Khyung po tshul khrims mgon po'i rnam thar

From Shangpa Resource Center








Resource ID SCv1p605
Title khyung po tshul khrims mgon po'i rnam thar
Topics Biography
Associated Person Khyungpo Tsültrim Gönpo
Link BDRC W23922

༄༅། །ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་རྣམ་ཐར་བཞུགས་སོ།།

༈ ན་མོ་གུ་རུ།
མཁས་གྲུབ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད། འཁྲུངས་ཡུལ་ཤངས་ཀྱི་སྐྱ་ར། ཡབ་དཔོན་པོ་མགོན་ནེ། ཡུམ་གྱིར་གྱི་ཕྱུག་མོ་ཀུན་ལྡན་གཉིས་ཀྱི་སྲས་སུ་མེ་མོ་བྱ་ལ་སྐུ་འཁྲུངས་པའི་གདུང་རུས་ཁྱུང་པོ། དེ་ཡང་སྔོན་གྱི་ལས་འཕྲོ་སད་པའི་སྟོབས་ཀྱིས་མཚན་པདྨ་མགོན་ཞེས་བྱ་བའི་བུ་ཆུང་གི་དུས་སུའང་འཇིག་རྟེན་པའི་བྱ་བ་ལ་མ་ཞེན་པར་ཤངས་ཕུར་གྲུབ་ཆེན་ཨུ་རྒྱན་པ་བྱོན་དུས། ཕ་མ་ཡུལ་མི་རྣམས་ཀྱིས་སེམས་བསྐྱེད་ཞུས་པས། དེ་ཡང་ཉན་ཞིང་ཆོས་བྱ་དགོས་སྙམ་པའི་དགེ་བའི་བློ་བརྟན་པོ་དུས་རྒྱུན་དུ་མཛད་པས། བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་གོ། །དགུང་ལོ་བཞི་ཡི་དུས་སུ་སྐུ་ཉེ་རྣམས་ཀྱིས་ཁྱེད་གཅེན་པོ་ཡིན་པས་སྐྱ་རིས་དཔོན་གྱིས། གཅུང་པོ་རབ་ཏུ་བྱུང་གི་ཟེར་ནས། བཙུན་ཆས་བསྒྲུབས་པ་ལ། གཅེན་པོའི་བཙུན་ཆས་རྣམས་ཁྱེར་ནས་མཚན་ལ་བྲོས་པས་ནམ་ལངས་པ་དང་། འཇག་ཆུང་དུ་ཕེབ། མཚམས་རྡོ་ཞིག་འདུག་པའི་རྩར་བསྡད་པས། ཆུ་སྐྱེལ་བ་བྱུང་གང་ནས་འོང་ཟེར། ང་ཐག་རིང་ཚད་ཅིག་ནས་འོང་། བླ་མའི་དྲུང་དུ་ཆོས་བྱེད་པ་ཞུ་རོགས་ཀྱིས་བྱས་པས། བླ་མའི་སྐུ་མཚམས་དམ་པོ་ལ་བཞུགས། མཇལ་ཀ་མི་ཡོང་ཟེར། ཅིས་ཀྱང་ཞུ་བ་གྱིས་བྱས་པས། ཞུ་བ་བྱེད་དེར་སྡོད་ཟེར། དར་གཅིག་བསྡད་པས། ལོག་བྱུང་ནས། བླ་མས་སུ་ལ་ཡང་མཇལ་ཁ་མི་གཏོང་བ་འདུག་པ་ལ། ཁྱེད་ལ་ཤོག་གསུང་བར་གདའ་བས་གཤེགས་ཟེར་བས། བླ་མ་སྤྱིལ་པོའི་ཞལ་དཀར་ན་བཞུགས་འདུག་པ་ལ་ཕྱག་ཕུལ། བྱིན་རླབས་ཞུས་པས། ཁྱེད་ཀྱིས་སླེབ་བམ། མདང་ཁྱུང་པོ་རྣལ་འབྱོར་དང་མཇལ་བ་རྨིས། ཁྱོད་རང་གི་ཆོས་ཚོ་ཚངས་བར་གཏད་ཀྱི་གསུང་ནས་དགེ་བསྙེན་བྱས། མིང་ཚུལ་ཁྲིམས་མགོན་པོ་བཏགས། ཁྱོད་བཙུན་པ་བྱེད་པའི་མཁན་པོ་ངས་བསྟན་གྱི་མིང་འདི་ལས་མ་སྤོ། མཁས་གྲུབ་ཁྱུང་པོའི་མཚན་ཡིན་ནོ་གསུང་།
