Mgon po dkar po yid bzhin nor bu'i sgrub thabs rjes gnang dang bcas pa'i yi ge khams gsum 'gugs pa'i lcags kyu

From Shangpa Resource Center








Resource ID Gönkar24
Title mgon po dkar po yid bzhin nor bu'i sgrub thabs rjes gnang dang bcas pa'i yi ge khams gsum 'gugs pa'i lcags kyu
Topics White protector
Sub-Topics Sadhana
Author Suchen Tsültrim Rinchen
Link BDRC W23681 (p. 300)

༄༅། །མགོན་པོ་དཀར་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།

།སྟོབས་བཅུའི་དབང་ཕྱུག་དཔལ་སྟུག་སྲས་དང་བཅས། །ཇི་སྙེད་མ་ཚང་མེད་པར་ཡོངས་འདུས་ཞལ། །དྲན་པས་སྲིད་ཞིའི་དཔལ་འཇོ་བླ་མ་དང༌། །ཟུང་མིན་མགོན་པོ་ཡིད་བཞིན་ནོར་བུས་སྐྱོངས། །གང་གི་ཐུགས་རྗེའི་འདབ་སྟོང་དགོད་པ་ལས། །ཐུན་མོང་མཆོག་དངོས་འཛད་མེད་རེ་བདེའི་དཔལ། །ཉེར་འདྲེན་སྒྲུབ་ཐབས་རྗེས་གནང་བུང་བའི་གླུ། །སྐལ་བཟང་ལེགས་བྲིས་གཞོན་ནུའི་སྒྲ་འཛིན་དཔྱིད། །འཕགས་ཡུལ་གྲུབ་དབང་མཁྱེན་རབ་མཐའ་མེད་ཀྱི། །རལ་པ་ལས་བརྒྱུད་མཁས་གྲུབ་ཁྱུང་པོ་ཡི། །དཀའ་སྤྱད་བྷ་གི་ར་ཐས་ཉེར་ཕབ་ཀླུང༌། དངོས་གྲུབ་རིན་ཆེན་རྡུལ་ཕྲེང་འདྲེན་པ་བརྩམ།
དེའང་ཐོག་མར་འདིའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སྤྱི་ལྟར་ཅི་ནུས་དང༌། སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་མགོན་དཀར་ཡིད་བཞིན་ནོར་བུའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད།
སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ། དེའི་དཀྱིལ་དུ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་མའི་མདོག་ལྟ་བུ་ཅིག་བསྒོམ། དེ་གཉིས་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་དེ་གཉིས་ལ་ཐིམ། སྙིང་གའི་ཧཱུྃ་དང་ཐིག་ལེ་རོ་གཅིག་ཏུ་འདྲེས་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་འཛུམ་ཞིང་ཁྲོ་བའི་ཉམས་དང་ལྡན་པ། སྤྱན་གསུམ་པ། ཕྱག་དྲུག་པ། གཡས་ཀྱི་དང་པོས་གྲི་གུག་འཕྱར་བ། གཉིས་པས་ཡིད་བཞིན་གྱི་ནོར་བུ། གསུམ་པས་ཌ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་ཐོད་པའི་ནང་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་བརླ་གཡོན་ལ་བརྟེན་ཏེ་འཛིན་པ། བར་པས་རྩེ་གསུམ། ཐ་མས་ལྕགས་ཀྱུ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ཤམ་ཐབས་དང་རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འབྱོན་འཕྲོ་ལ་བཞུགས་པ་འདྲ་བའི་ཞབས་འོག་ན་ཚོགས་བདག་ལ་ཕུག་དང་ནེའུ་ལེ་བཟུང་བ་རེ་རེ་མནན་པའི་ཁ་དང་བཤང་ལམ་ཐམས་ཅད་ནས་རིན་པོ་ཆེ་ལྷུག་ལྷུག་འོང་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ་ཞལ་འཛུམ་བག་དང་ལྡན་པ། གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་གཡོན་ཐོད་པ་བསྣམས་པ། ཞབས་གཉིས་གར་སྟབས་ལིང་ངེ་བ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཁམས་གསུམ་དབང་དུ་སྡུད་པ་ཅིག་ཏུ་གྱུར། དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ།
