Chos rje'i rnam par thar pa

From Shangpa Resource Center








Resource ID SCv1p335
Title bla ma chos rje'i rnam par thar pa
Alt. title bla ma sangs rgyas ston pa'i rnam par thar pa
Topics Biography
Author Sangyé Tönpa
Link BDRC W23922
BDRC W3CN766
BDRC W20441
BDRC W8LS37032 (p.83+p.595)
BDRC W1KG1286
BDRC W3CN18508 (v1p.135)
BDRC W3PD988
MW0TTBBC0066 (p.40)

༄༅། །བླ་མ་ཆོས་རྗེའི་རྣམ་པར་ཐར་པ་ཞེས་བྱ་བ་བཞུགས་སོ།།

།གང་གིས་དྲིན་གྱིས་ཡང་དག་སར་འགོད་པ། །བླ་མ་དམ་པའི་ཞབས་ལ་གུས་བཏུད་ནས། །བཀའ་རྒྱ་མ་གཏོགས་རྣམ་ཐར་ཟུར་ཙམ་འདི། །སློབ་མ་མཆོག་གི་དོན་དུ་འབྲི་བར་བྱ། །དང་པོ་དད་པས་བསྟན་ལ་རབ་ཏུ་བྱུང་། །དེ་རྗེས་ཐོས་པས་ཕྱི་ཡི་སྒྲོ་འདོགས་བཅད། །བར་དུ་བླ་མ་སངས་རྒྱས་དངོས་བསྟེན་ནས། །ལོངས་སྤྱོད་སྒྲུབ་པས་བླ་མ་མཉེས་པར་བྱས། །མཁའ་འགྲོའི་སྙན་བརྒྱུད་གདམས་ངག་བདུད་རྩི་འཐུང་། །ཆིག་བརྒྱུད་གནད་རྣམས་མ་ལུས་རྫོགས་པར་གནང་། །འདི་ཕྱི་གཉིས་དང་ཆོས་ཀྱི་ལུང་བསྟན་མཛད། །ལྟ་བའི་ཐག་ཆོད་རང་སེམས་བླ་མར་རྟོགས། །འདི་ནས་འཆི་འཕོས་དག་པའི་ཞིང་དུ་འགྲོ། །ཐེ་ཚོམ་མི་དགོས་ང་ལ་གསོལ་བ་ཐོབ། །རྣམ་ཐར་མདོར་བསྟན་ཡིན་གྱིས་གུས་པས་ཟུངས།
།དེ་ལ་བདག་གི་སྐྱེ་ས་མཁའ་རེག་གི་རྩྭའི་སིལ་མ། རུས་ཡ་དལ་དཀར་པོ། རིགས་བོན་པོའི་བརྒྱུད་ཡིན་ཏེ། དེ་ཡང་མེས་པོ་ཆེན་པོ་གསལ་བའི་ཁྲི་ལ་སོགས་པའི་བོན་གྱི་དགེ་བཤེས་དང་གྲུབ་ཐོབ་མང་དུ་བྱུང་ཡང་། བདག་ཆོས་ལ་མོས་པས་བོན་གྱི་སྒྲུབ་ཐབས་རྣམ་གསུམ་ལས་མ་ཞུས་པར། སྤྱོད་ལམ་ཐམས་ཅད་དུ་ཆོས་ཀྱི་སྣང་བ་མཆེད་པར་གྱུར། ལོ་བརྒྱད་དགུ་ལོན་པའི་དུས་སུ་བྲིས་ཀློག་ཤེས་པར་བསླབ། ལོ་བཅུའི་དུས་སུ་གངས་བཟང་ནས་མ་གཅིག་སྤྲུལ་སྐུ་བྱོན་ནས་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར། ཞལ་གདམས་ཆིག་བརྒྱུད་རྣམས་གནང་ནས་ལུང་བསྟན་མཛད་དོ། །ལོ་བཅུ་གཅིག་དང་བཅུ་གཉིས་ཀྱི་དུས་སུ་སྔོན་གྱི་ལས་འཕྲོ་སད་ནས། འཁོར་བ་འདི་བཙོན་ཁང་ངམ་དམྱལ་བ་ལྟ་བུར་གོ་བ་གཅིག་བྱུང་བས། འཇིག་རྟེན་གྱི་ཁང་ཁྱིམ་ཡུལ་གཞིས་ལ་སོགས་པ་ཐམས་ཅད་ཀྱང་སྐད་ཅིག་ཀྱང་མི་རྟག་ཅིང་། བརྫུན་པ་བསླུ་བའི་ཆོས་ཅན་དུ་གོ་ནས། སྤྱོད་ལམ་ཐམས་ཅད་ཀྱི་དུས་དང་ཁྱད་པར་སོ་ནམ་བྱེད་པའི་དུས་སུ་ཡང་། རྨོ་རྐོ་བྱེད་པ་ཙམ་མ་གཏོགས་པ་སྟོན་ཐོག་ཇི་ཙམ་ཟ་མི་ཤེས། ད་ནི་མྱུར་དུ་འཆི་བ་ཡོང་། ཅིས་ཀྱང་ཅི་བྱེད་སྙམ་པའི་དྲན་པས་སྐྱོ་ཤས་དྲག་པོ་དེ་གཏན་དུ་སྐྱེ་བར་བྱུང་། དེའི་སྟོབས་ཀྱིས་རི་དང་གངས་མཐོང་བའམ་དེའི་རྩར་ཕྱིན་པའི་དུས་སུ་རི་དྭགས་རླུང་ནས་ཐོན་པའམ། དྲང་སྲོང་ནགས་ཁྲོད་དུ་སླེབ་པ་ལྟ་བུའི་དགའ་བ་དང་། སྐྱོ་ཤས་སུ་འབྲེལ་མར་བྱུང་། བླ་མ་གྲུབ་ཐོབ་གཅིག་དང་མཇལ་ནས་ཆུ་འཐུང་བྱེད་ཅིང་གདམས་ངག་བསྒོམ་ཤེས་པ་ཡིན་ན་དགའ་བ་སྙམ་པ་བྱུང་ནས་དགེ་སློང་བྱང་ཆུབ་མགོན་པོ་ལ་བཤད་པས། ཁོ་ན་རེ་བྱིས་ཆུང་འདི་ལ་འདི་ལྟ་བུའི་བློ་སྐྱེ་བ་ཡང་ན་སྔོན་གྱི་ལས་སད་པ་ཡིན། ཡང་ན་འདྲེ་ཞུགས་པ་ཡིན། ལོའི་ཚོད་དང་མི་མཐུན་པའི་བློ་སྐྱེས་པ་འདི་ལ་དགེ་བཤེས་གཅིག་ཅིས་ཀྱང་འོང་ཟེར་རོ། །དེའི་དུས་སུ་སྐྱོ་ཤས་དྲག་པོ་སྐྱེ་བ་དང་། འཁོར་བའི་ཉེས་དམིགས་དང་། ཅིས་ཀྱང་དགོས་པ་མེད་པ་དང་། དག་སྣང་ཕྱོགས་མེད་དུ་འཆར་བ་བྱུང་། མཆོད་རྟེན་གསོ་བ་ལ་སོགས་པའི་དགེ་བ་ལ་ཤིན་ཏུ་སྤྲོ་བ་དང་། ལྔ་པོ་དེ་ཉིན་པར་རྟག་ཏུ་འཆར་བ་བྱུང་། རྨི་ལམ་དུ་ཆོས་བཤད་པ་དང་། མེ་ཏོག་འབུལ་བ་དང་། མཆོད་རྟེན་ལ་བསྐོར་བ་བྱེད་པ་ཤ་སྟག་བྱུང་ངོ་། །དེའི་དུས་ཀྱི་སྣང་བ་དེ་ལྟ་བུ་ཆོས་སྒོར་ཞུགས་ནས་སྐབས་སུ་སྐྱེར་མ་བཏུབ། དེའི་དུས་སུ་སྒྲིབ་པ་སྲབ་པའི་རྟགས་སུ་གདའོ།
།དེ་ནས་ལོ་ངོ་བཅུ་གསུམ་ལོན་པའི་ལོ་གསར་གྱི་ཚེས་བཅུ་གསུམ་ལ། བླ་མ་རྩ་རི་པའི་སྤྱན་སྔར་རབ་ཏུ་བྱུང་བ་ལ་ཕྱིན་པས། བླ་མས་སྐྲ་བཞར་བའི་དུས་སུ་ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་པ་ཞིག་འོང་བར་འདུག །ཁྱོད་ཆོས་ཕྱོགས་སུ་བརྩོན་པ་ཞིག་འོང་བར་འདུག་པས་བརྩོན་འགྲུས་དང་། དགེ་སྦྱོར་གྱི་སྟོབས་ཀྱིས་ལམ་ཟིལ་གྱིས་གནོན་པའི་སེངྒེ་ཡིན་པས་བརྩོན་འགྲུས་སེངྒེ་ཡིན་ནོ་གསུངས། དེ་ནས་བླ་མ་དེ་བསྟེན་ལོང་ཙམ་མ་བྱུང་བར་མྱ་ངན་ལས་འདས་སོ། །དེ་ནས་སློབ་དཔོན་སྲེད་པ་ལ་འདུལ་ཕྲན་རྣམས་དང་། སྤྱོད་འཇུག་དང་། དགྱེས་རྡོར་དང་། ལམ་འབྲས་དང་། རྫོགས་ཆེན་རྒྱུད་མཐའ་དག་དང་། ཁ་རག་སྐོར་གསུམ་དང་། སྨྲ་སྒོ་མཚོན་ཆ་དང་། འཇམ་གསང་རྣམས་ཉན། ལོ་བཅུ་བདུན་ལ་བཤད་པ་ཆོས་མགོ་ཐོན་པ་བྱུང་ངོ་། །དེ་ནས་བླ་མ་སུམ་རས་ལ། བཀའ་རྒྱུད་ནམ་མཁའ་སྒོ་འབྱེད་དང་གཅོད་ཚར་བཅུ་གསུམ་ཞུས། ནོར་རྫས་དང་ཉམས་ལེན་གྱིས་མཉེས་པར་བྱས་ནས། བླ་མའི་ཞལ་ནས་བཀའ་བརྒྱུད་ཀྱི་གཅོད་འདིས་རྒྱ་ཆེན་པོ་ཁྱབ་ནས་འགྲོ་བར་འདུག་པས་སེམས་ཅན་ལ་ཕན་ཐོག་པར་འདུག་ཅིང་། ང་ལ་རྨི་ལམ་གསལ་པོ་བྱུང་ངོ་གསུངས། དེ་ནས་བླ་མ་དབུ་མ་ལ་དགྱེས་རྡོར་དང་། བདག་མེད་མའི་དབང་དང་། ཕག་མོ་དཔྱལ་ལུགས་ཞུས། བླ་མ་བཟང་ཡུལ་བ་གྲུབ་ཐོབ་ཡིན་ཟེར། ཚེ་དཔག་མེད་ཀྱི་དབང་ཞག་བདུན་ཞུས་པས། བླ་མའི་ཞལ་ནས། ཁྱོད་སྟོན་འཆི་བར་འདུག་པ་ལ་དབང་བསྐུར་འདིས་ཚེ་བསྲིང་ནས་འདུག་གིས། སྟོན་ལོ་ཐོག་སེར་ཆིལ་བྱུང་ཙ་ན་ང་ད་རེས་མི་ཤི་བ་ཁ་རྗེ་ཆེ་བར་འདུག །ང་རང་ཚེ་དཔག་མེད་ཀྱི་བྱིན་རླབས་ཀྱིས་ཚེ་བསྲིངས་པ་ཡིན་ནོ་བསམ་པ་འབྱུང་། ད་ལོ་སུམ་ཅུ་མ་ལོན་བར་མི་ལ་མ་བསྟན། དེའི་རྗེས་ལ་ཚེ་དཔག་མེད་ཀྱིས་སེམས་ཅན་ལ་ཕན་ཐོགས་པར་འདུག་ཅིང་། ལོ་བཅུ་དགུ་ལ་ཅིས་ཀྱང་བསྙེན་རྫོགས་ཀྱིས་ཤིག །དེ་ནས་བླ་མ་སྤང་པོ་ལ། ཞང་ཚལ་པའི་ཆོས་སྐོར་དང་། འཕྲུལ་གཅོད་དང་། ཚེ་དཔག་མེད་ཀྱི་སྒྲུབ་པ་ཞུས་སོ། །དེ་ནས་བླ་མའི་གསུང་བཞིན་དུ་ལོ་བཅུ་དགུ་ལ་མཁན་པོ་ཆོས་རྒྱལ་ཅན་དུ་བསྙེན་རྫོགས་བྱས། བླ་མ་གླང་ཕུག་པ་ལ་དབྱར་གཅིག་འདུལ་པ་ཉན། སློབ་དཔོན་ཚེ་སྟོན་ཤག་ལ་འདུལ་བ་མདོ་རྩ་ཉན། བླ་མ་ཁྲོ་ཕུ་བ་ལ་ཤྲཱི་རྣམ་པ་གསུམ་གྱི་གདམས་པ་འགའ་ཞུས། བླ་མ་ས་སྐྱ་པ་ལ་བ་རི་བའི་སྒྲུབ་ཐབས་བརྒྱ་རྩ་དང་། རྣམ་རྒྱལ། རྣམ་འཇོམས། གཙུག་ཏོར། མི་གཡོ་བ། སྒྲོལ་མ། བླ་མ་སྒྲུབ་པ་ལ་སོགས་པ་མང་དུ་ཞུས། སློབ་དཔོན་རྩ་བ་ལ་དཔའ་བོ་གྲུབ་པའི་རྒྱུད། གྲྭ་པ་ཧ་དང་། གཉན་ཆུང་ལོ་ཙཱ་བའི་རྒྱུད་རྣམས་ཞུས། སློབ་དཔོན་ཇོ་གདན་ལ་མངོན་པའི་ཕྲན་དང་། གཅོད་ངོམ་ལུགས་རྣམས་ཞུས། སློབ་དཔོན་གྲུབ་ཐོབ་ལ་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ལ་སོགས་པའི་སྐོར་རྒྱུད་ལྔ་དང་ཐིག་ལེའི་རྒྱུད་རྣམས་ཞུས། བླ་མ་མཁར་རྒྱབ་པ་ལ་རྔོག་ལུགས་ཀྱི་དགྱེས་རྡོར་དང་། གུར་སམྦུ་ཊ། མཚན་བརྗོད། གསང་ལྡན། མ་ཧཱ་མ་ཡ་རྣམས་ཞུས་སོ། །སློབ་དཔོན་ཇོ་རྒྱལ་ལ་གདན་བཞི་ཞུས། སློབ་དཔོན་ཁམས་སྟོན་ལ་གསང་བ་འདུས་པ་ཞུས་སོ། །དེ་ནས་བླ་མ་གྲུབ་ཐོབ་གཅིག་བཙལ་ལ་བསྒོམ་དགོས་སྙམ་ཙ་ན། བླ་མ་སུ་བཟང་དྲིས་པས། བྱང་ཆུབ་མགོན་ན་རེ། སྤུ་རོང་ན་གྲུབ་ཐོབ་སང་ཡེ་བྱ་བ་ཡོད་པས་དེ་ཅན་དུ་བསྐྱལ་གྱིས་ཟེར་ཙ་ན་ཁོ་མ་ཁོམས། ད་རྒྱ་གར་ན་བླ་མ་གྲུབ་པ་ཐོབ་པ་སྦས་པའི་རྣལ་འབྱོར་པ་མངོན་པར་ཤེས་པ་མངའ་བ་ཞིག་ཡོད་ན་དེར་འགྲོ་དགོས་པ་འདུག་སྙམ་པ་བྱུང་ནས། དེ་སྐད་བྱས་པས། གྲུབ་ཐོབ་སང་ཡེས་ཅན་རང་དྲག་པས་སྟོན་ཀ་བསྐྱལ་ཅིག་ཟེར། དེའི་དབྱར་དེ་དགེ་བཤེས་ཉི་མ། འཇམ་གསར་ཏེ་ར་པ་གསུམ་གྱིས་ཟུར་ཆོས་པ། སློབ་དཔོན་རྔོག་སྟོན་བྱ་བ་མཁས་པ་བཙུན་པ་ས་ལོ་དང་། ཁྲོ་ལོ་གཉིས་པས་ང་བཙུན། ཆོས་ང་མཁས་ཟེར་ནས་ཕྱག་མི་འཚལ་བ་དེ་ལྟ་བུ་གཅིག་ཡོད། དེ་ལ་ཚད་མ་བསྡུས་པ་དང་། འཇམ་དཔལ་ལ་སོགས་པའི་སྒྲུབ་ཐབས་རྣམས་ཞུས་པས།
ནུབ་གཅིག་སློབ་དཔོན་གྱི་ཞལ་ནས། དོ་ནུབ་ངའི་རྩར་ཉོལ་གསུངས་ནས་ཉལ་བས། ནམ་ཕྱེད་ཡོལ་ཙ་ན།
