དང་། ཐུར་སེལ་གྱི་རླུང་ཡང་འོག་ཏུ་འབབ་པ་ན། ལྟེ་བ་ནས་ལུས་དང་། །གསང་བར་ངག་དང་། རྡོ་རྗེ་ནོར་བུར་སེམས་ཀྱི་རིམ་པས་རྒྱུ་བ་རགས་པ་ཕྲ་བ་ལ་ཐིམ་པས་སྡུད་རིམ་དང་། ནང་དུ་འཇུག་པ་ན། ནོར་བུ་སེམས་ལས། གསང་བ་ངག །དེ་ལས་ལྟེ་བ་ལུས་ཀྱི་རིམ་པས་འཇུག་པ་ཕྲ་བ་ལས་རགས་པ་སྐྱེ་བའི་རིམ་པ་ཡོད་ཅིང་། དེས་སྟེང་འོག་སྲོག་ཐུརགྱི་རླུང་གཉིས་སྡུད་རིམས་སམ་འཆི་རིམ་ལ་རྒྱུར་མ་བཅུག་པར་ལྟེ་འོག་ཏུ་ཁ་སྦྱར་བས་འཆི་བ་མེད་པའི་དངོས་གྲུབ་འབྱུང་བ་སྟེ། འཕགས་ཡུལ་གྱི་རྣལ་འབྱོར་དབང་ཕྱུག་ཤ་ཝ་རིབི་རཱུ་པཔདྨ་སཾ་བྷ་ཝཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལ་སོགས་པ་རྣམས་ཇི་སྲིད་ཉི་མ་དང་ཟླ་བ་གནས་ཀྱི་བར་དུ་སྐུ་འཕོ་འགྱུར་མེད་པ་འཆི་མེད་ཚེའི་དཔལ་བརྙེས་པ་དག་གིས་མཚོན་པར་ནུས་སོ།
།བུམ་ཅན་གྱི་རྣལ་འབྱོར་སྒོམ་པའི་ཚུལ་འདི་ལ། དཔལ་པདྨ་དཀར་པོས། སྲོག་སྩོལ་དུས་སུ་ཕྱི་ནས་རྔུབས་པའི་རླུང་། དབུ་མར་འཇུག་པའི་གནས་དེ་འཁོར་ལོ་གང་། དེ་ཉིད་དབུ་མའི་ནང་དུ་མི་འཇུག་ན། །རྔུབས་ཏེ་ནང་དུ་དགོང་བའི་དགོས་པ་ཅི། །ཅེས་དྲི་བ་གནང་བ་ནི་ལམ་གྱི་གནད་ལ་དྲིས་པར་སོང་བས་འདིའི་ལན།
ཕྱི་རོལ་གྱི་རླུང་རྔུབས་བ་སྣ་བུག་གཉིས་ནས་བརྒྱུད། རོ་རྐྱང་གི་ལམ་ནས་སོང་། དེ་ནས་ཐུར་སེལ་དང་སྦྱར་ནས་གསང་བའི་འཁོར་ལོ་བརྒྱུད་དེ་དབུ་མར་འཇུག་པ་ཡིན་ཞིང་། ལྟེ་བ་ཞེས་པ་གསང་བའི་འཁོར་ལོ་སྟེ། ལྟེ་བར་གཏུམ་མོ་སྒོམ་ཞེས་པ་ཡང་འདི་ལ་སྙེག་དགོས་པས་སོ། །དུས་དེའི་དབུ་མར་འཇུག་ཚུན་ལས་རླུང་། དབུ་མའི་ནང་དུ་སོང་། ཕན་ཆད་ཡེ་ཤེས་ཀྱི་རླུང་། ཡེ་ཤེས་ཀྱི་རླུང་ཡང་། དུས་སྦྱོར་རེའི་མཐའི་ང་དྲུག་རྐང་བཅས་སུ་རྒྱུ་བ་ལ་བཞག་པ་དང་། དབུ་མར་ཞུགས་གནས་ལ་བཞག་པ་དང་། རླུང་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་བཞག་པ་སྟེ་གསུམ་ལས། འདི་བར་མ་ཡིན་ནོ།
།སྐད་ཅིག་དགའ་བཞིས་བརྒྱན། ཞེས་པའི་སྐད་ཅིག་མ་བཞི་དང་དགའ་བཞིའི་རྣམ་བཞག
།དགྱེས་པ་རྡོ་རྗེ་ལས། འཁྱུད་དང་ཙུམ་པ་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བ་ཉིད། །བདག་གིས་བདེ་བ་ཟོས་པ་ཡིས། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །སྣ་ཚོགས་དང་པོ་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོག་དགའ་ཉིད། །རྣམ་ཉེད་དགའ་བྲལ་དགའ་བ་ཉིད། །མཚན་བྲལ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་གསུངས་པའི་སྐད་ཅིག་མ་བཞི་ནི། རྣམ་པ་སྣ་ཚོགས། རྣམ་སྨིན། རྣམ་ཉིད། མཚན་ཉིད་དང་། བྲལ་བའི་སྐད་ཅིག་མའོ།
དེ་དག་གི་སྐབས་སུ་འཆར་བའི་དགའ་བ་བཞི་ནི། དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བའོ།
།དགའ་བ་གསུམ་པ་འདིའི་སྐད་དོད། བི་རཱ་མ། ཞེས་ཡོད་པའི་བི་དགག་ཚིག་ཏུ་བྱས་ནས། དགའ་བྲལ་དུ་བསྒྱུར་བ་ལས། ཁྱད་པར་གྱི་དགའ་བ་ཞེས་བསྒྱུར་ན་དོན་དང་འབྱོར་བ་ཡིན་ནོ། གྲོས་ནི་རྣམ་པར་ཉེད་པར་བརྗོད། །ཅེས་པའི་གྲོས་ནི་སྐད་དོད། ཨཱ་ལོ་ཙ་ན། ཞེས་ཡོད་ལ། དེའི་འཇུག་ཚུལ་ཉེར་བསྒྱུར་དུ། ལེགས་པར་རྟོག་པའམ་ཀུན་དུ་རྟོག་པ་ལ་བཤད་པས། དོན་དགའ་བ་གསུམ་པའི་སྐབས་སུ་ཡང་རྣམ་རྟོག་མཐའ་དག་མ་འགག་པས། དགའ་བ་ལ་ཅུང་ཟད་རྟོག་ཅིང་དཔྱོད་པ་ཡོད་པའི་དབང་དུ་མཛད་པའོ།
ཤེས་རབ་སོགས་རྐང་པ་གཉིས་ཀྱིས་གཞན་ལུས་དབང་གསུམ་པའི་ཉམས་ལེན་བསྟན་ལ། འདི་ཉིད་ཤིན་ཏུ་མྱུར་བའི་ལམ་ཡིན་པས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་ན་རྒྱས་པར་བཞུགས་ཤིང་། བདེ་བ་ཆེན་པོ་སྒྲུབ་པའི་རྟེན་ཕྱག་རྒྱའི་མཚན་ཉིད། དེ་ལས་དངོས་གྲུབ་འབྱུང་ཚུལ་རྣམས་
བརྟག་གཉིས་ལས། དེ་ནས་རྣལ་འབྱོར་མས་ཞུས་པ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །བདེ་བ་སྦྱིན་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤིན་དུ་རིང་མིན་ཐུང་བ་མིན། །གནག་པ་མ་ཡིན་དཀར་བ་མིན། །པདྨའི་འདབ་མའི་རྣམ་པ་འདྲ། །དེ་ཡི་དབུགས་ནི་དྲི་ཞིམ་ལྡན། །རྔུལ་ཀྱང་དྲི་ཞིམ་ལྡན་གྱུར་ཏེ། །རི་དྭགས་ལྟེ་བའི་དྲི་དང་མཚུངས། །པདྨ་ལ་ཡང་དབང་མཆོག་དྲི། །སྐད་ཅིག་པདྨ་ལྟ་བུ་འབྱུང་། །དེ་ཡི་ག་པུར་སིཧླ་དག །མཁས་པས་དྲི་བཟང་མཚོན་པར་བྱ། །ཨུཏྤ་ལ་ཡི་དྲིར་འབྱུང་ཞིང་། །ཨ་ཀ་རུ་ནི་ནག་པོ་མཚུངས། །དལ་ཞིང་མི་གཡོ་མ་ཉིད་དང་། །སྙན་པར་སྨྲ་དང་ཡིད་འོངས་མ། །སྐྲ་བཟང་དབུས་སུ་སྐྱེར་མ་གསུམ། །ཕལ་པས་པདྨ་ཅན་དུ་བརྗོད། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ། །དེ་བསྙེད་ངས་ནི་དངོས་གྲུབ་འགྱུར། །ཞེས་གསུངས་ལ།
ཁ་ག་མུ་ག་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དོ། །བོད་སྐད་དུ་མཁའ་འགྲོ་གདོང་ཞེས་པའོ། །དོན་ཤེས་རབ་མའི་གསང་རྩ་སྟེ་མཆོག་གི་ཟེབ་ཞེས་ཀྱང་བྱའོ།
།སྙོམས་འཇུག་གིས་ཞེས་པའི་དོན། །ཐབས་ཤེས་སྦྱོར་བའི་ཚུལ་བརྟག་པ་གཉིས་པར། ཁྱོགས་དང་བརླ་ཞེས་བྱ་བ་དང་། །དེ་བཞིན་ཤིན་ཏུ་བཀལ་བ་ཉིད། །ཡང་ཡང་རྡོ་རྗེ་འདོད་པས་བྱ། །སྟེང་དང་འོག་ཏུ་ལྟ་བ་ཉིད། །དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཞེས་དང་།
མདའ་བསྣུན་ཞབས་ཀྱི་དོ་ཧ་ལས། །གང་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཅེས་གསུངས་པའི་དོན།
།རྡོ་རྗེ་དང་པདྨ་ཁ་སྦྱར་བ་ཡུམ་གྱི་གསང་རྩ་ཡབ་ཀྱི་ནོར་བུར་ཆུད་པས་རྩ་གཉིས་ཁ་སྦྱར་བ། དེའི་རླུང་གཉིས་ཁ་སྦྱར་བ། དེའི་ཁམས་དཀར་དམར་གཉིས་ཁ་སྦྱར་བ་སྟེ་ཁ་སྦྱོར་བཞིའོ།
།ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ། ཞེས་པའི་དོན། དེ་ལྟར་ཉམས་སུ་བླངས་པས་ཟག་བཅས་ཏེ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བྱོན་པའི་ཡས་བརྟན་གྱི་དགའ་བ་བཞི་དང་། ཟག་མེད་ནོར་བུ་ནས་གྱེན་ལ་ལྡོག་སྟེ་གཙུག་ཏོར་གྱི་བར་དུ་གཤེགས་པས་དགའ་བ་བཞི་རིམ་བཞིན་དུ་འབྱུང་ངོ་།
དེ་ལྟ་བུའི་དགའ་བ་བཞིའི་བཞག་འཚམས་ལ་ཅུང་ཟད་དཔྱད་ན། དབང་གསུམ་པའི་དུས་སུ་རྟོག་བཅས་ཀྱི་དགའ་བ་གསུམ་ལ་བརྟེན་ནས་རྟོག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བས། གོ་རིམས་སུ་ལྷན་སྐྱེས་བཞི་པར་བཞག་ཅིང་། མས་བརྟན་གྱི་དགའ་བ་ཐམས་ཅད་འདིའི་ཁོངས་སུ་བསྡུས་སོ།
།ཡང་། ཞུ་བའི་ཐིག་ལེ་ཆ་བཅོ་ལྔ་པའི་བར་ཐམས་ཅད་གནས་སྐབས་གཅིག་ཏུ་བཞག །དེའི་དུས་སུ་སྐྱེས་པའི་ཆ་བཅུ་དྲུག་པའི་བདེ་བ་སྟོང་པ་ཉིད་ཀྱིས་རྒྱས་ཐེབས་པའི་ལྷན་སྐྱེས་གཉིས་པར་བཞག་ནས། དང་པོ་ལ་དགའ་བ། གཉིས་པ་ལ་མཆོག་དགར་བཤད་དེ། །ཕྱི་མ་དེའི་མཐའ་ཐིག་ལེ་ཕྱིར་འཕོས་ན་དགའ་བྲལ་ཡོང་རྒྱུའི་སྔོན་དུ་དོན་དམ་པའི་ཡེ་ཤེས་རང་བཞིན་ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཉམས་སུ་མྱོང་བར་གསུངས་ཏེ།
བརྟག་གཉིས་ལས། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །ཅེས་དང་།
མཚན་བརྗོད་ལས། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་པའི་དོན་ཡང་འདི་ཉིད་དེ།
།སློབ་དཔོན་ཉི་མ་དཔལ་གྱི་འགྲེལ་པར། ཆགས་བྲལ་ནི་ནག་པོའི་ཕྱོགས་ཏེ། །དེའི་དང་པོ་ཆ་བཅུ་དྲུག་པ་ཆགས་པ་ཆེ། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བ་དམིགས་པ་མེད་པའི་བདག་ཉིད་དོ། །ཞེས་འབྱུང་བས་འདི་སྐབས་ཀྱི་ཨཱ་དི་དང་པོར་བསྒྱུར་བ་ཤིན་ཏུ་ལེགས་སོ།
དེས་ན་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདེ་བ་ཆེན་པོ་ནི། མདོར་བསྡུས་དང་པོར། སྐྱེ་འཇིག་མེད་པའི་དངོས། ཅེས་གསུངས་པ་དེ་ཡིན་ལ།
དེ་ཡང་སྐྱེ་བ་ནི་བྱང་སེམས་ཐིག་ལེ་གཙུག་ཏོར་རམ་དཔྲལ་བ་ནས་ནོར་བུར་བྱོན་པ་ཆགས་པ་དཀར་པོའི་ཕྱོགས་དང་། འཇིགས་པ་ནི་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་དུ་ལྷུང་བ་ཆགས་བྲལ་ནག་པོའི་ཕྱོགས་ཏེ། དེ་དག་མེད་པའི་དངོས་པོ་ནི་ཆགས་པ་དང་ཆགས་བྲལ་གྱི་མཐའ་གཉིས་ཀྱི་དབུས་ཆ་བཅུ་དྲུག་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ།
དབང་མདོར་བསྟན་ལས། སྐྱེ་བ་དང་ནི་འཇིགས་པའི་ཕྱོགས། །ཡར་ངོ་མར་ངོ་རབ་ཏུ་གནས། །དེ་ཉིད་དབུས་སུ་རྫོགས་པ་གང་། །རྫོགས་པ་དེ་ནི་རབ་མི་གནས། །ཅེས་དང་། ཡང་ཡང་གཙུག་ཏོར་དུ་འཆར་བ། །སླར་ཡང་རྡོ་རྗེ་ནོར་བུར་རྫོགས། །དེ་ཆགས་བྲལ་ལས་མ་ཉམས་པ། །ལུས་ཅན་ཡེ་ཤེས་ཉམས་པ་མིན། །ཞེས་གསུངས་པ་ལྟར་རོ།
།བཅུད་བསྡུས་དག་བྱེད་གནད་གསུམ་གྱི་དོན་གོང་དུ་བཤད་ཟིན་ལ། དྲོད་མྱུར་གཏུམ་མོ་ཆོས་དྲུག་རིམ་བཞིན་ཏེ། །ཞེས་པའི་དོན་བདེ་དྲོད་མྱུར་དུ་སྐྱེ་བའི་ཐབས་གཏུམ་མོ་ལ་སོགས་པའི་ཆོས་དྲུག་རིམ་བཞིན་ཉམས་སུ་བླང་བར་བྱ། །ཞེས་པ་སྟེ།
གཏུམ་མོ་ཞེས་པ་ལེགས་སྦྱར་གྱི་སྐད་དུ། །ཙཎྜ་ལཱི་ཏེ། ཙ་ཊི་ཁྲོ་པ་ལའོ། ཞེས་པའི་བྱིངས་ལས་བསྒྲུབས་པས། གཏུམ་པའི་དོན་ཁྲོ་བ་ལ་བཞག་སྟེ། རྩིགས་མའི་ཁམས་ཐམས་ཅད་སྲེག་པར་བྱེད་པའི་གཤེད་མ་ཡིན་པས་སོ།
།རི་བོང་དབབ་གཟུང་བཟློག་དགྲམ་རླུང་དང་བསྲེ། །ཞེས་པའི་དོན། རི་བོང་ནི་བྱང་ཆུབ་ཀྱི་སེམས་དཀར་ཆ་ཡིན་ལ། དེ་བདེ་བ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་མི་ཉམས་ཤིང་གོང་འཕེལ་དུ་བྱེད་པའི་སླད་དུ་དབབ་གཟུང་སོགས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་ནི།
རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེའི་མགུར་དུ། །འབེབས་པ་རུས་སྦལ་འགྲོས་ཀྱིས་འབེབས། །སྐྱིལ་བ་ཨ་ཝ་དྷུ་ཏཱིར་བསྐྱིལ། །ཟློག་པ་དུད་འགྲོའི་འགྱུར་བཞིས་བཟློག །འགྲེམས་པ་རྣམ་གྲོལ་ཕྱག་རྒྱས་འགྲེམས། །ཅེས་པ་ལྟར་ཡིན་ཞིང་།
རླུང་དང་བསྲེ་བ་ནི། རླུང་དང་མ་འདྲེས་པ་དབང་འཆོར། ཞེས་གསུངས་པས།
དབབ་བཟློག་གི་རྗེས་སུ་བུམ་པ་ཅན་ལ་ནན་ཏན་དུ་བྱེད་པར་བཤད། ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱ་བ་ནི། རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་འདོད་ཡོན་ལམ་དུ་བྱེད་པ་སྟེ།
བརྟག་གཉིས་ལས། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཅེས་དང་།
དོ་ཧ་ལས། བླུན་པོ་གང་གིས་བཅིངས་གྱུར་པ། །མཁས་པ་དེ་ཡིས་མྱུར་དུ་གྲོལ། །ཞེས་དང་།
ཡུལ་རྣམས་བརྟེན་པས་ཡུལ་གྱིས་མི་དགོས་ཏེ། །ཨུཏྤལ་འདབ་མ་ཆུ་ཡིས་མ་གོས་བཞིན། །ཞེས་གསུངས་པ་ལྟར་རོ།
།ཐབས་ལམ་གྱི་གསོལ་འདེབས་དང་དམིགས་པའི་གྲངས་ནི། ཐབས་ལམ་བདེ་དྲོད་རང་འབར་ལ། །གསོལ་འདེབས་གཉིས་ལ་དམིགས་པ་ལྔ།
།ཞེས་གསུངས་པའི་གསོལ་འདེབས་ནི། བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར།
