Mgon po'i las sbyor shangs khrag gi shog dril sogs tshan pa drug

From Shangpa Resource Center
Revision as of 16:07, 3 March 2019 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv11p914
Title mgon po'i las sbyor shangs khrag gi shog dril sogs tshan pa drug
Topics Chadrupa
Sub-Topics Various
Author Gelek Pelsang
Associated Person Khyungpo Neljor
Link BDRC W23922

༈ རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པས་རྒྱུད་ནས་བྱུང་ཏེ་སྲས་ཀྱི་ཐུ་བོར་གནང་ཞིང་ས་ར་ཧའི་ལུགས་ཀྱང་མཻ་ཏྲི་པའི་གསན་པའི་མགོན་པོའི་ལས་སྦྱོར་ཤངས་ཁྲག་གིས་ཤོག་དྲིལ་དང་པོ།
རེ་མ་ཏི་མན་ངག་གི་འཁོར་ལོའི་ལས་སྦྱོར་ལྷ་མོའི་སྙིང་ཁྲག་གི་ཤོག་དྲིལ་གཉིས་པ། ཀྵེ་ཏྲ་པ་ལའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་གསུམ་པ། ཛི་ན་མི་ཏྲི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་བཞི་པ། ཊཀྐི་ར་ཛའི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་ལྔ། ཏྲཀྴད་ཀྱི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་དྲུག་པ་དང་བཅས་པ་བཞུགས་སོ།།
༼ཨེ༽ མ་ཧཱ་ཀཱ་ལ་ཡ་ན་མོ།
རྒྱུད་ཀྱི་ལེའུ་ཉི་ཤུ་རྩ་དགུ་པ་ནས་ལས་སྦྱོར་རིགས་མི་འདྲ་བ་མང་དུ་གསུངས་ཀྱང་། དཔལ་ལྡན་ཤ་བ་རི་པས་རྒྱུད་ནས་ཕྱུང་སྟེ་སྲས་ཀྱི་ཐུ་བོ་གཉིས་ལ་གནང་། ས་ར་ཧ་པའི་ལུགས་ཀྱང་མཻ་ཏྲི་པ་ལས་གསན། དེས་བླ་མ་གཉིས་ཀྱི་བཞེད་པ་ལྟར་བཀོད་ནས། གཏོར་མའི་ལས་སྦྱོར་སྟོབས་ཆེན་གཞན་དུ་ཤེས་ལ། ཕྲན་ཚིག་ལ་འདིར་ཞག་གསུམ་ལས་མང་བར་བྱས་ན་རང་ལ་ལྡོག་པའི་རྒྱུར་གསུངས། དེ་ནས་སེམས་ཅན་གང་གི་སྙིང་ཁྲག་དྲོན་མོ་དེ་གྲི་ལྕགས་ལས་བྱས་པའི་སྙུ་གུ་མགར་བ་མིན་པ་གཞན་གྱིས་ལག་མ་འགྲེམ་པ། དེས་ཐོག་མར་མགོན་པོའི་འཁོར་ལོ་ནི། དུག་ཤོག་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཉིས་པ་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར་བདེན་སྟོབས་ཀྱི་ཡི་གེ་བྲིས། རྩིབས་ལ་རྩ་སྔགས་ཤམ་བུ་ཅན་དང་། ཕྱི་མ་ཤཱ་ས་ན་སྤེལ་སྔགས་དང་བཅས་བྲིས། ལིངྒ་ཡང་ཟག་པས་བྱུགས་པ་དང་ཁ་སྦྱར་ནས་གཏོར་མའི་དབུས་སུ་བཞག ཞག་གསུམ་གྱི་བར་ལ་ལས་སྦྱོར་བྱེད། བདེན་སྟོབས་དང་རབ་གནས། རྩ་སྔགས་བསྙེན་པ་ཤམ་བུ་ཅན་རྦད་པ། ཤཱ་ས་ན་ནི་གསད་པ་གཅིག་ཏུ་དྲིལ་བའི་མན་ངག་ཡིན་པས་གསང་བ་གལ་ཆེ། །མགོན་པོའི་ཤངས་ཁྲག་གི་ཤོག་དྲིལ་ཏེ་དང་པོའོ།