དེ་ལས་འོད་ཟེར་འཕྲོས་པས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོ་མའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང༌། ཨོཾ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ་ཤབྡ། གནྡྷེ། རཱ་ས། སྤརྴེ་རྣམས་ཀྱིས་མཆོད། ནང་མཆོད་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ། མཐེབ་སྲིན་གྱིས་འཐོར་བའི་ཚུལ་དང༌། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྩ་སྔགས་ཀྱི་མཇུག་ཏུ་བླ་མ་མགོན་པོ་དབྱེར་མེད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང་རང་གིས་མྱང༌། འཁོར་གྱི་མཁའ་འགྲོ་ནོར་སྦྱིན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པས་མཆོད་ལ།
དེ་ནས་བཟླས་པ་བྱ་བ་ནི། སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་དམར་པོའི་མཐར་རྩ་སྔགས་བྱེ་རུའི་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། སྲིད་ཞིའི་དགེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ཐིག་ལེ་ལ་ཐིམ་པར་བསམས་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པ་ཅི་ནུས་བཟླ། ཡང་འོད་ཟེར་སྔར་བཞིན་འཕྲོས། འཁོར་གྱི་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། སྲིད་པ་གསུམ་གྱི་དངོས་གྲུབ་ཐམས་ཅད་རིལ་གྱིས་བསྡུས་ནས་རང་གི་མདུན་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་པར་བསམ། ཁྱད་པར་སྟོབས་འབྱོར་ཆེ་རྒུ་ཐམས་ཅད་ཀྱི་སྙིང་དུ་འོད་ཟེར་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིག་པ་དང་བཅས་པ་ཞུགས། དེ་དག་གི་རྒྱུད་རང་དབང་མེད་པར་བསྐུལ་ནས་བདག་གི་དབང་དུ་འདུས་པར་བསམ། ཁྱད་པར་དམིགས་ཡུལ་གྱི་སྙིང་དཀྱིལ་རྣམ་ཤེས་ནྲྀ་ལྗང་གུ་ཉ་མིག་ཙམ་ཡོད་པ། མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་པ་ནི་མཁའ་འགྲོ་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ། །བཟླས་པའི་མཇུག་ཏུ་གང་འདོད་པའི་དོན་ལ་གསོལ་བ་གདབ། དེ་དག་ནི་བསྐྱེད་རིམ་མོ།
།དེ་ནས་ཉེ་བར་བསྡུ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་གདན་དང་བཅས་པ་སྙིང་གའི་མཁའ་འགྲོ་མ་ལ། དེ་སྔགས་ཕྲེང་ལ། དེ་ཐིག་ལེ་ལ། དེ་ཧཱུྃ་ཡིག་ལ། དེ་ཡང་ནཱ་དའི་བར་དུ་ཐིམ། དེ་ཡང་འོད་དུ་ཡལ་བའི་ངང་ལ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག །བཞག་པའི་ངང་ལ་རིག་པ་དེ་རིག་སྟོང༌། འགྱུ་བ་དེ་འགྱུ་སྟོང༌། མ་སྒྲིབ་པར་གསལ་བ་དེ་གསལ་སྟོང༌། ཡིན་མིན་གྱི་མཐའ་དང་བྲལ་བར་རྨི་ལམ་གྱི་སྣང་བ། སྒྱུ་མའི་རང་བཞིན་ཞེས་ངོ་སྤྲོད་པ་རྫོགས་པའི་རིམ་པའོ། །ཞེས་ཤངས་པ་དུ་གུ་པ་བཞེད་དོ།
།སླར་ཡང་དེའི་ངང་ནས་ལྷ་ཡི་སྐུར་ལྡངས་ལ་གཏོར་མའི་རྣལ་འབྱོར་རམ། གནས་གསུམ་བསྲུང་ཞིང་དགེ་བ་འདི་ཡི་མྱུར་དུ་བདག །ཡིད་བཞིན་ནོར་བུ་འགྲུབ་གྱུར་ནས་སོགས་ཀྱིས་བསྔོ་བ་སྨོན་ལམ་བྱ། ཐུན་མཚམས་སུ་གཏོར་མ་འབུལ་ན། གཏོར་མ་དཔལ་བཤོས་སམ་ཡང་ན་ཟླུམ་གཏོར་དཀར་པོ་མཐེབ་ཀྱུས་བསྐོར་བ་ལ། རྩེ་མོར་མགོན་པོའི་ཙཀླི་དང༌། མར་གྱི་ནོར་བུའི་གཟུགས་སོགས་རྒྱན་ལྡན། མཐེབ་ཀྱུ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། བུ་རམ་སོགས་ཟས་སྣས་བཀང་བ། གཡས་སུ་མཁའ་འགྲོ་སྤྱི་གཏོར་དང༌། གཡོན་དུ་གཞི་བདག་གཏོར་མ། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་བཅས་བཤམས་ལ། གཏོར་མ་ནང་མཆོད་ཆུ་གཙང་གིས་བྲན་ལ།
ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། བྷྲཱུྃ་ཨཱྃཿཛྲཱིཾ་ཁྃ་ཧཱུྃ་ལས་ཡེ་ཤེས་ལྔ་རྣམས་མེས་གདུངས་ཏེ་བསྐོལ་ཞིང་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་བརྗོད། བསྡུ་ན་སྔགས་འདི་ཁོ་ནས་བྱིན་རླབས་བྱས་ཀྱང་རུང་ངོ༌།
