Mgon po'i las sbyor shangs khrag gi shog dril sogs tshan pa drug

From Shangpa Resource Center








Resource ID SCv11p914
Title mgon po'i las sbyor shangs khrag gi shog dril sogs tshan pa drug
Alt. title snying khrag shog dril
Topics Chadrupa
Sub-Topics 'khor lo'i las sbyor
Author Gelek Pelsang
Associated Person Khyungpo Neljor
Shavaripa
Saraha
Maitripa
Link BDRC W23922
WA00KG09215 (p.371)

རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པས་རྒྱུད་ནས་བྱུང་ཏེ་སྲས་ཀྱི་མཐུ་བོར་གནང་ཞིང་ས་ར་ཧའི་ལུགས་ཀྱང་མཻ་ཏྲི་པར་གསན་པའི་མགོན་པོའི་༼འཁོར་ལོའི་༽ལས་སྦྱོར་ཤང་ཁྲག་གི་ཤོག་དྲིལ་དང་པོ། རེ་མ་ཏིའི་མན་ངག་གི་འཁོར་ལོའི་ལས་སྦྱོར་ལྷ་མོའི་སྙིང་ཁྲག་གི་ཤོག་དྲིལ་གཉིས་པ། ཀྵེ་ཏྲ་པ་ལའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་གསུམ་པ། ཛི་ན་མི་ཏྲི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་བཞི་པ། ཊཀྐི་ར་ཛའི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་ལྔ་པ། ཏྲཀྴད་ཀྱི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་དྲུག་པ་དང་བཅས་པ་བཞུགས་སོ།།
༼ཨེ༽ མ་ཧཱ་ཀཱ་ལ་ཡ་ན་མོ།
རྒྱུད་ཀྱི་ལེའུ་ཉི་ཤུ་རྩ་དགུ་པ་ནས་ལས་སྦྱོར་གྱི་རིགས་མི་འདྲ་བ་མང་དུ་གསུངས་ཀྱང་། དཔལ་ལྡན་ཤ་བ་རི་པས་རྒྱུད་ནས་ཕྱུང་སྟེ་སྲས་ཀྱི་ཐུ་བོ་གཉིས་ལ་གནང་། ས་ར་ཧ་པའི་ལུགས་ཀྱང་མཻ་ཏྲི་པ་ལས་གསན། དེས་བླ་མ་གཉིས་ཀྱི་བཞེད་པ་ལྟར་བཀོད་ནས། གཏོར་མའི་ལས་སྦྱོར་སྟོབས་ཆེན་གཞན་དུ་ཤེས་ལ། ཕྲན་ཚེགས་ལ་འདིར་ཞག་གསུམ་ལས་མང་བ་བྱས་ན་རང་ལ་ལྡོག་པའི་རྒྱུར་གསུངས། དེ་ནས་སེམས་ཅན་གང་གིས་སྙིང་ཁྲག་དྲོན་མོ་དེ། གྲི་ལྕགས་ལས་བྱས་པའི་སྙུ་གུ་མགར་བ་མིན་པ་གཞན་གྱི་ལག་མ་འགྲིམ་པ་དེས་ཐོག་མར་མགོན་པོའི་འཁོར་ལོ་ནི། དུག་ཤོག་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཉིས་པ་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར་བདེན་སྟོབས་ཀྱི་ཡི་གེ་བྲིས། རྩིབས་ལ་རྩ་སྔགས་ཤམ་བུ་ཅན་དང་། ཕྱི་མ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བྲིས། ལིངྒ་ཀྱང་ཟག་པས་བྱུགས་པ་དང་ཁ་སྦྱར་ནས་གཏོར་མའི་དབུས་སུ་བཞག །ཞག་གསུམ་གྱི་བར་ལ་ལས་སྦྱོར་བྱེད། བདེན་སྟོབས་ནི་རབ་གནས། རྩ་སྔགས་ནི་བསྙེན་པ། ཤམ་བུ་ཅན་རྦད་པ། ཤཱ་ས་ན་ནི་གསད་པ་སྟེ། གཅིག་ཏུ་དྲིལ་བའི་མན་ངག་ཡིན་པས་གསང་བ་གལ་ཆེ། །མགོན་པོའི་ཤང་ཁྲག་གི་ཤོག་དྲིལ་ཏེ་དང་པོའོ།