དམིགས་པ་ལྔ་ནི། ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིངས་པ། །སྲིད་པའི་དབང་ཞུ་བའོ།
།སྲིད་པའི་དབང་ཞེས་པ་དངོས་གྲུབ་སྲིད་ཚད་དབང་འདིས་ཐོབ་པར་བྱེད་པས་སྲིད་པའི་དབང་ཞེས་བྱའོ།

།གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ནི།
༈ སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ། །འབྲལ་མེད་མོས་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་ཞེན་བྲལ་ལྷ་སྐུའི་ལམ་ཁྱེར་བྱ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར། །ཞེས་པ་འདིས་སྒྱུ་ལུས་ཆགས་སྡང་རང་གྲོལ་གྱི་གདམས་པ་བསྟན་ལ།
འདིའི་མཚན་ཉིད། སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན། །ཞེས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས་ནས་ཆགས་སྡང་རང་སར་གྲོལ་བར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ།
དེ་ལ་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེད་པའོ།
དང་པོ་ནི། བླ་མའི་མོས་གུས་ཁོ་ནས་ས་ལམ་ཐམས་ཅད་བསྐྱོད་པར་བྱེད་པ་སྟེ།
།བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་།
མ་ཡེ་ཤེས་མཁའ་འགྲོས། ལམ་ལྔ་ས་བཅུའི་རིམ་པ་དག །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་དང་།
འཇམ་དབྱངས་ས་སྐྱ་པཎྜི་ཏས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་ན་འབྱུང་མི་འགྱུར།
།ཞེས་དཔེར་ན་ཉི་མའི་འོད་ཟེར་ཤིན་ཏུ་ཚ་ཡང་འོད་དེས་སྤྲ་བ་ལ་མེ་མཆེད་པ་མི་སྲིད། འོད་ཟེར་དེ་མེ་ཤེལ་ཞིག་གི་སྟེང་དུ་བསྡུས་ནས་མེ་ཤེལ་དང་སྤྲ་བ་འཕྲད་ན་མེ་འབྱུང་བ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུགས་རྗེ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཡིན་ཡང་། སེམས་ཅན་རྣམས་སྐལ་བ་དམན་པའི་དབང་ལས་སངས་རྒྱས་བྱེད་སེམས་ཀྱི་བྱིན་རླབས་དངོས་སུ་འཇུག་དཀའ་སྟེ།
ལྷའི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་པ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པ་ལྟར་ཡིན་ལ།
།དེས་ན་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཀྱང་བླ་མ་ལ་བསྡུས་ནས་གསོལ་བ་བཏབ་ན་དངོས་གྲུབ་མྱུར་དུ་འབྱུང་བས། དེ་ཉིད་ལམ་དུ་བྱེད་པ་ལ། གསོལ་འདེབས་བླ་མའི་ལམ་ཁྱེན་དང་། །ཅིར་སྣང་བདེན་མེད་ལམ་ཁྱེར་གཉིས་ཀྱི་སྒོ་ནས་ཉམས་སུ་བླང་ངོ་།
།གཉིས་པ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་ནི།
ཁྱེའུ་རབ་སྣང་གིས་ཞུས་པའི་མདོ་ལས། །ཆོས་རྣམས་རྨི་ལམ་སྒྱུ་མ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་ལ་འཚང་རྒྱ་ངེས། །ཅེས་གསུངས་པ་ལྟར་
ཐ་མལ་གྱི་ལོང་གཏམ་ལྟ་ཅི་སྨོས། མདོ་འདོན་པ་སྔགས་བཟློ་བ་སོགས་ཐམས་ཅད་ཀྱང་རེ་ཞིག་བཞག་ནས། ཡིད་ལ་ཡང་། སྣང་བ་ཐམས་ཅད་སྒྱུ་མ་རྨི་ལམ་ཡིན་སྙམ་དུ་བསམ་ཞིང་། ངག་ཏུ་ཡང་རྨི་ལམ་སྒྱུ་མ་ཡིན་ཞེས་རྟག་ཏུ་བརྗོད་པའོ།
།དབང་པོ་འབྲིང་གི་ཉམས་ལེན་ལ་གཉིས་ཏེ། རང་ལུས་སྣང་སྟོང་ལྷ་སྐུ་ཅིར་སྣང་སྒྱུ་མའི་ལམ་ཁྱེར།
དབང་པོ་རབ་འབྲིང་གཉིས་ཀྱི་གསོལ་འདེབས་དད་འདུན་པའི་གྲངས་ནི། དབང་པོ་རབ་དང་འབྲིང་པོ་ལ། །གསོལ་འདེབས་ལྔ་ལ་འདུན་པ་གསུམ། །ཞེས་གསུངས་པས་གསོལ་འདེབས་ལྔ་ནི། བདག་འཛིན་བློས་ཐོས་པར། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་འབྱོངས་པར། རྨི་ལམ་འབྱོངས་པར། འོད་གསལ་ཕྱག་ཆེན་རྟོགས་པར།
འདུན་པ་གསུམ་ནི། འཆི་ངེས་སྙམ་པ་དང་། བླ་མ་ལ་མོས་གུས། སྣང་བ་བདེན་མེད་ཡིན་སྙམ་པའོ།
།གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ནི། སད་བཞི་སྤངས་ནས་མལ་གྱི་དྲོད་མ་ཡལ་བར་རྩེ་གཅིག་ཏུ་སྒོམ་པ་ཡིན་ལ། དེ་ལ་འགྲོ་དྲུག་སྒྱུ་མར་འཆར་བྱེད། ནད་གདོན་སྒྱུ་མའི་ལམ་ཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རོ།
།དབང་པོ་ཐ་མའི་གསོལ་འདེབས་དང་འདུན་པའི་གྲངས་ནི། སྒྱུ་ལུས་དབང་པོ་ཐ་མ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། །ཞེས་པའི་གསོལ་འདེབས་ནི། །བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ། སྒྱུ་ལུས་འབྱོངས་པར། འདུན་པ་གསུམ་གོང་བཞིན་ནོ།
།སྒྱུ་ལུས་ཀྱི་སྐབས་འདིར། །ཆོས་ཐམས་ཅད་ཆུ་ནང་གི་ཟླ་བའི་དཔེས་མཚོན་པར་བྱས་ཏེ་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱས་ནས་ཞེན་འཛིན་དགག་སྒྲུབ་དང་བྲལ་བ་ལ་སློབ་པའི་ཚུལ།
དགྱེས་པ་རྡོ་རྗེ་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མ་ཤེས་ཀྱིས། །ཅེས་གསུངས་ལ།
དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྟགས་ལས་འདུས་བྱས་ཀྱི་ཆོས་ཀུན་རྟེན་ལས་སྐྱེ་དགོས་པ་ཉིད་ཀྱིས་ཕྱིར་གདོད་མ་ནས་མ་སྐྱེས་པར་ཐག་ཆོད་པས་མཐའ་བྲལ་དབུ་མའི་ལྟ་བ་ལ་ངེས་པ་འདྲོངས་ལ། གདོད་མ་ནས་མ་སྐྱེས་ཀྱང་ཐ་སྙེད་དུ་རྟེན་ནས་འབྱུང་བ་འདི་ལ་སྨྱོན་དུ་མི་འདུག་པས་ལས་འབྲས་བསླུ་མེད་ལ་ངེས་པ་ཚིག་ཙམ་མིན་པར་མཐོང་བས་རྟག་ཆད་དང་བྲལ་བའི་ལྟ་བ་རྣམ་པར་དག་པ་སྐྱེ་ལ། དེའི་ཚུལ་ཡང་། དགྱེས་པ་རྡོ་རྗེར། གོང་གི་ལུང་དེ་མ་ཐག་པར།
འདི་ལྟ་སྟེ། གཙུབ་ཤིང་དང་གཙུག་སྟན་དང་སྐྱེས་བུའི་ལག་པའི་རྩོལ་བ་ལས་གློ་བུར་དུ་མེ་སྐྱེ་བར་འགྱུར་རོ། །མེ་དེ་གཙུབ་ཤིང་ལ་ཡང་མི་གནས་གཙུབ་སྟན་ལ་ཡང་མ་ཡིན། སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཏེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ན་ཡང་ཡོད་པ་མ་ཡིན་པས། མེ་དེ་ཡང་བདེན་པ་ཡང་མ་ཡིན། བརྫུན་པ་ཡང་མ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མས་ཡིད་ལ་གྱིས་ཤིག །ཅེས་གསུངས་ལ།
མདོ་ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་པ་ཉིད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་ལ།
དོན་དེ་དག་གི་དབང་དུ་མཛད་ནས། །མགོན་པོ་ཀླུ་སྒྲུབ་ཀྱིས། དབུ་མ་རྩ་བའི་མཆོད་བརྗོད་དུ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་།
དེ་ཉིད་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོགས་རྒྱས་པར་གསུངས་ཤིང་། །འདི་ལྟ་བུའི་རྟེན་འབྲེལ་གྱི་རིགས་པ་ལ་ཆེད་དུ་བསྔགས་པ།
དཔལ་ལྡན་ཟླ་བས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་ལ།
མདོར་ན་སྒྱུ་ལུས་ཀྱི་སྐབས་འདིར་རྨི་ལམ་གྱི་སྣང་བ་དང་ཉིན་པར་གྱི་སྣང་བ་གཉིས་ཁྱད་པར་ཅི་ཡང་མེད་པ་ལ་སློབ་པའི་ཚུལ་འདི་ནི་གནད་ཀྱི་སྙིང་པོ་སྟེ།
།དེ་ཡང་རྨོག་ལྕོག་པ་ཆེན་པོའི་གསུང་ལས། རྨི་ལམ་གྱི་གནས་སྐབས་ན་ཡུལ་སྣ་ཚོགས་སུ་ཤར་བ་དེ་དང་། ད་ལྟར་གྱི་གནས་སྐབས་ན་སྣང་བ་སྣ་ཚོགས་སུ་ཤར་བ་འདི་གཉིས་ཤར་བའི་སྒོ་ནས་ཀྱང་མཉམ། སྣང་བའི་སྒོ་ནས་ཀྱང་མཉམ་སྟེ། རྨི་ལམ་གྱི་དུས་སུ་ཡུལ་སྣ་ཚོགས་སུ་ཤར་བ་དེ་ཤར་ཡང་ཁོ་རང་ལ་ཤར། སྣང་ཡང་ཁོ་རང་གི་ངོ་བོ་ལ་སྣང་། སྣང་བའི་སྒོ་ནས་ཀྱང་ཁྱད་པར་མེད་པར་གོ །དོན་བྱེད་ནུས་པའི་སྒོ་ནས་ཀྱང་ཁྱད་པར་མེད་དེ། རྨི་ལམ་གྱི་དུས་སུ་སྣ་ཚོགས་སུ་ཤར་བ་འདིས་ཀྱང་ཆགས་སྡང་སྐྱེད་པའི་དོན་བྱེད་ནུས་ལ། ད་ལྟར་གྱི་དུས་སུ་སྣང་བ་སྣ་ཚོགས་སུ་ཤར་བ་འདིས་ཀྱང་ཆགས་སྡང་སྐྱེད་པའི་དོན་བྱེད་ནུས་པའི་སྒོ་ནས་ཀྱང་ཁྱད་པར་མེད་པར་གོ །ཤེས་ནས་གྲོལ་བའི་སྒོ་ནས་ཀྱང་ཁྱད་པར་མེད་པ་ཡིན་ཏེ། རྨི་ལམ་གྱི་དུས་སུ་ཡང་རྨི་ལམ་དུ་ཤེས་ན་གྲོལ་གྱིན་འདུག །དེ་བཞིན་དུ་ད་ལྟ་ཡང་སྒྱུ་མ་ལྟ་བུར་ཤེས་ན་ཆགས་སྡང་ལས་གྲོལ་གྱིན་འདུག །དེ་ལྟར་གྲོལ་བའི་སྒོ་ནས་ཀྱང་ཁྱད་པར་མེད་པར་གོ །ཞེས་གསུངས་ལ།
དེས་ན་ད་ལྟའི་ལས་སྣང་འདི་དག་ཆུ་ནང་གི་ཟླ་བ་ལྟ་བུར་ཤེས་ན་བར་དོར་འཚང་རྒྱ་བ་ཡང་འདི་ལས་འབྱུང་སྟེ།
རྗེ་བཙུན་གྲོལ་མཆོག་གི་མགུར་ལས། དུས་ད་ལྟའི་ལས་སྣང་ཇི་སྙེད་པ། །གཤིས་མ་གྲུབ་ཆུ་ནང་ཟླ་བ་བཞིན། །དོན་འདི་ལ་ངེས་ཤེས་སྐྱེས་པ་ན། །ཕྱིས་བར་དོ་རྒྱལ་བ་ལོངས་སྐུ་འགྲུབ། །ཅེས་གསུངས་སོ།
།སྐབས་འདིར་དྲི་བའི་ཚུལ། ཨཪྻ་དེ་ཝས་བདག་བྱིན་བརླབས་པ་ལས། །ཕྱིར་ཕྱོགས་རྨི་ལམ་སྒྱུ་འདྲ་མཐོང་མེད་ཅེས། །གསུངས་ན་འདི་ཡི་སྒྱུ་ལུས་ཁྲིད་ཀྱི་སྐབས། །སྦས་དོན་སྒྱུ་མ་མི་འབྱུང་ཅི་ཞིག་ཡིན། །ཞེས་འདྲི་བའི་རྒྱུ་མཚན།
སློབ་དཔོན་ཨཪྻ་དེ་ཝས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱིས། །བདག་བྱིན་བརླབས་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་མཐོང་བ་མེད། །ཅེས་གསུངས་ལ། འདིར་སྐབས་ཀྱི་བདག་བྱིན་རླབས་ཡང་།
མདོར་བསྡུས་དང་པོར། བདག་བྱིན་རླབས་པ་དག་ནི་སྟོང་པ་ལས། །ཁམས་གསུམ་པོ་ནི་མཐོང་བའི་མིང་ཡིན་ནོ། །ཞེས་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་མཐོང་བ་ལ་བཤང་ལ།
ནི་གུ་ཆོས་དྲུག་གི་སྒྱུ་ལུས་ཀྱི་སྐབས་འདིར། །ད་ལྟའི་ལས་སྣང་འདི་དག་སྒྱུ་མ་རྨི་ལམ་དུ་དྲན་འདུན་གྱིས་གཏན་ལ་འབེབས་པ་ཙམ་ལས། རྫོགས་རིམ་སྒྱུ་མ་འམ། བདག་བྱིན་རླབས་ཀྱི་རྣམ་བཞག་མི་འབྱུང་བ་ཅི་ཞེ་ན། ཐོག་མར་ཐབས་ལམ་གྱི་སྐབས་ཨ་ཧཾ་འབར་འཛག་གི་རྣལ་འབྱོར་དང་། །བྱང་ཆུབ་ཀྱི་སེམས་འཆིང་བའི་ནུས་པ་ཐོབ་ནས། གཞན་ལས་ཤེས་རབ་ཀྱི་རྣལ་འབྱོར་སོགས་ཀྱི་སྒོ་ནས་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཞིག་གིས། བདེ་བ་དེ་དག་ལ་ཞེན་པ་འགོག་པའི་སླད་དུ་སྒྱུ་ལུས་ཀྱི་ཁྲིད་བསྟན་ཞིང་། སྟོང་གཟུགས་ཀྱི་རྣམ་བཞག་ཀྱང་། ནི་གུའི་སྐབས་འདིར་མ་བསྟན་པ་མ་ཡིན་ཏེ། འདི་ཉིད་ཀྱི་འོད་གསལ་འཆར་སྒོ་ངོས་འཛིན་དུ་གསལ་བའི་འོད་གསལ་མི་རྟོག་པའི་བདེ་བ།
དབྱེར་མེད་པའི་འོད་གསལ་དང་བཞིར་ཕྱེ་བའི་དང་པོ་འཆད་པའི་སྐབས་སུ། ཉི་མའི་འོད་ཟེར་ལྟ་བུ་ཤར་བ་དང་། ཟླ་བའི་འོད་སྐྱ་ཧོད་དེ་བ་ལྟ་བུ་དང་། ཉི་མའི་མདངས་གསལ་བའམ། དེ་ཤིན་ཏུ་གསལ་ཞིང་དྲོ་བ་དང་། ཞེས་དང་།
འོད་མར་མེ་འབར་བ་ལྟ་བུ་དང་། འོད་ལྔ་འམ། དཀར་པོ་མར་མེའི་ཕྲེང་བ་ལྟ་བུ་དང་། ཞེས་དང་།
འོད་ཀྱི་གློག་འཁྱུག་པ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། ཐིག་ལེ་སྒྲ་འོད་དང་བཅས་པ་སོགས་འབྱུང་བར་བཤད་པས་སྦས་དོན་གྱི་སྒྱུ་མ་ཡང་ཤིན་ཏུ་གསལ་བ་ཉིད་དོ། །འདིར་བཅུ་བཞིའི་ས་ཐོབ་འགྱུར། །ཞེས་པ་བཤང་ཁུངས་གཞན་ཡང་།