།མདུན་བསྐྱེད་རྒྱས་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་དངུལ་ཆུ་དྭངས་པའི་མདོག་ལྟ་བུ། དེ་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་མགོན་པོ་ཡིད་བཞིན་གྱི་ནོར་བུ་སོགས་ནས་གཉིས་སུ་མེད་པར་ཐིམ་པའི་བར་འདྲ་བར་བྱས། བསྡུ་ན་སྐད་ཅིག་གིས་སྤྱན་དྲངས། གཏོར་སྔགས་རྩ་སྔགས་འབྲུ་བཅུ་གསུམ་པ་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་མམ་ལྔས་ཕུལ། མཚན་སྔགས་སྔོན་འགྲོའི་ཕྱི་མཆོད། ནང་མཆོད།
དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་འཆང༌། །འགྲོ་འདིའི་ཕུན་ཚོགས་རེ་བ་སྐོང་བའི་ཕྱིར། །རབ་བརྗིད་ཁྲོ་བོའི་དབང་པོར་སྤྲུལ་པ་ལ། །ཡིད་བཞིན་ནོར་བུར་མཚན་གསོལ་ཁྱོད་ཕྱག་འཚལ།
།དཔལ་ལྡན་མགོན་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བསྟན་པ་བསྲུང་ཞིང་རྣལ་འབྱོར་པའི། །ཚེ་སྲིངས་ལོངས་སྤྱོད་རྒྱས་པ་དང༌། །སྐྱེ་འགྲོ་དབང་དུ་འདུ་བར་མཛོད།
།ཅེས་དང་སྤྲོ་ན། བཅོམ་ལྡན་འདས་ཡིད་བཞིན་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ།
།སངས་རྒྱས་ཀྱི་བསྟན་པ་སྲུང་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །དགེ་འདུན་གྱི་སྡེ་སྐྱོངས་ཤིག །བླ་མའི་སྐུ་ཚེ་སྲིངས་ཤིག
།རྣལ་འབྱོར་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པར་ཁྱབ་པ་དང༌། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་ནས། ལོངས་སྤྱོད་ཟད་མི་ཤེས་པ་དང་མི་ནོར་ཟས་གསུམ་འདུ་ཞིང༌། ཐོས་བསམ་སྒོམ་གསུམ་འཕེལ་བ་དང༌། ཕྲིན་ལས་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་པ་འདི་ནི་བདག་མདུན་གང་ཡིན་གྱི་སྐབས་སུའང་འདིས་གསོལ་བ་གདབ་པ་ནི་གནད་དོ་གསུངས་སོ།
།དེ་ནས་རྟེན་ལ་བརྟན་བཞུགས་བྱས་ནས་གནས་བསྲུང་དགེ་བ་བསྔོ་བ་བཀྲ་ཤིས་གང་ཤེས་བྱའོ། །གོང་གི་ཉེར་བསྡུ་ཞེས་པའི་རྫོགས་རིམ་སྐབས་འདིར་བསྒོམ་ཀྱང་རུང་བས་གང་མོས་བྱའོ། །སྤྱོད་ལམ་གྱི་གནས་སྐབས་ཀུན་ཏུ་སྣང་གྲགས་རིག་གསུམ་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤེས་པའི་དྲན་པ་མ་བརྗེད་པར་བྱ་བ་གལ་ཆེ། འགྲུབ་པའི་རྟགས་དང་ཡོན་ཏན་ཐམས་ཅད་ནི་མི་བསླུ་བར་འབྱུང་བ་ནི་ངེས་པ་ཉིད་དོ།
།མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས།
དང་པོ་ནི། སྟེགས་བུ་རྟེན་ཁེབས་ལ་སོགས་པས་བཀབ་པར་མེ་ཏོག་གི་སིལ་མ་བཀྲམ་པའི་སྟེང་དུ། འདིའི་གཏོར་མ་ཟན་དྲས་ཟླུམ་པོའི་སྟེང་དུ་ནོར་བུ་མིག་གསུམ་པའི་སྟེང་ཛཾ་བཤོས་ཀྱི་དབྱིབས་ཅན་ལ་མར་གྱི་རྩེ་རྒྱན་ཉི་ཟླ་ནོར་བུ་ལ་སོགས་པས་བརྒྱན་པ་དར་དཀར་གྱི་གུར་དང་ལྡན་པ་བཞག །དེའི་མདུན་དུ་འབུལ་གཏོར་ཟླུམ་པོ་གཉིས་དང་ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་རྣམས་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་སོགས་འོག་ཏུ་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་བྱའོ།
།གཉིས་པ་ནི་མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་པས་བསང༌། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ་སོགས་ནས་ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་གི་བར་དང༌། དྷརྨྨ་ར་ཎི་རོལ་མོ་བཅས་པས་བྱིན་གྱིས་བརླབ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ་བདག་བསྐྱེད་བཟླས་པའི་མཇུག་ཏུ་གང་འདོད་པའི་དོན་ལ་གསོལ་བ་གདབ་པའི་བར་གོང་ལྟར་ཉམས་སུ་བླང་ངོ༌།