༈ རེ་མ་ཏི་ཡི་མན་ངག་ལ། ངོ་ཚ་བྲལ་བའི་ལག་ནས་བྱུང་བའི་ཤོག་བུ་ལ། སྔར་གྱི་སྣག་ཚ་ལ་ཤེར་ཤིང་གི་སྙུ་གུས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ་པ་བྲིས་པའི་ལྟེ་བར་དགྲ་བོའི་ལིངྒ་ཟག་པས་བྱུགས། རྩིབས་བརྒྱད་ལ་ས་བོན། མུ་ཁྱུད་ལ་རྦད་སྔགས་བསད་གསུམ་བྲི། དེ་ཕོ་འཁོར་དང་སྤྲད་ལ་གཏོར་མའི་དབུས་སུ་བཞག །ལྷག་མ་རྣམས་སྔར་དང་འདྲའོ། །ལྷ་མོའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་གཉིས་པའོ། །འདི་ལ་གཞི་བྱས་ནས་ཤིན་ཏུ་མི་མཁས་པ་རེས་སླད་ནས་ཚན་པ་ལྔ་སྣང་ན་ཡང་། འདི་ཤིན་ཏུ་དག་པར་བྱས་པའོ།
༈ ཀྵེ་ཏྲ་པཱ་ལའི་ལས་སྦྱོར་ལ། མི་གྲིར་ཤི་བའི་དྲོད་མ་ཡལ་བ་ལ་བཀབ་པའི་ཤོག་གུ་ལ། སྔར་གྱི་སྣག་ཚ་དང་རྒྱ་བྱ་སྣག་གིས་སྒྲོ་རྩའི་སྙུ་གུས་རཱུ་པའི་སྙིང་གར་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། ལྟེ་བར་གཙོ་བོའི་རྩ་སྔགས། མཚམས་བཞིར་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་མགོ་ནང་དུ་བསྟན་པ་བྲི། དེ་གཏོར་མའི་ནང་དུ་གཞུག །འདི་ལ་ཡང་མང་དུ་ཡོད་ཀྱང་དག་པ་གསུམ་སྣང་བའི་ནང་ནས། འདི་ཁྱུང་པོའི་མན་ངག་ཐུན་མོང་མ་ཡིན་པར་སྣང་བ་དག་པར་བྱས་པའོ། །ཀྵེ་ཏྲ་པཱ་ལའི་སྙིང་ཁྲག་གིས་ཤོག་དྲིལ་ཏེ་གསུམ་པའོ།
༈ ཛི་ན་མི་ཏྲའི་ལས་སྦྱོར་ལ་ཡང་དུག་ཤོག་ལ་སྔར་གྱི་སྣག་ཚ་དང་གྲི་རུས་ཀྱི་སྙུ་གུས་འཁོར་ལོ་རྩིབས་དྲུག་མུ་ཁྱུད་གཉིས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་བྲིས་ལ། ལྟེ་བར་གཙོ་བོའི་སྔགས། ༼རྩིབས་ལ་ས་བོན།༽ མུ་ཁྱུད་ནང་མ་ལ་ཛི་ན་མི་ཏྲའི་རྩ་སྔགས་ཤམ་བུ་ཅན། ཕྱི་མ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བྲི། རྡོ་རྗེའི་རྭ་རྣམས་སུ་ཏྲི་དང་ཛ་བྲིས། ལིངྒ་ཀྱང་ལ་ཟག་པས་བྱུགས་པ་དང་སྤྲད་ལ་གཏོར་མའི་ནང་དུ་བཅུག །ལྷག་མ་རྣམས་སྔར་དང་འདྲ། འདི་ལ་དཔེ་དང་དོན་བསྲེས་པ་ལ་མང་དུ་སྣང་ཡང་། ཁྱུང་པོའི་མན་ངག་འདི་གསོལ། ཛི་ན་མི་ཏྲའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་བཞི་པའོ།