ཡེ་ཤེས་ཐིག་ལེའི་རྒྱུད་ལས། བུམ་པའི་དབང་ནི་བཅུ་གཅིག་སྟེ། །གསང་བའི་དབང་ནི་བཅུ་གཉིས་མཚོན། །ཤེས་རབ་ཡེ་ཤེས་བཅུ་གསུམ་པ། །དེ་ལྟར་དེ་བཞིན་བཅུ་བཞི་པ། །དབང་རེ་ལ་ནི་ས་རེ་སྟེ། །འདི་རྣམས་ས་ཡི་དབང་ཕྱུག་བདག །ཅེས་འབྱུང་ངོ་།

།གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་ནི།
༈ །གང་གིས་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་རང་དག་སྒྱུ་མ་ལམ་རིམ་གྱི། །ཡོན་ཏན་ཉིན་མཚན་དུས་སུ་རང་ཤར་འབྱུང་། །འཁྲུལ་འབྱམས་སད་འབྱམས་བདེ་འབྱམས་སྟོང་འབྱམས་རྣམས། །མོས་གུས་ཚོགས་གསོག་གེགས་སེལ་བརྒྱན་པར་བྱ། །ཞེས་པ་འདིས་རྨི་ལམ་ཉིང་འཁྲུལ་རང་དག་གི་གདམས་པ་བསྟན་ལ།
འདིའི་མཚན་ཉིད། ཉིང་འཁྲུལ་བདེན་མེད་བདེ་བ་ཤར། །འདི་ནི་རྨི་ལམ་མཚན་ཉིད་ཡིན། །ཞེས་ཉིང་འཁྲུལ་ཐམས་ཅད་བདེན་མེད་དུ་ཤར་ཏེ། རྨི་ལམ་གྱི་འཁྲུལ་པ་ཐམས་ཅད་རང་ཡལ་ལ་འགྲོ་བའི་རྣལ་འབྱོར་ཁྱད་པར་ཅན་ཞིག་ཡིན་ལ།
དེ་ལ་རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་བ། སྒྱུར་བ། ཡུལ་སྣང་ངོ་།
དང་པོ་རྨི་ལམ་བཟུང་བ་གཉིས་ཏེ། རང་ཟིན་དང་འཆུག་མེད་དོ།
།དང་པོ་ནི། ཐིག་ལེ་དབང་བཞིའི་གནད་ཀྱི་འཛིན་པ་སྟེ། །དེའི་བཤད་ཁུང་།
ཡེ་ཤེས་མཁའ་འགྲོའི་སྒྱུ་མ་ལམ་གྱི་རིམ་པར། གང་ཞིག་དག་བྱེད་བུམ་པ་སྟེ། །དབྱེར་མེད་དཀར་དམར་གསང་བ་ལ། །བདེ་བའི་ཆ་ནི་གསུམ་པ་སྟེ། །བརྗོད་མེད་བཞི་པར་ཤེས་པར་བྱ། །ཞེས་དང་།
རྗེ་བཙུན་གྲོལ་མཆོག་གི་མགུར་ལས། ཐིག་ལེ་ཡི་བཞི་འགྲོས་རྟེན་འབྲེལ་གྱི་གནད། མ་ཡེ་ཤེས་མཁའ་འགྲོ་ཡི་གསང་བའི་གཏམ། །ཞེས་གསུངས་ཤིང་།
སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་ཆད་སྙིང་གར་བྱུང་བས་གཏི་མུག་དག །གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དམར་པོ་ཆད། སྙིང་གར་བྱུང་། འདོད་ཆགས་དག །ཞེ་སྡང་རང་དག་ཡིན་ནོ། །ཞེས་འབྱུང་བ་དེ་དག་གི་དོན།
།རྡོ་རྗེའི་ལུས་སྐྱོན་མེད་པ་རྣམས་ལ་དབུ་མའི་མར་རྩེར་ཧཾ་ཡིག་ཐབས་ཀྱི་ཆ་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྟེན་ཡབ་མཐའ་དག་གི་ངོ་བོ་རྡོ་རྗེ་ཟླ་བ་དྲི་མེད་འོད་དེ་ཉིད་ལམ་མ་ཞུགས་རྣམས་ལ་ཉོན་མོངས་པ་གཏི་མུག་གི་ཁང་བུ་ཉིད་དུ་གནས་ཏེ། གཉིད་བྲོ་དུས་སྨིན་ཕྲག་ཏུ་ནག་ཐིབས་སེ་འབྱུང་བས་མཚོན་ཞིང་དབུ་མའི་ལས་སྣར་ཐབས་ཤེས་ཀྱི་ཁྱད་པར་ཧཱུྃ་ཨཾ་གི་ཡི་གེ་སོ་སོ་འོད་གསལ་རྣམ་པ་ཀུན་ལྡན་གྱི་བདག་ཉིད་ཡུམ་རྣམ་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་ཉི་མ་སྣང་བ་ཆེན་པོ་ཉིད་ཐ་མལ་པ་རྣམས་ལ་ཉོན་མོངས་པ་འདོད་ཆགས་ཀྱི་ཞིང་སར་གནས་ཏེ། ཆགས་པའི་ཀུན་དུ་རྟོག་པ་སྐྱེད་ཚེ་གསང་གནས་རོ་ཙ་བས་མཚོན་པའོ། །ཞེ་སྡང་ནི་ཡིད་འཁྲུག་ཚེ་སྙིང་རྩ་འདར་ཕྲུག་པས་གོ་བར་ནུས་སོ།
།ཐིག་ལེ་དཀར་དམར་གྱི་འཕྲོ་འདུ་རྣམས་ཀྱང་དབུ་མའི་ནང་ཉེད་དུ་དམིགས་པ་དང་། ཨ་བྷི་ཥིཉྩའི་སྒྲ་ལས་སེམས་ཀྱི་དྲི་མ་འཁྲུད་པའི་དོན་དུ་སྦྱོར་བ་ཡང་།
བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་པ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་པའི་དོན་ཡིན་ཞིང་།
དབང་མདོར་བསྟན་ལས། ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་པ་དངོས་པོའི་མཚན་ཉིད་ལ། །ཞེས་གསུངས་པ་ལྟར།
འབྱུང་ངེས་འཆི་སྲིད་ཀྱི་སྣང་མཆེད་ཐོབ་གསུམ་གྱི་ཉམས་ལེན་དང་ཡང་སྦྱར་དགོས་ཏེ། དཀར་ལམ་གྱི་ཚེ་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ། དམར་ལམ་གྱི་སྐབས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ། ནག་ལམ་གྱི་ཚེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ཏེ་རང་བཞིན་བརྒྱད་ཅུའི་སྒྲིབ་གཡོགས་དང་བྲལ་བའི་ཆོས་སྐུ་གཅེར་མཐོང་དེ་ཉིད། དུས་ཀྱི་འཁོར་ལོར་འཇིག་རྟེན་ལས་འདས་པའི་དབང་ཞེས་གསུངས་ཤིང་།
བཀའ་བརྒྱུད་རིན་པོ་ཆེ་རང་གི་ལུགས་ཀྱི་ཐ་མལ་གྱི་ཤེས་པ་བརྗེན་པར་མཐོང་བའི་སྐབས་ཡིན་ནོ།
།གཉིས་པ་འཆུག་མེདནི། །ཡེ་ཤེས་མཁའ་འགྲོའི་སྒྱུ་མ་ལམ་གྱི་རིམ་པར། དུས་དང་ལུས་དང་དམིགས་པ་ཡིས། །དབེན་པའི་གནས་སུ་རྨི་ལམ་བཟུང་། །ཞེས་གསུངས་པ་ལྟར།
དུས་གནང་གསུམ། ལུས་གནད་གསུམ། དམིགས་གནད་གསུམ་གྱི་སྒོ་ནས་འཛིན་པར་བཤད་པའི་རྟོག་བཅས་རྟོག་མེད་ཀྱི་ཐ་སྙད་ནི། ཐིག་ལེ་དཀར་དམར་ལྟ་བུ་གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་གཉིད་ལོག་ནས་འཛིན་པ་རྟོག་མེད་དང་།
ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱི་མགྲིན་པར་གནས། ཡི་གེ་ཨ་བཅས་གནས་པ་ཉིད། །ཅེས་གསུངས་པ་ལྟར་ཨཾ་ཡིག་འོད་འཕྲོ་བ་ཞིག་མགྲིན་པར་བསམ་ལ།
རྨི་ལམ་གྱི་ངོ་བོ་ནི། གཉིད་དུ་སོང་མ་སོང་གི་བར་གྱི་རྣམ་པར་རྟོག་པ་ཡིན་ལ། གཉིད་དུ་སོང་ནས་རྨི་ལམ་རགས་པ་མ་ཤར་བའི་བར་དེར་མི་ལ་སོགས་པའི་རྣམ་པར་རྟོག་པ་རབ་རིབ་ཤར་བ་དེ་དྲན་པས་འཛིན་པའི་དབང་དུ་བྱས་ནས་རྟོག་བཅས་ལ་འཛིན་པ་ཞེས་བྱ་བའི་ཐ་སྙད་བྱས་སོ། །རྨི་ལམ་ཟིན་ཅིང་འབྱོངས་པའི་ཕན་ཡོན་ནི།
ཡེ་ཤེས་རྒྱ་མཚོའི་རྒྱུད་སྒྱུ་མ་ལམ་རིམ་དུ་དྲངས་པར། རྨི་ལམ་ནུབ་གཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །ལྷ་ཀླུ་དྲི་ཟས་མཆོད་ཅིང་བསྟོད། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ངན་སོང་མཚོ་ལས་སྒྲོལ་བའི་གྲུ། །ཞེས་དང་།
རྨོག་ལྕོག་པ་ཆེན་པོས། རྨི་ལམ་འབྱོངས་པའི་གང་ཟག་དེ། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །ཁྱད་པར་མེད་པར་གསུངས་པ་ཡིན། །ས་བཅུའི་བྱང་ཆུབ་སེམས་དཔའ་དེ། །ལུས་ནི་གཞོན་ནུ་འོད་ཀྱི་ལུས། །ཤེས་བྱའི་སྒྲིབ་པ་རྐང་སྤྲིན་ལ། །རྩི་བཞིན་དུ་ནི་གནས་པ་ཡིན། །དེ་སྤོང་བ་ཡི་ཐབས་ལ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་སྒྲིབ་པ་སྤོང་བའི་མཆོག །ཆོས་སྐུ་མངོན་དུ་བྱེད་པ་ཡིན། །ཞེས་གསུངས་སོ།
།རྨི་ལམ་སྦྱོང་བའི་གནད། །རྗེ་རྨོག་ལྕོག་པ་ཆེན་པོའི་གསུང་ལས། རྨིལམ་སྦྱོང་བའི་དུས་ཙམ་ན། །ཡ་ང་བག་ཚ་འབྱུང་བ་ཡིན། །བྱུང་བའི་དུས་ན་འདི་ལྟར་བསམ། །སྡུག་བསྔལ་བསྐྱེད་པ་འབྱུང་བའི་ལུས། །མལ་ན་བཞག་ནས་ཡོད་པ་ཡིན། །འདི་ནི་ཡིད་ཀྱི་ལུས་ཡིན་ན། །འདི་ལ་འཇིགས་རྒྱུ་ཅི་ཞིག་ཡོད། །རང་སེམས་ཤར་བ་རང་གི་སེམས། །ཤེས་པའི་དུས་ན་འཇིགས་པ་མེད། །ཅེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱའོ།
།རྨི་ལམ་སྤེལ་སྤྲུལ་གཉིས། དམིགས་པ་གཅིག་པ་ལ་མིང་དང་གོ་རིམ་ཐ་དད་དུ་གསུངས་པའི་དགོངས་པ་ནི་དོན་སྤྱིའི་ཚུལ་གྱིས་སྤྲུལ་པའི་དམིགས་པ་འབད་རྩོལ་དང་བཅས་ནས་སྒོམ་པ་ལ་སྤེལ་བ། ཞེས་དང་།
དེ་གོམས་པ་ལས་ཇི་ལྟར་བསམ་པ་བཞིན་མངོན་གྱུར་དུ་བསྟོན་ནུས་པ་ལ་སྤྲུལ་པ་ཞེས་གོམས་པ་ཀློང་དུ་གྱུར་པ་ལ་འཇོག་པར་སྣང་ངོ་།
།རྨི་ལམ་འཛིན་པའི་གསོལ་འདེབས་དང་འདུན་པའི་གྲངས། རྨི་ལམ་འཛིན་པར་བྱེད་པ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། །ཞེས་པའི་གསོལ་འདེབས། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། རྨི་ལམ་ཟིན་པར་འདུན་པ། རྟོག་མེད་གཉིས། རྟོག་བཅས་དང་གསུམ།
གཉིས་པ་རྨི་ལམ་སྦྱང་བའི་གསོལ་འདེགས་དང་དམིགས་པའི་གྲངས། རྨི་ལམ་སྦྱང་བའི་ཆོས་བཞི་ལ། གསོལ་འདེབས་བཞི་ལ་དམིགས་པ་བཞི། །ཞེས་པའི་གསོལ་བ་འདེབས། བདག་འཛིན། དགོས་མེད། སྒྱུ་ལུས་རྨི་ལམ། དམིགས་པ། སེམས་ཀྱི་ལུས་སྦྱང་བ། ལུས་ཀྱི་སེམས་སྤྱང་བ། བདག་མེད་མས་སྤྱང་བ། འདུན་པས་སྦྱང་བའོ།
།གསུམ་པ་སྤེལ་བའི་གསོལ་འདེབས་དང་འདུན་པའི་གྲངས། རྨི་ལམ་སྤེལ་བའི་ཆོས་དྲུག་ལ། །གསོལ་འདེབས་བཞི་ལ་འདུན་པ་དྲུག །ཅེས་པའི་གསོལ་འདེབས་གོང་བཞིན་ནོ།
འདུན་པ་འབྱུང་བཞི་ཕྲ་བ་ལ་སྤེལ་བ། རགས་པ་ལ་སྤེལ་བ། སེམས་ཅན་ཕྲ་བ་ལ་སྤེལ་ལ། རགས་པ་ལ་སྤེལ་བ། འཇིག་རྟེན་པའི་གང་འདུལ། འདས་པའི་གང་འདུལ་ལོ།
སྤྲུལ་པ་ལ། རྨི་ལམ་སྤྲུལ་པའི་ཆོས་དྲུག་ལ། གསོལ་འདེབས་འདུན་པ་དེ་བཞིན་ནོ། །ཞེས་པས་སྤེལ་བའི་སྐབས་བཞིན་ནོ།
།བསྒྱུར་བའི་གསོལ་འདེབས་དང་འདུན་པ། རྨི་ལམ་བསྒྱུར་བའི་ཆོས་བཞི་ལ། གསོལ་འདེབས་བཞི་ལ་འདུན་པ་བཞི། །ཞེས་པའི་གསོལ་འདེབས་གོང་བཞིན།
འདུན་པ་འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ། སེམས་ཅན་ཕྲ་རགས་སུ་བསྒྱུར་བ། ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ། སྣང་སྟོང་ཞེན་བྲལ་དུ་བསྒྱུར་བའོ།
།ཡུལ་སྣང་ལ། ཡུལ་སྣང་དམིགས་པ་རྣམ་གསུམ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཞེས་པའི་གསོལ་འདེབས། བདག་འཛིན། དགོས་མེད། ཡུལ་སྣང་གཏན་ལ་ཕེབས་པར་དམིགས་པ། བདག་མེད་མ་ཡུལ་སྣང་འཆར་བྱེད། །ཨ་ཡུལ་སྣང་རང་གསལ། ཐིག་ལེ་ཡུལ་སྣང་གསལ་བྱེད་དོ།
།རྨི་ལམ་གྱི་ཁྲིད་ཀྱི་སྐབས་འདིར། སྙིང་པོ་ཀུན་འདུས་སུ་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོར་སྒོམ་པ་ཞིག་མཛད་ལ། འདི་ལ་དྲི་བའི་ཚུལ།
གྲུབ་ཆེན་ཁྲིད་ཡིག་སྙིང་པོ་ཀུན་འདུས་ཀྱི། །རྨི་ལམ་སྐབས་སུ་བླ་མ་རྡོ་རྗེ་འཆང་། །སྐུ་མདོག་དམར་པོར་མཛད་པའི་དགོས་པ་དང་། །དགོངས་པ་ཅི་ཞིག་ཡིན་པ་འཆད་ན་གང་། །ཅེས་བཀོད་ནས།
ལམ་གྱི་རིམ་པ། རྨི་ལམ་ཉིང་འཁྲུལ་རང་དག་གི་གདམས་པ་འདི་དག་གཙོ་ཆེར་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་གནད་དུ་བསྣུན་ནས་སྒོམ་པ་ཡིན་ཞིང་། མགྲིན་པ་འདི་ཉིད་གསུང་རྡོ་རྗེའི་གཞི་ཡིན་པས། ངག་དག་པ་རྒྱལ་བ་འོད་དཔག་ཏུ་མེད་པའི་དབང་དུ་མཛད་ནས། བླ་མ་རྡོ་རྗེ་འཆང་འོད་དཔག་ཏུ་མེད་པའི་རང་བཞིན་པདྨ་རཱ་གའི་མདངས་ཅན་དུ་སྒོམ་པ་སྟེ། འདི་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་རང་གི་དངོས་སུ་བསྩལ་བའི་ཞལ་ལུང་དྲོད་མ་ཡལ་བ་ཉིད་དོ།

།བཞི་པ་འོད་གསལ་གཏི་མུག་རང་སངས་ནི།
༈ འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང་། །བདེ་ཆེན་ཟག་བཅས་ཟག་མེད་ལྟ་སྟངས་ཀྱིས། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང་། །སྦྱོར་དངོས་རྗེས་གསུམ་དུས་གནད་བརྒྱན་བྱ་ཞིང་། །འོད་གསལ་མངོན་གྱུར་དམ་པ་ཉམས་མྱོང་ཅན། །འཆར་སྒོ་བོགས་འདོན་གེགས་སེལ་བརྒྱན་པར་བྱ། །ཞེས་པ་འདིས་འོད་གསལ་གཏི་མུག་རང་སངས་ཀྱི་གདམས་པ་བསྟན་ལ།