སློབ་དཔོན་གྱི་ཞལ་ནས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་བཀའ་གདམས་པ་རྒས་པོ་འདི་ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ།
ཞེས་པ་ལན་གསུམ་དུ་གསུང་ལྷང་ལྷང་འདུག་ནས། སློབ་དཔོན་ཅི་འདྲ་བ་ཞིག་བྱུང་ཞུས་པས། ད་ལྟ་ངའི་རྨི་ལམ་ན་དོང་གཏིང་རིང་བ་མུན་པ་གནག་པ་གསུམ་སུམ་འཇོམས་སུ་འདུག་པའི་བར་ཤིན་ཏུ་ཕྲ་བ་ནས་ལྷུང་ལ་ཁད་འདུག་ནས། འདི་ཅིའི་དོང་ཡིན་བྱས་པས་ངན་སོང་གསུམ་གྱི་གནས་ཡིན་ཟེར་གྱིན་འདུག་པ་དང་། དེ་ལ་འཇིགས་སྐྲག་ཆེན་པོ་སྐྱེས་ནས། རྗེ་བཙུན་སྒྲོལ་མ་དྲན་ནས་སྔར་བཞིན་གསོལ་བ་དྲག་པོ་བཏབ་པ་དང་གཉིད་སད་པ་ཡིན། ངན་སོང་གི་སྡུག་བསྔལ་དོས་དྲག་ལ་གཉུག་རིང་བ་འདི་འཇིགས་པར་འདུག་པས། ཉན་བཤད་ཀྱི་བཙུན་ཁྱེར་མི་སྔུན་གྱི་འདི་ལ་ཡང་མི་ཕན་པ་འདྲ་བ་འདུག་པས། ད་སྒོམ་གཅིག་དགོས་པར་འདུག་པས་སྒོམ་ཞུ་བ་ལ་བླ་མ་བཟང་པོ་ཡི་དམ་མཐོང་བ་རྟོགས་པ་མངོན་དུ་གྱུར་པ། ཆོས་བརྒྱད་ལས་གྲོལ་བའི་སྦས་པའི་རྣལ་འབྱོར་པ་མངོན་ཤེས་དང་ལྡན་པ་གཅིག་དགོས་པ་ཡིན་པ་ལ། དེ་ལྟ་བུ་གཅིག་རྒྱ་བོད་གཉིས་གང་ན་ཡོད་སྙམ་ནས་དྲིས་པས། ཡོལ་ཕུ་ན་གཉན་སྟོན་རི་གོང་པ་བྱ་བ། སྒྱུ་ལུས་རྨི་ལམ་འབྱོངས་བ། ཡི་དམ་གྱི་ལྷ་མང་པོའི་ཞལ་མཐོང་བ་མངོན་ཤེས་རྒྱ་ཆེན་པོ་མངའ་བ་སྦས་པའི་རྣལ་འབྱོར་པ་གྲུབ་ཐོབ་ཆེན་པོ་ཞིག་ཡོད་ཟེར་བ་ཐོས་ནས། ངེད་དགེ་བཤེས་གཞུང་པ་དང་གཉིས་འགྲོ་བར་བྱས་ཡོད་པས། ཁྱོད་ཀྱང་དེར་འདོངས་དང་གྲུབ་ཐོབ་ཁྱད་པར་ཅན་འོང་ཤས་ཆེ། ཁྱོད་ལ་ཆོས་བྱ་བློ་ཞིག་ཀྱང་འདུག་གསུངས་བྱུང་བ་དང་། ས་ལོ་དང་། ཁྲོ་ལོ་ཙཱ་བ་ཉི་ཟླ་ཟུང་གཅིག་ལྟ་བུ་ལ་ཕྱག་མི་འཚལ་བར། ཁོང་གཉིས་པས་ང་བཙུན་ཆོས་ང་མཁས་གསུངས་ནས་ཐུགས་རྒྱལ་ཆེན་པོ་མཛད་པ་ལ་སློབ་དཔོན་མོས་པའི་བླ་མ་དེ་སངས་རྒྱས་སུ་ཡོད་པར་འདུག །ང་རང་ཡང་རྒྱ་གར་དུ་ཕྱིན་ལ་བླ་མ་གྲུབ་ཐོབ་ཡིན་པ་སྦས་པའི་རྣལ་འབྱོར་དུ་མཛད་པ་ཞིག་བཙལ་ལ། དེ་མཉེས་པར་བྱས་ལ་གདམས་ངག་རྣམས་གནང་བ་དང་ཡེངས་མེད་གཅིག་བསྒོམ་ལ་གྲུབ་ཐོབ་གཅིག་བྱ་དགོས་སྙམ་པ་ཡིན་ཏེ། དེ་སྔ་བླ་མ་དེ་འདྲ་བ་མ་རྙེད་པས་ད་རེས་ང་རང་འདོད་པའི་བླ་མ་ཞིག་ཡོད་པར་འདུག་སྙམ་ནས། སློབ་དཔོན་ནམ་བཞུད་པ་དང་ཕྱག་ཕྱིར་ཅིས་ཀྱང་འཁྲིད་པ་ཞུ་བྱས་པས། ད་ཁྱོད་སོང་ལ་ཞུ་འབུལ་གྱིས་གསུངས་པ་ལ། ང་ལོ་གསུམ་མ་ཐོན་པ་དང་སློབ་དཔོན་འདས། དེ་ནས་ང་སོས་ཀ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་ལ་མཇལ་དུ་ཕྱིན་པའི་ཐོ་རངས་ཁར། བླ་མ་ཀོང་པོ་བྱ་བ་ན་ཡོད་པ་ལ་ཉེ་གནས་ལ་བླ་མའི་ཞལ་ནས། དེ་རིང་རབ་གྲོང་ནས་སྒོམ་ཆེན་པ་གཅིག་ང་ལ་མཇལ་དུ་ཡོང་བར་འདུག །དེས་ངའི་གདམས་ངག་རྣམས་ཀྱི་བདག་པོ་བྱེད་པར་འདུག །ཨོ་རྒྱན་དང་ཛ་ལེནྡྷ་ར་ཚུན་ཆོད་ནས། ཕྱིའི་རྒྱ་མཚོའི་འགྲམ་ཕན་ཆད་ཆོས་ཀྱིས་ཁྱབ་པ་འོང་བར་འདུག །ད་ལྟ་རང་དཔའ་བོ་ཌཱ་ཀི་མང་པོ་བསུ་བ་ལ་སོང་། ད་ཁྱོད་ཀྱིས་ཁང་པ་ལ་ཕྱག་དར་གྱིས། མཆོད་པ་བཤམ་བྱས་པ་དང་། དེ་ལྟར་ཟིན་ནས། བླ་མའི་ཞལ་ནས། ད་ལྟ་གསེར་གཅིག་མའི་གྲོང་ན་དྲོ་ཟ་ཞིང་འདུག །མ་ཚད་བསུར་རྒྱུག་གསུངས་ནས་ན་སྒང་ཁར་བསུར་བྱུང་ངོ་། །དེ་ནས་ཡང་དགོན་དུ་སླེབ་མ་ཐག་བླ་མའི་ཞལ་ནས། ཁྱོད་སང་ཡོང་གནང་ཡོང་ལ་ལོ་གསུམ་བར་མ་ཐོན་ནོ། །དེའི་བར་དུ་ང་དང་མཇལ་བའི་ལུང་བསྟན་བྱེད་པའི་སློབ་དཔོན་རྔོག་སྟོན་དང་། གཞུང་པ་ནག་པ་གཉིས་ཀྱང་གྲོང་གསུངས་ནས། བླ་མ་འདི་ལ་མངོན་ཤེས་ལ་ཐོགས་པ་མི་འདུག་སྙམ་པ་བྱུང་བ་དང་། ཡང་བླ་མའི་ཞལ་ནས་ཁྱོད་ང་ལ་ཅི་ལ་མོས་ནས་འོང་བ་ཡིན་གསུངས། བླ་མས་སྒྱུ་ལུས་རྨི་ལམ་འབྱོངས། འོད་གསལ་མངོན་དུ་གྱུར། ཡི་དམ་མང་པོའི་ཞལ་གཟིགས། ཆོས་སྐྱོང་ལ་མི་བཞིན་ལབ། བྲན་བཞིན་དུ་ཉན་ཟེར་བ་ཐོས་པས་དེ་ལ་མོས་ནས་མཇལ་དུ་ཡོང་པ་ལགས། བླ་མ་ཤངས་པའི་ཆོས་རྣམས་ཞུ་འཚལ་ཞུས་པས་བླ་མའི་ཞལ་ནས་ང་ལ་སྦུར་བ་མཐོང་བ་དང་ཡི་དམ་མཐོང་བ་ལ་ཁྱད་མེད། ཁྱད་པར་ཡོད་པ་རྣམས་ཀྱིས་མི་མཐོང་བར་འདུག་གསུངས། ཡང་བླ་མའི་ཞལ་ནས། ངའི་གདམས་ངག་ཐམས་ཅད་ལུས་གསུམ་པོ་འདི་ལ་འདུས་པས་སེམས་ལ་ཞོག་ཅིག་གསུངས། །རྣམ་སྨིན་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །བག་ཆགས་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །ཡིད་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །དེ་ལ་ཁྱོད་ཀྱི་ཆོས་འབྲེལ་དང་པོ་བྱེད་པ་ཡིན་པས་དེ་ལ་མོས་སམ་མ་མོས་སོམས་ཤིག །མོས་པར་གྱུར་ན་གདམས་ངག་རྣམས་ཀྱང་བྱ་ཡི་གསུངས། དོ་ནུབ་ངའི་རྩར་གཟིམ་ཆུང་དུ་ཉལ་དུ་འདེངས། ལོ་རྒྱུས་དྲི་ཡིས་གསུངས་པ་ལ། བླ་མ་མི་མཁྱེན་དགུ་མཁྱེན། སངས་རྒྱས་ཀྱི་སྤྱན་སྔར། ང་སེམས་ཅན་ལ་རྟོག་པ་མི་འགྱུ་དགུ་འགྱུ་འདི་ཉལ་བ་ངོ་ཚ་སྙམ་ནས། ང་འདི་ཀར་ཉལ་བར་ཞུ་བྱས་པས། བླ་མའི་ཞལ་ནས་ཁྱོད་རང་གི་རྟོག་པ་མང་བ་ལ་ངོ་ཚ་ན་དེ་ཀར་ཉོལ་གསུངས་ནས་མདོ་དེར་ཉལ་བསྡད་པས། ནམ་སྲོད་ལ་རྟ་པ་མང་པོ་དང་། ཨ་ཙ་ར་དང་། མི་ནག་པོ་དང་། སྔགས་པའི་ཆ་བྱད་ཅན་མང་པོ་བྱུང་ནས། ལ་ལས་ཕྱག་བྱེད། ལ་ལས་མཚོན་བརྡེག་ཏུ་བྱུང་། ལ་ལ་གར་བསྒྱུར་བ་ལ་སོགས་པའི་ཆོ་འཕྲུལ་ཆེན་པོ་བྱུང་། ཐོ་རངས་གཉིད་གཅིག་སད་ནས་གསོལ་བ་བཏབ་པའི་རྗེས་ལ། ད་རེས་ང་རང་འདོད་པའི་བླ་མ་སྒྱུ་ལུས་རྨི་ལམ་དང་འོད་གསལ་འབྱོངས་པ། ཡི་དམ་མང་པོའི་ཞལ་གཟིགས། དཔའ་བོ་དང་ཌཱ་ཀི་ཆོས་སྐྱོང་རྣམས་བྲན་བཞིན་དུ་ཉན་པ། མངོན་ཤེས་ལ་ཐོགས་པ་མེད་པ། སྦས་པའི་རྣལ་འབྱོར་པ་གྲུབ་པ་ཐོབ་པ་ཞིག་དང་མཇལ་འདུག་སྟེ། བླ་མ་ཤངས་པའི་བརྒྱུད་པ་འདི་རྣམས་བཀའ་དམ་པ་ཡིན་ཟེར། བླ་མ་ཆེན་པོ་འདི་ལའང་ཁམས་པས་དངུལ་བྲེ་དང་དར་འབོག་དང་། རྟ་ལ་སོགས་པའི་འབུལ་བ་ཆེན་པོ་བྱས་པ་ལའང་གདམས་ངག་སྲིང་པ་ཙམ་བྱིན་པ་མི་འདུག་པས། ད་ངའི་ཆ་རྐྱེན་གྱི་འབུལ་བ་དང་ཚོགས་མཆོད་ལ་སོགས་པས་བླ་མ་མཉེས་པ་གཅིག་མི་ལྕོགས་པར་འདུག་པས། བླ་མས་གདམས་ངག་ཟབ་པ་གཅིག་གཉིས་ཙམ་རྫོགས་པར་བྱིན་ཀྱང་དེ་དག་བསྒོམས་པས་དག་པ་མཁའ་སྤྱོད་དུ་འགྲོ་ངོ་ཤེས་ཏེ་ངའི་ལོངས་སྤྱོད་རང་གིས་ཅི་ལྡང་ངམ་སྙམ་པ་ཞིག་བྱུང་བ་དང་། བླ་མ་སྔས་ཁར་བྱོན་ནས་ཁྱོད་མདང་མ་ཞད་དམ། སྲོད་ཀྱི་ཆོ་འཕྲུལ་དེ་ལ་ཞད་མི་དགོས། དེ་ཆོས་སྐྱོང་གིས་ཉམས་སད་བྱེད་པ་ཡིན། ད་ནས་ཐོ་རངས་ཀྱི་རྣམ་རྟོག་དེ་འདྲ་མ་བྱེད། ངའི་ཤངས་པའི་གདམས་ངག་ལོངས་སྤྱོད་ཀྱིས་མི་ཁུག །ལོངས་སྤྱོད་ཆེན་པོ་དགོས་པ་མེད་ལ། ངས་ཁྱོད་ལ་སྤྱིར་གདམས་ངག་རྣམས་དང་། ཁྱད་པར་དུ་ཆིག་བརྒྱུད་རྣམས་ཚང་བར་བྱ་ཡིས། ད་སྤྱི་བོར་ཧཱུྃ་དང་མགོན་པོ་དབྱེར་མེད་དུ་བསྒོམ་ལ་གསོལ་བ་ཐོབ། དེས་བར་ཆད་བསྲུང་བ་ཡིན་ནོ་གསུངས། ཐོག་མར་མགོན་པོའི་གཏོར་དབང་ཞིག་བྱ་ཡིས་གྲི་བཟང་བ་གཅིག་དང་། དབང་བསྐུར་གྱི་ཆ་རྐྱེན་ཁྱེར་ཤོག་གསུངས་ནས། རལ་གྲི་བཟང་པོ་གཅིག་ལ་ནས་ཁལ་ལྔ་བཅུ་བཙལ་ནས་ཉོས་པ་དང་། བུར་ལྟང་གཅིག་དང་། སྣམ་བུ་འགའ་ཕུལ་ནས་ཉི་ཤུ་ལྔའི་དགོང་མོ་གཏོར་དབང་ཞུས་པས། བླ་མའི་ཞལ་ནས་ཁྱོད་འཆི་ངོ་ཤེས་པ་གཅིག་ངས་སྲོག་ཐོན་པ་ཡིན་ནོ། །ད་མགོན་པོ་འདིས་ཁྱོད་ཀྱི་དགེ་སྦྱོར་བཟང་པོ་སྐྱེ་བའི་གྲོགས་བྱེད་པར་འདུག་གོ །ཡིད་ཆེས་པར་གྱིས་ལ་གསོལ་བ་ཐོབ་ཅིག་གསུངས། དེ་ནས་བླ་མའི་ཞལ་ནས། ཟླ་བ་ཕྱི་མ་ལ་སྒྱུ་ལུས་ཀྱི་དབང་བསྐུར་བྱེད་པ་ཡིན་པས་ཆ་རྐྱེན་ཁྱེར་ལ་ཤོག་གསུངས་ནས། མར་ནས་བདུན་ཅུ་ལ་དབང་གི་ཆ་རྐྱེན་བྱས། གསེར་དང་། ཕྱུགས་དང་། དར་ཡུག་སྣམ་བུ་ཕུལ་ནས་དབང་དུ་ཙམ་ཞིག་ཚར་ཞུས་པས། ཐབས་ལམ་དང་སྒྱུ་ལུས་ཚར་ཡོང་གསུངས་ནས། ཐོག་མར་སྔོན་འགྲོ་བཏབ། དེ་ནས་ཐབས་ལམ་གྱི་ཁྲིད་བརྐྱངས་པས་ཞག་བཅུ་གཅིག་ནས་རས་ཐུབ་བ་བྱུང་། ད་ཚེས་བཅུའི་དགོང་མོ་དབང་བྱེད་དགོས་གསུངས་ནས་མཎྜལ་བྲིས་པའི་དུས་སུ། བླ་མའི་ཞལ་ནས། རྡོ་རྗེ་འཆང་ནས་ང་ཡན་ཆད་ལ་སྒྱུ་ལུས་ཀྱི་དབང་བསྐུར་བྱེད་པ་ཁྱོད་ལ་མང་པོ་འོང་བར་འདུག །དགེ་སྦྱོར་གྱི་ཐེབས་ཀྱང་ཁྱོད་ཆེ་བ་འོང་བར་འདུག་གསུངས་ནས། དེ་ཐུགས་ལ་བཏགས་ཞུས་པས། བླ་མའི་ཞལ་ནས། སྤྱིར་བརྒྱུད་པ་ཐམས་ཅད་དང་། སྒོས་སུ་ངས་བྱིན་གྱིས་རློབས་པ་ཡིན། ཁྱོད་རང་རྐྱང་པས་བྱུང་སྙམ་པའི་ང་རྒྱལ་མ་བྱེད་པར། ང་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་དངོས་སུ་བྱིན་གྱིས་རློབ་པར་འདུག་སྙམ་པའི་ཡིད་ཆེས་གྱིས། ངས་སྐྱེ་བ་ཕྱི་མ་ལ་ཤར་ཕྱོགས་དག་པའི་ཞིང་མེ་ཏོག་བཀྲམ་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། དེ་བཞིན་གཤེགས་པ་པདྨའི་དཔལ་ཞེས་བྱ་བར་སངས་རྒྱ་བར་འདུག་པས། དེའི་དུས་སུ་ཁྱོད་རང་དབང་བསྐུར་ནམ་བྱེད་པའི་དུས་དང་། ཁྲིད་ནམ་འདེབས་པའི་དུས་སུ་རང་གིས་བྱིན་གྱིས་རློབ་པ་ཡིན་པས། མཚམས་མེད་པ་ལྔའི་ལས་བྱས་པ་ཡན་ཆོད་ནས། དབང་པོ་རྣོ་རྟུལ་དང་། ན་སོ་རྒས་གཞོན་ཐམས་ཅད་ལ་ཁྱོད་ཀྱི་ཁྲིད་མི་ཐེབས་པ་གཅིག་ཀྱང་མི་ཡོང་བར་འདུག །སྤྱིར་སངས་རྒྱས་མངོན་པར་བྱང་ཆུབ་པའི་དུས་སུ་སེམས་ཅན་ཐམས་ཅད་སྒྲིབ་པ་གསུམ་ཤས་ཆུང་། སྨིན་པ་གསུམ་དང་ལྡན་པའི་དུས་ཡིན་པས། འཕྲིན་དང་ཚུར་ཤོག་གིས་བསྙེན་པར་རྫོགས་པའི་དགྲ་བཅོམ་པ་དཔག་ཏུ་མེད་པ་བྱུང་བ་ཡིན། སངས་རྒྱས་འདས་ནས་དགྲ་བཅོམ་པ་ཐོབ་པ་དཀའ་གསུང་། དེ་བས་བཀའ་བསྡུ་འབྱུང་བའི་དུས་སུ་དཀའ། དེ་བས་བསྟན་བཅོས་བརྩམས་པ་རྣམས་འབྱུང་བའི་དུས་སུ་དཀའ། དེ་བས་རྒྱལ་པོ་མེས་དབོན་བྱུང་བའི་དུས་སུ་དཀའ་བ་ཡིན། དེ་བས་ད་ལྟ་བསྟན་པ་རྟགས་ཙམ་འཛིན་པའི་དུས་འདིར་དགེ་སྦྱོར་སྐྱེ་བ་ཤིན་ཏུ་དཀའ་བར་གསུངས་ཀྱང་། ཁྱོད་ལ་ཆོས་ཞུ་བའི་སེམས་སྐྱེས་པ་དང་། ལམ་དུ་ཞུགས་པ་དང་། དབང་བཀའི་དགོང་མོ་དང་། དབང་པོ་རབ་འབྲིང་གཉིས་ཀྱི་དུས་སུ་དགེ་སྦྱོར་སྐྱེ་བ་མང་པོ་འོང་བ་ཞིག་འདུག་གསུངས། དེ་ནས་དབང་དངོས་གཞིའི་དུས་སུ་བླ་མ་འདི་སངས་རྒྱས་དངོས་སུ་འདུག་སྙམ་པའི་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་སོ།
།དེའི་ནང་པར་སྔ་དྲོ་ནས་ཁྲིད་བཏབ་པས། དབང་པོ་ཐ་མ་ལ་ཞག་ཉི་ཤུ་རྩ་ལྔ་བསྐྱངས་པས་ཉིན་པར་སྒྱུ་མའི་ཉམས་བཟང་པོ་བྱུང་ནས། སྣང་བའི་བདེན་འཛིན་ཐམས་ཅད་ཞིག་ནས་སོང་བས། གོས་ཐམས་ཅད་བླ་མ་ལ་ཕུལ་ནས། དར་གོས་དང་རེ་བའི་གོས་ལ་ཁྱད་པར་མི་འདུག་པས་ལ་བེར་གོན་པར་ཞུ་བྱས་པས། བླ་མའི་ཞལ་ནས་སྒྱུ་མའི་ཉམས་ཤར་འདུག་ཅིང་། དར་དང་ལ་བེར་པས་སངས་རྒྱས་དང་སེམས་ཅན་ལ་དགག་སྒྲུབ་བྲལ་བ་ཞིག་དགོས་པ་ཡིན། དོ་ནུབ་གཉིད་ཙམ་མ་ལོག་པར་གསོལ་བ་ཐོབ་གཅིག་གསུངས་ནས་གསོལ་བ་བཏབ་པས། ནམ་ལངས་ཀ་དེར་གཉིད་ཐུམ་པ་གཅིག་སོང་བ་དང་། ཁྱི་ནག་པོ་གཟུགས་ཆེ་བ་ཁ་གདངས་ཤིང་མཆེ་བ་གཙིགས་པ་བརྒྱ་ཙམ་བྱུང་ནས། ཁྱོད་ཟ་བ་ཡིན། སྔར་ཡང་མི་མང་པོ་ཟོས་པ་ཡིན་ཟེར་བ་དང་། འཇིགས་སྐྲག་ཆེན་པོ་བྱུང་བ་ལ་བརྟེན་ནས། འདི་རྨི་ལམ་གྱི་ཁྱིར་འདུག་སྙམ་པའི་སྤྱང་ཀི་མང་པོར་སྤྲུལ་ནས་དེ་རྣམས་ཟོས། སྤྱང་ཀི་ཐམས་ཅད་ཡི་དམ་དུ་བསྒྱུར་ནས་བླ་མ་ལ་གསོལ་བ་འདེབས་ཤིང་སྦྱོང་སྤེལ་དང་སྤྲུལ་བསྒྱུར་མང་པོ་བྱས་ནས་སངས་རྒྱས་ཀྱི་ཞིང་ཁམས་བལྟ་དགོས་སྙམ་པ་དང་། ཚ་བ་ལ་དེངས་ཟེར་བས་གཉིད་སད་ནས་སོང་། དེ་རྣམས་བླ་མ་ལ་ཞུས་པས། དབང་པོ་རབ་ཏུ་གྱུར་པ་ལ། ཟིན་དང་སྦྱོང་བ་མཉམ་དུ་ཡོང་། བྱ་བ་ཡིན་པས་ཁྱོད་ཀྱི་དགེ་སྦྱོར་གྱི་སྐྱེ་ལུགས་འདི་དབང་པོ་ཡང་རབ་ཀྱི་ཚུལ་ཡིན། ཞག་ཉི་ཤུ་རྩ་ལྔ་ལ་སྦྱོང་སྤེལ་སྤྲུལ་བསྒྱུར་ཐམས་ཅད་དུས་གཅིག་ལ་ཡོང་བ་འདི་ལྟ་བུ་བརྒྱུད་པའི་བླ་མ་རྣམས་ལ་ཡང་མ་བྱུང་གཞན་རྣམས་ལ་སྨོས་ཅི་དགོས། ད་ཁྱོད་ཀྱི་དོན་གྲུབ་པ་ཡིན། ཁྱི་ནག་པོ་དེ་རྣམས་མགོན་པོ་ཡིན། ཁྱོད་ཀྱི་དགེ་སྦྱོར་སྐྱེ་པའི་གྲོགས་བྱེད་པ་ཡིན་པས། ལོ་མང་པོ་དགོས་པ་དེ་ཞག་འགའ་ལ་སྐྱེས་པ་ཡིན་པས་དཔའ་བོ་དང་ཌཱ་ཀི་ཆོས་སྐྱོང་ལ་གཏོང་རག་ཐོངས་གསུངས་ནས། ཇོ་སྲས་སིལ་བ་ལ་ནས་ཁལ་ལྔ། ཉ་ཁལ་བཅུ་སྐྱིས་ནས་མི་བརྒྱ་ཉི་ཤུ་ལ་ཚོགས་མཆོད་བཏང་། དེ་ནས་དབྱར་དེར་ཁྲིད་བསྐྱངས་བས་དགེ་སྦྱོར་བཟང་པོ་བྱུང་། དེའི་སྟོན་དེར་བང་སོ་དགོན་པའི་ཚྭ་ཚུལ་གྱི་གཉེར་བབས་ནས། ཚ་བའི་ཚུལ་བཏང་བའི་དུས་སུ་ཉིན་པར་གྱི་དགེ་སྦྱོར་ཆགས་པ་དང་། མཚན་བརྗོད་དང་དགྱེས་རྡོར་གྱི་གཞུང་འདོན་པ་རྣམས་རྨི་ལམ་བཟུང་ཞིང་རྨི་ལམ་དུ་དགེ་སྦྱོར་ཐུན་རེ་ཙམ་ལ་ཚར་བར་བྱུང་ནས། ཉིན་པར་སྔགས་ཁྲི་ཚོ་རེ་ལས་མི་སྐྱོལ་བ་དེ་རྨི་ལམ་དུ་དར་གཅིག་གིས་ཆོག་པར་བྱུང་བས། དེ་ལ་ཡིད་མ་ཆེས་པར་བླ་མ་ལ་ཞུས་པས། ཉིན་པར་བས་ནུབ་མོའི་དགེ་སྦྱོར་འབུམ་འགྱུར་གྱི་སྟོབས་ཆེ་ལ་མགྱོགས་པ་ཡིན། བླ་མ་སྐྱེར་སྒང་པས་མཚན་བརྗོད་ཚར་ཉི་བརྒྱ་རྩ་ལྔ་རེ་འདོན་པའི་སྐུ་ན་བྱོན་ནས་ཉིན་པར་མ་ལྕོགས་པར་རྨི་ལམ་བཟུང་གིན་དར་རེ་ལ་ཐོན་གསུངས། དེ་ནས་ལྟེ་བར་ཨ་བསྒོམ་པས་ནུབ་གཅིག་ཁོག་པའི་ནང་ཨན་ཙམ་མཐོང་བ་བྱུང་བ་དང་། ཕྱི་ཡི་སྣང་བ་རྒྱ་ཆེར་མཆེད་པ་བྱུང་། དེའི་དུས་སུ་བླ་མའི་ཞལ་ནས་ད་ཟླ་བ་གསུམ་སྒོམས་ཤིག་སངས་རྒྱས་ཀྱི་ཞལ་མང་པོ་མཐོང་བར་འདུག་གསུངས་པ་ཡིན་ཏེ། ཚུལ་གྱི་གཉེར་པ་བྱས་པ་དེས་བར་ཆད་དུ་སོང་ངོ་། །དེས་ན་རྩེ་གཅིག་ཏུ་བསྒོམ་པའི་དུས་སུ་དགེ་འདུན་གྱི་བྱ་བ་ཡང་བདུད་དུ་གདའོ། །དེ་ནས་དགུན་སྨད་ཉེའུ་འདོན་དུས་སུ་བླ་མའི་ཞལ་ནས། དབང་བསྐུར་ལ་ཤོག་རྗེ་བཙུན་མ་ཞལ་བསྟན་གྱིས་གསུངས་ནས། ཚེས་བཅུའི་དགོང་མོ་རྗེ་བཙུན་མ་ཞལ་གཅིག་མས་དབང་བསྐུར་མཛད་ནས་བྱིན་རླབས་བབས་པའི་དུས། རྗེ་བཙུན་མ་ཞལ་མཐོང་བའི་སློབ་མ་ལྔ་བྱུང་། ནད་པར་ཚ་བའི་རྗེས་ལ་གཏོར་མ་ཁྱེར་ལ་གཟིམ་ཆུང་དུ་ཤོག་གསུངས་ནས་སྤྱན་སྔར་ཕྱིན་པས། བླ་མའི་ཞལ་ནས། ཁྱོད་རང་གི་ཞལ་ཕྱོགས་ན་རྗེ་བཙུན་མ་ལྷ་ལྔ་བཞུགས་ནས་འདུག་པ་བདུན་རྣམ་དག་ཕུལ་ཅིག་གསུངས་ནས་ཕུལ་བ་དང་། ད་ཁྱོད་ཀྱིས་ཞལ་མཐོང་ངམ་གསུངས་ནས་མ་མཐོང་ལགས་ཞུས་པས། འོ་ན་ཁྱོད་ལ་ཆོས་གསུངས་ཞིང་འདུག་པ་མ་ཐོས་སམ་གསུངས། མ་ཐོས་ལགས་ཞུས་པས། ལས་ངན་གྱི་སྒྲིབ་གཡོག་འདི་འཇིགས་པར་འདུག །རྩ་ན་བཞུགས་ནས་ཆོས་གསུངས་ཀྱང་མི་ཐོས་མི་མཐོང་བར་འདུག །ད་ཉམས་ཆགས་ཐམས་ཅད་སྐོང་ཞིང་སྒྲིབ་པ་ཐམས་ཅད་སེལ་བ་ཞལ་མྱུར་དུ་མཐོང་བའི་གནད་གཅིག་གསུངས་བཞིན་འདུག་པས་ཟིན་བྲིས་ཀྱིས་ཤིག་ཟེར་ནས། རྗེ་བཙུན་མས་བླ་མ་ལ་གསུངས། བླ་མས་བདག་ལ་གསུངས་པས་ལན་གཉིས་སུ་མ་དག་པར་བྱུང་། ལན་གསུམ་ཟིན་བྲིས་བསྐྱར་བ་དང་། རྗེ་བཙུན་མའི་ཞལ་ནས་དག་པར་བྱུང་ངོ་གསུངས་པ་དང་། ཡང་རྗེ་བཙུན་མས་དུས་འདིར་ཞལ་མ་མཐོང་ཀྱང་ཐུན་མོང་མྱུར་དུ་ཐོབ་ནས་མཆོག་འགྲུབ་པར་འགྱུར་རོ། །གསང་བའི་དམ་ཚིག་ལ་གནས་པར་བྱའོ། །མ་གསང་ན་ཐུན་མོང་ཉམས་པར་འགྱུར་གསུངས་ཤིང་འདུག་པས། ཟླ་བ་གསུམ་སྒོམས་ཤིག །ཞལ་མཐོང་བར་འགྱུར་རོ་གསུངས་ནས། རི་ཁྲོད་བྱེད་པར་ཞུས་པས། ཞུད་བསྲུང་ལ་སྒྲུབས་གསུངས་ཀྱང་། ལུས་ལ་ནད་རྒྱས་པའི་སྟོབས་ཀྱིས་ཞུད་བསྲུང་མ་ནུས་པར་རི་ལ་བསྡད་པས། རྗེ་བཙུན་མའི་གསལ་སྣང་མྱུར་དུ་བྱུང་སྟེ། ཆང་འདྲེས་ཁྱེར་བ་སོགས་མི་ཞིམ་པ་རྣམས་ལ་ལག་མཆོད་བྱས་པས་ནུས་པ་དང་བྲོ་བར་གྱུར་ནས། བཅུད་དང་། བྲོ་བ་དང་། མང་བ་དང་། ནུས་པ་ཅན་དུ་སོང་ནས་དེ་སུས་བཏུང་ཀྱང་ནད་གདོན་སོགས་སོས་པ་དང་། དགེ་སྦྱོར་བཟང་པོ་སྐྱེ་བར་བྱུང་བས། ངེད་རང་གི་ཐུབ་ཚད་དུ་གསང་ཀྱང་། གྲོགས་པོ་དང་སློབ་མ་རྣམས་ཀྱིས་བཤད་པས། ལོ་གསུམ་ནས་ནུས་པ་དེ་ཡལ་ནས་སོང་བ་དང་། བླ་མའི་ཞལ་ནས་དེ་ཟླ་བ་གསུམ་གསང་ན་རྗེ་བཙུན་མ་ཞལ་མཐོང་ནས་ཡི་དམ་ཐམས་ཅད་ཀྱི་སྒོ་ཕྱེས་པར་འགྲོ་བར་འདུག་པ་ལ། དེ་མ་གསང་པས་ད་ཨན་ཙམ་འགྱངས་ནས་འགྲོ་བར་འདུག་གསུངས་སོ། །དེས་ན་ཡོན་ཏན་ཅི་སྐྱེས་ཀྱང་གསང་བ་གལ་ཆེ་བར་འདུག་གོ། །དེའི་དབྱར་དེ་རི་ཁྲོད་བྱེད་པར་ཞུས་པས། བླ་མའི་ཞལ་ནས། སོས་ཀ་འདིར་དགའ་ཡོངས་སུ་སྒོམ། དེས་དགེ་སྦྱོར་བཟང་པོ་སྐྱེ་བར་འདུག་གོ་གསུངས་ནས་བསྒོམས་པས། རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་། ནུབ་གཅིག་རྨི་ལམ་བཟུང་ནས་རྒྱ་མཚོ་ཆེན་པོ་གཅིག་ཏུ་ཕྱིན་པས་ཀླུའི་ཕོ་བྲང་རིན་པོ་ཆེ་སྣ་བཞི་བརྩེགས་མར་ཡོད་པ་གཅིག་གི་ནང་དུ་ཕྱིན་པ་དང་། ཀླུ་ནག་པོ་མགོ་དགུ་པ་རོ་སྟོད་སྐྱེས་བུའི་ཆ་བྱད་ཅན་རོ་སྨད་སྦྲུལ་དུ་ཡོད་པ་གཅིག་ལ་ཀླུའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་གཅིག་འདུག་པ་དང་། ཁོ་འདུལ་དགོས་སྙམ་ཙ་ན། ཀླུ་དེས་ཆོ་འཕྲུལ་སྣ་ཚོགས་བསྟན་ནས། ཕོ་བྲང་དེ་མི་སྣང་བར་བྱས་ནས་མཚོ་མདོག་ནག་པ་ཞིང་ཆུང་བ་གཏིང་རིང་བ་རྦ་ཀློང་འཁྲུགས་པ་ཞིག་ཏུ་སོང་བ་དང་། ངས་ཁྱུང་ནག་པོ་མགོ་དགུ་པ་ཞིག་སྤྲུལ་ནས། སྦྲུལ་མགོ་ཐམས་ཅད་ནས་ཁྲག་སྐྱུག་ཅིང་འདུག་པ་དང་། ཁྱུང་གི་སྡེར་མོས་ཀླུའི་སྐེ་བཙིར་ནས་ཕྱིན་པ་དང་། ཁོའི་མཇུག་མ་ཇེ་ཆེ་ཇེ་རིང་ལ་སོང་ནས་མ་རྫོགས་པས། འདི་ལ་ཇི་ལྟར་བྱ་སྙམ་ཙ་ན། བླ་མ་ཌཱ་ཀི་མང་པོས་བསྐོར་ནས་ནམ་མཁའ་ལ་བྱོན་ཏེ།