།དེ་ནས་མདུན་གྱི་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་པའི་མདོག་ལྟ་བུ། དེ་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་མགོན་པོ་ཡིད་བཞིན་གྱི་ནོར་བུ་སོགས་ནས་གཉིས་སུ་མེད་པར་ཐིམ་པའི་བར་གྱིས་གཏོར་མ་མགོན་དཀར་དུ་བསྐྱེད། མཆོད་པ་བྱིན་རླབས་སྔར་བཞིན་བྱས་ལ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་རེ་རེ་སྔོན་འགྲོའི་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། རྩ་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། དུས་གསུམ་རྒྱལ་བ་ཀུན་དངོས་སོགས་ཀྱིས་བསྟོད། འབུལ་གཏོར་སྔར་ལྟར་བྱིན་གྱིས་བརླབས་པའམ་བསྡུ་ན། འབྲུ་གསུམ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ་ཐལ་མོ་སྦྱར་བ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས་ཏེ་གོང་ལྟར་ཕུལ་ལ་མཆོད་བསྟོད་དང་གསོལ་གདབ་ཇི་ལྟར་རིགས་པ་བྱ། གཏོར་མ་གཉིས་པ་མཁའ་འགྲོ་སྤྱི་གཏོར་ལྟར་དབུལ་ལོ།
།དེ་ནས་སློབ་མ་རྣམས་ཁྲུ་བྱས་གྲལ་ལ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་བྱས་ནས་སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་ཇི་ལྟར་རིགས་པ་བྱ། འདིར་གང་གསན་པར་བྱ་བའི་རྗེས་སུ་གནང་བ་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ཟློས་གར། མྱུར་མཛད་མགོན་པོ་ཡིད་བཞིན་གྱི་ནོར་བུ་ཕྱག་དྲུག་པ་སྟེ། དེ་ལ་ཞི་བ་ནོར་དུ་སྒྲུབ་པ་དང་དྲག་པོ་མཐུ་རུ་སྒྲུབ་པ་སྟེ་གཉིས་ལས། འདི་ཉིད་སྔ་མ་སྟེ་དེའང་གནས་སྐབས་སུ་ཆོས་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྩོལ་ཞིང་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་པ་དང༌། མཐར་ཐུག་བླ་ན་མེད་པའི་གོ་འཕང་བདེ་བླག་ཏུ་སྟེར་བའི་གདམས་པ་ཁྱད་པར་ཅན་གྲུབ་ཆེན་རཱ་ཧུ་ལས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་མན་ངག་སྒོ་སྐྱེལ་གྱི་ཚུལ་དུ་གནང་བའི་མགོན་དཀར་ཡིད་བཞིན་གྱི་ནོར་བུའི་རྗེས་སུ་གནང་བ་སྟེ། དེའང་སྔོན་གྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བླ་མ་མཻ་ཏྲི་པ་ཀོ་ས་བྷིཀྵིའི་དུར་ཁྲོད་ན་བཞུགས་པའི་དུས་སུ། གྲུབ་ཆེན་རཱ་ཧུ་ལས་གསེར་སྲང་བདུན་ཕུལ་ནས། བོད་འདིར་ལོངས་སྤྱོད་ཆུང་བས། ནོར་སྒྲུབ་མྱུར་ལ་རྟགས་མཚན་ཆེ་བའི་གདམས་པ་ཞིག་ཞུ་ཞུས་པས། མཻ་ཏྲི་པས་ཞལ་ནས། ཡིད་བཞིན་གྱི་ནོར་བུའི་མགོན་པོ་ཞེས་ཀྱང་བྱ། ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ་བ་འདི་ཕྱི་བར་དོའི་འཇིགས་པ་ལས་སྐྱོབ་པ། ལྷ་འདྲེ་མི་གསུམ་དབང་དུ་སྡུད། མི་ནོར་ཟས་གསུམ་ཤུགས་ལས་འབྱུང༌། དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་བྱེད་པ་ལ་བཟློག་པས་མི་ཚུགས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་ལོ་ཟླས་འགྲུབ་པ། མཆོག་བསྒྲུབས་པའི་ཐུན་མོང་ཞར་ལས་འབྱུང་བ། ཐུན་མོང་བསྒྲུབས་པའི་མཆོག་ཞར་ལས་འབྱུང་བ་ཅིག་ཡོད་པ་དེ་ཁྱོད་ལ་སྦྱིན་གསུངས་སོ།