འདིའི་མཚན་ཉིད། གསལ་སྟོང་ནམ་མཁའ་མཐའ་དབུས་མེད། །འདི་ནི་འོད་གསལ་མཚན་ཉིད་ཡིན། །ཞེས་གསལ་སྟོང་དབྱེར་མེད་འཛིན་པ་ཐམས་ཅད་དད་བྲལ་བ། ནམ་མཁའ་མཐའ་དབུས་མེད་པ་ལྟ་བུ་ཞིག་ཡིན་ལ། དེ་ལྟ་བུའི་འོད་གསལ་གྱི་རྣལ་འབྱོར་ཉམས་སུ་ལེན་པ་ལ། སྤྱིར་སྒོམ་པའི་ཚུལ་ལ། མཁས་པ་པཎྜི་ཏའི་དཔྱད་སྒོམ་དང་། སྒོམ་ཆེན་ཀུ་ས་ལིའི་འཇོག་སྒོམ་གཉིས་སུ་གྲགས་ཤིང་། འདི་གཉིས་ལུང་རིགས་ཀྱི་དཔྱད་པ་སྔོན་དུ་གཏོང་མི་གཏོང་གི་ཁྱད་པར་ཡིན་ཞིང་། དཔྱད་པ་སྔོན་དུ་བཏང་བས་དཔྱད་སྒོམ་དུ་བཤད་པ་དེ་དག་ཀྱང་། མཐུར་ནི་ངེས་པར་འཇོག་སྒོམ་དུ་འབབ་སྟེ། དེ་དག་གིས་ཀྱང་སེམས་མ་བཅོས་པར་མཉམ་པར་འཇོག་དགོས་པའི་ཕྱིར། དེང་སང་འགའ་ཞིག །སེམས་མ་བཅོས་པར་མཉམ་པ་འཇོག་པ་ལ་དགྲ་ལྟར་དུ་ལྟ་ཞིང་། རང་གི་སྒོམ་རིམ་ཟབ་ཟབ་མོར་བྱེད་པ་ལ། སྟོང་པ་ཉིད་དང་། བདག་མེད་པ་དང་། བདེན་པར་མ་གྲུབ་པའོ་སྙམ་དུ་ལྟ་བ་སྟོན་གྱི་འདུག་སྟེ།
དེ་འདྲ་བས་ནི། འཕགས་པའི་ལམ་དུ་བགྲོད་པ་མི་སྲིད་ཅིང་།
།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གསལ་དད་མ་ཡིན། །ཞེས་སོགས་རྒྱས་པར་གསུངས་པས། ལམ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ནོ།
།དཔྱད་སྒོམ་འཇོག་སྒོམ་གཉིས་ཀྱང་། གདུལ་བྱའི་དབང་པོ་ལ་ལྟོས་ཏེ། བློ་ཚོད་དང་འཚམ་པར་སྟོན་པ་ཡིན་ལ། འཇོག་སྒོམ་གྱི་སྔོན་དུ་དཔྱད་སྒོམ་མཐའ་གཅིག་ཏུ་དགོས་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་མ་ཧེའི་རྫི་བོ་ཀ་ཁ་ཙམ་ཡང་མི་ཤེས་པ་ཞིག་ལ་ཟབ་མོའི་རྣལ་འབྱོར་བསྟན་པས་གྲོལ་བ་ཇི་ལྟར་འཐད། །དེས་ན་དཔྱད་སྒོམ་འཇོག་སྒོམ་གཉིས་དཔེ་དང་སྦྱར་ནས་བཤད་ན། སྐྱེས་བུ་འགའ་ཞིག་རླུང་དང་། མཁྲིས་པ་དང་། བད་ཀན་གྱིས་མིག་རབ་རིབ་ཏུ་གྱུར་བ་ལས། སྐྲ་ཤད་དང་། མེ་དང་། གཡང་ས་ལ་སོགས་པའི་འདུ་ཤེས་ཀྱི་སྡུག་བསྔལ་བ་མཐོང་བ་ན། ཕྱོགས་འདི་ན་དེ་དག་མེད་དོ་ཞེས་རྒྱུ་མཚན་དང་བཅས་པ་ཉེ་དུ་དག་གིས་སྒྲོགས་ལ། གཏམ་དེས་ཀྱང་ཅུང་ཟད་འཇིགས་པ་དང་བྲལ་བར་འགྱུར་རོ།
།མཁས་པ་འགའ་ཞིག་གིས་ནི། དེ་ལྟ་བུའི་གཏས་བྱས་པ་མེད་པར། མིག་སྨན་བཟང་པོ་ཐབས་ཀྱིས་ཟན་བཅུག་པ་ལས། སྐྱེས་བུ་དེ་ཉིད་ཀྱིས་སྒྲ་ཤད་ལ་སོགས་པ་མེད་པར་མངོན་སུམ་གྱིས་རྟོགས་པར་འགྱུར་རོ། དེ་བཞིན་དུ་སེམས་ཅན་རྣམས་ཐོག་མ་མེད་པ་ནས། བདག་ཏུ་རྟོག་པའི་འདུ་ཤེས་ཀྱི་སྡུག་བསྔལ་བ་གཟིགས་ནས། ཉེ་དུ་ལྟ་བུའི་མཁས་པ་མང་པོས་གཏན་ཚིགས་བརྒྱ་སྟོང་གིས་བདག་མེད་པའི་གཏམ་མཛད་ཅིང་། དེ་ནས་ཉོན་མོངས་པ་དག་རིམ་གྱི་འབྲི་བར་འགྱུར་མོད། དེ་ལས་ཆེས་མཁས་པ་ལྟ་བུར་བདག་ཏུ་འདུ་ཤེས་པ་འདི་ནི་སེམས་ཐོག་མ་མེད་པ་ནས་རླུང་དང་ཁམས་ཀྱི་རྣམ་པར་འགྱུར་བའི་གཞན་དབང་དུ་གྱུར་པ་ལས་བྱུང་བར་གཟིགས་ནས། ནང་གི་རིག་པ་རྣམ་པར་མི་རྟོག་པའི་མིག་སྨན་བྱིན་པ་ན། མིག་སྨན་ཐོབ་པའི་སྐྱེས་བུ་དེ་ཉིད་ཀྱིས་བདག་མེད་པ་མངོན་སུམ་དུ་བྱེད་དོ། །ཞེས་བྱ་བ་འདི་ཡིན་ནོ།
།དེ་ལྟར་ན་བདག་མེད་པ་ལ་ཉེ་བར་རྟོགས་པའི་རྗེས་སུ་དཔག་པའི་ལམ་འདིའང་ཤིང་རྟ་ཆེན་པོ་དག་གིས་གསུངས་ཤིང་། འཛམ་བུའི་གླིང་འདིར་ཀུན་ལ་གྲགས་ལ་ཇི་སྐད་བཤད་པའི་མངོན་སུམ་གྱི་ལམ་འདི་འང་། དཔལ་ས་ར་ཧ་ལ་སོགས་པའི་གྲུབ་པ་དང་སྙིང་པོའི་གཞུང་ཆེན་མོ་རྣམས་ནས་མང་དུ་གསུངས་ཤིང་།
དེའི་ལུགས་ལ་གནས་པ་དག་གིས། མཁས་པ་རྣམས་ནི་དཔྱད་པ་སྟེ། །བླ་མ་དམ་པའི་དཔྱད་པ་མེད། །ཅེས་གསུངས་ལ།
ཁྱད་པར་ས་ར་ཧས། རྟོག་པ་ཉམས་པས་བློ་ཉམས་ཏེ། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །འདི་ཉིད་ལས་ཀྱི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང་། །སྔོན་མེད་དཔྱིད་བྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་འཐོག་རེག་བྱར་མེད་སར་ཧ། །མིག་མི་འཛུམ་པར་ལྟ་དང་མི་བསམ་དང་། །རླུང་འགོག་པ་ནི་བླ་མ་དམ་པའི་གསུང་། །ཞེས་ཤིན་ཏུ་གསལ་བར་གསུངས་ཏེ། །དེའང་རྟོག་པ་ཉམས་ན་བློ་སྟེ་ཤེས་རབ་ཉམས་པ་ཡིན་ནོ། །ཞེས་བྱ་བ་ནི།
བློ་ངན་རྣམས་ཀྱི་ལུགས་ཡིན་ལ། །བླ་མ་དམ་པའི་ལུགས་ནི། རྣམ་པར་མི་རྟོག་པའི་ནམ་མཁའ་ལ་ཆོས་མི་འཆར་བ་ཅི་ཡང་མེད་དོ། །ཞེས་བྱ་བ་ཡིན་ནོ།
དེས་ན་མཉམ་པར་འཇོག་པའི་ཚུལ་ནི། །དབེན་པའི་གནས་སུ་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན། ཁྱད་པར་མིག་འབྲས་མི་སྒྲུལ། རྫི་མ་མི་བཀྲབ་པའི་གཡོ་སྒུལ་མེད་པའི་ལྟ་སྟངས་དང་ལྡན་པ། ངག་མི་སྨྲ་བ་ལྐུགས་པའི་བརྟུལ་ཞུགས། སེམས་ཀྱི་གནད་ཏིང་ངེ་འཛིན་དང་། དེའི་འབྲས་བུ་རྫོགས་པའི་བྱང་ཆུབ་ལ་རེ་བ་དང་། ཉོན་མོངས་པ་དང་། རྣམ་པར་རྟོག་པ་དེའི་འབྲས་བུ་འཁོར་བ་དང་ངན་སོང་གི་དོགས་པ། འདི་དང་འདི་ནི་སྐྱོན་ཡིན་པས་སྤང་བར་བྱའོ། །འདི་དང་འདི་ནི་ཡོན་ཏན་ཡིན་པས་བརྟེན་པར་བྱའོ་སྙམ་པ་ལ་སོགས་པ་ཡིད་ཀྱི་རྟོག་དཔྱོད་ཐམས་ཅད་དོར་ཏེ། སེམས་རང་བབས་ཀྱི་ངོ་བོ་གང་ཤར་བ་དེའི་སྟེང་དུ་མ་བཅོས་པར་ཆ་མ་འཇོག་པ་ཡིན་ལ། དེ་ལ་རྟོག་པ་སྐྱེས་ན་གང་ཤར་གྱི་ངོ་བོ་འཛིན་མེད་དུ་བསྐྱངས་ཏེ། ངོས་གཟུང་མེད་པ་ཅི་ཡང་མ་ཡིན་པའི་ཚུལ་དུ་ཉམས་སུ་ལེན་པ་སྟེ་བསྒོམ་པར་བྱ་བའི་དངོས་པོ་རྔུལ་ཙམ་ཡང་མ་རྙེད་ལ། ཡེངས་སུ་སྐད་ཅིག་ཀྱང་མེད་པ་དེའི་ངང་ལ་འཇོག་པ་ཡིན། རྟོག་པ་ལས་རྟོག་པ་འཕྲོས་ཏེ་ལུ་གུ་བརྒྱུད་དུ་སོང་ན་ཉོན་མོངས་པ་ཡང་དེ་ལྟར་དུ་འགྲོ་ཞིང་། དེས་ལས་ངན་པ་བསོག་པས་དྲན་པ་དང་ཤེས་བཞིན་བསྟེན་ཏེ། འདས་པའི་རྗེས་མི་དཔྱོད། མ་འོངས་པའི་ན་མི་བསུ། །ད་ལྟར་གྱི་རིག་པ་ལའང་རྣམ་པར་དཔྱད་པའི་དཔྱད་བསྒོམ་དང་། སྐྱེ་མེད་དང་སྟོང་ཉིད་ཡིན་སྙམ་པ་ལ་སོགས་པའི་བློས་བྱས་ཐམས་ཅད་དོན་ཏེ་ཟབ་མོ་དམིགས་པ་མེད་པའི་དབྱིངས་སུ་འཇོགས་པ། རྗེ་བཙུན་ཏིལླིའི་ཆོས་བདུན་ལྟ་བུ་སྟེ།
།ཆོས་བདུན་ནི། མི་མནོ། མི་བསམ། མི་འཛིན། མི་རྟོག །མི་དཔྱོད། །མི་བསྒོམ། རང་གྲོལ་ལ་བཞག་པའི་གནད་ཟབ་མོ་ལ་བསླབ་པར་བྱའོ།
།དེ་ལྟ་བུའི་མཉམ་བཞག་གནད་དུ་སོང་ན། རོ་རྐྱང་གི་འགྱུ་བ་ཨ་ཝ་དྷུཏཱིར་འགག་ལ། དེ་ལས་དུ་བ། སྨིག་སྒྱུ། མེ་ཁྱེར། མར་མེ། སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་ལ་སོགས་པ་འོད་གསལ་གྱི་རྟགས་རྣམས་ངེས་པར་འཆར་ཞིང་། ཤར་བ་དོན་དང་བཅས་པ་ཁོ་ན་སྟེ།
རྗེ་བཙུན་ལོ་ཆེན་ཞབས་ཀྱིས། མཉམ་པར་བཞག་པའི་ཏིང་འཛིན་ལམ། །གནད་དུ་སོང་ན་འོད་གསལ་གྱི། །རྟགས་བཅུ་ངེས་པར་འཆར་བ་ཡིན། །དེ་ལས་མ་ཡེངས་སྤྲོས་བྲལ་ན། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་འཆར། །དེ་ལས་འགྱུར་མེད་བདེ་བ་སྐྱེ། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཡིན་པར་རྒྱུད་འགྲེལ་ཆེ་ལས་གསུངས། །ཅེས་སོགས་རྒྱས་པར་འབྱུང་ལ།
དེས་ན་ལམ་སྐྱོན་མེད་པ་ནི། །ཁྱད་ཆོས་གསུམ་དང་ལྡན་པའི་རྣལ་འབྱོར་ཞིག་སྟེ། དེ་ཡང་། རྣལ་འབྱོར་གང་། ལྷན་ཅིག་སྐྱེས་པ། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ་སྟེ་ཁྱད་པར་གསུམ་དང་ལྡན་པ་ཡིན་ནོ།
།དེ་ལ་རྣམ་པར་མི་རྟོག་པས་ནི་སྐྱེད་པའི་རིམ་པ་དང་། དེའི་ཕྱོགས་སུ་གྱུར་པ་རྣམ་པར་རྟོག་པའི་ཏིང་ངེ་འཛིན་དང་། དེ་གོམས་པ་ལས་བྱུང་བའི་འབྲས་བུ་མཚན་མ་དང་ཡིག་འབྲུ་ལ་སོགས་པ་གསལ་བར་སྣང་བ་ཅན་མཐའ་དག་གཅོད་དོ། །ལྷན་ཅིག་སྐྱེས་པས་ནི་རྟོག་པ་མེད་དུ་ཟིན་ཀྱང་སྣང་བ་ཤིན་ཏུ་ནུབ་པར་གྱུར་པས་ཡང་དག་པའི་ལམ་མ་ཡིན་པ་རྒྱལ་བའི་གནས་སྐབས་ཀྱི་སེམས་ལ་སོགས་པ་དང་། ཉན་ཐོས་ཀྱི་འགོག་པའི་ཏིང་ངེ་འཛིན་ལ་སོགས་པ་གཅོད་དོ། །རྣམ་པ་ཐམས་ཅད་པས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཕྱོགས་ཉེ་བར་མཚོན་པ་སྣང་བ་མེད་ཅིང་རིག་པ་ཙམ་གྱི་ངོ་བོ་ལ་གནས་པའི་ཏིང་ངེ་འཛིན་རྫོགས་པའི་རིམ་པ་ཡིན་པ་གཅོད་དོ།
།དེ་ལྟར་ན་རྫོགས་པའི་རིམ་པ་ནི། འབྲས་བུའི་དུས་སུ་མ་ཟད། ཏིང་ངེ་འཛིན་གྱི་དུས་ཉིད་ནས་རྟོག་པ་མེད་པ་ཡིན་ཞིང་། མ་འཁྲུལ་བ་ཡང་ཡིན་པའི་ཕྱིར་མངོན་སུམ་ཡིན་ལ། ཕྱི་རོལ་དང་མཐུན་པར་ནང་གི་མངོན་སུམ་འདི་ཉིད་ལ་ཡང་དབྱེ་བ་རྣམ་པ་གཉིས་ཡོད་དེ།
ཀྱེ་རྡོ་རྗེའི་འགྲེལ་པ་ལས། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ། །དེ་ཉིད་རྣམ་པ་བཞི་སྟེ། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་དང་། རང་རིག་པའི་མངོན་སུམ་ཞེས་པ་སྟེ། ཤེས་པ་དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པ་དང་། འཇུག་པར་བྱེད་པ་དང་། ཐོབ་པར་བྱེད་པ་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། ཞེས་གསུངས་པ་ལྟར་རོ།
།དེ་ལྟར་མཉམ་པར་འཇོག་པའི་ཚུལ་ལས་འཕྲོས་ཏེ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀྱི་ཁྱད་པར་བསྟན་ནས། སྐབས་འདིར་བཀའ་བརྒྱུད་རིན་པོ་ཆེ་རང་གི་ཐུགས་བཞེད་དྲི་མ་མེད་པ་ཤིན་ཏུ་གལ་ཆེ་བ་ཅུང་ཟད་ཙམ་ཞིག །རྒྱལ་བའི་བཀའ། རྒྱལ་བ་མ་ཕམ་པ། མདའ་བསྣུན་ཞབས་སོགས་ཀྱི་ལུང་གིས་བརྒྱན་ཏེ་ཡེ་ཤེས་ཀྱི་མཁའ་འགྲོའི་ཐུགས་ཀྱི་བཅུད་དཔའ་བོ་དང་ཌཱ་ཀི་ནཱི་རྣམས་ཀྱི་གསང་བའི་གཏམ་ཅུང་ཟད་བསྙད་ན།
མ་ཧཱ་མ་ཡ་ལས། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་པ་མེད། །ཅེས་དང་།
བརྒྱུད་སྟོང་པ་ལས། སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་གསུངས་ལ།
དེ་དག་གི་དོན་ཡང་། ཆོས་ཐམས་ཅད་ཀྱི་གནས་ལུགས་ནི་རང་བཞིན་གྱི་འོད་གསལ་བ། གདོད་མ་ནས་དག་པ་ཞེས་པ་ནི་ཡིན་ལུགས་ལ་སྤང་བླང་གསལ་བཞབ་མེད་པ་སྟེ།
རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས།
འོ་ན་ལམ་སྒོམ་པ་དོན་མེད་དོ་སྙམ་ན། བློ་ངོར་མ་རིག་པ་འམ་མ་རྟོགས་པའི་དབང་ལས་འཁོར་བའི་སྣང་བ་ཤར་བ་ཡིན་ལ། དེས་ན་འཁོར་འདས་གཉིས་ཡིན་ལུགས་ལ་གཅིག་ཡིན་ཏེ།
བརྟག་པ་གཉིས་པ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་སེམས་ཀྱི་རྡོ་རྗེ་གཅིག་པུ་འདི་ཀ་འཁོར་བ་ཡང་ཡིན་མྱང་འདས་ཀྱང་ཡིན་པས།
འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས།
འོ་ན་འཁོར་འདས་གཉིས་སུ་འཇོག་པའི་རྒྱུ་མཚན་ཅི་ཞེས་ན། བློ་ངོ་ལ་ལྟོས་ནས་རིག་མ་རིག་གམ་རྨོངས་མ་རྨོངས་ཀྱི་དབང་ལས་འཁོར་འདས་གཉིས་ཀྱི་རྣམ་པར་སྣང་བ་སྟེ།
དེ་ཡང་བརྟག་གཉིས་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་གསུངས་ལ། དེས་ན་གཞི་གཅིག་ཉིད་ལྡོག་ཆའི་དབང་གིས་དུ་མར་སྣང་བ་སྟེ།
རྒྱུད་བླ་མར། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཡིན། །ཞེས་དང་།
མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཅེས་གསུངས།
དེས་ན་ཡིན་ལུགས་མ་སྤང་བླང་མེད་ཀྱང་མ་རྟོགས་པའི་དབང་ལས་གསེར་གྱི་སྒྱེད་བུ་གསེར་དུ་ངོ་མ་ཤེས་པས་བདག་པོ་དབུལ་བའི་སྡུག་བསྔལ་མྱོང་བ་ལྟ་བུ། དེས་ན་ཡིན་པ་ལ་ཡིན་པར་ངོ་སྤྲད་པ་རང་གི་ཆོག་པས།
ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་གསུངས།
དེས་ན་རྣམ་རྟོག་ཆོས་སྐུ་ཡིན་མིན་ཞེས་པའི་ཐུགས་བཞེད་ཀྱང་ཡིན་ལུགས་དང་། བློ་ངོ་ལ་ལྟོས་པའི་དབང་ལས་ཡིན་ཏེ། དཔེར་ན་མི་མཁྲིས་ནད་ཅན་ལ་དུང་སེར་པོར་སྣང་བའི་ཚེ་དྲུང་གི་ཡིན་ལུགས་དཀར་པོ་ལས་ནམ་དུའང་འགྱུར་བ་མེད་ཀྱང་མཁྲིས་ནད་ཅན་གྱི་མིག་ཤེས་ལ་དཀར་པོ་དེ་ཀ་སེར་པོར་སྣང་བ་ལྟ་བུ། དེ་བཞིན་དུ་ཆོས་ཀྱི་སྐུ་ཉིད་ཀ་མ་རྟོགས་པའི་དབང་ལས་འཁོར་བར་སྣང་བ་ཡིན་ཏེ།
མདའ་བསྣུན་ཞབས་ཀྱི། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ། །ཞེས་དང་།
མདོ་སྡེ་ལང་ཀར་གཤེགས་པས། ཀུན་གཞིའི་ཆུ་བོ་དེ་བཞིན་དུ། །རྟག་ཏུ་ཡུལ་གྱི་རླུང་གིས་བསྐྱོད། །སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས། །གར་ཞིང་རབ་ཏུ་འབྱུང་བར་འགྱུར། །ཞེས་གསུང་པས།
རྒྱ་མཚོ་རླུང་གིས་བསྐྱོད་པས་རྦ་རླབས་སུ་སྣང་ཡང་རྦ་རླབས་རྒྱ་མཚོ་ལས་གཞན་མ་ཡིན། དེ་བཞིན་དུ་སེམས་ཉིད་དམ་ཀུན་གཞི་ཡེ་ཤེས་ཡུལ་གྱིས་བསྐྱོད་པས་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྣ་ཚོགས་སུ་སྣང་ཡང་དེ་དག་སེམས་ཉིད་ཆོས་ཀྱི་སྐུ་ལས་གཞན་མ་ཡིན་ནོ།
།དེས་ན་ཡིན་ལུགས་ལ་སེམས་ཉིད་འདི་ཀ་འོད་གསལ་ཆོས་ཀྱི་སྐུ་སྐྱོན་ཡོན་བསལ་བཞག་དང་བྲལ་བ་ཞིག་ཡིན་ཀྱང་། །འཁྲུལ་ངོའམ་བློ་ངོ་ལ་རྣམ་རྟོག་སྤང་བྱ་དང་། མི་རྟོག་ཡེ་ཤེས་བསྒྲུབ་བྱར་གསུངས་པ་སྟེ།
།སམྦྷཊར། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏེང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་དང་།
སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་གརྟོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཅེས་གསུངས།
དེས་ན་ཡིན་ལུགས་ཡིན་བཞིན་པར་རྟོགས་པའི་ཐབས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་དབང་པོ་དང་འཚམས་པར་ཆོས་སྒོ་མཐའ་ཡས་པ་ཞིག་གསུངས་ལ། གདུལ་བྱ་སྐལ་བ་མཆོག་བླ་མའི་མོས་གུས་ཁོ་ནས་གྲོལ་བ་ཞིག་ཡོད་ལ། དེ་ཡང་དབང་པོ་ཆེས་རྣོ་བ་ཞིག་ལ་བླ་མས་ཚིག་གཅིག་མ་བསྟན། སློབ་མས་ཚིག་གཅིག་མ་ཐོས་པར། དཔོན་སློབ་མཇལ་བའི་རྟེན་འབྲེལ་ཚོགས་པ་ཁོ་ན་ལས་གྲོལ་བ་ཡོད་དེ། ཇོ་བོ་ནཱ་རོ་པ་ནགས་གསེབ་ཏུ་རྩའི་སྐྱིལ་པོ་བཅས་ཏེ་བསྒོམ་པ་ན། བ་རྫི་ཁྱིའུ་ཞིག་ཡར་འོད་དུས་དེ་ལ་ཕྱག་བྱེད། ཕྱིར་འགྲོ་དུས་ཕྱག་བྱེད་པ་ཤིན་ཏུ་གུས་པར་གཟིགས་ནས། རེ་ཞིག་ནས་ཆང་ཀ་པ་ལ་གང་གནང་། འདི་འཐུང་གསུངས་པས། ལྷག་མ་མེད་པར་འཐུངས་པའི་མོད་ལ་སྐུ་གསུང་ཡེ་ཤེས་རྡོ་རྗེར་བྱིན་གྱིས་རློབས་པས་ཆོས་ཐམས་ཅད་སྐད་ཅིག་ལ་ཁོང་དུ་ཆུད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལྟ་བུ། དེ་ལྟ་བུའི་དབང་དུ་མཛད་ནས་བླ་མའི་མོས་གུས་ཁོ་ནས་གྲོལ་བའི་ལུང་གོང་དུ་སྒྱུ་ལུས་ཀྱི་སྐབས་སུ་དྲངས་པ་ལྟར་ཡིན་ཞིང་། ལྷག་པར་འོད་གསལ་གྱི་སྐབས་འདིར།
རིན་ཆེན་རྒྱ་མཚོའི་རྒྱུད་ལས། བླ་མའི་བྱིན་རླབས་འོད་གསལ་ནི། །ཐོ་རངས་ཚེའམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་དམ་པའི་ཞལ་ལས་དྲིས། །ཅེས་གསུངས་པའི།
ཞལ་ལས་བྱུང་བ་ནི་ཤངས་པ་བཀའ་བརྒྱུད་པ་རང་གི་འོད་གསལ་འཆར་སྒོ་ངོས་འཛིན་ཞེས་པ་འདི་ཡིན། དེ་ཉིད་ཀྱི་སྙིང་པོ་ཕྱུང་སྟེ་རྣམ་པར་བཀོད་ན། གསལ་བའི་འོད་གསལ་དང་། མི་རྟོག་པའི་འོད་གསལ་དང་། བདེ་བའི་འོད་གསལ་དང་། དབྱེར་མེད་པའི་འོད་གསལ་དང་བཞིར་ཕྱེ་བའི་གསལ་བའི་འོད་གསལ་ནི་གོང་སྒྱུ་ལུས་ཀྱི་སྐབས་སུ་སྤྲོས་ལ། མི་རྟོག་པའི་འོད་གསལ་ལ་དབྱེ་སྒོ་མང་ཡང་གཙོ་བོའམ་མཆོག་ནི་གནས་ལུགས་ཕྱག་རྒྱ་ཆེན་པོ་སྒོམ་མེད་ཡེངས་མེད་ཀྱི་ངང་དུ་གནས་པ་ཉིད་ཡིན་ཞིང་། བདེ་བའི་འོད་གསལ་ལ། ཟག་བཅས་བདེ་བའི་འོད་གསལ། ཟག་མེད་འདྲེས་པའི་འོད་གསལ།
དང་པོ་ནི། རང་ཉིད་བདེ་བ་རྒྱས་པའི་སྟོབས་ཀྱིས་ཞུ་བདེ་འཆར་བའི་རྐྱེན་འགའ་ཞིག་ལ་བརྟེན་ནས་བདེ་བ་ཆེན་པོ་སྐྱེས་ཏེ་བྱང་ཆུབ་ཀྱི་སེམས་ནོར་བུ་ལས་ཆགས་བྲལ་ནག་པོའི་ཕྱོགས་འཇུག་པར་ཉེ་བ་ན་སྟེང་རླུང་ཅུང་ཟད་མནན། འོག་རླུང་བསྐུམ་ནས་མ་བཅོས་འཛིན་མེད་ཀྱི་དང་དུ་བཞག་པས།
ས་ར་ཧས། མཁའ་འདྲ་བྱས་ན་རླུང་ཡང་རྣམ་པར་འཆིང་། །མཉམ་ཉིད་ཡོངས་སུ་ཤེས་པས་རབ་ཏུ་ཐིམ། །ཞེས་གསུངས་པ་ལྟར།
སེམས་མ་བཅོས་པར་བཞག་པས། དེའི་གཞོན་པ་རླུང་ཆིངས། དེ་འཆིངས་པས་བྱང་ཆུབ་ཀྱི་སེམས་ཀྱང་འཆིང་བ་ཆོས་ཉིད་ཡིན་ནོ།
།དེ་ལ་བརྟེན་ནས་ཡུལ་སེམས་དང་སྣང་བ་ཐམས་ཅད་བདེ་བར་ཤར་ནས་ལུས་འགུལ་མི་ཕོད་པ་དང་། ཤ་བཅད་ཀྱང་བདེ་བ་འཆར་བར་འགྱུར་བས་ཟག་བཅས་བདེ་བའི་འོད་གསལ་ཞེས་གསུངས་ལ། དོན་ནི་ཡས་བརྟན་གྱི་དགའ་བ་བཞི་ཡོངས་སུ་རྫོགས་ཏེ་རྡོ་རྗེ་ནོར་བུར་གནས་པའི་ལྷན་སྐྱེས་ཡིན་ཞིང་། འདི་ཉིད་འཇིག་རྟེན་པའི་ལམ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་པའི་ཕྱིར་འདི་རྒྱུད་སྡེ་དང་འཕགས་ཡུལ་གྱི་འགྲེལ་ཆེན་རྣམས་སུ་ཆོས་མཆོག་ཏུ་བཞག །འདི་ལ་ཟག་བཅས་ཅེས་འཇོག་པ་ནི་རང་བཞིན་ཡོངས་ཤེས་སམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མ་ཟིན་པས་ཟག་བཅས་ཀྱི་བདེ་བ་ཞེས་གསུངས་པ་ཡིན་ནོ།
།གཉིས་པ་ནི། །བདེ་བ་རྒྱས་ལ་བདེ་བའི་འཛིན་པ་མེད་པའི་འོད་གསལ་ནི་ཟག་བཅས་ཟག་མེད་འདྲེས་པའི་འོད་གསལ་ལོ། །ཞེས་གསུངས་ལ། འདི་ལ་དོགས་གནས་འདི་ལྟ་བུ་ཞིག་འཇུག་སྟེ།
བདེ་བ་རྒྱས་ལ་དེར་འཛིན་མེད་པ་ནི། །ཟག་བཅས་ཟག་མེད་འདྲེས་པའི་འོད་གསལ་ཞེས། །བཤད་འདི་ཟག་བཅས་ཡས་བརྟན་དགའ་བ་དང་། །ཟག་མེད་མས་བརྟན་གང་གི་ཕྱོགས་སུ་བསྡུ། །ཞེས་འདྲི་བའི་རྒྱུ་མཚན།
ཟག་བཅས་ཟག་མེད་འདྲེས་པའི་འོད་གསལ་ཞིག་ཡོད་ན། འདྲེས་པའི་དོན་གཉིས་ཀའི་ཆ་ཡོད་པ་ཞིག་ལ་བྱེད་དགོས་པས། དེ་ཉིད་ཟག་བཅས་མས་བརྟན་གྱི་དགའ་བ་ཡིན་ན་ནི་དེ་ལ་ཟག་མེད་ཀྱི་ཆ་མི་འཐད་དེ། འདིར་སྐབས་ཀྱི་ཟག་མེད་ནི་རང་བཞིན་ཡོངས་ཤེས་སམ་སོ་སོ་རང་རིག་པའི་ཡེ་ཤེས་ལ་བྱེད་དགོས་པས་སོ།
།ཡང་ཟག་མེད་མས་བརྟན་གྱི་ཁོངས་སུ་བསྡུ་ན་ནི། །ཟག་བཅས་འདྲེས་པ་མི་འཐད་དེ། །ཟག་པ་ནི་ཉོན་མོངས་པ་ལ་བཞག་ལ། མས་བརྟན་གྱི་དགའ་བ་ལ་འཕགས་ལམ་གྱི་ཁྱབ་པས་སོ། །འོ་ན་འདི་དག་གི་དོན་ཇི་ལྟ་བུ་ཞེ་ན། ཟག་བཅས་ཀྱི་འོད་གསལ་ནི་སོ་སོ་སྐྱེ་བོ་ཚོགས་སྦྱོར་བའི་སྐབས་ཀྱི་འོད་གསལ་ཡིན་ལ། དེ་དག་ནི་འཇིག་རྟེན་པའི་ལམ་ཡིན་པས་ཟབ་པ་དང་བཅས་པ་ཁོ་ན་ཡིན་ཞིང་། ཟག་བཅས་ཟག་མེད་འདྲེས་པའི་འོད་གསལ་ནི། བྱང་སེམས་འཕགས་པའི་ཐུགས་རྒྱུད་ཀྱི་འོད་གསལ་ཡིན་ལ། དེ་དག་ལ་ཟག་བཅས་ཀྱི་ཆ་ཡོད་པ་ཇི་ལྟ་བུ་ཞེ་ན། སྤྱིར་འཕགས་པ་སློབ་པ་རྣམས་ལ་མ་རིག་བག་ཆགས་ཀྱི་ས་ཞེས་པའི་ཐ་སྙད་བཞག་ཅིང་།
ཁྱད་པར་རྒྱུད་བླ་མར། དེ་ལྟར་རྒྱལ་བའི་སྙིང་པོན། །རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྦུབས་ན་གནས་པ་དེ། །དཔེ་རྣམ་ ཀྱིས་ནི་ཤེས་པར་བྱ། །ཞེས་གསུངས་པའི་དཔེ་རྣམས་ནི།
དེ་ཉིད་དུ། སངས་རྒྱས་སད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་རུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་པའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །ཞེས་དཔེ་དགུ་ཡོད་ལ། དཔེ་ཅན་ནམ་དོན་ནི། བློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཅེས་པ་འདི་ཡིན་ཞིང་།
འདིར་སྐབས་ཀྱི་སེམས་ཅན་ནི། །སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་ནས་བྱང་འཕགས་ས་བཅུ་པ་མན་ཆད་ཡིན་པས། བྱང་འཕགས་རྣམས་ལ་ཡང་ཉོན་སྒྲིབ་ཡོད་པར་བཤད།
ཡང་། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་རྩ་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་འཕགས་པ་རྣམས་ལ་ལས་ཉོན་མེད་པར་བཤད་པས་འགལ་བ་ལྟར་སྣང་ཡང་། འཕགས་པ་ལ་ལས་ཉོན་ཡོད་པར་བཤད་པ་ཕུ་བ་བག་ཆགས་ཙམ་ཞིག་ཡོད་པའི་དབང་དུ་མཛད་ལ། ལས་ཉོན་མེད་པར་བཤད་པ་ནི་རགས་པ་མངོན་གྱུར་གྱི་དབང་དུ་མཛད་པ་ཡིན་ཏེ།
དྲི་འདི་དག་གིས་བྱིས་རྣམས་དང་། །དགྲ་བཅོམ་སློབ་དང་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱིས་མ་དག་ཉིད། །ཅེས་རྒྱས་པར་གསུངས་སོ།
།གསུམ་པ་ནི། སྒྲིབ་གཉིས་ཀྱི་བག་ཆགས་ཕྲ་བ་ཙམ་ཡང་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་འོད་གསལ་དག་པ་གཉིས་ལྡན་དེ་ཉིད་དོ།
།རྩ་བའི་བཞི་པ་དབྱེར་མེད་པའི་འོད་གསལ་ནི། གསལ་བ། མི་རྟོག་པ། བདེ་བ་གསུམ་ལྡོག་ཆ་ནས་སྨོས་པ་ཡིན་གྱི། །ངོ་བོ་དེ་གསུམ་དབྱེར་མེད་རོ་མཉམ་པ་གསལ་བ་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུ། བདེ་བ་ལོངས་སྐུ་སྟེ་སྐུ་གསུམ་དབྱེར་མེད་པ་ཉིད་དོ།
།འོད་གསལ་འཆར་བྱེད་སོགས་རྡོ་རྗེའི་ཚིག་གི་རྐང་པ་གསུམ་ལ། ལས་དང་བྱེད་པོ་བྱ་བ་ཡི། །ཚིག་དོན་སྦྲེལ་ལ་ངག་ངོན་བླང་། །ཞེས་པ་ལྟར།
བརྡ་སྤྲོད་པའི་ལུགས་ཀྱི་འཆད་ལུགས་ཅུང་ཟད་བཀོད་ན། འབྱུང་ཞེས་པ་བཤད་པའི་གཞིར་བཞག་ནས། གང་འབྱུང་ན། བདེ་བ་དང་། གསལ་བ་དང་། མི་རྟོག་པ་གསུམ་དབྱེར་མེད་པའི་འོད་གསལ་མི་སློབ་པའི་ཟུང་འཇུག་བདེ་བ་ཆེན་པོ་རང་ཤར་ཉིད་དུ་འབྱུང་ལ། གང་ལས་ན། ཉེ་བར་ལེན་པའི་རྒྱུ་ཟག་བཅས་ཟག་མེད་དེ། ཡས་བརྟན་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་སོ། །ལྷན་ཅིག་བྱེད་རྐྱེན་བླ་མའི་མོས་གུས་དང་། །མིག་གི་ལྟ་སྟངས། དེའི་ཤུགས་ལས་བྱེད་པ་འཆིང་བའི་ལུས་གནད་ཁྱད་པར་ཅན་གྱིས་ཐབས་མཁས་སོ། །འོ་ན་ཟག་མེད་ཀྱི་ཡེ་ཤེས་ཀྱིས་བདེ་བ་ཆེན་པོ་བསྐྱེད་པའི་དོན་ཅི་ཞེས་ན། སློབ་པའི་ཟུང་འཇུག་རྒྱུ་དང་། མི་སློབ་པའི་ཟུང་འཇུག་འབྲས་བུ་ཡིན་པའི་དབང་ལས་སོ།
།འོད་གསལ་གྱི་གསོལ་འདེབས་དང་། དམིགས་པའི་གྲངས་ནི། ཁྱད་འཕགས་འོད་གསལ་ཆོས་བཞི་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །ཞེས་པའི་གསོལ་འདེབས་ནི། བདག་འཛིན། དགོས་མེད། འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར།
དམིགས་པ་བཞི་ནི། འོད་གསལ་གཟུང་བ། ལམ་ཁྱེར། བསྲེ་བ། མཐར་ཐུག་གོ

།ལྔ་པ། འཕོ་བ་མ་སྒོམ་སངས་རྒྱས་ནི།
འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མས་ཆགས་སྡང་སྤང་བྱས་ནས། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕང་ཞིང་སྨོན་ལམ་བརྒྱན་པར་བྱ། །དུས་གནད་ལུས་གནད་རྫས་གནད་ངག་གནད་ལ། །སྦྱང་ཞིང་བརྟན་པ་འཕོ་བ་མཆོག་ཡིན་ནོ། །ཞེས་པ་འདིས་འཕོ་བ་མ་སྒོམ་སངས་རྒྱས་ཀྱི་གདམས་ངག་བརྟན་ལ།