༈ རེ་མ་ཏི་ཡི་མན་ངག་ལ་ངོ་ཚ་བྲལ་བའི་ལག་ནས་བྱུང་བའི་ཤོག་བུ་ལ། སྔར་གྱི་སྣག་ཚ་ལ་ཤེར་ཤིང་གི་སྙུ་གུས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ་པ་བྲིས་པའི་ལྟེ་བར་དགྲ་བོའི་ལིངྒ་ཟག་པས་བྱུགས། རྩིབས་བརྒྱད་ལ་ས་བོན་མུ་ཁྱུད་ལ་རྦད་སྔགས་བསད་གསུམ་བྲིས། དེ་ཕོ་འཁོར་དང་སྤྲད་ལ་གཏོར་མའི་དབུས་སུ་བཞག་ལྷག་རྣམས་སྔར་དང་འདྲའོ། །ལྷ་མོའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་གཉིས་པའོ། །འདི་ལ་གཞི་བྱས་ནས་ཤིན་ཏུ་མི་མཁས་པ་རེས་སླད་ནས་ཚན་པ་ལྔ་སྣང་ན་ཡང་། འདི་ཤིན་ཏུ་དག་པར་བྱས་པའོ།
༈ ཀྵེ་ཏྲ་པ་ལའི་ལས་སྦྱོར་ལ་མི་གྲིར་ཤི་བའི་དྲོད་མ་ཡལ་བ་ལ་བཀབ་པའི་ཤོག་གུ་ལ་སྔར་གྱི་སྣག་ཚ་དང་རྒྱ་ཤོག་གིས་སྒྲོ་རྩའི་སྙུ་གུས་རཱུ་པའི་སྙིང་གར་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་པ་བྲིས། ལྟེ་བར་གཙོ་བོའི་རྩ་སྔགས། མཚམས་བཞིར་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་མགོ་ནང་དུ་བསྟན་པ་བྲིས། དེ་གཏོར་མའི་ནང་དུ་གཞུག་འདི་ལ་ཡང་མང་དུ་ཡོད་ཀྱང་དག་པ་གསུམ་སྣང་བའི་ནང་ནས། འདི་ཁྱུང་པོའི་མན་ངག་ཐུན་མོང་མ་ཡིན་པར་སྣང་བ་དག་པར་བྱས་པའོ། །ཀྵེ་ཏྲ་པཱ་ལའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་གསུམ་པའོ།
༈ ཛི་ན་མི་ཏྲའི་ལས་སྦྱོར་ལ་ཡང་དུག་ཤོག་ལ་སྔར་གྱི་སྣག་ཚ་དང་གྲི་རུས་ཀྱི་སྙུ་གུས་འཁོར་ལོ་རྩིབས་དྲུག་མུ་ཁྱུད་གཉིས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་བྲིས་ལ་ལྟེ་བར་གཙོ་བོའི་སྔགས། མུ་ཁྱུད་ནང་མ་ལ་ཛི་ན་མི་ཏྲའི་རྩ་སྔགས་ཤམ་བུ་ཅན། ཕྱི་མ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བྲིས། རྡོ་རྗེ་རྭ་རྣམས་སུ་ཏྲི་དང་ཛ་བྲིས། ལིངྒ་ཡང་ཟག་པས་བྱུགས་པ་དང་སྤྲད་ལ་གཏོར་མའི་ནང་དུ་བཅུག་ལྷག་མ་རྣམས་སྔར་དང་འདྲ། འདི་ལ་དཔེ་དང་དོན་བསྲེས་པ་ལ་མང་དུ་སྣང་ཡང་། ཁྱུང་པོའི་མན་ངག་འདི་གསོལ། ཛི་ན་མི་ཏྲའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་བཞི་པའོ།