།དེ་བླ་མ་ལ་ཞུ་བྱས་པས། བླ་མའི་ཞལ་ནས་མགོན་པོ་འདིས་ཐུགས་བསྐྱེད་པའི་ཚུལ་གསུངས་པ། སྔོན་གྱི་དུས་སུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོའི་སེམས་བསྐྱེད་དེ། འཁོར་བའི་རྒྱ་མཚོ་ཆེན་པོ་འདི་སྟོངས་པར་མ་གྱུར་བར་དུ་བདག་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག །གལ་ཏེ་བདག་སེམས་བསྐྱེད་འདི་ཉམས་པར་གྱུརན་མགོ་བོ་ཚལ་བ་སྟོང་དུ་འགས་པར་གྱུར་ཅིག །ཅེས་བརྗོད་ནས་དམ་བཅས་ཏེ། རི་བོ་པོ་ཏ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་གང་ལ་གང་འདུལ་གྱིས་ལོ་གྲངས་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་བྱས་ཏེ་མཐར་སེམས་ཅན་གྱི་ཁམས་ཕལ་ཆེར་གྲོལ་བ་བྱུང་བས་ཆེ་སྙམ་ནས་གཟིགས་པས། སེམས་ཅན་གྱི་ཁམས་ལ་འགྲིབ་པ་མེད་པའི་སྟེང་དུ། སྙིགས་མར་སོང་བས་ཉོན་མོངས་པ་རགས་པ་གདུག་པ་ཆེར་སོང་བ་གཟིགས་པ་དང༌། ད་ནི་བདག་གིས་སེམས་ཅན་རེ་འགའ་ཙམ་ཡང་བསྒྲལ་བར་མི་ནུས་པར་འདུག་སྙམ་ནས། སེམས་བསྐྱེད་བཏང་བ་དང་དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏོ། །དེའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་ཤིན་ཏུ་མ་ལེགས་པས་དེའི་བཤགས་པ་ལ་སྔར་ལས་རྒྱ་ཆེ་བ་ཞིག་གི་སེམས་བསྐྱེད་ཅིག་གསུངས་ནས། དབུ་ཚལ་པ་སྟོང་དུ་གས་པ་དབུ་བཅུ་དང༌། དེའི་གོང་དུ་སངས་རྒྱས་འོད་དཔག་ཏུ་མེད་པའི་དབུ་ཡོད་པ་དང་བཅས་པའི་ཞལ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེའི་ཚེ་ཐུགས་རྗེ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ད་ལྟར་གྱི་སེམས་བསྐྱེད་དེའི་ཆ་གཅིག་ཀྱང་ངས་མ་ནུས། དེ་བས་རྒྱ་ཆེ་བ་ཞིག་ཀྱང་མེད་ན་ཇི་ལྟར་བགྱི་སྙམ་ནས་ཞག་བདུན་བརྒྱལ་བར་གྱུར་ཏོ།
།དེ་ནས་བརྒྱལ་བ་དེ་སངས་པ་དང༌། ད་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་ལ་བར་ཆད་མང་བ། རྐྱེན་དབང་འབའ་ཞིག་ཏུ་འགྲོ་བ། ལོངས་སྤྱོད་ཆུང་ཞིང་འཚོ་བ་དམན་པ། སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་ཞིང་བཟློག་པ་དང་ནང་དམེ་བྱེད་པ། ཆོས་བྱེད་ཕལ་ཆེར་ཡང་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། ཡུན་རིང་པོར་བསྒྲུབ་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་པ་ཙམ་གྱིས་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་སྐད་ཅིག་གིས་བརླག་པར་བྱེད་པ། མཆོག་དང་ཐུན་མོང་ལོ་ཟླས་འགྲུབ་པའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ནས་སེམས་ཅན་གྱི་དོན་བྱའོ་སྙམ་དུ་དགོངས་ཏེ། ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་ཕྱུང༌། དེ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པའི་སངས་རྒྱས་དཔག་ཏུ་མེད་པ་མགྲིན་གཅིག་ཏུ་བསྡེབས་ཏེ། རིགས་ཀྱི་བུ་སེམས་ཅན་རེ་བ་ཚུལ་བཞིན་དུ་སྐོང་བའི་སྤྱོད་པ་འདི་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་ཕྲིན་ལས་འདི་ཉིད་མཐུ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་གྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱིས་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཕྲིན་ལས་སུ་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང་གཤིན་རྗེ་དང་སྲིན་པོ་དང༌། མ་མོ་དང་བཅས་པ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་བསྒྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་བསྒྲུབ་པ་དང༌། མཆོད་པ་དང༌། དྲན་པས་དངོས་གྲུབ་མ་ལུས་པ་སྟེར་བར་འགྱུར་རོ། །བསྒྲུབ་པ་ཉིད་ནས་བྱིན་གྱིས་རློབ་པ་དང༌། དེ་ཉིད་ཀྱིས་དངོས་སུ་ཞལ་སྟོན་པར་འགྱུར་རོ། །ཞེས་ལུང་བསྟན་བྱིན་གྱིས་བརླབས་ཤིང་བཀའ་བསྒོ་བ་མཛད་དོ།