།ཀླུ་ཡི་རྫུ་འཕྲུལ་མཐའ་མེད་ལ། །ལོ་ཟླས་མཇུག་མ་མི་རྫོགས་ཀྱི། །འདི་ནི་དུག་ལྔ་འདུས་པ་ཡི། །གདོལ་པ་ནག་པོ་བྱ་བ་ཡིན། །ཀླུ་ལྔ་འདུལ་བའི་ཁྱུང་ལྔ་སྤྲུལ། །ལུས་དང་མཇུག་མ་ཆོད་ལ་ཟོ། །དེ་ཡིས་མྱུར་དུ་ཐུལ་བར་འགྱུར།
།གསུངས་ནས་ཁྱུང་མགོ་དགུ་པོ་ལྔར་སྤྲུལ་ཏེ་ལུས་དང་མཇུག་མ་བཅད་ཅིང་ཟོས་པས་ཁོ་ཐུལ་ཏེ། ད་ནི་བདག་གི་སྲོག་སྔགས་འབུལ་བར་བགྱིའོ་ཟེར་བ་དང་། གཉིད་སད་ནས་སྲོག་སྔགས་དང་སྒྲུབ་ཐབས་འབུལ་བའི་ལོང་མ་བྱུང་ངོ་། །དེ་ནས་བླ་མའི་ཞལ་ནས་ཀླུ་དེའི་སྲོག་སྔགས་དང་སྒྲུབ་ཐབས་རྫོགས་པར་བྱུང་ན་མཐུ་སེར་གཏད་གསུམ་ལ་ཚེགས་མི་ཡོང་པ་ཡིན་ཏེ་གསུངས། ཟླ་བ་དེའི་ཚེས་བཅུ་ལ་མཆོད་པ་ཕུལ་ནས་ནམ་ཕྱེད་ཚུན་ཆད་དགེ་སྦྱོར་བྱས་པས། ཐོ་རངས་གཉིད་དུ་སོང་བ་དང་། ཆུ་བོ་རིའི་མདུན་ན་མཚོ་ཆེན་པོ་གཅིག་འདུག་པ་དང་། དེ་ལུད་ནས་རི་ཐམས་ཅད་ཀྱང་མེད་པར་དབུས་ཀྱི་རྒྱལ་ཁམས་ཐམས་ཅད་མཚོར་མེར་གྱིས་སོང་འདུག་པ་དང་། ང་གཉིད་དུ་སོང་བ་ཡོད་པར་འདུག་རྨི་ལམ་དུ་སྤྲུལ་སྒྱུར་ཞིག་བྱ་དགོས་སྙམ་ནས། སྟེང་གི་ནམ་མཁའ་ལ་བདེ་མཆོག་ལྷ་ལྔའི་གཞལ་ཡས་ཁང་འབུམ་ཕྲག་ལྔ་སྐད་ཅིག་གིས་སྤྲུལ་ནས། ཤིན་ཏུ་གསལ་ལ་མ་འདྲེས་པར་བྱུང་ནས། དེའི་མདུན་དུ་རང་གི་ལུས་ཡིད་བཞིན་གྱི་ནོར་བུས་སྤྲས་པ་བདུན་རྣམ་དག་བྱེད་པ་འབུམ་ཕྲག་བཅུ་སྤྲུལ། དེའི་ཕྱི་ནས་ཕར་ལྷའི་བུ་དང་བུ་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་ཤིང་རོལ་མོ་སྣ་ཚོགས་སྒྲོག་པ་བྱེ་བ་ཕྲག་མང་པོར་སྤྲུལ། དེའི་ཕྱི་རོལ་དུ་ཌཱ་ཀི་མ་ཤ་ལྔ་བདུད་རྩི་ཐོགས་པ་དཔག་ཏུ་མེད་པ་སྤྲུལ། གཞལ་ཡས་ཁང་གི་སྟེང་གི་ཐད་ཀ་ལ། བདག་མེད་མ་དང་རྗེ་བཙུན་མ་བདེ་བ་རྒྱས་པའི་ལྷ་ཚོགས་ལ་ཟག་པ་མེད་པའི་མཆོད་པ་ནམ་མཁའ་ཁེབས་པར་སྤྲུལ། དེ་ནས་བྱ་ཁྱུང་རིགས་ལྔའི་སྤྱི་བོ་ནས་ཕྱག་ན་རྡོ་རྗེ་སྐུ་སྟོད་ཡན་ཆད་གསལ་བ་དཔག་ཏུ་མེད་པ་ནམ་མཁའ་ལ་ལྡིང་བ་དང་། དེ་རྣམས་ཐམས་ཅད་གཅིག་གིས་གཅིག་མ་བསྒྲིབ་པ་གསལ་དྭངས་སུ་མཐོང་བ་བྱུང་བ་དང་། དེ་བླ་མའི་དྲིན་དུ་ཤེས་ནས་གསོལ་བ་བཏབ་པས་ནམ་མཁའ་ལ་གསོལ་འདེབས་ཀྱི་སྒྲ་ཆེན་པོ་སྒྲོག་པར་གྱུར་ཏོ།
།དེ་ནས་མདུན་གྱི་རྒྱ་མཚོ་ཆེན་པོ་འདི་ལ་སྦྱོང་སྤེལ་གཅིག་བྱ་དགོས་སྙམ་ནས་ཕྱིན་པ་དང་། མཚོའི་སྟེང་ན་ཉ་དང་ཆུ་སྲིན་ལ་སོགས་པ་སྲོག་ཆགས་སྣ་ཚོགས་པ་འདུག་ནས། ཉ་འདོད་པའི་ཆུ་བྱ་རོག་པོ་དཔག་ཏུ་མེད་པ་སྤྲུལ་ནས་ཉ་ཐམས་ཅད་དེད། ཆུ་སྲིན་ལ་དུང་མང་པོ་སྤྲུལ་ནས་ཕར་ཐལ་ཚུར་ཐལ་དུ་བཏང་བ་དང་། ཀླུ་ནག་པོ་ཁ་གདངས་མཆེ་བ་གཙིགས་པ་མང་པོ་མཚོ་ལས་སྐྱེས་པའི་ཚུལ་དུ་བྱུང་བ་དང་། དེ་ལ་ཅུང་ཟད་སྐྲག་པར་གྱུར་ནས། ད་ཁྱུང་དུ་སྤྲུལ་དགོས་སྙམ་ཙ་ན། ཁྱུང་དང་ཀླུའི་སྲིན་པོ་ནཱ་ག་རཀྵ་དཔག་ཏུ་མེད་པ་སྤྲུལ་ནས་ཀླུ་ཐམས་ཅད་དུམ་བུར་བཅད་ཅིང་ཟོས། དུང་དུ་སྤྲུལ་ཅིང་ཐལ་བྱུང་དུ་བཏང་ངོ་། །དེ་ནས་ཉ་དང་ཆུ་བྱ་དང་། ཆུ་སྲིན་དང་། ཀླུ་དང་། དུང་དང་ཁྱུང་ཐམས་ཅད་ཀྱི་སྤྱི་བོར་བདེ་མཆོག །དེའི་སྤྱི་བོ་བླ་མ་བསྒོམ་ནས་ཐམས་ཅད་ཀྱིས་ཡི་གེ་བདུན་པ་འདྲེན་པ་དང་། བླ་མ་ལ་གསོལ་བ་འདེབས་པ་ཐམས་ཅད་གཅིག་གིས་གཅིག་མ་བསྒྲིབ་པར་བྱུང་བ་དང་། སྔར་གྱི་ནམ་མཁའ་རྣམས་ཀྱང་གསལ་དྭངས་སུ་གཅིག་ཏུ་མཐོང་ཞིང་སྦྱོང་སྤེལ་དང་། སྤྲུལ་སྒྱུར་མ་ཆད་པར་བླ་མའི་མོས་གུས་དང་འབྲེལ་བར་བྱུང་བས། འདི་ལྟ་བུ་སྔོན་གྱི་བྱང་ཆུབ་སེམས་དཔའ་དང་གྲུབ་ཐོབ་རྣམས་ལ་ཡང་མ་བྱུང་ལས་ཆེ་སྙམ་པ་སྐྱེས་པ་དང་། བུ་མེད་གཅིག་ན་རེ།
ཉོན་མོངས་བདེན་འཛིན་ཞིག་གྱུར་ཀྱང་། །གཉེན་པོའི་གཟུང་འཛིན་མ་བྲལ་བས། །ང་རྒྱལ་མ་ཆེ་བདེན་མེད་སྒོམ། །གཟུང་འཛིན་གསེར་གྱི་སྒྲོག་ཡིན་ནོ།
།གསུངས་པ་དང་། སྦྱོང་སྤེལ་གྱི་སྣང་བ་དེ་ཡལ་ནས་ཐལ། དེ་ནས་བྱེ་མའི་རི་ཆེན་པོ་ཞིག་ལ་འཛེགས་པས། ཡར་འཛེགས་པ་ཙམ་གཅིག་མར་ཉིལ་ནས་བྱུང་བ་དང་། ཡང་བུད་མེད་ཅིག་བྱུང་ནས་ཡར་ལ་ཤད་ཀྱིས་ཤོག་ཅིག་ཟེར་བ་ལ། ངས་མ་ཐར་བྱས་པས། བུད་མེད་དེས་ན་རེ། ཁྱོད་བྱང་ཆུབ་སེམས་དཔའ་བས་སྟོབས་ཆེ་སྙམ་པའི་ང་རྒྱལ་ཡོད་པ་ལ། བྱེ་རི་འདི་ལ་ཚེགས་ཅི་ཡོད་ཟེར་ནས་མི་སྣང་བར་ཐལ། དེས་ན་དགེ་སྦྱོར་ཅི་སྐྱེས་ཀྱང་བཟུང་འཛིན་དང་ང་རྒྱལ་གཏན་ནས་སྐྱེ་མི་གཏུབ་པ་འདུག་སྙམ་པ་བྱུང་ངོ་།
།དེ་ནས་ཉི་ཤུ་རྩ་ལྔའི་ཐོ་རངས་རྨི་ལམ་བཟུང་ནས་ཁ་རག་གི་རྩར་ཕྱིན་ནས་ཀླུ་བདུད་འབའ་ར་ནག་པོའི་རྩར་ཕྱིན་ནས་འདུལ་དགོས་སྙམ་ཙ་ན། དེ་བས་མངོན་དགའ་བལྟ་དགོས་སྙམ་ནས་ཁྱུང་གཅིག་ཏུ་བྱས་ནས་ཕྱིན་ཙ་ན། ཡོལ་མདའི་ཐད་ཀའི་ནམ་མཁའ་ལ་ཡི་དམ་དང་ཁྱུང་རིགས་ལྔར་སྤྲུལ་ནས་ཕྱིན་ཙ་ན། མདུན་གྱི་ནམ་མཁའ་ལ།
བླ་མའི་བཞུགས་གནས་མངོན་དགའི་ཞིང་། །མི་བསྐྱོད་བླ་མ་དམ་པ་ལ། །ཞལ་ཏ་གདམས་པ་མི་ཞུ་བར། །མངོན་དགའི་ཞིང་གིས་ཅི་ཞིག་བྱ།
།ཞེས་པའི་སྒྲ་གཅིག་གྲགས་པས་སད་བྱེད་བྱས་ཏེ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། བླ་མ་མི་བལྟ་བར་མངོན་དགས་ཅི་བྱ་སྙམ་ཏེ། གདུང་ཤུགས་ཀྱི་མཆི་མ་ཁྲག་ལྟར་འཛག་ནས་གསོལ་བ་འདེབས་ཤིང་ཕྱིན་པས། གསལ་སྣང་མཆེད་ནས་སོང་སྟེ་རྒྱ་ཆེན་པོ་མཐོང་བ་བྱུང་སྟེ། དེ་ནས་གཟིམ་ཁང་གི་བར་ཁང་དུ་ཕྱིན་པ་དང་། བླ་མ་དེ་ན་མི་བཞུགས་པར་འདུག །སྟེང་དུ་ཕྱིན་པ་དང་། ཡོན་བདག་ཀུན་དགའ་དང་གཉིས་འདུག་ནས། བླ་མ་ལ་ཕྱག་འཚལ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ་ནས་ཆོས་ཤིག་གསུང་བར་ཞུ་བྱས་པས། བླ་མའི་ཞལ་ནས།
བླ་མའི་བཞུགས་གནས་རྡོ་རྗེ་གདན། །ང་ནི་དྲུག་པ་རྡོ་རྗེ་འཆང་། །མོས་གུས་འོད་གསལ་མ་འདྲེས་ན། །དམིགས་པའི་ཡུལ་སྣང་ཀུན་མི་མཐོང་།
དེ་བས་སྔར་བཞིན་གསོལ་བ་ཐོབ་གསུངས། ནང་པར་དངོས་གྲུབ་ཕུག་ན་དཔོན་རྒྱ་རེ་བ་ལ་ཡི་གེ་དེ་བསྐུར་ནས། བླ་མ་གང་ན་བཞུགས་བལྟར་བཏང་བས། གཟིམ་ཆུང་གི་སྟེང་མགོན་པོའི་དྲུང་ན། བླ་མ་དང་ཡོན་བདག་ཀུན་དགའ་གཉིས་འདུག་ནས། ཡི་གེ་ཕྱག་ཏུ་གཏད་དགོས་སྙམ་པ་དང་། བླ་མའི་ཞལ་ནས། མདང་སུམ་སློབ་དཔོན་ལ་ཆོས་བཤད་ཡོད་ཡི་གེ་བསྟན་མི་དགོས། ཡུལ་སྣང་གཏན་ལ་ཕེབས་འདུག་སྟེ། དེ་བས་རྨི་ལམ་དུ་ཁྱུང་དང་ཡི་དམ་དུ་སྤྲུལ་པའི་དུས་སུ་ང་ལ་མཆི་མ་འཁྲུག་པའི་མོས་གུས་དེ་སྐད་ཅིག་མའི་དགའ་བ་ཡིན་གྱིས། དེ་ལ་སོགས་པའི་གསུང་འཕྲིན་བསྐུར་ནས་བྱུང་ངོ་། །དེ་ནས་སྟོན་ཟླ་ར་བའི་ཚེས་གཅིག་ལ་བླ་མའི་སྤྱན་སྔར་ཕྱིན་ལ། སྦྲང་རྩི་དང་། དར་དང་། མཆོད་པ་ཕུལ་ནས་སྨོན་ལམ་བཏབ་དགོས་སྙམ་ཙ་ན། གནམ་སྟོང་གི་ཐོ་རངས་ཁ་འདྲེ་གདོན་གྱིས་ཆོ་འཕྲུལ་ཆེན་པོ་བསྟན། ཁྱད་པར་དུ་སྐར་ཆུང་རྒྱལ་པོས་ཆོ་འཕྲུལ་ཆེན་པོ་བསྟན་པ་ལ། གདོན་གཞན་རྣམས་ཁྱུང་དུ་བྱས་ནས་བཏུལ་བས་ཐུལ། རྒྱལ་པོ་དེ་ལ་རྟ་མགྲིན་དུ་བྱས་ནས་རྟ་མགོ་མེ་འབར་བས་ཁོས་ཀྱང་ལྷ་ཁང་དུ་བྱས་ཏེ་སྡེར་སོ་མང་པོ་འཐབ་ཏུ་བྱུང་། ལྷ་ཁང་བསྒྱེལ། ལྡེར་སོ་བཤིག་པ་དང་། སྤྲེའུ་མང་པོ་བྱུང་བ་ལ། སྟག་ཏུ་སྦྲུལ་ནས་ཟོས་པའི་རྗེས་ལ། བྱམས་སྙིང་རྗེ་དྲག་པོ་སྐྱེས་པ་དང་། རྒྱལ་པོ་དེ་སྤྲེའུ་རལ་གུ་སྟག་གི་ཤམས་ཐབས་གྱོན། བྱ་ཕོ་གཅིག་ཁྲིད་ནས་ང་ལ་ཕྱག་ཞུང་ཞུང་བྱེད་ཅིང་འདུག །རྗེས་སུ་བཟུང་བར་ཞུ་ཟེར་ནས་ཁོ་དེ་ནས་ཐུལ་ལོ།