དེ་ནས་དེའི་དྲུང་དུ་སྒྱུ་ལུས་ཀྱི་དབང་མོ་ཆེ་ཞུས་ནས་ཆོས་དྲུག་སྒོམ། དེ་ནས་ཆོས་དྲུག་སོ་སོའི་བཀའ་སོགས་ཁྲིད་ཆེན་བཞིའི་བཀའ་དང་ཁྲིད་སོགས་ཚང་བར་ཞུས། ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། ཚིག་གསལ་ཐེམ་ཡིག །འབྱམ་གཅོད་རྩ་འགྲེལ། སྒྱུ་ལུས་ཀྱི་སྦྱང་པ་རྣམ་གསུམ། འཆུག་མེད་བར་དོ་གསུམ་གྱི་གདམས་པ། འོད་གསལ་འཆར་སྒོ་ངོས་འཛིན། སྒྱུ་ལུས་དྲུག་ལྡན། གཞི་ལམ་འབྲས་གསུམ། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། སྒྱུ་ལུས་གསལ་བྱེད་འོད་ཀྱི་ཕྲེང་བ། སྒྱུ་ལུས་འཛིན་པ་རང་གྲོལ། དུག་གསུམ་དག་བྱེད་བདུད་རྩིའི་ཆུ་རྒྱུན། ཞུས་ལེན་གེགས་སེལ་རིན་ཆེན་སྒྲོན་མེ། ཉམས་མྱོང་མ་རིག་མུན་སེལ་ཉི་མའི་དཀྱིལ་འཁོར། ཞུས་ལེན་ཟླ་བའི་དལ། ཉམས་མྱོང་ཡོན་ཏན་རྒྱ་མཚོ། སྒྱུ་མ་ལམ་རིམ་རྩ་འགྲེལ། ཕྱག་ཆེན་གུའུ་མ་རྩ་འགྲེལ། རང་གྲོལ་ཕྱག་རྒྱ་ཆེན་པོ། འཆི་མེད་ཡེ་ཤེས་ཆེན་པོ་རྩ་བ་རིན་ཆེན་བརྩོན་འགྲུས་ཀྱིས་མཛད་པ། དྷརྨ་སིང་ཧས་མཛད་པ། དྷརྨ་པྲཛྙཱས་མཛད་པ། འཆུག་མེད་ལམ་ཁྱེར་གསུམ་གྱི་རྩ་བ། འགྲེལ་པ། རྡོ་རྗེ་རྣམ་འཇོམས་གདམས་ངག་གཉིས། མཁའ་སྤྱོད་མ་དཀར་མོའི་དབང་བསྐུར། དམར་མོའི་དབང་བསྐུར་ལས་ཚོགས་དང་བཅས་པ། དབང་བསྐུར་སྤྱིའི་སྔོན་འགྲོ་སངས་རྒྱས་སྟོན་པས་མཛད་པ་འཆི་མེད་འཁྲུལ་འཁོར་གྱི་རྒྱ་གཞུང་། རྩ་འགྲེལ་དབང་བསྐུར་ཕྱག་བཞེས་དང་བཅས་པ། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པས་མཛད་པའི་རིག་གཏད་སོགས་བཀའ་ལུང་མ་ལུས་པ་རྣམས་དང་། ཕྱག་དྲུག་པའི་སྐོར་ཐམས་ཅད་ཞུས་སོ། །ཉམས་རྟོགས་ཕུན་སུམ་ཚོགས་པ་ཐུགས་ལ་འཁྲུངས་ཏེ། དེ་ནས་མར་ཤངས་ན་བྲེ་རྫིང་ཇོ་གདན་ཚོགས་པའི་མཁན་པོ་ཚུལ་ཁྲིམས་དཔལ་བཞུགས་པའི་རྩར་སོང་ལ་རབ་བྱུང་གིས་གསུངས་ནས་མཁས་བཙུན་དགེ་འདུན་རྒྱ་མཚོ་སྤྱན་དྲངས