འདིའི་མཚན་ཉིད། འཆི་ཀར་དྲན་པས་མངོན་འཚང་རྒྱ། །འདི་ནི་འཕོ་བའི་མཚན་ཉིད་ཡིན། །ཞེས་འཆི་ཀར་དྲན་པ་ཙམ་གྱིས་མཁའ་སྤྱོད་ཆེན་པོར་བགྲོད་པར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ།
འདིའི་གསོལ་འདེབས་དང་དམིགས་པའི་གྲངས། འཕོ་བ་མ་སྒོམ་སངས་རྒྱས་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །ཞེས་པའི་གསོལ་འདེབས། བདག་འཛིན། དགོས་མེད། བར་དོར་འཚད་རྒྱ་བར།
དམིགས་པ་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱིས་འཕོ་བའོ།
སྐབས་འདིར་དྲི་བའི་ཚུལ། གྲུབ་ཆེན་རྣམ་ཐར་ངོ་མཚར་རྒྱ་མཚོ་ཆེར། །འཆུག་མེད་མཁའ་སྤྱོད་འཕོ་བ་ཆེས་ཟབ་པ། །དཔེ་གཉིས་ལ་བརྟེན་དཔེ་ཅན་གཉིས་ཡོད་ཅེས། །འབྱུང་བ་འདི་ཡི་དཔེ་དང་དཔེ་ཅན་གང་། །དེ་ཡང་།
ཡེ་ཤེས་མཁའ་འགྲོ་ལས། གྲུབ་ཆེན་ཉིད་ཀྱིས་གདམས་པ་གསན་པའི་སྐབས་ན། ཁྱད་པར་འཆུག་མེད་མཁའ་སྤྱོད་དཀར་དམར་གྱི་འཕོ་བ་ཤིན་ཏུ་ཟབ་པ་གདམས་པ་དཔེ་གཉིས་ཀྱི་སྒྲོ་ནས་སྟོན་པ། ཅེས་དང་།
སྙིང་པོ་ཀུན་འདུས་སུ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བའི་ཞལ་གདམས་ཟུར་ན་ཡོད་དོ། ཞེས་འབྱུང་བའི་སྙན་བརྒྱུད་དཔེ་གཉིས་ལ་བརྟེན་ནས་དཔེ་ཅན་གཉིས་སྟོན་པའི་ཞལ་གདམས་ཟབ་གནད་ཅན་ཞིག་ཡོད་པ་བདག་གིས་ལོགས་སུ་བཀོད་པ་ལས་རྟོགས་པར་བྱའོ།

།དྲུག་པ་བར་དོ་རྒྱལ་བ་ལོངས་སྐུ་ནི།
༈ བར་དོ་སྣང་སོགས་འོད་གསལ་ཆོས་སྐུ་དང་། །གང་འདུལ་སྤྲུལ་སྐུའི་མཚམས་སྦྱོར་སྐྱོ་ཤས་གནད། །ཆགས་སྡང་ཕྲག་དོག་འོད་གསལ་ཆོས་སྐུ་དང་། །གང་འདུལ་སྤྲུལ་སྐུའི་མཚམས་སྦྱོར་སྐྱོ་ཤས་གནད། །ཆགས་སྡང་ཕྲག་དོག་འོད་གསལ་ལྷ་སྐུས་སྦྱངས། །སྒྲིབ་གཉིས་རང་དག་སྐུ་གསུམ་མངོན་དུ་འགྱུར། །གཟུགས་སྒྲ་ས་ཆུ་སྣང་མཆེད་ལ་སོགས་པའི། །ཐིམ་འགྲོས་རང་བཞིན་བརྒྱད་ཅུ་ཤེས་པར་བྱ། །ཞེས་པ་འདིས་བར་དོ་རྒྱལ་བ་ལོངས་སྐུའི་གདམས་ངག་བསྟན་ལ།
འདིའི་མཚན་ཉིད། སྣང་སྟོང་ཞེན་བྲལ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན། །ཞེས་སྣང་སྟོང་དབྱེར་མེད་ཞེན་བྲལ་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེ་ཉིད་ཉམས་སུ་ལེན་པའི་གསོལ་འདེབས་དད་དམིགས་པའི་གྲངས།
བར་དོ་ལོངས་སྤྱོད་རྫོགས་སྐུ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །ཞེས་པའི་གསོལ་འདེབས། བདག་འཛིན། དགོས་མེད། བར་དོར་འཚང་རྒྱ་བར།
དམིགས་པ། བར་དོ་དང་པོའི་འོད་གསལ་རང་ཤར། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། སྤྱི་གནད་འཆུག་མེད་ལམ་ཁྱེར་རོ།
སྐབས་འདིན། ཐིམ་འགྲོས་རང་བཞིན་བརྒྱད་ཅུ་ཤེས་པར་བྱ། །ཞེས་པའི་དོན།
མཁས་གྲུབ་ཁྱུང་པོའི་འཆུག་མེད་བར་དོ་གསུམ་གྱི་གདམས་པར། ཨཱརྱ་དེ་ཝའི་སྤྱོད་བསྡུས་ཀྱི་ལུང་དྲངས་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་འདྲེན་པར་མཛད་པའི་ཞེ་སྡང་གི་རྟོག་པའི་སྐབས། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་ཞེས་འབྱུང་། འདི་ལ་དོགས་གནས་འདི་ལྟ་བུ་ཞིག་འཇུག་སྟེ།
ཞེ་སྡང་རྟོག་པ་སོ་གསུམ་ནང་ཚན་དུ། །བརྩེ་དང་བརྩེ་བ་བར་མ་ཤིན་ཏུ་བརྩེ། །ཞེས་པ་འབྱུང་བ་འདི་ཡི་རྒྱུ་མཚན་ཅི། །བརྩེ་དང་ཞེ་སྡང་འགལ་བ་མ་ཡིན་ནམ། །ཞེས་དྲི་བའི་རྒྱུ་མཚན།
ཞེ་སྡང་དང་བརྩེ་བ་ལྷན་ཅིག་མི་གནས་པའི་འགལ་བ་ཡིན་པས། ཞེ་སྡང་གི་རྟོག་པའི་ནང་ཚན་དུ་བརྩེ་བ་འབྱུང་བ་ཇི་ལྟར་འཐད་ཅེས་དགོངས་བཀོད་ནས། ལམ་གྱི་རིམ་པ། སྤྱིར་མིང་འདོགས་པའི་ཚུལ་ལ། རྒྱུ་ལ་འབྲས་བུའི་མིང་བཏགས་པ་སངས་རྒྱས་འབྱུང་བ་བདེ་བ་སྟེ་ཞེས་པ་ལྟ་བུ་དང་། འབྲས་བུ་ལ་རྒྱུའི་མིང་བཏགས་པ་རེག་པའི་སྐྱེ་མཆེད་དྲུག་པོ་འདི་རྣམས་ནི་སྔོན་གྱི་ལས་སུ་རིག་པར་བྱའོ། །ཞེས་པ་ལྟ་བུ་དང་།
ཕྱོགས་ལ་ཕྱོགས་ཅན་གྱི་མིང་གིས་བཏགས་པའམ། །ཆ་ཤས་ལ་ཚོགས་པའི་མིང་གིས་བཏགས་པ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་དང་། རྟེན་ལ་བརྟེན་པའི་མིང་བཏགས་པ་ཀླུ་མ་དྲོས་པ་གནས་པའི་མཚོ་ལ་མཚོ་མ་དྲོས་པ་ཞེས་པ་དང་། གྲོགས་ལ་གྲོགས་ཅན་གྱི་མིང་བཏགས་པ་འདུན་པ་དང་ལྷན་ཅིག་པའི་སེམས་ལ་འདུན་པར་བཏགས་པ་སོགས་མང་དུ་ཡོད་པ་ལས། འདིར་འབྲས་བུའི་མིང་རྒྱུ་ལ་བཏགས་པ་སྟེ།
དྲི་མེད་འོད་ལས། འདོད་ཆགས་ཉམས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ནི་ཞེ་སྡང་སྐྱེ། །སྡང་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྟུང་ལས་སེམས་ནི་རྟག་རྨོངས་ཏེ། མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག །དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །ཞེས་གསུངས་ལ།
འདིར་སྐབས་ཀྱི་འདོད་ཆགས་དང་བརྩེ་བ་དོན་གཅིག །དེས་ན་རྒྱུ་འདོད་ཆགས་སམ་བརྩེ་བ་ལས་འབྲས་བུ་ཞེ་སྡང་སྐྱེ་བས། ཤིན་ཏུ་སྡུག་མ་ལས་ནི་ཞེ་སྡང་སྐྱེ། །ཞེས་རྒྱུ་ཆགས་པའི་རྣམ་པར་རྟོག་པ་རྣམས་ཀྱང་འབྲས་བུ་ཞེ་སྡང་གི་རྟོག་པའི་གྲངས་སུ་མཛད་པའོ།
།དེ་ལྟར་ཆོས་དྲུག་གི་ལམ་གྱི་གནད་རྣམས་ལ་ཉེ་བར་མཁོ་བའི་བཤད་པ་དང་དོགས་དཔྱོད་མདོ་ཙམ་བརྗོད་ནས། སླར་ཡང་ལམ་གྱི་གནད་ཐུན་མོང་མ་ཡིན་པ་ཡེ་ཤེས་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་ཅུང་ཟད་བརྗོད་ན། སྤྱིར་ཤངས་པ་བཀའ་བརྒྱུད་པ་རྣམས་ཀྱི་རིང་ལུགས་ལ། ལམ་རྒྱས་བསྡུས་ཤིན་ཏུ་བསྡུས་པ་སྟེ་གསུམ་དུ་མཛད་ནས།
རྒྱས་པ་ནི། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ཞེས་གྲགས་པ་སྟེ།
དེ་དག་ཀྱང་། སྔོན་འགྲོ་དག་བྱེད་སྟོང་ར། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་འཁྲུལ་པ་རང་དག །ཁྱད་འཕགས་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། འཆུག་མེད་ལམ་ཁྱེར་རྣམ་གསུམ། དག་སྣང་ལྷ་སྐུ་རང་ཤར། ཡུལ་སྣང་གང་བསམ་གསལ་མཐོང་། འོད་གསལ་གཏི་མུག་རང་སངས། འཕོ་བ་མ་སྒོམས་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་སྐུ། ཀུན་རྫོབ་སྒྱུ་མ་རྨི་ལམ། དོན་དམ་ཕན་མེད་གནོད་མེད། གཞན་དོན་གཟུགས་སྐུ་རང་ཤར་རྣམས་ཡིན་ཞིང་།
དེ་དག་ཀྱང་བསྡུ་ན། ལུས་གསུམ་གདམས་པས་མ་ཟིན་ན། །འཁྲུལ་པ་འབའ་ཞིག་རྗེས་སུ་འཇུག །རྣམ་སྨིན་བག་ཆགས་ཡིད་ཀྱི་ལུས། །གནད་ཀྱིས་ཟིན་པ་རྒྱལ་བའི་སྐུ། །ཇི་སྲིད་འཁོར་བ་མ་སྟོངས་བར། །དེ་སྲིད་འགྲོ་དོན་རྒྱུན་མི་འཆད། །ཅེས་གསུངས་པས་ལུས་གསུམ་གྱི་གདམས་པར་འདུས་ལ།
དེ་ཡང་ལུས་གསུམ་ནི། རྣམ་པར་སྨིན་པའི་ལུས། བག་ཆགས་ཀྱི་ལུས། ཡིད་ཀྱི་ལུས་དང་གསུམ་ཡིན་ལ།
དེ་དག་གི་རྣམ་པར་བཞག་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་འཆུག་མེད་བར་དོ་གསུམ་གྱི་གདམས་པ་ལས། དེ་ལ་རྣལ་འབྱོར་པའི་སྦྱངས་གཞི་བར་དོའི་ལུས་གསུམ་ལ་སྦྱོང་བྱེད་བསྐྱེད་རྫོགས་རྨི་ལམ་འོད་གསལ་ཏེ།
ཡེ་ཤེས་རོལ་པའི་རྒྱུད་ལས། བར་དོ་དག་གི་ལུས་གསུམ་པོ། །བསྐྱེད་རྫོགས་རྨི་ལམ་འོད་གསལ་སྦྱང་། །ཞེས་པ་དང་།
དགྱེས་པ་རྡོ་རྗེ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་ཡིན་པས། །ཅེས་སོ།
དེ་ལ་སྦྱང་གཞི་བར་དོའི་ལུས་གསུམ་ནི། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོའོ།
དང་པོ་ནི། སྐྱེས་ནས་མ་ཤིའི་བར་དུ་སྐྱེ་ཤི་བར་དོ་སྟེ་རྣམ་པར་སྨིན་པའི་ལུས་སོ། །ཅིའི་ཕྱིར་རྣམ་སྨིན་གྱི་ལུས་ཅེན། དགེ་སྡིག་དུ་མའི་ལས་བསགས་པས་བདེ་སྡུག་སྣ་ཚོགས་སུ་སྨིན་ཞིང་མྱོང་བས་རྣམ་པར་སྨིན་པའི་ལུས་སོ།
།གཉིས་པ་ནི། གཉིད་དུ་སོང་ནས་མ་སད་ཀྱི་བར་རྨི་ལམ་བར་དོ་བག་ཆགས་ཀྱི་ལུས་སོ། །ཅིའི་ལོ་ཕྱིར་བག་ཆགས་ཀྱི་ལུས་ཅེ་ན། ཚེ་འདིའི་བག་ཆགས་སྣ་ཚོགས་རྨི་ལམ་དུ་འབྱུང་བས་རྨི་ལམ་བག་ཆགས་ཀྱི་ལུས་སོ།
།གསུམ་པ་ནི། ཤི་ནས་སྐྱེ་བ་མ་བླངས་བར་དུ་སྲིད་པ་བར་དོ་ཡིད་ཀྱི་ལུས་སོ། །ཅིའི་ཕྱིར་ཡིད་ཀྱི་ལུས་ཅེན། ཟས་སུ་དྲི་ཟ་ཞིང་སེམས་སྒྱུ་མ་ལྟ་བུ་དབང་པོ་ཚང་ཞིང་ཐོགས་པ་མེད་པའི་ཡིད་ཀྱི་ལུས་སོ།
།གཉིས་པ་སྦྱོང་བྱེད་ནི། རྣམ་སྨིན་གྱི་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོས་སྦྱང་ངོ་། བག་ཆགས་ཀྱི་ལུས་རྨི་ལམ་སྤྲུལ་བསྒྱུར་ལ་སོགས་པས་སྦྱང་ངོ་། །ཡིད་ཀྱི་ལུས་འོད་གསལ་གྱིས་སྦྱང་བར་བྱའོ།
།ཡང་ན་ལུས་གསུམ་པོ་དེ་དག་རེ་རེ་ལའང་སྦྱང་གཞི་ལུས་ངག་ཡིད་གསུམ་ལ་སྦྱོང་བྱེད་བདེ་གསལ་མི་རྟོག་གསུམ་སྟེ་ཐོབ་བྱ་འབྲས་བུ་སྐུ་གསུམ་དབྱེར་མེད་དོ། །དེ་ལ་དབང་པོ་རབ་རྣམ་སྨིན་གྱི་ལུས་ལ་འཚང་རྒྱ། འབྲིང་བག་ཆགས་ཀྱི་ལུས་ལ་འཚང་རྒྱ། ཐ་མ་རྣམ་སྨིན་གྱི་དུས་སུ་ཉམས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས་བར་དོར་འཚང་རྒྱ་བར་བྱེད་དོ། །ཞེས་དང་།
གཉན་སྟོན་སྦས་པའི་རྣལ་འབྱོར་གྱི་མགུར་དུ། རྣམ་སྨིན་གྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མ་དེ་སྐད་གསུང་། །བག་ཆགས་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མ་དེ་སྐད་གསུང་། ཡིད་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མ་དེ་སྐད་གསུང་། །ཞེས་གསུངས་པས།
ཐོག་མར་རྣམ་སྨིན་གྱི་ལུས་གདམས་པས་མ་ཟིན་ན་བག་ཆགས་ཀྱི་ལུས་གདམས་པས་མ་ཟིན། དེ་ལ་ཟིན་ན་ཡིད་ཀྱི་ལུས་གདམས་པས་མི་ཟིན་པས་འཁྲུལ་པའི་འཁོར་ལོ་འབའ་ཞིག་ཏུ་འགྱུར་ལ། །ལུས་གསུམ་གྱི་གདམས་པ་འདི་དག་ཐུགས་ཀྱི་ཡུལ་དུ་བཞག་ནས་ཉིན་མཚན་གྱི་སྣང་བ་འདི་དག་གི་རྒྱུ་རྐྱེན་འཚམས་སྦྱོར་དང་བཅས་པ་དང་། ཉིན་སྣང་མ་འཁྲུལ་ན་མཚན་སྣང་མི་འཁྲུལ་བ་དང་། དེ་མ་འཁྲུལ་ན་བར་དོར་མི་འཁྲུལ་བའི་ཚུལ། གྲུབ་པའི་འཁོར་ལོས་བསྒྱུར་བ་ཐང་སྟོང་རྒྱལ་པོས། ཉིན་བར་གྱི་སྣང་བ་འདི་རྒྱུ་མ་རིག་པ། རྐྱེན་ལས་དང་ཉོན་མོངས་པ། སྦྱོར་བ་འདུ་བྱེད། མཚན་མོའི་རྨི་ལམ་འདི་རྒྱུ་བག་ཆགས། རྐྱེན་མཐོང་ཐོས་དྲན་གསུམ། སྦྱོར་བ་གཉིད་ཡིན། ཉིན་བར་གྱི་སྣང་བ་འདི་མ་འཁྲུལ་ན་མཚན་མོའི་རྨི་ལམ་མི་འཁྲུལ། རྨི་ལམ་མ་འཁྲུལ་ན་བར་དོར་མི་འཁྲུལ། །རེ་བའི་སངས་རྒྱས་མ་རྙེད། དོགས་པའི་སེམས་མ་རྙེད། ཆོས་ཟད་བློ་ཟད་དུ་སོང་ན་དོན་འགྲུབ། །ཅེས་དང་།
རྨི་ལམ་ཟིན་པས་མི་ཆོག་རྨི་ལམ་འོད་གསལ་དུ་འབྱོངས་དགོས། རྣམ་རྟོག་ཆོས་སྐུར་མ་ཐིམ་ན་ཆོས་ཐམས་ཅད་ཕོ་ཚོད། ཅེས་གསུངས་སོ།
།དེ་ལ་ཐོག་མར་རྣམ་སྨིན་གྱི་ལུས་རྩ་རླུང་ཐིག་ལེའི་རང་བཞིན་ཅན་གྱི་རྡོ་རྗེའི་ལུས་ལ་རྣལ་འབྱོར་ཟབ་མོས་གནད་དུ་བསྣུན་དགོས་ལ།