།ནང་པར་བླ་མའི་སྤྱན་སྔར་ཕྱིན་ཙ་ན། བླ་མའི་ཞལ་ནས། མདངས་སྐར་ཆུང་རྒྱལ་པོས་སྤྲེའུའི་གོས་གྱོན་ནས་ཕྱག་བྱེད་པ་དེ། ཁོ་མོས་པས་གཏིང་ནས་ཐུལ་བ་ཡིན། ངས་ཀྱང་དང་པོ་སྐར་ཆུང་རྒྱལ་པོ་དེས་སྨྱོ་བ་མང་པོ་བྱུང་ནས་སྨྱོ་བཏུལ་བས། ཁོ་དང་ལོ་གསུམ་འགྲས་ནས། ཁྱི་དང་སྤྲེའུ་དང་། ལྷ་ཁང་འཇིག་པར་བྱས་ཤིང་ཆོ་འཕྲུལ་སྟོན་དུ་བྱུང་། དེ་ནས་ངས་རྨི་ལམ་བཟུང་ཞིང་རེས་རྟ་མགྲིན་གྱིས་བཏུལ། རེས་བྱམས་པ་བསྒོམ་པས་དེ་ལ་ཁོ་མོས་ནས་སྤྲེའུའི་རས་གུ་གྱོན་ནས། ཕྱག་ཞུང་ཞུང་བྱེད་ཅིང་བཀའ་འབངས་བགྱིའོ་ཟེར་ནས་བྱུང་སྟེ། དུས་དེ་ནས་བྲན་བཞིན་དུ་ཉན་པར་བྱུང་ནས། སྐར་ཆུང་རྒྱལ་པོ་འདུལ་བ་ལ་བྱམས་པ་སྟོབས་ཆེ་བར་འདུག །དེ་རིང་སྨོན་ལམ་འདེབས་པ་འདི་ལ་ལས་ངན་དང་གདོན་ཐམས་ཅད་ལངས་པ་ཡིན། ལས་ངན་འདི་འཛད་པའི་ཐབས་ལ་སྨོན་ལམ་འདི་ཁོ་ན་ཟབ་པར་འདུག་གསུངས་སོ། །དེ་ནས་སྟོན་ཟླ་འབྲིང་པོ་ལ་བྲག་དགོན་དུ་མཚམས་ཀྱིས་ལ་ལོ་གཅིག་དགེ་སྦྱོར་དྲག་པོ་གྱིས་གསུངས་ནས། ལོ་གཅིག་ཏུ་མགོ་སྔས་ས་ལ་མི་འཇོག་པར་སྐྱིལ་ཀྲུང་མི་འཇིག་པའི་དམ་བཅའ་དྲག་པོ་བྱས་ནས་བསྒོམས་པས། ནམ་ཕྱེད་ལ་གཉིད་ཐུམ་རེ་ལོག །དེ་ལས་གཉིད་དབང་དུ་མ་བཏང་། ངས་ནམ་ཚོད་བྱ་ཡིས་ཟེར་བའི་སྐད་ལྷང་བ་གསུམ་བྱུང་། དེ་ནས་བཟུང་སྟེ་གཉིད་ཨན་ཙམ་ཆེས་བ་དང་། མིང་ནས་བོས་ཀྱིན་གཉིད་སད་རན་དགེ་སྦྱོར་གྱིས་ཟེར་བ་ནུབ་གཅིག་མ་ཆགས་པར་བསྐུལ་བྱུང་། དེའི་སྟོབས་ཀྱིས་གཉིད་དབང་དུ་མ་སོང་བར་བྱས་ནས་དགེ་སྦྱོར་ལ་འབད། རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་། ནུབ་གཅིག་རྨི་ལམ་བཟུང་ནས་ཨོ་རྒྱན་བལྟར་འགྲོ་སྙམ་ནས་ནམ་མཁའ་ལྡིང་གི་གཟུགས་སུ་སྤྲུལ་ནས་ཕྱིན་པ་དང་། ཕྱོགས་གཅིག་ན་ནགས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུར་བཅས་པ་བར་བར་ན་མཚོ་པདྨས་བརྒྱན་པ་དང་། ནེའུ་སེང་མེ་ཏོག་གིས་བརྒྱན་པ་དང་། ནགས་ཚལ་ཤིང་ཏོག་དང་མེ་ཏོག་ཐམས་ཅད་ལས་འོད་ཆེན་པོ་བྱུང་བ་དང་། མཐོང་བ་ཙམ་གྱིས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་བ་འདུག་ནས། དེར་ཕྱིན་པ་དང་ནགས་དེའི་དཀྱིལ་དུ་བྱང་ཆུབ་ཀྱི་ཤིང་གི་སྡོང་པོ་ཆེན་པོ་ཡལ་ག་དང་ལོ་འདབ་རྒྱས་པའི་མེ་ཏོག་ཁ་དོག་སྣ་ཚོགས་པའི་སྟེང་ན། སངས་རྒྱས་སྟོང་རྩ་གཉིས་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཀྱི་རང་བཞིན་ཅན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། རང་རང་གི་འཁོར་དཔག་ཏུ་མེད་པས་བསྐོར་བ་བཞུགས་འདུག་པ་མཐོང་ནས། ཡིད་ཀྱིས་སྤྲུལ་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ་ནས་གསོལ་བ་བཏབ་པས། དེ་རྣམས་ལས་འོད་ཟེར་བྱུང་ནས་ལུས་ལ་ཐིམ་པས་ལུས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ་བདེ་ལ་ཞེན་པ་མེད་པའི་རྒྱལ་བ་ལོངས་སྐུར་གྱུར་ནས་ཐལ། དེ་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོའམ། མཐར་ཐུག་རྒྱལ་བ་ལོངས་སྐུར་ཐག་ཆོད་ནས་སངས་རྒྱས་སྟོང་ཙམ་བྱོན་ཀྱང་མཐར་ཐུག་གི་དོན་དེ་ལས་མེད་པ་ཡིན་ནོ་བྱ་བའི་བརྡར་འདུག་སྙམ་པ་བྱུང་ཡིན་ནོ།
།དེ་ནས་བྲག་དགོན་དུ་མཚམས་བྱས་པའི་ཐོ་རངས་ཁ་ཅིག་རྨི་ལམ་བཟུང་ནས་བྲག་ལོག་ལ་ཕར་ཐལ་ཚུར་ཐལ་དུ་སྦྱངས། དེ་ནས་ཟད་པར་ས་དང་། ཆུ་དང་མེ་དང་རླུང་དུ་སྤྲུལ་ནས་དེར་གྱུར་ནས་སོང་ངོ་། །དེ་ནས་མདུན་དུ་འབུམ་གྱི་ཤོག་བུ་གཉིས་འདུག་པ་དང་། བུད་མེད་གཅིག་བྱུང་ནས་འདི་འདོན་དང་ཟེར་ནས་བཏོན་པས་ཡང་ན་རེ། ཁྱོད་ཀློག་མཁས་པར་འདུག །ཡི་གེ་འདི་རྣམས་ལ་སྦྱོང་སྤེལ་གྱིས་དང་ཟེར་ནས། ཡི་གེ་རེ་རེའི་སྣག་ཚའི་ལམ་གར་འདུག་ཐམས་ཅད་དུ་བདེ་མཆོག་ལྷ་ལྔ་རེ་རེའི་སྦྱོང་སྤེལ་བྱས་པས་སྣག་ཚ་ལ་ཚུར་མ་ཐལ་ཤོག་གུ་ལས་ཕར་མ་ཐལ་བར་སྦྱོང་སྤེལ་བྱས་པས། གསོལ་བ་ཐོབ་དང་ཟེར་ནས་ལྷའི་སྤྱི་བོར་བླ་མ་བསྒོམས་ནས་གསོལ་བ་འདེབས་ཤིང་སྣག་ལམ་ཐམས་ཅད་སྦྱོང་སྤེལ་གཅིག་གིས་གཅིག་ལ་མི་འགྲིབ་པ་བྱུང་བ་དང་བུད་མེད་དེ་ན་རེ།
ཤིན་ཏུ་བཀྲག་པའི་སྣག་ལམ་ལ། །ཕྱི་ནང་གར་ཡང་མ་ཐལ་བར། །བདེ་མཆོག་ལྷ་ལྔའི་སྦྱོང་སྤེལ་འདི། །ཀུན་ཀྱང་མ་འདྲེས་གསལ་བར་སྣང་། །སྒྱུ་མ་འོད་གསལ་དབྱེར་མེད་དོན།
ཨེ་མ་ཨ་ལ་ལ་ཟེར་ནས་མི་སྣང་བར་ཐལ་ལོ། །དེའི་དུས་སུ་མོས་གུས་ཀྱི་ཤུགས་ཆེན་པོ་བྱུང་ནས། བླ་མ་ལ་གསོལ་བ་བཏབ་སྟེ། བདག་གི་ཡི་དམ་གང་ཡིན་ལུང་བསྟན་དུ་གསོལ་ཞེས་བྱས་པ་དང་། ནམ་མཁའ་ལ་འོད་གཅིག་སྐྱ་ནར་བྱུང་བའི་སྣ་ལ་མེ་རི་དཀར་པོའི་དཀྱིལ་ན་མཁའ་སྤྱོད་མ་དཀར་མོ་ཞལ་འཛུམ་པའི་མདངས་དང་ལྡན་པ་འོད་དང་འོད་ཟེར་གྱི་རང་བཞིན་གཅིག་བྱོན་ནས། དེ་ལ་ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ཕུལ་བ་དང་། མཁའ་སྤྱོད་མ་ལས་འོད་ཟེར་དཀར་པོ་ཞིག་བྱུང་ནས་བདག་གི་ལུས་ལ་ཐིམ་པ་དང་། མཁའ་སྤྱོད་མའི་ཞལ་ནས། དགའ་བའི་བདེ་སྟེར་དབྱེར་མེད་ཀྱི། །མཁའ་སྤྱོད་གནས་སུ་བགྲོད་པར་བྱ། །ལན་གསུམ་གསུངས་སོ། །དེ་བླ་མའི་བཀའ་དྲིན་ཡིན་སྙམ་ནས། གསོལ་བ་འདེབས་ཤིང་ཡང་བླ་མ་སྤྱི་བོ་ནས་སྙིང་གར་བསྟིམ་ཞིང་མཆོད་པ་ཕུལ་བས། ལུས་མང་པོར་སྤྲུལ་ནས་ལུས་རེ་རེ་ལ་བསྟོད་པ་རིགས་མི་འདྲ་བ་རེ་བྱས་སོ།
།རྨི་ལམ་སྦྱོང་སྤེལ་དང་མོས་གུས་འབྲེལ་བ་དེས་ཉིན་པར་དགེ་སྦྱོར་སྔར་ལས་སྟོབས་ཆེ་བར་བྱུང་། དེའི་ནུབ་མོ་སྟོབས་སྐྱེས་ནས་བོགས་ཆེན་པོ་བྱུང་བས། སྐྱོ་ཤས་དང་མོས་གུས་འདུན་པ་གསུམ་དུ་འབྲེལ་ན་ཟླ་གཅིག་ཙམ་གྱིས་སངས་རྒྱ་བར་འདུག་སྙམ་པ་བྱུང་ངོ་།
།སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་གསུམ་གྱི་ཐོ་རངས་རྨི་ལམ་བཟུང་ནས་བླ་མའི་སྤྱན་སྔར་ཕྱིན་ནས། མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པ་དང་། བླ་མ་ཕྱག་ན་རྡོ་རྗེ་སྐུ་ཤིན་ཏུ་ཆེ་བ་དབུ་སྐྲ་ཁམས་སེར་གྱེན་དུ་བརྫེས་པས་ནམ་མཁའ་ཐམས་ཅད་ཁེངས་པ་གཅིག་ཏུ་གྱུར་ནས་སོང་། དེ་ནས་ནམ་མཁའ་ཁེངས་པའི་དབུ་སྐྲ་འདི་རྣམས་ལ་སྦྱོང་སྤེལ་གཅིག་བྱ་དགོས་སྙམ་ནས། བདེ་མཆོག་དན། རྗེ་བཙུན་མ་དང་། རྟ་མགྲིན་ལ་སོགས་པར་སྤྲུལ་ནས། དབུ་སྐྲ་ཉག་མ་རེ་ལ་ཕར་ཐལ་ཚུར་ཐལ། ཡར་ཐལ་མར་ཐལ་དུ་སྦྱངས་པས་དབུ་སྐྲ་རྣམས་ཇེ་ཕྲ་ཇེ་ཕྲ་བ་སྤུ་ཙམ་དུ་གྱུར་པ་དང་། དབུ་སྐྲ་ཕྲ་མོ་དེ་རྣམས་ཀྱི་ནང་ནས་ཡར་བདེ་མཆོག་ལྷ་ལྔ་མང་པོ་དང་། དགྱེས་རྡོར་ལྷ་དགུ་དང་། མ་ཧཱ་མ་ཡ་ལྷ་ལྔ་རྣམས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྤྲུལ་ནས། གཅིག་གི་གཅིག་མ་བསྒྲིབ་པར་གསལ་བ་དེ་ལ་རང་རང་གི་སྔགས་སྒྲ་དི་རི་རི་སྒྲོག་པ་དང་། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་བླ་མས་བྱས་ནས་གསོལ་བ་གདབ་བོ། །ཐུན་མོང་མ་ཡིན་པའི་མོས་གུས་སྐྱེས་པ་དང་། ནང་པར་ཚ་བ་ཐོན་པའི་རྗེས་སུ་བླ་མ་བྱོན་ནས། ད་ནང་ཐོ་རངས་ངའི་སྐྲ་ལ་རྨི་ལམ་སྦྱོང་སྤེལ་དང་། སྐྲ་ཤིན་ཏུ་ཕྲ་བའི་ནང་དུ་དཀྱིལ་འཁོར་ལྷ་ཚོགས་བཀོད་པ་ཕྲ་བ་རྩལ་ཆེ་བ་ཡིན་ཏེ། དེ་བས་ཀྱང་ཉིན་པར་ས་གཞིའི་སྟེང་གི་རྡུལ་ཕྲ་རབ་ཁབ་རྩེ་བས་ཆུང་བ་འདི་རྣམས་ཐམས་ཅད་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་སྒོ་རྟ་བབས་འདོད་ཡོན་ལྷ་མོ་དང་། དུར་ཁྲོད་བརྒྱད་ཀྱི་ཤིང་བརྒྱད། ཕྱོགས་སྐྱོང་ལ་སོགས་པ་ཐམས་ཅད་རྫོགས་པར་གསལ་བ་དང་། ལྷ་ཚོགས་ཐམས་ཅད་ཀྱི་སྤྱན་གསུམ་དང་། མཆེ་བ་བཞི་དང་། རུས་པའི་རྒྱན་དང་། མི་མགོའི་ཕྲེང་བ་དང་བཅས་པ་མ་འདྲེས་པར་གསལ་བ་འདི་ང་ལ་གཏན་དུ་འཆར་བར་འདུག །ནུབ་མོ་རྨི་ལམ་བས་ཉིན་པར་འདི་དཀའ་འདུག །ངས་བླ་མ་སྐྱེར་སྒང་པ་ལ་ཞུས་པས། ཉིན་གྱི་འདི་ལྟ་བུ་ངས་ཀྱང་མི་ཡོང་བར་འདུག །ཁྱོད་ཀྱི་འདི་ལྟ་བུ་རྨི་ལམ་གྱི་མཐར་ཐུག་ཡོད་པ་མ་གཏོགས་པ་སུ་ཡང་བློར་མི་ཤོང་བར་འདུག་པས། ད་ཉིན་པར་གྱི་འདི་ལྟ་བུ་ཡོང་བར་འདུག་གམ་ལྟོས་ཤིག་གསུངས་ནས་ཞག་བདུན་དུ་བསྒོམས་པས། རྡུལ་ཕྲ་རབ་དེ་ལྷན་སྐྱེས་སུ་གསལ་བ་ཙམ་བྱུང་། དེ་ལས་ལྷའི་དཀྱིལ་འཁོར་རྫོགས་པར་གསལ་བ་ཙམ་མ་བྱུང་བས། དེ་ལ་ཇི་ལྟར་བྱ་ཞུས་པས། ཉིན་པར་གྱི་ནུབ་མོ་རྒྱས་ཐོབ། རྨི་ལམ་གྱི་ལྷ་སྐུ་ཕྲ་མོས་ཉིན་པར་རྒྱས་ཐོབ་ལ་སྒོམ། དེས་ཇི་ལྟ་བ་བཞིན་དུ་ཡོང་བ་ཡིན་ནོ། །ལར་ད་ལྟ་རྨི་ལམ་གྱི་ཉམས་མྱོང་མེད་པར་དཀྱིལ་འཁོར་རྒྱས་པར་བསྒོམ་པར་འདུག་སྟེ། གཙོ་བོ་གསལ་ན་འཁོར་མི་གསལ། འཁོར་གསལ་ན་གཙོ་བོ་མི་གསལ། ལོང་བའི་དབྱུག་སྐོར་དང་འདྲ་གསུངས་སོ།