་ཏེ། མཁན་པོ་ཚུལ་ཁྲིམས་དཔལ། སློབ་དཔོན་མཁས་བཙུན་པས་མཛད་ནས་རྙོགས་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་མཛད་དོ། །དེ་ལྟར་མཁས་གྲུབ་ཤངས་སྟོན་བཞུགས་པའི་དུས་སུ་ལོངས་སྤྱོད་མོས་གུས་སྒྲུབ་པས་མཉེས་པར་བྱས་ནས་སྐུ་གཤེགས་དུས་ཐུགས་དགོངས་གང་རྫོགས་ཀྱི་གསོལ་འདེབས་ལ་སོགས་པ་མཛད། དེ་ནས་འཇག་ཆུང་དུ་སྒྲུབ་པ་མཛད་པས་དུས་སུ། སྔར་ཐོག་དབུ་སྔས་ས་ལ་མི་འཇོག་པའི་དམ་བཅའ་མཛད་དེ། དེའི་དུས་ཤངས་སྟོན་པ་རྨི་ལམ་དུ་བྱོན་ནས། སྐུའི་བཀོད་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང་། རིན་པོ་ཆེའི་གདན་ཁྲི་ལ་སོགས་པ་ངོ་མཚར་བའི་བཀོད་པ་དཔག་ཏུ་མེད་པ་བསྟན་ནས། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་འདིས་གཞན་ལ་ཕན་པའི་རྟེན་འབྲེལ་མང་པོ་མཛད། དེའི་དུས་སུ་གེགས་མང་པོ་བྱུང་ནས། ལྷ་སར་བྱིན་རླབས་ཞུས་ནས་ཕན་སྙམ་ནས་བྱོན་པས་མཚུར་ཕུར་བྱོན་ཆོས་རྗེ་རང་བྱུང་རྡོ་རྗེ་དང་མཇལ་ཞིང་མཇལ་མ་ཐག་ཁྱོད་ལ་གེགས་བྱུང་ངམ་གསུངས། བྱུང་ལགས་ཞུས། བླ་མ་ལ་མངོན་མཁྱེན་ཐོགས་མེད་མངའ་བར་འདུག་སྙམ་པའི་ཐུན་མོང་མ་ཡིན་པའི་མོས་གུས་སྐྱེས། གེགས་ཕལ་ཆེར་ལས་གྲོལ། བསྙེན་རྫོགས་ཤིག་བྱེད་དགོས་དགོངས་ནས་དགེ་འདུན་སྒང་པའི་མཁན་པོ་གཞོན་ནུ་བྱང་ཆུབ། ལས་སློབ་བྱང་ཆུབ་མགོན། གསང་སྟེ་སྟོན་པ་བསོད་རིན། དད་པའི་ཁ་སྐོང་དགེ་འདུན་བཅུའི་དབུས་སུ་བསྙེན་རྫོགས་མཛད། དེ་ལོ་སྐྱ་ཕམ་པར་ཡོད་པས་ནས་ཁལ་གཅིག་ལ་རྩམ་པ་བྱས་ནས་ལྷ་ལུང་དུ་བཞུགས་པའི་དུས་སུ། རྩོལ་བཅས་རྩོལ་མེད་ཀྱི་དགེ་སྦྱོར་བློ་ཐག་ཆོད་པར་བྱུང་། དེ་ནས་ཤངས་ཕུ་རུ་ལོ་ཉི་ཤུ་རྩ་ལྔ་བཞུགས་གསུངས་བཅད་ལོ་བཅུ་མཛད་པའི་དུས་སུ། སྐྱེར་བའི་རྒན་རྒོན་གཉིས་ལ་བུ་གཉིས་ཡོད་པ། ཟླ་བ་གཉིས་ཀྱི་ཁོངས་སུ་ཤི་བ་ལ་རྒན་རྒོན་སྨྱོ་ནས་མི་ལ་སོགས་པ་གང་མཐོང་བ་ལ་བུ་བུ་ཟེར་ནས་འགྲོ་ཡིན་འདུག་པ། ཆུའི་ཁ་ལ་ཕྱིན་ཡང་མི་བྱིང་མི་ཁྱེར་གཡང་ལ་ལྷུང་ཡང་མི་གནོད་པར་སྡུག་བསྔལ་གྱིས་ནོན་པ་ལས། ཡུལ་མི་དང་གཉེན་ཚན་རྣམས་གྲོས་བྱས་ནས་ང་རྩར་བསྐྱར་སོང་བའི་ཟླ་བ་གཅིག་ནས་སྨྱོ་ནད་དང་སྡུག་བསྔལ་སངས། ཉམས་མྱོང་བཟང་བར་བྱུང་། གཞན་ཡང་སྨྱོ་ནད་དང་ནད་གདོན་ཅན་ལ་ཁྲིད་གཏབ་པས་ཕན་པ་དུ་མ་བྱུང་། དེ་ནས་ལོ་བཅོ་ལྔ་སྟོན་ཀ་བསོད་སྙོམས་རེ་མཛད་པ་མ་གཏོགས་ཐུགས་དམ་རྩེ་གཅིག་ཏུ་མཛད་པའི་སྟོན་ཞིག །ཆུ་ཚུར་བྱོན་པའི་དུས་རྒྱབ་ནས་རྩར་ཐག་གིས་ཐུ་བ་མཐེན་པ་ཞིག་བྱུང་ནས་གཟིགས་པས། མི་མགོ་ཞིག་གི་སོས་བཟུང་ནས་འདུག་པས། དེ་བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས་ཀྱི་ཞལ་དུ་གྱུར་ནས་ཞལ་ཕྱག་མང་པོ་རྣམས་ཡུན་རིང་དུ་འཇིག་ཏུ་མ་འདོད་གསུངས། ཡང་བི་ཇིར་མྱོང་སྟོན་དང་གཉིས་པོ་བླ་ཡེ་ན་གཏོར་མ་གཏོང་གིན་བཞུགས་པ་ལ་རྒྱབ་ཕུ་ན་རུ་བ་ཞིག་འདུག་པ་ལ་བུ་མོ་ཞིག་གིས་འབྲི་བཞོས་པས་མོ་དྲེད་ནས་འོ་མ་ཕོས་པས་རུ་བའི་མི་རྣམས་དགོད་ཤོར་བར། ཆོས་རྗེ་ཉིད་ཀྱང་དགོད་ཤོར་བས། མྱོང་སྟོན་ཁྲོས་ནས་ང་ལ་དེ་ཙམ་ཅི་ལ་ཁྲེལ་ཟེར་བ་ལ། ང་རང་དོན་མེད་དགོད་ཤོར་བ་ལས་ཁྱེད་ལ་ཁྲེལ་བ་མེད་བྱས་པས། ཆིག་དགོད་ཤོར་བས་རང་མཚང་དྲན་ཟེར་ནས་སླར་ཁྲོས་ནས་ཉན་པར་མ་འདོད་པར་རུ་བའི་ལབ་རྣམས་བཏང་པས་དགོད་ཤོར་བ་ཡིན་བྱས་པས། རུ་བ་ལོ་ཙ་ན་སོང་ནས་མེད་པའི་རྒྱབ་ཕུ་རུ་བ་ཡོད་དོན་མེད། རྫུན་མ་བྱེད་ཟེར་ནས་མ་དད་པ་ལ་སོང་ཉི་མ་དྲོས་དུས་ཡོན་བདག་རྒྱན་ནེ་རྟ་ཞིག་ལ་ཞོན་ནས་དར་བ་བཀལ་ནས་བྱུང་བས། མྱོང་སྟོན་གྱིས་ལབ་འདྲི་ཡིན་འདུག་པ་རུ་བ་རྒྱ་བ་ཕུ་ན་ཡོད་ཟེར། མྱང་སྟོན་ཁ་སོང་གི་དེ་དྲན་ནས་ཁ་སོང་རུ་པ་འོ་མ་འཕོ་མཁན་མ་བྱུང་ངམ་བྱས་པས་ངེད་ཀྱི་མནའ་མ་དེ་དྲེད་ནས་འོ་མ་ཕོ། མི་ཀུན་དགོད་བྱེད་ཀྱིན་འདུག་ཟེར་བ་དང་། མྱང་སྟོན་དད་དེ་ཁ་སང་ངས་མ་འོས་པ་བྱས་པ་བཟོད་པར་གསོལ་ཟེར་རོ།
།དེའི་དུས་ན་ཆོས་མང་པོ་ཞུས་པས། ཁོ་རང་དང་ཉེ་འབྲེལ་རྣམས་ཀྱི་རྩ་བའི་བླ་མར་ཁུར་རོ། །དེ་ནས་མཚུར་ཕུར་ཆོས་རྗེ་སྐུ་འཁྲུངས་འདུག་ཟེར་ནས་མཇལ་དུ་བྱོན་པའི་དུས་སུ། གྱ་ས་ཕུའི་ཆུ་ལ་མ་ཐར་པར། དཔོན་པོ་རྣམས་ཆུ་འགྲམ་ན་ཡོད་ཙ་ན། རི་རྡོལ་ནས་སྤང་ཆེན་པོ་ཞིག་གིས་ཆུ་ལ་ཟམ་པ་བཙུགས་པ་ལྟ་བུ་བྱས་པའི་སྟེང་ལ་བྱོན་པས། ཕ་གིར་ཕེབ་པ་དང་སྤང་དེ་ཆུས་ཁྱེར་སོང་། དེ་ནས་རང་བྱུང་རོལ་པའི་རྡོ་རྗེའི་དྲུང་དུ་དབང་བསྐུར་དང་ཆོས་མང་དུ་གསན་གསུངས། མཁན་ཆེན་བུ་སྟོན་པའི་དྲུང་དུ་ཆོས་འགྲེལ་ཞུས། ཆོས་རྗེ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་དཔལ་ཀྱཻའི་རྡོ་རྗེའི་དབང་ཞུས་པས། བླ་མ་དམ་པ་རྡོ་རྗེ་འཆང་དུ་ཞལ་གཟིགས། རྒྱལ་སྲས་རིན་པོ་ཆེ་དངུལ་ཆུ་ཐོགས་མེད་ལ་འཇུག་པ་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། སྙིང་པོ་དོན་གསུམ། རྟེན་འབྲེལ་སྙིང་པོ་ལ་སོགས་པ་མང་དུ་ཞུས། དེ་ནས་རྒྱལ་སྲས་རིན་པོ་ཆེ་སྐུ་གཤེགས་ནས་ཁོང་པའི་སློབ་མ་དབུས་པ་རྣམས་ཆོས་ཞུ་རུ་བྱུང་དུས། རྒྱལ་སྲས་པའི་རྣམ་ཐར་ཀློག་གསུངས། ཆོས་རྗེ་པས་གསན་ཞིང་བུག་སྐོར་བཞུགས་པས། ཁོང་གི་རྣམ་ཐར་ན་དབུས་སུ་རྟོགས་ལྡན་ཏྲེ་བོའི་དྲུང་དུ་ཁམས་པ་གསུམ་གྱིས་ཆོས་ཞུ་རུ་ཕྱིན་པས། ཁྱེད་རང་གསུམ་པོ་གཙང་དུ་རྒྱུག །གཙང་ན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱལ་སྲས་ཐོགས་མེད་དྲུང་དུ་རྒྱུག་ལ་བློ་སྦྱོང་ཞུས། ང་ཡི་གྲོགས་པོ་ཁྱུང་པོ་རྣལ་འབྱོར་གྱི་སྤྲུལ་པ་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་དྲུང་དུ་རྒྱུག་ལ་ནི་གུ་ཆོས་དྲུག་ཞུས། ཡང་དགོན་པའི་སྐྱེ་བ་འབའ་ར་བ་རྒྱལ་མཚན་དཔལ་གྱི་དྲུང་དུ་རྒྱུག་ལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞུས་བྱ་བ་བྲིས་གདའ་བས། ཆོས་རྗེ་པའི་གསུང་ནས། ངའི་གྲོགས་པོ་རྗེ་བོ་དེ་ལ་རྩ་རླུང་གི་ནུས་པ་ཆེན་པོ་ཡོད་གསུང་ངོ་། །དེ་ནས་ཕྱག་རྫས་སྔ་ཐོག་བྱུང་བ་རྣམས་ནི་ཡབ་གཤེགས་རྫོངས་མཛད། ཡུམ་གྲུབ་ཐོབ་ལ་སྐུ་ཚེ་རིང་པོ་བཞུགས་པའི་ཞབས་ཏོག་དང་། རྫས་ལྷག་མ་རྣམས་ཉམས་ཆུང་མ་ནུས་པ་རྣམས་ལ་བཏང་། ཕྱིས་བྱུང་བ་རྣམས་ལ་མ་ཎི་དུང་ཕྱུར་སུམ་ཅུ་ཐམ་པ་མཛད། སྤོང་ཐག་བཟང་པོ་ལན་གསུམ་བྱས། སྒྲོལ་མ་འབུམ་ཐེར་ཉི་ཤུ་རྩ་གཅིག་བཏང་། སངས་རྒྱས་ཀྱི་དུས་མཆོད་བཞི། ཆོས་རྗེ་རང་བྱུང་རྡོ་རྗེ། འཇག་པ་ཡབ་སྲས། རྒྱལ་སྲས་