དེ་ཡང་བརྟག་པ་གཉིས་པ་ལས། ལུས་ལ་ཡེ་ཤེས་ཆེན་པོར་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་ལྟར། རྟེན་ལུས་ལ་བརྟེན་པ་ཡེ་ཤེས་ཆེན་པོ།
ཁྱབ་བྱེད་དུ་བཞུགས་པས་མ་རྟོག་དང་མེ་ཏོག་གི་དྲི་ལྟ་བུ་ཡིན་ཏེ། དེ་སྐད་དུ།
དགྱེས་པ་རྡོ་རྗེ་ལས། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་བྱ་ཁྱབ་བྱེད་ཚུལ་གྱི་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིནགཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་དང་།
སམྤུ་ཊར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་ཆོ་གས་ཀྱང་། །ལུས་ཀྱི་དེ་ཉིད་མི་ཤེས་ན། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་པས།
རྟེན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ན་ཡེ་ཤེས་རང་དབང་མེད་པར་འཆར་བ་སྟེ།
དཔེར་ན། བའི་ལུས་ལ་འོ་མས་ཁྱབ་ཀྱང་རྭ་རྩེ་ནས་འཐེན་ན་མི་འབྱུང་ཞིང་། ནུ་ཁ་ནས་འཐོན་ན་འོ་མ་འབྱུང་བ་ལྟ་བུའོ། །དུས་ཀྱི་འཁོར་ལོ་ལས་ཀྱང་། དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་རྣམས་ན་སད་རྨི་གཉིད་སྟུག་འཕོ་བའི་གནས་སྐབས་སྐྱེད་པའི་ཐིག་ལེ་བཞི་གནས་པར་གསུངས་ཤིང་། དེ་དག་དབང་བཞིས་སྦྱངས་པས་དགའ་བ་བཞི་མངོན་དུ་འགྱུར་ཞིང་། གདོད་མ་ནས་གནས་པའི་རྡོ་རྗེ་བཞི་མངོན་དུ་འགྱུར་བས་གསུངས་པས། དེས་ན་རྣམ་པར་སྨིན་པའི་ལུས་རྩ་རླུང་ཐིག་ལེའི་རང་བཞིན་ཅན་འདི་ལ་རང་ལུས་ཐུབས་ལྡན་གྱི་མན་ངག་ཨ་ཧཾ་འབར་འཛག་གི་རྣལ་འབྱོར་དང་། གཞན་ལུས་ཤེས་རབ་ཀྱི་རྣལ་འབྱོར་ཁ་ག་མུ་ཁ་མཉམ་པར་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་བཞུ་བཏུལ་བྱས་པས་ཟག་བཅས་ཡས་བརྟན་གྱི་དགའ་བ་བཞི་དང་། ཟག་མེད་མས་བརྟན་གྱི་དགའ་བ་བཞིའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ནོར་བུ་ལས་གཙུག་ཏོར་གྱི་བར་དུ་གཤེགས་ཏེ་ཡོངས་སུ་གང་བ་ན་ལུས་འཇའ་ལུས་རྡོ་རྗེའི་སྐུ་དང་། ངག་གཞོམ་དུ་མེད་པ་ནཱ་དའི་གླུ་དབྱངས། སེམས་རྟོག་མེད་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བས་དབང་པོ་རབ་རྣམ་སྨིན་གྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་བཞག །དབང་པོ་འབྲིང་གི་ཉིན་པར་སྒྱུ་ལུས་ཀྱི་དྲན་འདུན་དང་། མཚན་མོ་རྨི་ལམ་བཟུང་སྦྱང་སྤེལ་བསྒྱུར་སོགས་ཀྱིས་ཉིང་འཁྲུལ་རང་དག་ཏུ་སྦྱངས་པས་འབྲིང་བག་ཆགས་ཀྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་བཞག །ཐ་མས་རྣམ་སྨིན་དང་བག་ཆགས་ཀྱི་དུས་སུ་ཉམས་སུ་བླངས་པ་བ་དེས་བོན་གྱི་ཚུལ་དུ་སོང་ནས་རབ་བར་དོ་དང་པོའི་འོད་གསལ་ངོས་ཟིན་ཏེ་དེ་ཉིད་དུ་འཚང་རྒྱ་བ།
ཡེ་ཤེས་རོལ་པའི་རྒྱུད་ལས། འོད་གསལ་ཟིན་པའི་གང་ཟག་གིས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ཞེས་གསུངས་པ་ལྟར་ཡིན་ལ།
དེ་ལ་གནས་པར་མ་ནུས་ན། །འབྲིང་བདུན་ཕྲག་དང་པོར་ལོངས་སྤྱོད་རྫོགས་པའི་སྐུར་འཚད་རྒྱ་ཞིང་། ཐ་མ་མངལ་སྒོ་སྦྱངས་ནས་སྤྲུལ་སྐུར་འཚང་རྒྱ་བ་ལ་དབང་པོ་ཐ་མ་ཡིད་ཀྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་བཞག
།ཤིན་ཏུ་བསྡུས་པ་ནི། །ལུས་གསུམ་རྒྱལ་བའི་སྐུ་གསུམ་དེ། །རང་སེམས་འཆི་མེད་རང་གྲོལ་ལོ། །ཨེ་མ་དུས་གསུམ་རྒྱལ་བ་ཡི། །དགོངས་པ་རིན་ཆེན་མཛོད་ཡིན་ནོ། །ཞེས་གསུངས་པས།
སེམས་ཉིད་ཉག་གཅིག་གི་སྟེང་དུ་སྒོམ་མེད་ཡེངས་མེད་དུ་འཇོག་པ་ཁོ་ན་སྟེ། དེ་ཡང་སེམས་ཀྱི་གནས་ལུགས་ཡོད་མེད་ལས་འདས་པས་རྟག་ཆད་ལས་གྲོལ་བའི་ཚུལ་ཤིན་ཏུ་གསལ་བ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་གསུང་ལས། སེམས་ལ་རང་བཞིན་ཡོད་ནས་ཡོད་ཟེར་བ་མིན། ཆད་ལྟར་སོང་དོགས། སེམས་ལ་རང་བཞིན་མེད་ནས་མེད་ཟེར་བ་མིན། རྟག་ལྟར་སོང་དོགས། རང་གི་རང་ལ་གཟིགས། གཞན་དབང་དུ་མ་སོང་བར་རང་དབང་ཆེན་པོ་ཐོབ་ན་དོན་ཆེན་པོ་འགྲུབ་ཅེས་གསུངས་ལ། རྡོ་རྗེའི་ཚིག་འདིས་རྒྱལ་བའི་བཀའ་འཁོར་ལོ་ཐ་མ་དང་། འཁོར་ལོ་བར་མ་དགོངས་འགྲེལ་དང་བཅས་པའི་དོན་རྗེན་པ་ཉིད་དུ་བསྟན་པ་ཡིན་ལ། དེ་ཡང་སེམས་ཉིད་འདི་ཀ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བའི་སྙིད་པོ་ཡིན་པའི་དབང་ལས་ཏེ།
དེ་སྐད་དུ། མདའ་བསྣུན་ཞབས་ཀྱིས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས།
འཁོར་འདས་གཉིས་སེམས་ཉིད་ཀྱི་གནས་ལུགས་རྟོགས་པ་དང་མ་རྟོགས་པ་ཁོ་ན་ལས་ཡིན་པས། སེམས་བཅིངས་ན་ནི་བཅིངས་གྱུར་ཏེ། དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །བླུན་པོ་གང་གིས་བཅིངས་གྱུར་པ། །མཁས་པ་དེ་ཡིས་མྱུར་དུ་གྲོལ། །ཅེས་དང་།
ས་བོན་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་བསམ་པ། །དེ་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། །ཅེས་གསུངས།
འོ་ན་གྲོལ་བའི་ཐབས་ཅི་ཞེ་ན། །སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་གཟུང་བྱ། །ཡིད་དེ་ཡིད་མ་ཡིན་པ་བྱེད་གྱུར་ན། །དེས་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས།
ལམ་འདི་ཉིད་ཉམས་སུ་ལེན་པའི་ཚུལ་བཀའ་བརྒྱུད་རིན་པོ་ཆེ་རང་གི་ལུགས་ལ། ཐ་མལ་གྱི་ཤེས་པ་བཟོ་མེད་དུ་སྐྱོང་བ་འདི་ཉིད་ཡིན་ཏེ།
ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་ལས། ཆོས་སྐུའི་ནམ་མཁར་རྟོགས་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས། །ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས།
དེ་ཡང་ཐ་མལ་གྱི་སྒྲས་ནི་དམན་པའི་དོན་བརྗོད་པར་བྱེད་པ་མ་ཡིན་གྱི། བཅོས་མ་མ་ཡིན་པའི་དོན་བརྗོད་པར་བྱེད་པ་ཡིན་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མར། རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །ཞེས་གསུངས་པའི་རང་བཞིན་གྱི་སྐད་དོད་པྲ་ཀྲྀ་ཏ་ཞེས་བྱ་བ་དེ་ཉིད་སྐབས་གཞན་དུ་ཐ་མལ་དུ་ཡང་བསྒྱུར་བ་ཡིན་ནོ།
།དེས་ན་རང་བཞིན་ཞེས་བྱ་དང་། །ཐ་མལ་ཞེས་བྱ་བ་འདི་དོན་ཐ་དད་པ་མ་ཡིན་ནོ། དེས་ན་སེམས་ཇི་བཞིན་བཞག་པ་ལ་མ་བཅོས་པ་ཞེས་གསུངས། སེམས་དེ་ཡང་རྣམ་པར་ཤེས་པའི་བསླད་པ་ཅན་མ་ཡིན་པས་ཐ་མལ་ཤེས་པ་ཞེས་དགར་ཏེ་གསུངས། ཐ་མལ་ཀྱང་ཐ་མལ་གྱི་སྐད་ཅེས་པའི་ཐ་མལ་ལྟ་བུ་བཅོས་བསླད་མེད་པའམ་རང་བཞིན་པའི་དོན་དེ་ལ་མཛད་དེ།
སློབ་དཔོན་ཏོག་རྩེ་ཞབས་ཀྱིས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་ཆེན་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་དུ་མེད་ཀྱིས་གཉུག་མའི་ངང་དུ་ཞོག །ཅེས་གསུངས།
དེས་ན་སེམས་མ་བཅོས་པར་འཇོག་པའི་ཚུལ་འདི་ཉིད་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ན། །དྭངས་པ་དེ་ཉིད་དེ་ལས་སྐྱེ་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་པའང་ཚུལ་དེ་ཉིད། །ཅེས་གསུངས་ལ།
དེ་ཡང་ཆུ་རྣམ་པ་གཉིས་ཏེ་དྭངས་མ་དང་རྙོག་པ་ཅན་ནོ། །དེས་ན་དྭངས་མ་ནི་ཆུ་ཉིད་ཀྱི་རང་བབས་སམ་རང་བཞིན་ཞེས་བྱ་བ་མ་བཅོས་པ་སྟེ། དེ་ལ་ཆུ་རང་བཞིན་གྱི་དྭངས་པ་ཞེས་བྱའོ། །དེ་བཞིན་སེམས་ལ་ཡང་དྭངས་པ་དང་བརྙོག་པ་ཅན་ནོ། །རྙོག་པ་ཅན་ནི་རྣམ་པར་རྟོག་པ་སྣ་ཚོགས་སུ་འཕྲོ་ཞིང་། དེས་ལས་སྣ་ཚོགས་སོགས་པ་འདི་ཡིན་ལ། དྭངས་པ་ནི་རྣམ་པར་རྟོག་པ་མེད་ཅིང་གཟུགས་ལ་སོགས་པའི་ཡུལ་ལ་བོ་བ་མ་ཡིན་པར་ནམ་མཁའ་ལྟར་སིང་ངེ་གནས་པའོ། །འདི་ལྟ་བུ་སྐྱོང་བའི་ཁྲིད་ཚུལ་མང་དུ་ཡོད་ཀྱང་ཤངས་པ་བཀའ་བརྒྱུད་པ་རང་ལ་གྲགས་པ་ནི་ཕྱག་རྒྱ་ཆེན་པོ་གའུ་མ་ཞེས་པ་འདི་ཡིན་ལ། དེ་ཉིད་བསྒོམ་པའི་ཚུལ་ནི། །སྔོན་འགྲོ་རང་བབས་རྣམ་གསུམ་གྱི་སྒོ་ནས་སྐྱོན་མེད་པའི་ཞི་གནས་ལེགས་པར་བསྒྲུབས་ཏེ། དངོས་གཞི་སྐྱོན་བཞི་རང་གྲོལ་གྱི་སྒོ་ནས་སེམས་ཉིད་ལ་བརྡར་ཤ་བཅད་པས། མཐར་ཐུག་སྐུ་བཞི་རང་གྲོལ་མངོན་དུ་འགྱུར་བ་ཉིད་ཡིན་ལ།
དེ་ཡང་། རྗེ་བཙུན་མཻ་ཏྲི་པས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཅན་ཉིད་དོ། །ཞེས་གསུངས་པས།
དབུ་མ་ལ་འཇུག་པ་ལས་གསུངས་པའི་སྟོང་པ་ཉིད་ནི་དབུ་མ་འབྲིང་པོ་དང་། རིག་པའི་སྟོང་པ་ཉིད་ནི་དབུ་མ་མཆོག་གི་ལུགས་ཡིན་ནོ། །ཞེས་བཞེད་དོ།
།དབུ་མ་དག་གིས་ནི། དང་པོ་རྗེས་སུ་དཔག་པས་སྟོང་པ་ཉིད་གཏན་ལ་ཕབ་ནས། དེ་ཉིད་ལ་གོམས་པར་བྱེད་པ་ན་ཤིང་དྲུད་པ་ལས་བྱུང་བའི་མེས་ཤིང་དེ་ཉིད་སྲེག་པ་བཞིན་དུ་རྗེས་དཔག་ལས་བྱུང་བའི་གོམས་པ་དེ་ཉིད་ཀྱིས་རྟོག་པ་བཟློག་པར་བྱེད་ཅིང་མངོན་སུམ་སྐྱེ་བར་འདོད་པ་ཡིན་ན་ཕྱག་རྒྱ་ཆེན་པོའི་ཁྲིད་ཚུལ་འདི་ལ་མངོན་སུམ་ཐལ་བྱུང་དུ་སྐྱེ་བ་ཡིན་ནམ་ཚོལ་བར་བྱེད་པའི་ཚད་མ་ཡོད་དམ་མེད། ཡོད་ན་ཅི་འདྲ་བ་ཞིག་ཅེ་ན། འདི་ནི་མན་ངག་པ་དག་གི་ལུགས་ལ། ཁ་ཅིག་ལ་ནི་ཁྱོད་ཀྱི་སེམས་ཇི་ལྟ་བུ་ཡིན་པ་ཉིན་དང་མཚན་དུ་ལེགས་པར་ཚོལ་ཞིག་ཅེས་གདམས་ནས་འཚོལ་བའི་རྟོག་པ་སྔོན་དུ་གཏོང་ལ། ཁྲིག་ལ་ནི་དུས་གསུམ་གྱི་ཡིད་ལ་བྱེད་པ་དོར་ནས་གཡོ་བ་མེད་པར་བཞག་པ་ཉིད་ཀྱིས་མངོན་སུམ་གྱི་མཚན་ཉིད་ཅན་གྱི་རྩེ་གཅིག་ཅེས་བྱ་བར་སྐྱེ་བར་འགྱུར་ལ། དེ་སྐྱེས་པ་ན་མངོན་སུམ་དེ་ཉིད་ཁ་ནང་དུ་ཕྱོགས་པའི་ཚུལ་གྱིས་རང་གི་སེམས་ལ་ལྟོས་ཤིག་ཅེས། ཅེར་ལྟ་ཅེར་འཇོག་གི་སྒོ་ནས་ལྟ་བ་ཙམ་འབའ་ཞིག་བྱེད་དུ་འཇུག་སྟེ། དཔེར་ན་ཆུ་ལ་སྲོག་ཆགས་ཡོད་མེད་རྟོག་པ་ན་མིག་བསྒྲིམས་ཏེ་ལྟ་བ་ཙམ་ཞིག་བྱེད་དུ་འཇུག་པ་བཞིན་ནོ། །འདི་ནི་རྟོག་པ་མེད་པའི་མངོན་སུམ་གྱིས་ཚོལ་པའི་ཚུལ་ཏེ་དེ་ལས་ཆོས་ཐམས་ཅད་བདག་མེད་པར་མངོན་སུམ་དུ་མཐོང་བ་སྐྱེ་སྟེ། འདིར་ཡང་ཆུ་ལ་ལྟ་བའི་མིག་གི་དབང་པོ་ལྟ་བུ་ནི་བདེན་པ་གཟིགས་པའི་བླ་མ་ལ་མོས་ཤིང་གུས་པ་ཡིན་ལ། མིག་དེའི་རྣམ་པར་ཤེས་པ་ལྟ་བུ་ནི་ཁ་ནང་དུ་ཕྱོགས་པའི་མངོན་སུམ་དེ་ཉིད་ཡིན་ཏེ། ཚུལ་འདི་ཡང་།
ཐེག་པ་ཆེན་པོ་རྒྱུད་བླ་མར། སེམས་དེའི་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། ཅེས་བྱ་བས་ནི་རྩེ་གཅིག་བསྟན་ལ།
གང་དག་འགྲོ་ཀུན་བདག་མེད་མཐའ་ནི་ཡང་དག་རྟོགས། །ཅེས་བྱ་བ་འདིས་བདག་མེད་པ་མངོན་སུམ་དུ་རྟོགས་པ་བསྟན་ཏེ། འདི་ལ་སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་མིང་འདོགས་བྱེད་དོ།
།སྤྲོས་བྲལ་དེ་ཡང་མེད་པར་དགག་པ་འབའ་ཞིག་མ་ཡིན་གྱི། མཚན་མ་ཅིར་ཡང་མ་གྲུབ་པའི་རིག་པའི་ཆོས་ཏེ་སྣང་སྟོང་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་རིག་པ་སྐད་ཅིག་མ་ལ་ཕྱག་རྒྱ་ཆེན་པོ་ཞེས་འཇོག་གོ །དེ་ཉིད་མཛུབ་བཙུགས་སུ་སྟོན་པ་གྲུབ་ཐོབ་ཆེན་པོས་ཁམས་བཙུན་བདེ་ལེགས་དཔལ་ལ་གདམས་པར།