།སྟོན་ཟླ་འབྲིང་པོ་ལ་བྲག་པོ་ཆེར་བསྒོམ་པའི་དུས་སུ། གཞི་བདག་དེས་ཆོ་འཕྲུལ་ཆེན་པོ་བསྟན་པ་ལ། རྨི་ལམ་བཟུང་ནས་ཁྱུང་དུ་བྱས་ནས་བརྟུལ་བས། ཁོ་རང་གི་རང་གཟུགས་སུ་གྱུར་ཏེ་མི་གཟུགས་ཆེ་བ། ཤ་རྒྱས་པ། གསེར་གྱི་རལ་པ་ཡོད་པ་གཅིག་ཏུ་བྱས་ནས། བླ་མ་ཁྱེད་ལ་ཆོ་འཕྲུལ་བསྟན་པ་བཟོད་པར་གསོལ། ད་ནི་བདག་གིས་ཡོན་བདག་བགྱིད་ཅིང་། བཀའ་འབངས་སུ་བགྱི་བས། བདག་གི་སྲོག་སྔགས་བཞེས་སུ་གསོལ། ཞེས་སྲོག་སྙིང་ཕུལ་ལོ། །དེ་ནས་ཡང་སང་དགོང་བྱུང་ནས། ནུབ་མོ་དབང་བསྐུར་ཞུ། ཉིན་པར་ཆོས་ནམ་གསུངས་གསུངས་ཀྱི་དུས་སུ་ཞུ་བ་ཡིན་ཟེར། ནུབ་ཚེ་དབང་ཞུས། ཉིན་པར་གྲྭ་པ་རྣམས་ལ་ཆོས་བཤད་པའི་དུས་སུ་གྲྭ་པའི་གཟུགས་སུ་བྱས་ནས་བདག་གི་པུས་མོའི་སྟེང་དུ་མཐུན་རྐྱེན་སྒྲུབ་ཅིང་གུས་པར་བྱུང་ངོ་།
།ཡང་དགུན་ཟླ་བ་གཉིས་བྲག་དགོན་དུ་མཚམས་བྱས་པའི་དུས་སུ་ནམ་སྲོད་ལ་བཙན་མི་དམར་རྟ་དམར་ཅན་གོ་མཚོན་བཟང་པོ་འཁོར་མང་པོས་བསྐོར་བ་ཞིག་བྱུང་ནས། དང་པོར་བར་ཆད་བྱད་དུ་བྱུང་བ་དང་། ཁྲོ་བོ་མང་པོར་སྤྲུལ་ནས་བརྟུལ་བས། ཁོས་རྟ་དེ་ཕུལ་ནས་དབང་ཞུས་པས་ད་ནི་བདག་གིས་འབངས་དང་བཀའ་སྲུང་བགྱི་བས་བདག་གི་སྒྲུབ་ཐབས་འདི་རྣམས་བཞེས་སུ་གསོལ། བདག་བྲག་བཙན་བྲག་རྗེ་བྱ་བ་ལགས། གཡོན་གྱི་འདི་ཀླུ་བཙན་བྲག་རྒོད་བྱ་བ་ལགས། མདུན་གྱི་འདི་ཀླུ་བཙན་དྲག་པོ་བྱ་བ་ལགས། འཁོར་འདི་གསུམ་གྱིས་སྐྱེ་འགྲོའི་སྲོག་དབུག་བསྡུད་པའི་བདག་པོ་ལགས། མ་མོ་གཤིན་རྗེ་ལྷ་མགོན་ལ་སོགས་པ་གང་བས་ཀྱང་ལས་མྱུར་ཞིང་སྟོབས་ཆེ་བར་འདོག །ཐུགས་ལ་ལེགས་པར་བཟུང་འཚལ། དེ་ལ་གནས་ནི་བྲག་དམར་པོའི་སྟེང་ན་ཁྲ་ཚང་འཆའ་བ། གཡས་སུ་ཆུ་འབབ་པར་བྱའོ། །དུས་ནི་ཉི་ཤུ་རྩ་ལྔའི་ནམ་ཕྱེད་ཉིན་ཕྱེད་ནས་འགོ་གཟུག་གོ །རྫས་ནི་དམར་པོའི་ཁམས་སའི་གསོབ་རྟེན་དུ་གཟུག །རའི་སྙིང་དང་ཁྲག་གིས་མཆོད་དོ། །སྒྲུབ་པའི་ཐབས་ནི། སྒྲུབ་ཁུང་གྲུ་གསུམ་པ་དགྲ་བོའི་སྙིང་གི་གཟུགས་བཞི་བྱས་པ་ལ་གཅིག་དཀྱིལ་དུ་བཞག །དེའི་སྟེང་དུ་ངའི་གཟུགས་མི་རེང་དམར་པོ་གཡས་རལ་གྲི་གཡོན་དགྲ་སྙིང་ཟ་བ་ཞིག་བྱས་ལ། སྙིང་གར་སྲོག་སྔགས་བཞག །སྙིང་ཟུར་གསུམ་ལ་བཞག །དེ་གསུམ་གྱི་སྟེང་དུ་གཡས་སུ་ཆུ་བཙན། གཡོན་དུ་ཀླུ་བཙན། མདུན་དུ་བདུད་བཙན་གྱི་གཟུགས་བཞག །འཁོར་གསུམ་གྱི་གཡས་ཞགས་པ་དམར་པོ་ཐོགས་པ། གཡོན་གྱིས་གྱེ་བོ་བཟུང་བ་རེ་བྱ། སྙིང་གར་སྲོག་སྔགས་བཞུགས་སོ། །སྔགས་ནི་ཏྲི་ཤོ་ས་མ་ཡ་ཨ་ཤོ་ཀ་དགྲ་བོའི་ཙིཏྟ་ལ་རྦད་ཐུམ། གཙོ་བོའི་སྔགས་ལ་སོགས་པ་ཕུལ་ནས་ཆོ་འཕྲུལ་དང་སྲོག་དང་དྲག་སེར་གསུམ་གྱི་སྒྲུབ་ཐབས་ལན་གསུམ་ཕུལ་ནས། ཕྱག་འཚལ་བསྐོར་བ་བྱས་ཏེ་རྒྱབ་མི་སྟོན་པར་ཟུར་འགྲོས་བྱས་ནས་སོང་ངོ་། །དེ་ནས་གཉིད་སད་པ་དང་སྒྲུབ་ཐབས་རྣམས་ཤིན་ཏུ་གསལ་བར་འདུག་ནས། བྲི་དགོས་སྙམ་ཙ་ན་ཐབ་ན་མེ་དང་མར་མེ་གཉིས་ཀ་མི་འདུག །ནང་པར་གྲོ་ཐོན་ནས་བརྩོན་འགྲུས་དར་ལ། མདང་བཙན་གཅིག་གིས་སྒྲུབ་ཐབས་ཕུལ་ནས་ཡོད་པས་བྲིས་དང་། མདང་མེ་དང་མར་མེ་མེད་པས་མ་བྱུང་། དེ་རིང་ན་བས་ཡི་གེ་མི་ཡོང་བར་འདུག་བྱས་པས་ཡང་ཡིག་མཁན་ཡང་མ་བྱུང་། དེ་ནས་ཞག་ལྔ་ནས་ཐེ་ཚོམ་བྱུང་བས་ཡི་གེར་མ་བཀོད། དེ་ད་ལྟ་ཡོད་ན་ལས་མྱུར་ལ་རྟགས་ཆེ་བ་ཞིག་ཡོང་བར་འདུག་སྟེ། ལར་སྒྱུ་ལུས་ཀྱི་ཉམས་ཀྱི་བདེན་མེད་འདི་དང་། ཁམས་ངན་པས་ནམ་འཆི་ཆ་མེད་སྙམ་ནས་ལྷ་འདྲེའི་སྒྲུབ་ཐབས་ཕུལ་བ་རྣམས་མ་བྲིས། དགོས་ཙ་ན་དྲན་ནས་ལྷ་འདྲེ་བརྟུལ་ཡང་གྲིབ་དང་འདྲེས་པའི་དུས་སུ་ལྷ་འདྲེ་བཟང་པོ་རྣམས་ཀྱི་སྲོག་སྔགས་རྣམས་ཇི་ལྟ་བ་བཞིན་མི་ཡོང་བར་འདུག །མི་གྲིབ་ཅན་ལོག་ལྟ་ཅན་དམ་སེལ་ཅན་ལ་དབང་བསྐུར་མང་པོ་བྱས་ན་དེས་གསལ་སྣང་མང་པོ་འགྲིབ་པ་བྱུང་ཡང་བྱ་རོག་བྲག་ལ་མཚམས་༼W23708 vol.2 p.150 / MW0TTBBC0066 p.85: བཅད་པའི་ཐོ་རངས་རྨི་ལམ་བཟུང་ནས། བདེ་མཆོག་ལྷ་ལྔའི་གཞལ་ཡས་ཁང་དུ་སྤྲུལ་ནས། ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་རིགས་ལྔའི་སྤྲུལ་བསྒྱུར་སྣ་ཚོགས་པ་བྱས་པ་དང་། ནམ་མཁའ་ལ་རྗེ་བཙུན་མ་སྒྲོལ་མ་བྱོན་ནས། འཇམ་དཔལ་དང་། ཐུགས་རྗེ་ཆེན་པོ་དང་། མཁའ་ལྡིང་རྒྱལ་པོ་དང་གསུམ་ལ་གསོལ་བ་ཐོབ་ཅིག །ཆོས་སྟོན་པར་འགྱུར་རོ། །གསུང་ནས་མི་སྣང་བར་གྱུར་ཏོ།
།དེ་ནས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ་སྟེ། ཡང་དག་པའི་ཆོས་བསྟན་དུ་གསོལ་བྱས་ནས་གསོལ་བ་བཏབ་པ་དང་།
༼མེ་ཏོག་གི་སྡོང་པོ་འཇའ་འོད་ཀྱི་སྐོར་བ་གཅིག་གི་སྟེང་ན། འཇམ་དཔལ་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་སྐོར་ནས་འདི་སྐད་གསུང་ངོ།༽
རི་བ་མེད་དང་མི་རྟག་བསྒོམས། །འཛིན་མེད་མཐར་ཐུག་ཡེ་ཤེས་མཆོག །ཅེས་གསུང་པ་དང་། འཇམ་དཔལ་གྱི་དབུའི་སྟེང་ནས། འོད་ཟེར་སྣ་ཚོགས་བྱུང་ནས་བདག་གི་སྤྱི་གཙུག་ཏུ་ཐིམ་པ་དང་། ལུས་གསེར་གཙོ་མའི་མདོག་ལྟ་བུར་གྱུར་ཏོ།
།འཇམ་དཔལ་གྱི་གཡས་ཕྱོགས་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། ལྷའི་བུ་དང་བུ་མོའི་ཚོགས་ཀྱི་བསྐོར་ནས། མི་རྟག་བྱམས་དང་སྙིང་རྗེ་བསྒོམས། དམིགས་མེད་མཐར་ཐུག་ཡེ་ཤེས་མཆོག །ཅེས་གསུང་པ་དང་། གཙོ་འཁོར་གསུམ་ལས་འོད་ཟེར་བྱུང་སྟེ། བདག་གི་མགྲིན་པར་ཐིམ་པར་གྱུར་ཏོ། །འཇམ་དཔལ་གྱི་གཡོན་ནས་ཁྱུང་འཐིང་ཁ་རིགས་ལྔའི་ཚོགས་ཀྱིས་བསྐོར་ནས། མི་རྟག་སྣང་སྟོང་བདེ་ཆེན་བསྒོམས། ཞེན་བྲལ་བདེ་ཆེན་ཡེ་ཤེས་མཆོག །ཅེས་གསུངས་པ་དང་། ཁྱུང་གི་གནས་ལྔ་ནས་འོད་ཟེར་བྱུང་སྟེ། བདག་གི་སྙིང་ཁར་ཐིམ་པས་ལུས་སེམས་བདེ་སྟོང་དབྱེར་མེད་དུ་གྱུར་ཏོ།
།དེ་ནས་ཁྱུང་རིགས་ལྔ་ལ་ཁྱུང་གི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ནམ་མཁའ་ལ་འཕུར་ནས་ཕྱིན་ཏེ། ཤར་ཕྱོགས་མངོན་དགར་བླ་མ་དང་མཇལ་དུ་འགྲོ་དགོས་སྙམ་ནས་ཕྱིན་པ་དང་། ནམ་མཁའ་ལ་མེ་ཏོག་གི་ཆར་བབས་ཏེ། ལྷའི་བུ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་ལ་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ནས་འདི་སྐ་་་་ཟེར་རོ།
།ང་ནི་དག་པའི་ཞིང་ནས་འོངས། །བདེ་བར་གཤེགས་པ་འཇིག་རྟེན་མཁྱེན། །པད་མའི་དཔལ་ཞེས་བྱ་བ་ཡི། །བདག་ནི་རིམ་གྲོ་བ་ཡིན་ནོ། །བཅོམ་ལྡན་དེ་ནི་བལྟ་འདོད་ན། །ཚད་མེད་མོས་གུས་ཆེན་པོ་བསྐྱེད། །འགྲོ་ལ་བྱམས་དང་སྙིང་རྗེ་སྒོམ། །བླ་མའི་བཞུགས་གནས་རྡོ་རྗེ་གདན། །མཁའ་འགྲོ་འདུ་བའི་ཕོ་བྲང་འདིར། །ཚེས་བཅུའི་ཐོ་རངས་མངོན་དགའ་ནས། །མཁའ་འགྲོའི་ཚོགས་བཅས་བྱོན་ནས་ཀྱང་། །དངོས་སུ་ཞལ་སྟོན་ལུང་བསྟན་འགྱུར། ཞེས་ཟེར་ནས་མི་སྣང་བར་གྱུར་ཏོ།
།དེ་ནས་བུད་མེད་ཆས་བཟང་བདབག་ཏུ་མེད་པ་མདུན་དུ་བྱུང་ནས། ཕྱག་འཚལ་བསྐོར་བ་བྱེད་ཅིང་ནམ་མཁའ་ལ་གར་བསྒྱུར་ནས་འདི་སྐད་དོ།
།ཅིར་སྣང་རང་གི་སེམས་ཡིན་ནོ། །སེམས་ནི་སྒྱུ་མ་རྨི་ལམ་མོ། །དེ་ཉིད་འཛིན་བྲལ་ཕྱག་རྒྱ་ཆེ། །མ་ཡེངས་དྲན་པའི་རྩི་ཡིས་གཟུང་། །ཅིར་སྣང་བླ་མ་ལམ་དུ་ཁྱེར། །གདུང་ཤུགས་འབྲལ་མེད་གསོལ་བ་ཐོབ། །རང་སེམས་བླ་མར་མ་ཤར་ཚེ། །མཆོད་བསྟོད་མོས་གུས་རྒྱུན་མ་བཅད། །མཁའ་འགྲོའི་ཚོགས་རྣམས་གར་བསྒྱུར་བ། །སྣང་བ་སེམས་སུ་ཐག་ཆོད་པའི། །སློབ་དཔོན་ཡིན་པར་གོ་བར་གྱིས། །ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ། །སྣང་སེམས་གཅིག་ཏུ་རྟོགས་པ་ཡི། །ཉམས་མྱོང་མཉམ་རྗེས་མེད་པ་འབྱུང་། གསུང་ངོ་།