།དེས་ན་ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་བསྒྲུབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་གཅིག་ཅར་དུ་སྩོལ་བས་ཁྱད་པར་འཕགས་ཤིང་བྱིན་རླབས་དངོས་གྲུབ་ཤིན་ཏུ་མྱུར་བ་ཡིན་པས་ཡིད་ཆེས་པའི་གནས་སུ་མཛད་འཚལ། ལོ་རྒྱུས་འདི་དག་མི་སྤྲོ་ན་མ་བརྗོད་ཀྱང་ཆོག །དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་ལ་བྱ་བའི་རིམ་པ། སློབ་དཔོན་ལ་མགོན་དཀར་ཡིད་བཞིན་ནོར་བུ་དངོས་ཡིན་སྙམ་པས་རྗེས་གནང་ཞུ་བའི་ཡོན་ཏུ་མཎྜལ་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ། རྒྱུད་དག་པའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཡིད་བཞིན་ནོར་བུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་བགྱི་སྙམ་པས། དཀོན་མཆོག་གསུམ་ལ་སོགས་ཀྱི་རྗེས་ཟློས་ལན་གསུམ་བྱ་བ་རྣམས་སྔོན་འགྲོ་ཡིན། རྗེས་གནང་གི་གཞི་དགོད་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་མགོན་དཀར་དུ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་པས། ཁྱེད་རྣམས་ཀྱི་ལུས་ལ་ཕོག་པས། སྡིག་སྒྲིབ་དང་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཁྱེད་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་བའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་བཅོམ་ལྡན་འདས་མགོན་པོ་ཡིད་བཞིན་ནོར་བུ་ཞེས་པ་ནས་ཐིག་ལེ་དམར་པོ་འོད་འཕྲོ་བ་ཞེས་པའི་བར་སྒྲུབ་ཐབས་བཞིན་གསལ་གདབ། དེ་ནས་དངོས་གཞི་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་གཏོར་མ་གཉིས་ཀ་མགོན་དཀར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་པའི་ཐུགས་ཀར་ཕོག་པས། བླ་མ་གོང་མ་རྣམས་ཀྱི་བཀའ་དང་དམ་ཚིག་རྗེས་སུ་དྲན་པའི་དབང་གིས་མགོན་པོ་ཡིད་བཞིན་ནོར་བུ་ནོར་ལྷའི་ཚོགས་དང་བཅས་པ། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མདུན་གྱི་ནམ་མཁའི་གནས་འདིར་བྱོན། དེ་རྣམས་ལས་དེ་འདྲ་བའི་སྐུ་དཔག་ཏུ་མེད་པ་ཆད། ཁྱེད་རང་རྣམས་མགོན་དཀར་དུ་གསལ་བའི་སྐུ་ལུས་ལ་སིབ་ཀྱིས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅེས་དང༌། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿཨཱ་བེ་ཤ་ཡ་ཨཱཿཞེས་ལན་གསུམ་མམ་ལྔ་བརྗོད་ཅིང་རོལ་ཆེན་བྱ་ཞིང་གུ་གུལ་གྱིས་བདུག །དེ་ནི་སྐུའི་རྗེས་སུ་གནང་བ་ཡིན། གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་མདུན་བསྐྱེད་གཉིས་ཀ་མགོན་དཀར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་ཨ་ཨཱ་ཨི་ཨཱི་ནས་ཨཾ་ཨཿཞེས་པའི་ཨཱ་ལི་དང༌། ཀ་ཁ་ག་གྷ་ང༌། ཙ་ཚ་ཞེས་པ་ནས་ཧ་ཀྵཿཞེས་པའི་ཀཱ་ལི་དང༌། ཁྱད་པར་ཡེ་ཤེས་མགོན་པོའི་གསུང་གི་བྱིན་རླབས་ཐམས་ཅད་ཆོས་སྐྱོང་སྤྱིའི་སྔགས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་སོགས་ནས་ཧཱུྃ་ཕཊ་ཅེས་དང༌། མགོན་དཀར་འདི་ཉིད་ཀྱི་སྔགས་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿཞེས་པའི་སྔགས་ཕྲེང་ཁ་དོག་དཀར་པོ་རང་སྒྲ་སྒྲོགས་བཞིན་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ས་གཞི་བར་སྣང་གང་བ་འུར་འུར་ཐིབ་ཐིབ་བྱུང་ནས་ཁྱེད་རང་རྣམས་མགོན་དཀར་དུ་གསལ་བའི་མགྲིན་པ་ནས་སིབ་ཀྱིས་ཐིམ། གསུང་གི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་བྱས་ལ། གུ་རུ་མ་ཧཱ་ཀཱ་ལ་སོགས་སྔར་བཞིན་བརྗོད་ཅིང་རོལ་ཆེན་དང་སྤོས་དུད་བྱ། དེ་ནི་གསུང་གི་རྗེས་སུ་གནང་བ་ཡིན། ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་དང་མདུན་བསྐྱེད་གཉིས་ཀ་མགོན་དཀར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང༌། ཁྱད་པར་ཡེ་ཤེས་མགོན་པོའི་ཐུགས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་རྣམ་པ་གྲི་གུག་དང་ཡིད་བཞིན་ནོར་བུ་དང༌། ཌ་མ་རུ་དང༌། ཐོད་པའི་ཕྲེང་བ་ལ་སོགས་པའི་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ས་གཞི་བར་སྣང་གང་བ་འུར་འུར་ཐིབ་ཐིབ་བྱུང་ནས་མདུན་གྱི་ནམ་མཁར་གནས་པ་ལ་སེམས་ཆེར་གྱིས་གཏད་པས་དེ་རྣམས་འོད་དང་འོད་ཟེར་གྱི་རྣམ་པར་ཞུ་ནས། ཁྱེད་རང་རྣམས་མགོན་དཀར་དུ་གསལ་བའི་སྙིང་ག་ནས་སིབ་ཀྱིས་ཐིམ་པས་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་ཅེས་དང༌། སྔགས་སྔར་བཞིན་བརྗོད་ཅིང་རོལ་ཆེན་དང་སྤོས་དུད་བྱ། དེ་ནི་ཐུགས་ཀྱི་རྗེས་སུ་གནང་བ་ཡིན། །ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་མགོན་དཀར་དུ་གསལ་བ་དང་མདུན་བསྐྱེད་ཀྱི་མགོན་དཀར་གཉིས་ཀའི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡས་ལྕགས་ཀྱུ་གཡོན་ཐོད་པ་བསྣམས་པ། ཞབས་གཉིས་གར་སྟབས་ལིང་ངེ་བ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་རེ་ལམ་གྱིས་གསལ་བཏབ་པའི་མཁའ་འགྲོ་མ་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཀྱི་ཟས་ནོར་བཅུད་གཡང་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འུབ་ཀྱིས་བསྡུས་ནས་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད་ཅེས་དང་སྔགས་སྔར་བཞིན་བརྗོད་ཅིང་རོལ་ཆེན་དང་སྤོས་དུད་བྱ། དེ་ནས་བཟླས་ལུང་སླད་དུ་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས། སྔགས་ཕྲེང་དང་པོ་གཉིས་པ་གསུམ་པ་རྣམས་ཆད། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད་ཅེས་དང་སྔགས་ཀྱི་རྗེས་ཟློས་བྱར་གཞུག །དེ་ལྟར་རྗེས་ཟློས་བྱས་ནས་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད།
བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ།
དེ་ལྟར་ཕུལ་བའི་མེ་ཏོག་དེ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ། ཁྱེད་རང་རྣམས་ཀྱི་དབུ་གཙུག་ཏུ་བཞག་པས། སྔགས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སྙམ་དུ་མོས་པ་མཛོད་ཅེས་དང༌། སློབ་མའི་མགོ་བོར་མེ་ཏོག་འཐོར་ཞིང༌།
བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ།
།མགོན་དཀར་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས། གསང་སྔགས་རིགས་སྔགས་ཀྱི་ནུས་མཐུ་དང་བྱིན་རླབས་ཐམས་ཅད་རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག་ཅེས་བརྗོད།
དེ་ནས་གཏོར་མ་མགོན་དཀར་དུ་གསལ་བ་སློབ་མའི་མགོ་ཐོག་ཏུ་སྤྱན་དྲངས་ཏེ་བཀའ་བསྒོ་བ་ནི། གུ་རུ་མ་ཧཱ་ཀཱ་ལ་ནས་ཛཿས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ།