གཉུག་མའི་ངང་དུ་ལྷོད་ཀྱིས་གློད། །འཁྲུལ་པའི་གཞི་རྩ་རྩད་ནས་ཆོད། །ཡེངས་མེད་རང་གི་སེམས་ལ་ལྟོས། །བརྗེད་མེད་དྲན་པས་བཙིར་གྱིས་ཟུང་། །རང་ངོ་རང་གི་མ་ཤེས་ན། །སྡུག་བཙིར་བྱས་ཀྱང་ཉོན་རེ་མོངས། །གཉིད་དུས་འོད་གསལ་མ་ཟིན་ན། །སེམས་ངོ་འཕྲོད་ཀྱང་དོན་རེ་ཆུང་། །བར་དོར་འོད་གསལ་མ་ཟིན་ན། །གནད་གཅོད་སྡུག་བསྔལ་ཤ་རེ་གཡའ། །རང་སེམས་རང་དབང་མ་ཐོབ་ན། །བསྐལ་བར་བསྒོམ་ཀྱང་ཐང་རེ་ཆད། །རྣམ་རྟོག་སྔ་མ་འགགས་པའི་རྗེས། །ཕྱི་མ་མ་སྐྱེས་ཧད་དེ་བ། །གསལ་ལ་རྟོག་པ་མེད་པའི་ངང་། །རྟེན་མེད་གཞི་རྩ་བྲལ་བའི་ས། །ད་ལྟའི་ཤེས་པ་སོ་མ་འདི། །རང་སེམས་ཆོས་སྐུ་སྤྲོས་བྲལ་ཡིན། །ཅིར་སྣང་ཐམས་ཅད་རང་གི་སེམས། །རང་སེམས་སྤྲོས་བྲལ་ཆོས་ཀྱི་སྐུ། །དེས་ན་རྣམ་རྟོག་ཆོས་སྐུའི་རྩལ། །སྣང་བ་མི་འགག་སྟོང་པ་གྲུབ། །གང་སྐྱེས་གང་ཤར་དྲན་པས་ཟུང་། །ལྷོད་ཀྱིས་གློད་ལ་ཙམ་གྱིས་མཐོང་། །རང་ངོ་ཤེས་ན་ཡང་ཡང་འཐུད། །མ་བཅོས་མ་ཡེངས་རང་སར་ཞོག །འགྲོ་འོང་སྐྱེ་འགག་གནས་གསུམ་བྲལ། །འདི་ནི་ཕྱག་རྒྱ་ཆེན་པོ་ཡིན། །ཡེངས་མེད་ལམ་དུ་འཁྱེར་བ་གཅེས། །རྩོལ་མེད་ལྷག་པར་སྐྱོང་བ་གཅེས། །ཅེས་གསུངས་ལ།
འདི་དག་ནི་རྟོག་པ་སྔ་ཕྱིའི་བར་གྱི་སེམས་གསལ་རིག་སྟོང་གསུམ་གྱི་རང་བཞིན་ཅན་གྱི་ཡེ་ཤེས་འདི་རང་ངོ་ཤེས་པར་བྱས་ཏེ་ངོས་འཛིན་པ་སྟེ། འདི་ཉིད།
རྗེ་བཙུན་མི་ལ་རས་པས། རྟོག་པ་སྔ་ཕྱིའི་སོ་མཚམས་སུ། །ཡེ་ཤེས་རྒྱན་དུ་འཆར་ཏེ་བྲོད། །ཅེས་དང་།
དེ་ཡང་སྙན་བརྒྱུད་རྡོ་རྗེ་ཚིག་རྐང་དུ། །གཉིད་དང་རྨི་ལམ་རྣམ་རྟོག་བར་ནས་གཟུང་། །ཞེས་གསུངས་ལ།
དེ་ཉིད་ཀྱི་བར་དུ་གང་གིས་འཛིན་པའི་གནད་ནི། །ཐིག་ལེར་གུས་ལྡན་དུག་གསུམ་འཛིན་མེད་ལྟོས། །ཅེས་གསུངས་པ་འདི་ཡིན་ཞིང་། །གཉིད་དང་རྨི་ལམ་གྱི་བར་ནས་འཛིན་པའི་ཚུལ།
རྗེ་རྨོག་ལྕོག་པས། གཉིད་དང་རྨི་ལམ་བར་ཤེད་ནས། །ཆོས་ཉིད་འོད་གསལ་སྒྲོན་མེ་བརྙེད། །ད་མ་རིག་མུན་པ་སེལ་སེལ་འདྲ། །ཞེས་གསུངས།
དེའི་དོན། གཉིད་ཀྱིས་རྐྱེན་བྱས་ནས་རྣམ་པར་རྟོག་པའི་ཚོགས་འགག་ཅིང་། རྨི་ལམ་གྱི་སྣང་བ་མ་ཤར་བའི་བར་དེར་འོད་གསལ་རེ་ཐམས་ཅད་ལ་འཆར་ཀྱང་ངོས་མ་ཟིན་པས་ལམ་དུ་མི་འགྱུར་ལ། རྣལ་འབྱོན་པས་མ་ཡེངས་པའི་གནད་ཀྱིས་དེ་རང་ངོཤེས་པས་ལམ་དུ་འགྱུར་བ་ཡིན་ནོ།
།འོ་ན་ཡུལ་སྔ་ཕྱི་ལ་འཇུག་པ་བོར་བའི་བར་གྱི་རྟོག་མེད་འདི་ཐལ་བྱུང་གི་སྟོང་པ་ཡིན་ལ། དེ་ནི་གྲོལ་བའི་ཐིག་ལེར། ཟབ་མོ་ཁོ་ན་བསྒོམས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །ཅེས་ཐལ་བྱུང་གི་སྟོང་པས་མི་གྲོལ་བར་བཤད་པ་དང་།
འཇམ་པའི་དབྱངས་ས་སྐྱ་པཎྜི་ཏས། བླུན་པོ་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །ཅེས་གསུངས་པའི་དོན།
ཕྲུ་མ་སྒོམ་ཆེན་ལ་གདམས་པར། རྣམ་རྟོག་ཁ་ཚོམ་ཞི་གནས་དང་། །སྟོང་པ་ཐལ་བྱུང་ལྷག་མཐོང་གཉིས། །ངན་འགྲོར་ལྟུང་བའི་རྒྱུ་ཆེན་ཏེ། །ལེགས་འདོད་ནམས་ཀྱིས་སྤངས་ན་ལེགས། །ཅེས་གསུངས་པས་སོ་སྙམ་ན།
།རྣམ་རྟོག་སྔ་ཕྱིའི་བར་ནས་ཡེ་ཤེས་ངོས་གཟུང་བ་འདི་རང་ངོ་ཤེས་པས་ལམ་དུ་འགྱུར་ཞིང་། ཐལ་བྱུང་གི་སྟོང་པ་ཙམ། རང་བཞིན་ཡོངས་ཤེས་དང་བྲལ་བའི་ཕྱིར་ལམ་དུ་མི་འགྲོ་བས། འདི་གཉིས་ཁྱད་པར་ཤིན་ཏུ་ཆེ་ལ།
དེའི་དབང་དུ་མཛད་ནས། གྲུབ་ཐོབ་ཆེན་པོས་ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཡིག་ལས། མིག་ལྟ་སྟངས་དང་བཅས་པས་འདི་སྒོམ་སྙམ་པའི་སྒོམ་འདོད་ཀྱི་རྟོག་པ་ཕྲལ་ཏེ་མ་བཅོས་པར་འཇོག་པ་ནི་སེམས་རང་བབས་སོ། །དེའི་ངང་ལ་ཧད་དེ་ཆེད་དེ་གནས་པ་ནི་སྔོན་འགྲོའི་ཚད་ཡིན། དེ་འདྲ་དེ་ལ་ཐ་མལ་གྱི་ཤེས་པ་ཞེས་བྱ། ཆད་ནས་ངལ་གསོ་བ་ལ་སོགས་པའི་གནས་སྐབས་སུ་ཡུད་ཙམ་རེ་སེམས་ཅན་ཀུན་ལ་འཆར་ཏེ། དེ་ངོས་མ་ཟིན་པས་འཁོར་བར་འཁྱམས་སོ། །ཞེས་འབྱུང་བས་སོ།
།གསུམ་པ་གདམས་ངག་ལ་བསྲེ་བསླད་སྤང་ཕྱིར་ཉམས་མྱོང་ལུང་དང་ཐེམ་ཡིག་གིས་བརྒྱན་པར་བསྟན་པ་ནི།།
༈ ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་སྐར་རུས་སྦལ་སྤུ། །ལོག་ཆོས་ཚོང་འདུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་ལུང་དང་ཐེམ་ཡིག་བརྒྱན་པ་གཅེས།
།དེ་ཡང་ཚོང་འདུས་སུ་འོ་མལ་ཆུ་བསླད་ནས་འཚོང་བ་བཞིན་དུ་གདམས་ངག་ལ་རང་བཟོ་བསྲེས་ནས་དད་ལྡན་སླུ་བར་བྱེད་པས། དེ་སྤང་ཕྱིར་རང་གི་ཉམས་མྱོང་ཚད་མ་དང་། རྒྱལ་བའི་མདོ་བརྒྱུད་ཀྱི་ལུང་། མཁའ་འགྲོའི་ཐེམས་ཡིག་གིས་བརྒྱན་པར་བྱ་བ་སྟེ།
དེ་སྐད་དུ། སྙན་བརྒྱུད་ཆིག་བརྒྱུད་ཆོས་དྲུག་མ། །མ་འོངས་དུས་སུ་བསྲེ་བསླད་བྱས། །དེ་དུས་ཁྲིད་ལུགས་སྣ་ཚོགས་འབྱུང་། །དད་ལྡན་ཐེ་ཚོམ་སྤང་བའི་ཕྱིར། །འཆུག་མེད་གནད་ཀྱི་ཐེམ་ཡིག་བཀོད། །ཅེས་གསུངས་ལ།
དེས་ན་གདམས་པ་འདི་ཉིད། ཡེ་ཤེས་མཁའ་འགྲོ་རང་གིས་གསོལ་འདེབས་དམིགས་པའི་གྲངས་རྣམས་ཀྱང་ཐེམ་ཡིག་གིས་བསྡམས་པར་བྱས་པས་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་དོ།
།དེའི་དབང་དུ་མཛད་ནས་རྗེ་བཙུན་གྲོས་མཆོག་ཞབས་ཀྱི་མགུར་དུ། ལྕམ་མཁའ་འགྲོའི་གསང་ཚིག་སྙིང་པོའི་བཅུད། །ཚིག་མ་བཅོས་ཐེམ་ཡིས་རྡོ་རྗེའི་མདུད། །དོན་སྙིང་ལ་འབབ་པ་དངོས་པོའི་གཤིས། །སྤྲང་ཡིད་བདེའི་ཐར་ལམ་གསོས་སུ་ཤར། །ཅེས་གསུངས་པ་ལྟར་རོ།
།བཞི་པ་ལམ་སྒོམ་པས་འབྲས་བུ་ཐོབ་ཚུལ་དུས་ཀྱི་ངེས་པ་དང་བཅས་པ་ནི།།
༈ ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདིའམ་བར་མ་དོར། །བདེ་སྟོང་དབྱེར་མེད་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ།
།ཅེས་པ་ལམ་གྱི་མཆོག་འདི་ཉིད་ཉམས་སུ་ལེན་པ་རྣམས། །སྐྱེ་བ་ཕྱི་མ་སོགས་དུས་གཞན་མ་ཡིན། །རབ་ཚེ་འདི་འབྲིང་བར་མ་དོན། །བདེ་བ་དང་སྟོང་པ་དབྱེར་མེད་པའི་སྐུ་གསུམ་མངོན་དུ་གྱུར་ནས་མཁའ་སྤྱོད་ཆེན་པོ་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ།
།ལྔ་པ་ཆིག་བརྒྱུད་ཀྱིས་བཀའ་རྒྱས་བཏབ་པ་ནི།།
༈ །འདི་ཉིད་མི་རབས་བདུན་དུ་ཆིག་བརྒྱུད་ལས། །མི་སྤེལ་རྡོ་རྗེའི་རྒྱ་ཡིས་གདབ་པར་བྱའོ།
།སྐབས་འདིར་ཡང་དགོས་གནས་འདི་འཇུག་སྟེ། ཆོས་དྲུག་མི་རབས་བདུན་དུ་ཆིག་བརྒྱུད་ཉིད། །ཡིན་ན་ལ་ཝ་པ་ལ་འདི་ཡོད་ཅིང་། །ཨ་ཏི་ཤ་ལའང་འདི་ཡི་རྒྱ་དཔེ་སྣང་། །དེ་ལས་བསྒྱུར་ཅེས་འབྱུང་བ་ཇི་ལྟར་ཡིན། །ཞེས་འདྲི་བའི་རྒྱུ་མཚན།
མཁས་གྲུབ་ཁྱུང་པོའི་རྣམ་ཐར་ན། ཌཱ་ཀི་མའི་ཞལ་ནས། ཆོས་དྲུག་གི་དབང་གདམས་ངག་དང་བཅས་པ་འདི་རྗེ་བཙུན་ལ་ཝ་པ་དང་ང་གཉིས་མ་གཏོགས་པ་རྒྱ་གར་ནའང་ཤེས་པ་མེད་པས་མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག །དེ་རྣམས་ཀྱང་ལུང་སྟོན་ཅིང་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་དང་།
ལོ་ཙཱ་བ་གླན་དར་མ་བློ་གྲོས་དང་། ག་ཡ་དྷཱ་ར་དང་འགྲོགས་མཐོ་ལིང་གཙུག་ལག་ཁང་དུ་འོངས་པ་དང་། རྒྱ་དཔེ་འགའ་ཞིག་རུལ་འདུག་ནས་སླར་རྒྱ་གར་དུ་འགྲོ་དགོས་སྙམ་ཙ་ན་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བཞུགས་པ་དང་དུས་མཚུངས་ནས། ཁོང་གི་ཞལ་ནས། ངའི་རྒྱ་དཔེ་དང་གཅིག་པར་འདུག །རིན་ཆེན་བཟང་པོར་བསྒྱུར་དུ་བཅུག་པས་ཆོག་གསུང་སྟེ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་རོ། །ཞེས་འབྱུང་ལ།
དེ་ལྟར་ན་བརྒྱུད་པ་བདུན་དུ་ཆིག་བརྒྱུད་ཡིན་པར་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། སྤྱིར་ཆིག་བརྒྱུད་ཅེས་པ་ནི་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་མིའི་དབང་དུ་མཛདཀྱི། གཞན་རྡོ་རྗེ་འཆང་ཆེན་པོས་དཔའ་བོ་དང་ཌཱ་ཀི་ནི་འཁོར་མཐའ་ཡས་པའི་དབུས་སུ་གསུངས་པ་དང་། གཞན་ཡང་ཆིག་བརྒྱུད་ནི་བརྒྱུད་པའི་རབས་དེ་ཙམ་དུ་གདམས་པ་འདིའི་གདུལ་བྱ་མང་པོ་མི་འབྱུང་བའི་དབང་དུ་ཡར་མཛད་དོ། །ལ་ཝ་པ་ལ་ངེས་བཟུང་མཛད་པ་ཡང་གདམས་པ་འདི་ཤིན་ཏུ་དཀོན་པར་སྟོན་པའི་དབང་ལས་སོ།

།རྩ་བའི་གསུམ་པ་མཇུག་གི་དོན་ལ། མཇུག་ཡོངས་སུ་རྫོགས་པར་བསྟན་པ། འགྱུར་མཛད་ལོ་པཎ་གྱི་མཚན་སྨོས་པའོ།
དང་པོ་ནི། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་རྫོགས་སོ། །ཞེས་པས་བསྟན།
གཉིས་པ་ནི། ཡེ་ཤེས་ཀྱི་ཌཱ་ཀི་མའི་ཞལ་ནས་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། ཕྱིས་མཐོ་ལིང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ། །ཞེས་པས་བསྟན།

རྩ་བའི་གཉིས་པ་སྒོམ་དོན་ཉམས་སུ་བླང་བའི་རིམ་པ་ནི། འཇག་བསམ་གྱི་ཁྲིད་ཡིག །གྲུབ་ཐོབ་ཆེན་པོའི་སྙིང་པོ་ཀུན་འདུས་སོགས་སུ་མཁྱེན་པར་བྱའོ།
།རྡོ་རྗེའི་ཚིག་རྐང་ཡིད་བཞིན་ནོར་བུ་གང་། །ཡང་དག་བཤད་པས་བྱི་དོར་བགྱིས་པ་འདི། །ཉམས་ལེན་རྒྱལ་མཚན་རྩེ་མོར་ལེགས་མཆོད་ན། །ཕན་བདེའི་འདོད་དགུ་ཆར་བཞིན་འབེབ་པར་འགྱུར༼མཐའ་དག་གཟུགས་ཅན།༽། །གསང་ཆེན་རྒྱུད་སྡེའི་ལུང་དང་ལེགས་སྦྱར་ཞིང་། །ཡེ་ཤེས་མཁའ་འགྲོའི་ཚིག་གསལ་ཐེམ་ཡིག་སོགས། །མཆོག་གཟིགས་གོང་མའི་གསུང་གིས་བརྒྱན་པའི་ཕྱིར། །རང་བཟོའི་ཉེས་པ་ཅུང་ཟད་མེད་སྙམ་བགྱིད༼རང་བཞིན་བརྗོད་པ།༽། །འོན་ཀྱང་བདག་ཉིད་ཤིན་ཏུ་རྨོངས་པས་ན། །འདི་ལ་ཉེས་པའི་ཆ་ཤས་མཆིས་པ་རྣམས། །ཆོས་བདག་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བཟོད་པར་མཛོད་ཅིང་ཉེས་པ་སྦྱང་དུ་གསོལ། །འདི་ལྟར་བཀོད་ལས་ལེགས་པར་གྲུབ་པ་ཡི། །རྣམ་དཀར་དགེ་བ་ཟླ་འོད་ཀྱིས་འཁྱུད་པའི། །ཀུནྡའི་དོག་པ་སྐྱེངས་པར་བྱེད་པ་འདིས། །སྙིང་པོའི་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག
།ཅེས་པ་སྟོབས་འབྱོར་གངས་ཅན་ན་འགྲན་ཟླ་མེད་པའི་རིགས་ལྡན་ཆོས་ཀྱི་རྒྱལ་པོའི་སྲས་སུ་འཁྲུངས་ཀྱང་ཁེངས་པ་དང་ང་རྒྱལ་གྱི་དྲི་ཙམ་མི་མངའ་བར་བྱམས་བརྩེས་ཐུགས་རྒྱུད་ཡོངས་སུ་བརླན་ཅིང་དད་སོགས་འཕགས་ནོར་གྱིས་མཛེས་པའི་རྗེ་བཙུན་ངག་གི་དབང་མོའི་བཀས་བསྐུལ་ཏེ། སྐད་གཉིས་སྨྲ་བའི་བཙུན་པ་འགྱུར་མེད་བདེ་ཆེན་གྱིས་བྱང་ཤམྦྷ་ལ་གཉིས་པ་དཔལ་ངམ་རིང་རྒྱལ་པོའི་ཁབ་ཀྱི་ཕོ་བྲང་ལུགས་གཉིས་ཀྱི་འདུན་པ་ཆེན་པོར་བཀོད་པ་ལས། སླར་ཡང་ཚད་ཐུབ་ཀྱི་ལུང་མང་པོས་རང་བཟོའི་རྙོག་པ་དྭངས་པར་བྱས་ཤིང་། དོག་གནས་རྣམས་དྲི་བའི་ཚིགས་སུ་བཅད་པར་སྤེལ། །དེ་དག་ལ་ལན་འདེབས་ཀྱི་རིམ་པ་སོགས་ལེགས་པར་བཤད་པ་རིན་པོ་ཆེའི་རྒྱན་ཕྲེང་ཚར་དུ་དངར་བ་འདི་ལེགས་པར་སྤེལ་ལོ།།
།།འཁྲུལ་པའི་གཞི་རྩ་རྩད་ནས་ཆོད།