།ཡང་བྲག་བྱ་རོག་འོག་ཏུ་མཚམས་༽ ཟླ་བ་གཅིག་བྱས་པས། དགོང་གཅིག་མི་སྐུ་ཕོད་དེ་བ། ཤ་མདོག་དཀར་བ། དར་སྔོན་པོའི་ཐོད་བཅིངས་པ། བེར་སྔོན་པོ་གྱོན་པ། རྐང་གོས་དང་སྔོ་ཁྲ་ལས་བྱས་པ། ལྷམ་སག་རི་ལ་བྱས་པ། སྦྲུལ་གྱིས་ལྷམ་སྒྲོག་བྱས་པ། རྟ་སྔོན་པོ་ཞོན་སྨན་མང་པོ་ཁྱེར་ནས་ང་ལ་འབུལ་དུ་བྱུང་བ་དང་། ཁྱེད་ག་ནས་འོང་། སྨན་འདི་ཙམ་གང་ནས་ཉོས། ཁོ་ན་རེ། བླ་མས་ང་མ་མཁྱེན་པར་འདུག་པ། ངས་བྲག་དགོན་དུ་དབང་ཞུས་ལོ་གསུམ་སོང་། དེ་དུས་སུ་དབང་ཡོན་ལ་རས་དང་བུ་རམ་ཕུལ་བ་དེ་ལགས། བདག་གི་ཡུལ་ནི་ཚ་རགས་ཀྱི་བྲག་རིང་ན་བདོག །ཟླ་བ་གཅིག་ནས་བསྙུང་གཞི་ལྡང་བར་འདུག་པས། ངས་མང་ཡུལ་གྱི་གྲོང་དུ་སྨན་འདོན་དུ་ཕྱིན་པ་ཡིན། སྨན་ལུང་ཕུག་ཏུ་རི་ཁྲོད་མཛད་ན་གྲོང་ལ་ཁད་གཅིག་ཡོང་བར་འདུག །དེས་སྐུ་ཆགས་ཁྱེར་ནས་འགྲོ་བར་འདུག །བསྙུང་གཞི་དྭངས་པ་དང་སྒྱུ་ལུས་ཀྱི་དབང་གཅིག་ཞུ་ཟེར་ནས་ཐལ། དེ་ནས་སྨན་ཕུལ་བ་མང་པོ་བྱུང་། རི་གོང་དུ་བླ་མའི་གསེར་སྐུ་གཅིག་བཞེངས་སྙམ་ནས་ལྷ་བཟོ་བ་ལ་ཁ་ཆོས་རེ་བཅུག །དེ་མ་གཏོགས་པ་སྨྲ་བཅད་དང་མཚམས་བྱས་ནས། ནུབ་གཅིག་ནམ་ཕྱེད་ཡོལ་ཙ་ན། བླ་མ་ཆེན་པོ་ཞལ་རས་ཅུང་ནག་ཙམ་མཛད་ནས། བླ་བྲང་གི་སྟེང་གི་ནམ་མཁའ་ལ་བཞུགས་ནས། ཤེལ་གྱི་ཕྲེང་བ་གཅིག་བདག་གི་ལག་ཏུ་གཏད་ནས་འདི་སྐད་གསུངས། ཕག་གི་ལོ་ལ་ལུང་བསྟན་བྱས། །ལོ་ནི་ཕྱེད་དང་བཅུ་གསུམ་སོང་། །ད་ལོ་ཆག་སྒོའི་དུས་ལ་བབས། །ང་ནི་མངོན་དགའི་ཞིང་ནས་འོང་། །དགེ་སྦྱོར་བསྐུལ་མ་འདེབས་སུ་འོང་། །ང་ཡི་གསེར་སྐུ་གཡེང་བའི་རྒྱུ། །གཡེང་བས་བར་ཆད་འཇུག་པ་ཡིན། །ད་རེས་ལུགས་སྐུ་མི་འགྲུབ་བོ། །བུ་འཁོར་དང་དགོན་པའི་བདག་འཛིན་འདི། །བློ་ཡི་ཐོངས་ལ་ཡེངས་མེད་བསྒོམ། །ང་ལ་རྩེ་གཅིག་གསོལ་བ་ཐོབ། །གདུང་ཤུགས་འབྲལ་མེད་མོས་གུས་གྱིས། །སེམས་འདི་འཆི་མེད་ན་མེད་བསྒོམ། །འཆི་རྒྱུ་མེད་པའི་དོན་རྟོགས་པས། །གློ་བུར་འཆི་བའི་ཆགས་ལས་གྲོལ། །དེ་ལྟར་ཉམས་སུ་བླངས་གྱུར་ན། །ཆུ་བཙན་སྔོན་པོས་སྨན་ཕུལ་ནས། །གསོལ་བ་བཏབ་པ་ཇི་བཞིན་དུ། །སྨན་ལུང་རི་ཁྲོད་གུར་ནང་དུ། །རང་གཞན་འཆི་བར་ཐག་ཆོད་ཚེ། །ང་ཡི་བྱིན་རླབས་མོས་གུས་གྱིས། །དེ་དུས་འཆི་བའི་ཆག་ལས་གྲོལ། ལན་གསུམ་གསུངས་སོ།
།དེ་ནས་སྨན་ལུང་གི་རི་ལ་བསྒོམ་པས། བླ་མས་ཇི་ལྟར་གསུངས་པ་བཞིན་བྱུང་ངོ་། །དེ་ནས་དབྱར་གཅིག་བྲག་པོ་ཆེར་བསྡད་པས། མགོན་པོའི་འཁོར་བཞི་བྱུང་ནས། གཏོར་ཆེན་དང་གཏོར་སྒྲུབ་བྱེད་པའི་དུས་སུ། གཏོར་མ་ཉིན་ལན་གསུམ་འབུལ་བའི་དུས་རེ་རེ་ལ། གཏོར་ཆུང་ལྔ་སྟོབ་པ་དེ་གལ་ཆེ་ལན་གསུམ་ཟེར་ནས་མི་སྣང་བར་ཐལ། ཡང་གནོད་སྦྱིན་དང་ཏྲཀྴད་ནས་ཕྲིན་ལས་ཕྱོགས་བཅུར་བསྒྲིགས་པ་དང་། དགྲ་ཁ་གུས་པ་ཞེ་གནག་པ་བསྒྲལ་ཙ་ན་གསོལ་བ་འདེབས་བཞིན་མ་བྱུང་ཟེར་ནས། གཏང་རག་མི་གཏོད་པའི་སྟེང་དུ་ཡི་མུག་བསྒོམ་པ་འདི་མ་བྱེད། དེས་ཆོས་སྐྱོང་གྱེད་ནས་ལས་འགྱངས་པར་འདུག་པས་གང་ལ་ཡང་ཡིད་ཆེས་པར་གྱིས་ལ་གཏོང་རག་མྱུར་དུ་ཐོངས་ཟེར་ནས་མི་སྣང་བར་ཐལ། དེ་ནས་ཚེས་བཅུའི་ནུབ་མོ་ཟླ་མཆོད་བྱས་ནས་གསོལ་བ་བཏབ་པ་དང་། ནམ་ཕྱེད་ནས་ཡི་དམ་གྱི་སྣང་བ་མཆེད་ནས་ཐལ། ཐོ་རངས་རྒྱལ་པོའི་ཆོ་འཕྲུལ་བྱུང་བ་ལ། ཡི་དམ་གྱི་སྤྲུལ་སྒྱུར་བྱས་པས་མ་ཐུལ་བ་དང་། ལུང་པ་ཐམས་ཅད་ཁྱི་སེར་པོ་ཆེན་པོ་དང་། སྤྱང་ཀི་དང་སྟག་གིས་ཁེངས་ནས། ཡི་དམ་གྱི་མེ་རི་ཐམས་ཅད་སྟག་གི་ཁ་རླངས་ཀྱིས་ནོན་ནས། ཁྲོ་བོའི་སྔགས་ཀྱི་སྒྲ་ཆེན་པོ་བསྒྲགས་པ་དང་། ཁོང་རྣམས་ཀྱིས་སྐད་ཆེན་པོ་བཏོན་ནས། ཡི་དམ་གྱི་སྔགས་ཟིལ་གྱིས་ནོན་ནས་ཤིན་ཏུ་འཇིགས་པར་གྱུར་བ་དང་། བླ་མ་བྱོན་ནས། རང་རང་གི་གཉེན་པོར་མ་སྤྲུལ་ན། །ཡི་དམ་གྱིས་ཐུལ་བར་མི་འགྱུར་རོ། །གསུངས་ནས་ཁྱི་སྲེ་བོ་གཟུགས་རིང་བ་ཁ་གདངས་པ་མཆེ་བ་གཙིགས་པ་དེ་རྣམས་འདུལ་བ་ལ། ལྕགས་ཀྱི་སྤྱང་ཀི་མགོ་དགུ་པ་རི་རབ་ཙམ་རེ་རེ་སྤྲུལ་ནས་མཇུག་མ་བརྡབས། སྐད་ཆེན་པོ་བཏོན་པ་དང་། ཁྱི་རྣམས་སྟོད་བཙུན་པ་ལ་སྨད་ཁྱིར་ཡོད་པར་གྱུར་ནས་སོང་བས། ཁྱི་རྣམས་ཟོས། སྟག་གི་གཉེན་པོར་སེང་གེ་མགོ་དགུ་པ་བྱས་ནས་ཟོས་པས་ཐུལ་ནས་སོང་། དུས་དེ་ནས་འཁོར་ལ་གནོད་པ་བྱེད་པ་དེ་རྒྱུན་ཆད་ནས་སོང་བས། དགེ་སྦྱོར་དང་རིམ་གྲོ་གང་བས་ཀྱང་རྨི་ལམ་བཟུང་ནས། གདོན་གང་ཡིན་གྱི་གཉེན་པོར་བརྟུལ་བ་དེ་སྟོབས་ཆེ་བར་འདུག །ཡང་འཁོར་གཅིག་ན་བ་ལ། ངས་བྱིན་རླབས་བྱས་པ་དང་། ཀླུ་བདུད་གཅིག་བྱུང་ནས་འདི་ངས་ཁྱེར་ནས་ཡོང་པ་ཡིན། ནད་པ་འདི་གཏང་དུ་ཆུད་པ་ཡིན་ཏེ་ད་རེས་ལས་ངས་མ་ཐོབ་པ་ཡིན་ནམ་ཟེར་ནས། ནམ་སྲོད་ལ་རྨི་ལམ་བཟུང་ནས་ཁོའི་ཕོ་བྲང་དུ་ཕྱིན་པ་དང་། དེ་ན་ནད་པ་དེ་ཁྱེར་ནས་འདུག་པས། ཁྱོད་རང་ནད་པ་འདི་མི་གཏོང་ན་འདུལ་ལོ་བྱས་པས། ཀླུ་བདུད་གཟུགས་སྣ་ཚོགས་སུ་སྤྲུལ་ནས་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་བྱུང་བ་དང་། ངས་ཀླུ་བདུད་སྲིན་པོ་ནཱ་ག་རཀྵ་མགོ་དགུ་པ་ཆུ་སྲིན་གྱི་ཁ་གདངས་པ་གཅིག་ནས་མེ་དཔུང་འཕྲོས་ནས། ཁོའི་ཕོ་བྲང་དང་བཅས་པ་ཟོས་པས་ཀླུ་བདུད་ན་རེ། སྐྱེས་བུ་ཆེན་པོ་དེ་ལྟར་མི་མཛད་པར་ཞུ། ནད་པ་ཡང་ཁྱེད་རང་ལ་འབུལ་བས་སང་དགོང་ནད་པ་སོས་ནས་འོང་གིས། བདག་གི་ལོངས་སྤྱོད་ཅི་ཡོད་ཀྱང་འབུལ་བ་ཡིན་ཟེར་ཙ་ན། ཀླུ་གཏོར་སྦས་པའི་བུམ་པ་འགའ་ཕུལ། དེ་ནས་ནད་པ་དྲག །ཀླུ་བདུད་ཀྱི་གནོད་པ་ཕྱིས་ནས་ཀྱང་མ་བྱུང་། གང་འདུལ་གྱི་གཉེན་པོར་སྤྲུལ་ནས་འདུལ་བ་ཁོ་ན་ཟབ་པར་འདུག་གོ། སྟོན་ཟླ་ར་བ་ལ་བློན་མཁར་དུ་རི་ཁྲོད་བྱས་པའི་ཚེས་བཅུའི་ཐོ་རངས་ཁ། རི་ཐམས་ཅད་ལ་མེ་ཆེན་པོ་འབར་བ་རྨིས་པ་དང་། འདི་རྨི་ལམ་དུ་འདུག་པས་ང་རང་གི་ལུས་ཀྱང་མེ་ཆེན་པོ་གཅིག་ཏུ་བསྒོམ་དགོས་སྙམ་ཙ་ན། རི་ལོགས་ཀྱི་མེའི་ནང་ཐམས་ཅད་མི་གཡོ་བ་ཁྲོ་ཆུང་བཅུས་བསྐོར་བ་དང་། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་ལ། ཞལ་གཅིག་ཕྱག་གཉིས་པ་དང་། རྗེ་བཙུན་མ་ཁྲོ་གཉེར་ཅན་གྱིས་བསྐོར་བ་དཔག་ཏུ་མེད་པ་མཐོང་ནས། དེ་རྣམས་ལ་བདུད་རྩིར་བྱིན་གྱིས་བརླབས་པའི་མཆོད་པ་འབུལ་བ་དང་། ཁྲོ་བོའི་ཚོགས་ཐམས་ཅད་མགྲིན་གཅིག་ཏུ་བསྡེབས་ནས་འདི་སྐད་གསུངས་སོ།
༈ བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར། །དབུ་སྐྲ་གྱེན་བརྫེས་ཐམས་ཅད་ལ། ༼W23708 vol.2 p.156 / MW0TTBBC0066 p.90: །ཁྲོ་བོ་ཆེན་པོ་རིགས་ལྔ་ཡི། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་འམ། །ཡང་ན་ཡབ་ཡུམ་ཞལ་སྦྱོར་གྱི། །སྦྱོང་སྤེལ་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས། །སྤུའི་རྩེ་མོ་གཅིག་གི་སྟེང་། །སངས་རྒྱས་བསྐལ་པའི་རྡུལ་རྙེད་ལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ།
།ཅིར་སྣང་ཐམས་ཅད་རྨི་ལམ་ལ། །ལུས་ནི་ཡིད་ལུས་རང་བཞིན་མེད། །ཞེན་མེད་ལྷ་སྐུའི་སྤྲུལ་བསྒྱུར་གྱིས། །ཞེས་གསུངས་སོ།
།དེ་ནས་ཁྲོ་བོ་རེ་རེའི་དབུ་སྐྲ་ཉག་མ་རེ་རེའི་ནང་ན་ཡར། བདེ་མཆོག་དང་། དགེས་རྡོར་དང་། མ་ཧཱ་མ་ཡ་དང་། གསང་བ་འདུས་པ་དང་། འཇིགས་བྱེད་དང་། རྒྱུད་སྡེ་ལྔའི་དཀྱིལ་འཁོར་བཀོད་ནས། རང་རང་གི་སྔགས་སྒྲོག་ཅིང་། ཁྲོ་བོ་ཐམས་ཅད་དང་། དེའི་དབུ་སྐྲ་མ་ལུས་པ་ལྷ་ཚོགས་ཀྱིས་ཁྱབ་ཅིང་། གཅིག་གིས་གཅིག་མ་བསྒྲིབས་པར་སྤྲུལ་བསྒྱུར་སྣ་ཚོགས་བྱས་པས། ཁྲོ་བོ་ཐམས་ཅད་འདི་སྐད་གསུང་བར་གྱུར་རོ། །ཞེན་མེད་ལྷ་སྐུ་བདེ་ཆེན་གྱིས་སྤྲུལ་བསྒྱུར་བསམ་གྱིས་མི་ཁྱབ་པ།
ལྷ་བཅས་འཇིག་རྟེན་དཔག་མི་ནུས། །རང་ཤར་ལྷུན་གྲུབ་ཨེ་མ་ཧོ། །ཞེས་གསུངས་སོ།
།དེ་ནས་ཁྲོ་བོའི་ཚོགས་དེ་རྣམས་དང་བཅས་ཏེ། བདེ་བ་ཅན་ལྟ་དགོས་སྙམ་ཙ་ན། མདུན་གྱི་ནམ་མཁའ་ལ་བུ་མོ་ལོ་བཅུ་གསུམ་ལོན་པའི་་་ཚོར་ལྟ་བུ་ལ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་བྱུང་ནས།
བདེ་ཆེན་རང་ལ་མ་ཤར་ན། །ཕྱི་ནས་བཙལ་བས་རྙེད་མི་འགྱུར། །ལུས་ནི་བདེ་སྟོང་ལྷའི་སྐུ། །ངག་ནི་གྲག་སྟོང་བདེ་ཆེན་གསུང་། །སེམས་ནི་མི་རྟོག་བདེ་ཆེན་ཐུགས། །དབྱེར་མེད་བདེ་བ་ཆེན་པོར་ལྟོས། །གསུང་ནས་མི་སྣང་བར་གྱུར་ཏོ།