ཡང་དག་པར་རྫོགས་པའི་སངས་རྒྱས། དཔལ་ལྡན་ཤཱ་བ་རིམངའ་བདག་མཻ་ཏྲཱི་པགྲུབ་ཐོབ་རཱ་ཧུ་ལ་གུཔྟ་བཛྲགྲུབ་ཐོབ་ཁྱུང་པོ་རྣལ་འབྱོརརྨོག་ལྕོག་པ་རིན་ཆེན་བརྩོན་འགྲུསདབོན་སྟོན་སྐྱེར་སྒང་པགཉེན་སྟོན་སྦས་པའི་རྣལ་འབྱོརའགྲོ་མགོན་སངས་རྒྱས་སྟོན་པམཁས་གྲུབ་གཙང་མ་ཤངས་སྟོནམུས་ཆེན་རྒྱལ་མཚན་དཔལ་བཟང༌བླ་མ་རྡོ་རྗེ་གཞོན་ནུམུས་ཆེན་ནམ་མཁའི་རྣལ་འབྱོརབྱང་སེམས་སྦྱིན་པ་བཟང་པོགྲུབ་ཐོབ་ཐང་སྟོང་རྒྱལ་པོམང་མཁར་བ་བློ་གྲོས་རྒྱལ་མཚནཔུ་རང་དཔལ་ལྡན་དར་པོཞི་དགོན་རྗེ་བསོད་ནམས་རྩེ་མོལོ་ཆེན་དམ་པ་འགྱུར་མེད་བདེ་ཆེནམཁས་གྲུབ་ངག་དབང་ཆོས་གྲགསངག་དབང་བསོད་ནམས་རྒྱལ་མཚནམཁས་མཆོག་བཀྲ་ཤིས་དཔལ་ལྡནཁམས་སྟོན་སངས་རྒྱས་དཔལ་བཟང༌མཁས་གྲུབ་སངས་རྒྱས་ཕུན་ཚོགསརྡོ་རྗེ་འཛིན་པ་ཀུན་དགའ་བསྟན་འཛིན། ཡང་ན་སངས་རྒྱས་ཕུན་ཚོགས་ནས་བསྟན་འཛིན་ལྷུན་གྲུབམཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ་འགོ་ཞིང་འཆེས་པ་དང༌། བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་མཛད་དུ་གསོལ། འདི་རྣམས་ཀྱིས་དམ་པའི་ཆོས་སྒྲུབ་པར་བྱེད་པའི་དུས་སུ་འཚོ་བའི་ཡོ་བྱད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང༌། ཚེ་དང་བསོད་ནམས་དཔལ་འབྱོར་དང་སྙན་གྲགས་དང་ལུང་དང་རྟོགས་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། དེ་ལྟར་བསྒོམ་པས་ཁྱེད་རང་གི་སྤྱི་བོ་ན་བཞུགས་པའི་མགོན་དཀར་འོད་དུ་ལྟེམ་གྱིས་ཞུ་བ་ལ།
ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་གཉིས་སུ་མེད་པར་ཐིམ་ནས་མགོན་པོ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་རྟག་ཏུ་སྲུང་སྐྱོབ་མཛད་པ་ཡིན་སྙམ་དུ་མོས་པ་མཛོད། རྗེས་གཙོ་བོས་སོགས་དང་མཎྜལ། དེང་ནས་སྤྱི་དང་འདྲ། འབུལ་གཏོར་སྟེང་དུ་འབུལ། ཡིག་བརྒྱ་ལན་གསུམ་བརྗོད་ཅིང་མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མདུན་བསྐྱེད་རང་ལ་བསྟིམས་ནས་དགེ་རྩ་སངས་རྒྱས་ཀྱི་སར་བསྔོའོ།
།སྨྲས་པ། འཕགས་ཡུལ་རིན་ཆེན་གླིང་དུ་རཱ་ཧུ་ལས། །གདམས་ངག་འདོད་འབྱུང་ནོར་བུ་ལེགས་བླངས་ནས། །གངས་ཅན་བསྟན་འགྲོའི་དབུལ་བ་དབྲོག་སླད་དུ། །གྲུབ་དབང་ཁྱུང་པོའི་ཐུགས་གསང་དཔལ་བེར་སྦས། །ཡིད་བཞིན་ནོར་མཆོག་གྲུབ་པའི་དབང་ཕྱུག་གི །ཞལ་ལུང་གཙོར་བརྟེན་སྒྲུབ་ཐབས་རྗེས་གནང་བཅས། །ཡི་གེ་ཡིད་ཆེས་སུམ་ལྡན་ཁམས་གསུམ་དཔལ། །ཡོངས་འགུགས་པདྨ་རཱ་གའི་ལྕགས་ཀྱུ་འདི། །འབད་པས་ལྷུར་བླངས་དགེ་བས་སྟོབས་བཅུ་པའི། །དགོངས་པ་འཆད་མཁས་བསྟན་པ་འཛམ་བུའི་གླིང༌། །བྱམས་བསྟན་མ་ཤར་དེ་སྲིད་ཆེས་བདོ་བས། །རིས་བྲལ་སེམས་ཅན་ཕན་པར་བྱེད་གྱུར་ཅིག
།ཅེས་མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ནི་ཆོས་རྗེ་བཀྲ་ཤིས་དཔལ་བཟང་པོ་སོགས་དོན་གཉེར་དག་གིས་བསྐུལ་ངོར། འདི་སྐོར་ལ་བླ་མ་སོ་སོས་མཛད་པའི་ལྷ་བསྐྱེད་དུར་ཁྲོད་རྒྱན་ཆས་སོགས་ཕྱག་དྲུག་ནག་པོའི་པར་བཀབ་ཀྱི་སྤྲོས་པ་མང་དུ་མཆིས་མོད། མཁས་གྲུབ་ཁྱུང་པོས་མཛད་པའི་གཞུང་དྲི་མ་མེད་པ་ཉིད་གཙོར་བཟུང༌། དེ་དང་མཐུན་ཤས་ཆེ་བ་མཁན་ཆེན་ངག་ཆོས་པ་དང་བསྟན་འཛིན་ཕྲིན་ལས་པ་སོགས་མཁས་གྲུབ་མང་པོའི་གསུང་རབ་དང་རྗེས་གནང་གི་ཕྱག་ལེན་གང་ལས་མནོས་པའི་རྗེས་སུ་འབྲངས་ནས་ཉམས་སུ་བསྟར་བདེ་བར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་སྦྱར་བ་འགྲོ་བ་ཐམས་ཅད་ལ་ཕན་པར་གྱུར་ཅིག། །།སརྦ་མངྒ་ལཾ།། །།