༈ ཊཀྐི་ར་ཛཱའི་ལས་སྦྱོར་ནི། དུག་ཤོག་ལ་སྔར་གྱི་སྣག་ཚ་དང་གླ་རྐང་ནག་པོའི་སྙུ་གུས་འཁོར་ལོ་རྩིབས་བཞི་ལྟེ་བར་གཙོ་བོའི་སྔགས། རྩིབས་ལ་ས་བོན། མུ་ཁྱུད་དང་པོ་ལ་རྩ་སྔགས་ཤམ་བུ་ཅན། གཉིས་པ་ལ་གཤིན་རྗེའི་ཡ་སོགས། གསུམ་པ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བྲིས། ཤཱ་ས་ནའི་དོས་ལ་གཤིན་རྗེའི་གཏུན་ཁུང་མར་གྲགས་པའི་སྔགས་དང་། ཡ་སོགས་ཀྱི་དོད་ཨོ་རྒྱན་རིངས་བྲིས་པ་སོགས་སྣང་ཡང་རྙིང་མ་བ་དང་བསྲེས་པའི་སྐྱོན་ཅན་དུ་སྣང་ངོ་། །ལིང་ཀྱང་ཟག་པས་བྱུགས་པ་དང་སྤྲད་དེ་ལྷག་མ་རྣམས་སྔར་དང་འདྲའོ། །ཊཀྐི་ར་ཛའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་ལྔ་པའོ།
༈ ཏྲཀྴད་ཀྱི་ལས་སྦྱོར་ལ། མཐིང་ཤོག་རོ་ལ་བཀབ་པའི་སྟེང་དུ་འཁོར་ལོ་རྩིབས་གསུམ་པ་མུ་ཁྱུད་ལྔ་པ་བྲིས་ལ། ལྟེ་བར་མགོན་པོའི་རྩ་སྔགས། རྩིབས་ལ་ས་བོན། མུ་ཁྱུད་དང་པོ་ལ་རྦོད་སྔགས་རྦད་གསུམ། དེའི་ཕྱི་མ་ལ་ཤཱ་ས་ན་ལ་སྤེལ་ཚིག་དང་བཅས་པ། མུ་ཁྱུད་ལྔ་པ་ལ་གྲི་གུག་གི་ཕྲེང་བ་བྲི། སྤྲིའུ་ལུགས་སོགས་ཀྱི་ཐོད་པས་བསྐོར་ཞེས་པ་ནི་མ་དག་པ་ཡིན་ནོ། །ལིང་ཀྱང་ཟག་པས་བྱུགས་པ་དང་སྤྲད་དེ་ལྷག་མ་རྣམས་སྔར་དང་འདྲའོ། །བདུད་མགོན་ཏྲཀྴད་ཀྱི་སྙིང་ཁྲག་གི་ཤོག་དྲིལ་ཏེ་དྲུག་པའོ།
ཁྱུང་པོའི་ཡིག་ཆུང་དུ་བླ་མ་གཉིས་ཀྱིས་བཞེད་པ་ལྟར་གསུངས་པ་འདི་ཡིན་ཏེ། ལྷད་ཞུགས་པ་རྣམས་བསལ་ཏེ་ཤིན་ཏུ་དག་པར་བྱས་པ་ཡིན་པས། རང་བཟོ་བྱས་པ་མ་ཡིན་ནོ། །དེས་ན་གཏོར་ཆེན་གྱི་མན་ངག་མ་ལུས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས། དགུག་གཞུག་ཁ་སྦྱོར་གྱི་དབྱེ་བ་མན་ངག་དང་བཅས་པ་གཏོར་ཆེན་ནས་བཤད་པ་ལྟར་བྱེད་དགོས་སོ། །ཆོ་ག་ནི་གཙོ་འཁོར་གྱི་གཏོར་ཆེན་ཁྱད་པར་འབྱེད་པས་ཤེས་པར་འགྱུར་རོ། །དེས་ན་གཅེས་པའི་མན་ངག་བཅུ་གཉིས་ཐོག་སེར་དང་བཅུ་གསུམ་པོ་འདི། བླ་མ་གཉིས་ཀྱི་དགོངས་པ་བསྡུས་ནས་མགོན་པོ་འཁོར་བཅས་ལ་གཏོར་མ་ཕུལ་ཞིང་གསོལ་བ་བཏབ་ནས་དགེ་སློང་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་འགྲིགས་པར་སྡེབས་ནས། མཁས་པའི་དབང་པོ་ཉང་སྟོན་ཀུན་དགའ་རྒྱལ་མཚན་ལ་གདམས་པའོ། །ཆིག་བརྒྱུད་གྱིས་ལ་བསྟན་པ་བསྲུངས། །གཞན་ལ་སྤེལ་ན་དམ་ཚིག་ཉམས། །སྤེལ་བྱེད་དམ་ཉམས་སྙིང་ཁྲག་དེ། །ལས་མཁན་བཞི་ཡིས་ཞལ་དུ་གསོལ། གུ་ཧྱ་ས་མ་ཡ།