།དེ་ཡང་གྲིབ་ཀྱི་་་་མ་ཕོག་ཅིང་གནས་དབེན་པར་དགེ་སྦྱོར་བྱས་པའི་དུས་སུ། གསལ་སྣང་མཆེད་ནས་རྨི་ལམ་གྱི་སྒྱོང་སྤེལ། སྤྲུལ་བསྒྱུར། ཡུལ་སྣང་། ཡི་དམ་དང་ཞིང་ཁམས་ཀྱི་གསལ་སྣང་དང་། ཡི་དམ་མཁའ་འགྲོའི་ལུང་བསྟན་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ཡང་། བྲིས་མི་ལང་ཤིང་། ལོག་རྟོག་ཏུ་འགྱུར་བ་དང་། བླ་མའི་བཀའ་རྒྱ་ཡོད་པ་དང་། གཞན་ལ་མི་ཕན་ཞིང་རང་ལ་གནོད་པར་འདུག་པའི་སྟོབས་ཀྱིས། རྨི་ལམ་གྱི་སྐྱེ་ཚུལ་དང་པོ་བྱུང་བ་ཅུང་ཟད་ཙམ་འདི། ངོ་མ་ཆོགས་པར་ཡི་གེར་བཀོད་པ་ཡིན་ལ། རྨི་ལམ་གྱི་ཡོན་ཏན་རགས་རིམས་གཅིག་ཡི་གེར་བཀོད་ཀྱང་ཚེ་གང་ཡང་རྫོགས་པར་མི་འགྱུར་ན། དེའི་དོན་གོ་ཞིང་རྟོགས་པར་བྱའོ།
།ཉིན་བར་གྱི་ཕྱག་རྒྱ་ཆེན་པོ་དང་། མཚན་མོའི་འོད་གསལ་དང་། བར་དོའི་ལོངས་སྐུ་དང་། ཡི་དམ་ཕྲ་ཞིབ་རྣམས་ནི་བརྗོད་ལས་འདས་ཀྱང་། གསང་བའི་གནས་སུ་གྱུར་པས་ཅུང་ཞིག་ཀྱང་མ་བསྟན་པའོ།
།སྔོན་ནས་ད་ལྟ་ཡན་ཆོད་ཀྱི། །ལུང་བསྟན་རིམ་པ་ཅུང་ཞིག་ཙམ། །རྩེ་བའི་སེམས་ཀྱིས་བསྟན་པར་བྱ། །གུས་པའི་ཚུལ་གྱིས་མཉན་པར་བྱའོ།༽ ༼།ཁྲོ་ཆེན་སྤྲུལ་སྒྱུར་ཐམས་ཅད་ཀྱིས།༽ །དག་པའི་ཞིང་མཆོག་འོག་མིན་དུ། །ལོངས་སྐུ་རྡོ་རྗེ་འཆང་ཆེན་ལ། །ཡེ་ཤེས་ཌཱ་ཀིས་དབང་བསྐུར་ནས། །རྡོ་རྗེའི་ཚིག་རྐང་ཞུས་པའི་ཚེ། །རྡོ་རྗེ་འཆང་གིས་ལུང་བསྟན་པ། །འདི་ནས་བརྒྱུད་པ་བདུན་བརྒྱུད་ཚེ། །ཆིག་བརྒྱུད་བཀའ་རྒྱས་བཏབ་པ་རྣམས། །གདུལ་བྱ་སྣོད་ལྡན་འགའ་རེ་ལ། །ཅུང་ཟད་སྤེལ་ཞིང་བཀའ་རྒྱས་གདབ། །སྙིགས་མའི་འགྲོ་ལ་ཕན་ཐོགས་འགྱུར། །དེ་ནི་ལུང་བསྟན་དང་པོའོ། །མཁྱེན་ལྡན་སྐྱེར་སྒང་ལུང་བསྟན་པ། །ང་ཡི་བཀའ་བརྒྱུད་འཛིན་པ་གཅིག །གཡོར་པོའི་སྟོད་ནས་འབྱུང་བར་འགྱུར། །སངས་རྒྱས་གཉན་སྟོན་བརྒྱུད་འཛིན་པའི། །སློབ་མ་བཅུ་ཕྲག་གཅིག་འབྱུང་སྟེ། །སྐྱེ་བོ་ཁྲི་ཕྲག་མང་པོ་ལས། །བཅུ་པོ་རེ་རེ་དགའ་བ་འབྱུང་། །དྲུག་གིས་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་མིའམ་ཅི་རྣམས་དང་། །དབང་ལྡན་ཚོགས་རྣམས་འདུལ་བར་བྱེད། །གསུམ་གྱིས་སྣོད་ལྡན་མི་རྣམས་འདྲེན། །ལོངས་སྐུ་རང་ཤར་ས་ལ་འགོད། །གཅིག་གིས་འཇིག་རྟེན་འགྲོ་བ་འདུལ། །སྣ་ཚོགས་སྤྲུལ་པ་ཕྱོགས་བཅུར་འགྱེད། །གང་གིས་མཚན་ཐོས་ངན་སོང་སྤངས། །འབྲེལ་པར་གྱུར་པ་ཐམས་ཅད་ཀུན། །དག་པ་ཤར་ཕྱོགས་ཞིང་དུ་འགྲོ། །དེ་ནི་ལུང་བསྟན་བར་པའོ། །སངས་རྒྱས་གཉན་སྟོན་རིན་ཆེན་གྱིས། །སུམ་ཅུ་རྩ་ལྔའི་སློབ་མ་ལ། །ཐུགས་རྗེ་ཆེན་པོའི་དབང་བསྐུར་མཛད། །དེ་དུས་ཆོས་རྗེ་སྐྱེར་སྒང་དང་། །ཐུགས་རྗེ་ཆེན་པོ་བྱོན་ནས་ཀྱང་། །དག་པ་སུམ་ཅུ་རྩ་ལྔའི་འཁོར། །ཤར་ཕྱོགས་དག་པའི་ཞིང་དུ་འགྲོ། །མཆོག་གྱུར་གཡོར་སྟོད་བརྒྱུད་འཛིན་དང་། །དེ་ཡི་སློབ་མ་གྲུབ་ཐོབ་ནི། །སྦས་པའི་རྣལ་འབྱོར་བརྒྱ་རྩ་བརྒྱད། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །འགྲོ་བ་དཔག་མེད་འདྲེན་པར་འགྱུར། །རེ་རེའི་ཚད་ཀྱང་བརྗོད་མི་ནུས། །དེ་རྣམས་མིང་རུས་སྡེ་ཚན་རྣམས། །བརྗོད་ན་སྙིགས་མའི་བློར་མི་ཤོང་། །དེ་ཕྱིར་གསང་བ་རྒྱ་ཡིས་བཏབ། །དེ་སྐད་ཐུགས་རྗེ་ཆེན་པོས་གསུངས། །ཡང་ནི་སངས་རྒྱས་གཉན་སྟོན་ལ། །ཡི་དམ་བདེ་མཆོག་སྒྱུ་འཕྲུལ་དང་། །དགྱེས་རྡོར་གསང་འདུས་འཇིགས་བྱེད་དང་། །མཁའ་སྤྱོད་དཀར་དམར་ལ་སོགས་དང་། །ནམ་མཁའ་ཁེངས་པས་དབང་བསྐུར་ཞིང་། །ཡེ་ཤེས་ཌཱ་ཀི་དཔག་མེད་ཀྱིས། །ཡེ་ཤེས་བདུད་རྩི་དྲངས་བའི་ཚེ། །སློབ་མ་མི་ལྔས་བཏུངས་པ་རྣམས། །དག་པའི་ཞིང་དུ་ལུང་ཡང་བསྟན། །ཁྱད་པར་བུ་ཁྱོད་ཞིང་མཆོག་དེར། །ཐེག་ཆེན་འཁོར་གྱི་དང་པོར་འགྱུར། །ས་ཡི་ཡོན་ཏན་རྫོགས་པར་འཆར། །སྔོན་གྱི་ལས་ངན་ནད་དུ་སྨིན། །སྐྱེ་འདིར་ལས་སྨིན་ལས་ཟད་ནས། །བདེ་ཆེན་ཞིང་དུ་འགྲོ་བར་འགྱུར། །ཐེ་ཚོམ་མ་བྱེད་ཡིད་ཆེས་གྱིས། །མ་ཡེངས་དྲན་པས་གསོལ་བ་ཐོབ། །གླང་ཆེན་སྨྱོན་པ་འདྲ་བ་ཡི། །སྙིགས་མའི་སེམས་ཅན་འདྲེན་པའི་ཚེ། །ཤར་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །ང་ཡིས་དངོས་སུ་བྱིན་རླབས་པས། །ཐ་མས་ལམ་སྣ་ཟིན་པར་འགྱུར། །འབྲིང་གིས་ལོངས་སྐུའི་ས་བོན་ཐེབས། །རབ་ཀྱིས་འོད་གསལ་ཕྱག་རྒྱ་ཆེ། །ཚེ་འདིར་མངོན་དུ་གྱུར་པར་བྱེད། །སྙིང་རྗེ་མ་ཆུང་ཕན་སེམས་བསྐྱེད། །ཞི་བདེའི་འབྲས་བུ་མ་བསྒྲུབས་པར། །ཚད་མེད་སྙིང་རྗེ་ཆེན་པོ་བསྐྱེད། །སངས་རྒྱས་ཞིང་ཁམས་གཞན་རྣམས་སུ། །སེམས་ཅན་དཔག་མེད་དྲངས་པ་ལས། །དུས་གསུམ་མི་མཇེད་ཞིང་ཁམས་འདིར། །སེམས་ཅན་གཅིག་ཕན་བསོད་ནམས་ཆེ། །དང་པོ་བསྟན་པ་ཡར་འཕེལ་བས། །སྙིགས་མ་ལྔ་བདོ་རྩོད་ལྡན་དུས། །ཤཱཀ་ཐུབ་བསྟན་པ་ནུབ་དུས་འདིར། །གདུལ་བྱ་ལས་ཅན་གང་བྱུང་ལ། །ཐར་པའི་ས་བོན་བཏབ་པ་ཡིས། །བསོད་ནམས་གང་ཡིན་སངས་རྒྱས་ཀྱིས། །དཔག་ཅིང་བརྗོད་པར་མི་ནུས་ན། །འོད་གསལ་ཕྱག་རྒྱ་ཆེན་པོ་དང་། །ལོངས་སྐུ་རང་ཤར་སྨོས་ཅི་དགོས། །དེ་ཕྱིར་ཕན་སེམས་བསྐྱེད་ཅིག་གསུངས། །བདག་གིས་རྩེ་གཅིག་བསྒོམ་པའི་ཕྱིར། །བསམ་གཏན་བྲག་གི་དགོན་པ་འདིར། །ལོ་སྒོམ་ལོ་གཅིག་བྱས་པའི་ཚེ། །ཡེ་ཤེས་ཌཱ་ཀི་བྱོན་ནས་ཀྱང་། །མུ་ཏིག་ཕྲེང་བ་བརྒྱ་རྩ་བརྒྱད། །བདག་ལ་གཏད་ནས་འདི་སྐད་གསུངས། །ཁྱོད་ནི་འདི་ནས་འཆི་འཕོས་ཚེ། །དག་པ་བདེ་ཆེན་ཞིང་དུ་འགྲོ། །ཁྱེད་ཀྱི་སློབ་མ་བརྒྱ་རྩ་བརྒྱད། །གྲུབ་ཐོབ་སྦས་པའི་རྣལ་འབྱོར་འབྱུང་། །སྐྱེ་བ་ཕྱི་མ་དེ་རྣམས་ཀྱིས། །གདུལ་བྱ་དཔག་མེད་འདྲེན་པར་འགྱུར། །ལན་གསུམ་གསུངས་ནས་མི་སྣང་གྱུར། །དེ་ཡང་ལུང་བསྟན་བར་བའོ། །སྟོན་ཀ་རིན་ཆེན་འབྱུང་ལྡན་དུས། །ཡར་ངོའི་ཚེས་བརྒྱད་ཐོ་རངས་ཁ། །སངས་རྒྱས་གཉན་སྟོན་འདི་སྐད་གསུངས། །ང་ནི་ཤར་ཕྱོགས་བདེ་ཆེན་ཞིང་། །མེ་ཏོག་བཀྲམ་པ་ཞེས་བྱ་རུ། །བདེ་བར་གཤེགས་པ་འཇིག་རྟེན་མཁྱེན། །སྐྱེས་བུ་འདུལ་བ་བླ་ན་མེད། །ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །པདྨའི་དཔལ་བྱར་སངས་རྒྱས་ནས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་ཡིས། །གདུལ་བྱ་དཔག་མེད་གྲོལ་བྱེད་ཚེ། །བུ་ཁྱོད་འཁོར་གྱི་གཙོ་བོར་འགྱུར། །ལན་གསུམ་གསུངས་ནས་བཀའ་རྒྱས་བཏབ། །དེ་ནི་ལུང་བསྟན་ཕྱི་མའོ། །བདག་གི་སྐྱེ་བ་སྔ་མ་དང་། །འདི་དང་ཕྱི་མའི་སྐྱེས་རབས་གསུམ། །མདོར་བསྡུས་བསྟན་གྱིས་གུས་པས་ཟུངས། །སྐྱེ་བ་སྔ་མ་རྒྱ་གར་དུ། །གསུམ་པའི་དབང་ལ་ཐེ་ཚོམ་བྱས། །སྐྱེ་འདིར་ཐར་མེད་ནད་དུ་སྨིན། །ཕྱི་མ་དག་པའི་ཞིང་དུ་འགྲོ། །དེ་སྐད་བླ་མ་སངས་རྒྱས་གསུངས། །ང་རང་ངན་ཡང་བླ་མ་བཟང་། །སྙིང་རུས་ཆུང་ཡང་གདམས་པ་ཟབ། །ནོར་མོད་ཆུང་ཡང་ཞེ་བློ་བདེ། །ཉིན་པར་ནད་པ་ཐ་མལ་འདྲ། །རྨི་ལམ་རྒྱལ་བ་ལོངས་སྐུ་དངོས། །ཉིན་བར་མཉམ་བཞག་ཕྱག་རྒྱ་ཆེ། །བློ་འདས་བརྗོད་བྲལ་རང་ཤར་བྱུང་། །གཉིད་སོང་བདེ་གསལ་མི་རྟོག་པའི། །འོད་གསལ་ལྷུན་གྲུབ་རང་ཤར་བྱུང་། །ཟུང་འཇུག་གཟུགས་སྐུ་རང་བཞིན་འཆར། །ལུས་ནི་བདེ་བ་ལོངས་སྤྱོད་རྫོགས། །ངག་ནི་གསལ་ལ་སྤྲུལ་པའི་སྐུ། །དབྱེར་མེད་བདེ་བ་ཆེན་པོའོ། །དེས་ན་རྒྱལ་བ་སྐུ་གསུམ་དང་། །ལུས་ངག་ཡིད་གསུམ་དབྱེར་མེད་ལྟོས། །དག་སྣང་སྦྱོང་ཤིག་རིགས་ཀྱི་བུ། །འབྲལ་མེད་སྒོམས་ཤིག་རིགས་ཀྱི་བུ། །གསོལ་བ་ཐོབ་ཅིག་རིགས་ཀྱི་བུ། །ཡིད་ཆེས་ཀྱིས་ཤིག་རིགས་ཀྱི་བུ། །བདག་གི་རྣམ་ཐར་ཟུར་ཙམ་འདི། །བུ་ཡི་དམ་པ་སློབ་མའི་མཆོག །དག་སྣང་མོས་གུས་ཐོབ་པ་ཡི། །བརྒྱུད་འཛིན་རྣམས་ཀྱི་དོན་དུ་བཀོད། །དགེ་དེས་འགྲོ་རྣམས་སྨིན་གྲོལ་ཤོག
༼BDRC W3PD988: བླ་མ་སངས་རྒྱས་སྟོན་པའི་རྣམ་ཐར་ཅུང་ཟད་ཙམ། བླ་མ་ཉིད་ཀྱི་མཛད་པའོ།༽
།ཤཱཀྱ་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་སློབ་དཔོན་དར་མ་གཞོན་ནུས། བླ་མ་ལ་མོས་གུས་ཚད་མེད་པས་གསོལ་བ་ཡང་ཡང་བཏབ་ནས་ཞུས་སོ།
།འདི་བྲིས་དགེ་བ་ཐམས་ཅད་ཀྱིས། །མཁའ་མཉམ་སེམས་ཅན་མ་ལུས་པ། །ལས་ངན་སྒྲིབ་པ་ཀུན་དག་ནས། །བླ་མའི་རྣམ་ཐར་སྐྱོང་བར་ཤོག
།འབད་པ་མེད་པར་སེམས་ཅན་གྱི། །དོན་རྣམས་ཐམས་ཅད་བྱེད་པ་དང་། །སྐྱེ་ཤི་ཐམས་ཅད་རྩད་བཅད་ནས། །བདེ་བ་ཆེན་པོའི་སྐུ་ཐོབ་ཤོག
།སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། དགེའོ།། །།