༈ ཊཀྐི་ར་ཛཱའི་ལས་སྦྱོར་ནི། དུག་ཤོག་ལ་སྔར་གྱིས་སྣག་ཚ་དང་གླ་རྐང་ནག་པོའི་སྙུ་གུས་འཁོར་ལོ་རྩིབས་བཞིའི་ལྟེ་བར་གཙོ་བོའི་སྔགས་རྩིབས་ལ་ས་བོན་མུ་ཁྱུད་དང་པོ་ལ་རྩ་སྔགས་ཤམ་བུ་ཅན་གཉིས་པ་ལ་གཤིན་རྗེའི་སོགས། གསུམ་པ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བྲིས། ཤཱ་ས་ནའི་དོད་ལ་གཤིན་རྗེའི་གཏུན་ཁུང་མར་དྲག་པོའི་སྔགས་དང་ཡ་སོགས་དོད་ཨོ་རྒྱན་རིགས་བྲིས་པ་སོགས་སྣང་ཡང་རྙིང་མ་བ་དང་བསྲེས་པའི་སྐྱོན་ཅན་དུ་སྣང་ངོ་། །ལིངྒ་ཡང་ཟག་པས་བྱུགས་པ་དང་སྤྲད་དེ་ལྷག་མ་རྣམས་སྔར་དང་འདྲའོ། །ཊཀྐི་ར་ཛའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་ལྔ་པའོ།
༈ ཏྲཀྴད་ཀྱི་ལས་སྦྱོར་ལ། མཐིང་ཤོག་རོ་ལ་བཀབ་པའི་སྟེང་དུ་འཁོར་ལོ་རྩིབས་གསུམ་པ་མུ་ཁྱུད་ལྔ་པ་བྲིས་ལ། ལྟེ་བར་མགོན་པོའི་རྩ་སྔགས་རྩིབས་ལ་ས་བོན། མུ་ཁྱུད་དང་པོ་ལ་རྦད་སྔགས་རྦད་གསུམ་དེའི་ཕྱི་མ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ། མུ་ཁྱུད་ལྔ་པ་ལ་གྲི་གུག་གི་ཕྲེང་བ་བྲིས། སྤྲེའུ་ལུག་སོགས་ཀྱི་ཐོད་པས་སྐོར་ཞེས་པ་ནི་མ་དག་པ་ཡིན་ནོ། །ལིངྒ་ཡང་ཟག་པས་བྱུགས་པ་དང་སྤྲད་དེ་ལྷག་མ་རྣམས་སྔར་དང་འདྲའོ། །བདུད་མགོན་ཏྲཀྴད་ཀྱི་སྙིང་ཁྲག་གི་ཤོག་དྲིལ་ཏེ་དྲུག་པའོ།
།ཁྱུང་པོའི་ཡིག་ཆུང་ངུ་བླ་མ་གཉིས་ཀྱིས་བཞེད་པ་ལྟར་གསུང་པ་འདི་ཡིན་ཏེ། ལྷད་ཞུགས་པ་རྣམས་བསལ་ཏེ་ཤིན་ཏུ་དག་པར་བྱས་པ་ཡིན་པས། རང་བཟོ་བྱས་པ་མ་ཡིན་ནོ། །དེས་ན་གཏོར་ཆེན་གྱི་མན་ངག་མ་ལུས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས། དགུག་གཞུག་ཁ་སྦྱོར་གྱི་དབྱེ་བ་མན་ངག་དང་བཅས་པ་གཏོར་ཆེན་ནས་བཤད་པ་ལྟར་བྱེད་དགོས་སོ། །ཆོ་ག་ནི་གཙོ་འཁོར་གྱི་གཏོར་ཆེན་ཁྱད་པར་འབྱེད་པས་ཤེས་པར་འགྱུར་རོ། །དེས་ན་གཅེས་པའི་མན་ངག་བཅུ་གཉིས་ཐོག་སེར་དང་བཅུ་གསུམ་པོ་འདི། བླ་མ་གཉིས་ཀྱི་དགོངས་པ་བསྡུས་ནས་མགོན་པོ་འཁོར་བཅས་ལ་གཏོར་མ་ཕུལ་ཞིང་གསོལ་བ་བཏབ་ནས། དགེ་སློང་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོའི་འགྲིགས་པར་བསྡེབས་ནས། མཁས་པའི་དབང་པོ་ནང་སྟོན་ཀུན་དགའ་རྒྱལ་མཚན་ལ་གདམས་པའོ། །ཆིག་བརྒྱུད་འཛིན་ལ་བསྟན་པ་བསྲུང་། །གཞན་ལ་སྤེལ་ན་དམ་ཚིག་ཉམས། །སྤེལ་བྱེད་དམ་ཉམས་སྙིང་ཁྲག་དེ། །ལས་མཁན་བཞི་ཡིས་ཞལ་དུ་གསོལ། །གུ་ཧྱ་ས་མ་ཡ།