ཐོགས་མེད་པ་རྣམས་ཀྱི་དུས་མཆོད་ལ་ཆག་ཐབས་མེད། སྒོམ་ཆེན་པ་ལ་ནོར་གྱིས་དགོས་པ་མེད་གསུང་ཤིང་། སྒོམ་ཆེན་པ་ལ་ཁང་པ་བཟང་པོ་མི་དགོས་སྤང་སྤྱིལ་དང་། ས་ཕུག་དང་བྲག་ཕུག་ཏུ་འཆི་རྒྱུ་ཡིན་གསུང་ནས། བདེ་ཆེན་གཟིམ་ཁང་ལ་སོགས་པ་བདག་འཛིན་སྤངས་ནས་དབེན་པ་ཞིག་ཏུ་གཤེགས་གསུང་པ་ལ། ཡོན་བདག་བཟང་པོ་དང་གྲྭ་རིས་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་པས་གཞན་དུ་མ་གཤེགས། ངའི་ཕུང་པོ་འདི་ཞག་བདུན་ཞོག་ལ་དེ་ནས་མེ་ལ་བསྲེག །ཡང་ན་བྱ་ལ་བྱིན་གསུངས། སྟག་ལོ་ས་ག་ཟླ་བའི་ཉི་མ་མདུང་དོ་རྩམ་ལ་སྒྲ་དང་། འོད་དང་ས་གཡོ་བ་དང་། མེ་ཏོག་གི་ཆར་འབབ་པ་དང་། བར་སྣང་ཐམས་ཅད་འཇའ་ཚོན་གྱིས་ཁེངས་ཏེ། སྔར་གྱི་སྨོན་ལམ་མཛད་པ་བཞིན་དུ་དགའ་ལྡན་དུ་གཤེགས་སོ། །དེ་ནས་སྤུར་མ་བཞུ་ན་བྱིན་རླབས་ཆེ་གསུང་ནས། བདག་ཆེན་པས་ཟངས་ཀྱི་གའུའི་ནང་དུ་བཞུགས་སུ་བཅུག །དེའི་དུས་སུ་སྤུར་ལ་རེག་པ་དང་། བསྒུལ་བ་དང་ཟླ་མཆོད་ཀྱི་དུས་རྣམས་སུ་མེ་ཏོག་གི་ཆར་དང་། ནམ་མཁའ་འཇའ་འོད་ཀྱིས་ཁེངས་པ་ལོ་དུས་ཀྱི་བར་དུ་བྱུང་ངོ་། །དེ་ནས་ཕྱི་རྟེན་ནང་རྟེན་བཞེངས་ནས་ནང་དུ་བཞུགས་རྒྱུ་དགོས་པར་འདུག་པས། གདུང་བཞུ་བ་ན། མེའི་གཟུགས། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིའི་གཟུགས་སུ་བྱུང་པ་དང་། མེའི་སྒྲ་ལ་ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཞེས་པའི་སྒྲ་སྤུར་ཁང་གི་དྲུང་ན་ཡོད་པ་རྣམས་ཀྱི་སྣང་ཡུལ་དུ་ཐོས་པ་དང་། མཐོང་བ་བྱུང་ངོ་། །སྤུར་ཁང་ཞལ་ཕྱེ་བའི་དུས་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་ལྟས་མང་པོ་བྱུང་ཞིང་བྱོན་ནོ། །སྤྱིར་ཡང་སྤུར་གྱི་ཚས་ཀྱི་སོལ་བ་བསྲེགས་པས་འཇའ་ཚོན་བྱུང་བ་དང་། ཕྱུགས་ནད་ལ་སོགས་པ་ཆད་པ་དང་། སྐུ་འབུམ་ལ་བསྐོར་བ་བྱས་པས་ཕྱུགས་ལུག་གི་ནད་ཆད་པ་ལ་སོགས་པ་ད་ལྟ་ཡང་རྒྱུན་མི་ཆད་པ་ཉིད་དོ། །རྣམ་པར་ཐར་པ་ཟིན་བྲིས་སུ་བྱས་པས། ཕྱོགས་གཅིག་ཏུ་བསྡུས་ནས་བདེ་ཆེན་གཟིམས་ཁང་དུ་ཡི་གེར་བཀོད་པའོ། །དགེ་ལེགས་འཕེལ། དགེའོ།། །།