Sangs rgyas ston pa'i rnam thar mya ngan 'das chung ma

From Shangpa Resource Center








Resource ID SCv1p401
Title rin po che sangs rgyas ston pa'i rnam thar mya ngan 'das chung ma
Topics Biography
Associated Person Sangyé Tönpa
Link BDRC W23922
BDRC W20441

༄༅། །རིན་པོ་ཆེ་སངས་རྒྱས་སྟོན་པའི་རྣམ་ཐར་མྱ་ངན་འདས་ཆུང་མ་ཞེས་བྱ་བ་བཞུགས་སོ།།

༈ མཚན་དཔེས་རབ་བརྒྱན་ཚངས་པའི་དབྱངས་ལྡན་ཞིང་། །བླ་མ་ཡི་དམ་མཁའ་འགྲོའི་ལུང་བསྟན་ཐོབ། །མོས་པའི་བུ་རྣམས་བདེ་ཆེན་ཞིང་དུ་འདྲེན། །བརྒྱུད་ལྡན་བླ་མ་དམ་པའི་ཞབས་ལ་འདུད།
བླ་མ་དམ་པ་དེས་རང་དོན་ཆོས་སྐུ་ཐུགས་སུ་ཆུད་ནས། གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཅིང་། ཇི་ལྟ་བ་དང་ཇི་སྙེད་པ་སེམས་ཅན་གྱི་བསམ་རྒྱུད་ཐམས་ཅད་མཁྱེན་པས། གང་ཟག་གི་བློ་ངོ་དང་བསྟུན་ནས་དུས་རྒྱུན་དུ་སྤྱོད་ལམ་ཐམས་ཅད་ཞི་བ་དང་དུལ་བ་དེས། ཆེ་ངག་ཆུང་བ། ཤོང་པ། སྤྱོད་ལམ་ཡོངས་སུ་དག་པའི་མདོ་ནས་ཇི་སྐད་གསུངས་པ་བཞིན་མཛད། ཐ་ན་ཉི་མ་ལ་ཡུག་རེ་འབྱོན་པའི་སར་ཡང་། བསྟན་གཙོའི་སྐུ་དང་། རང་ལ་གྲོས་འདེབས་པའི་པོད་ཆུང་། མདོ་དང་བླ་མ་རྣམས་ཀྱི་གསུང་ངོ་མཚར་ཅན་བསྡུས་པའི་པོ་ཏི་དང་། རྡོ་རྗེ་དྲིལ་བུ་དང་། ཆོས་གོས་རྣམ་གསུམ་དང་། སྣག་ཚའི་བུམ་པ་རྣམས་དང་འབྲལ་བ་མེད་གསུངས། ཉིན་རེ་ལ་ཕྱག་དང་བསྐོར་བ་སུམ་སྟོང་རེའི་དམ་བཅའ་དང་། ཆུ་གཏོར་ཟན་གཏོར་ལ་སོགས་པ་དཔག་ཏུ་མེད་པ་མཛད།
བླ་མ་ཤངས་པའི་རྒྱུན་གྱི་ཐུགས་དམ་དྲུག་ཅེས་པ་ ཐེག་དམན་དང་མི་འགྲོགས་པའི་སེམས་བསྐྱེད། ཉེས་ལྟུང་དང་མི་འགྲོགས་པའི་བཤགས་སྡོམ། ཐ་མལ་དང་མི་འགྲོགས་པའི་ཟ་ཚོགས། ཆད་ལྟ་དང་མི་འགྲོགས་པའི་ཚོགས་གསོག །ཐབས་མི་མཁས་པ་དང་མི་འགྲོགས་པའི་བསྔོ་བ། དམིགས་བཅས་དང་མི་འགྲོགས་པའི་དམིགས་མེད་དྲུག་པོ་དེ་དང་མི་འབྲལ་བར་མཛད།
ཉིན་མཚན་དུས་དྲུག་ཏུ་གསོ་སྦྱོང་དང་། སེམས་བསྐྱེད་དང་། དབང་རང་གི་བླང་བ་རྣམས་དུས་རྒྱུན་དུ་མཛད། སྤྱོད་ལམ་རྣམ་བཞི་དང་། ཆོས་གསུང་པ། ཁ་ཏོན་བཟླས་པ་ཐམས་ཅད་རླུང་བཟུང་བའི་སྟེང་ནས་མཛད། དུས་རྒྱུན་དུ་རི་ཁྲོད་དུ་གཅིག་པུར་མཛད་དེ་རི་པ་བྱ་བར་ང་འདྲ་བ་མི་ཚེ་རི་ལ་བསྐྱལ་བ་རི་པའི་མིང་ཐོན་པ་གཅིག་དགོས་པ་ཡིན། ད་ང་འཆི་ས་ཡང་གོང་མོའི་སྐད་ཐོས་པ་ཞིག་ཏུ་བྱེད་གསུངས། ཟླ་སྟོད་ཐམས་ཅད་མཚམས། ཟླ་བའི་སྨད་ལ་ཆོས་གསུང་པའི་དུས་སུ་ཡང་དགོང་མོ་གཟིམ་མལ་དུ་བྱོན་ནས་ཚ་གྲོ་མི་མཛད་རིང་ལ་སྨྲ་བཅད་དང་། ཐ་ན་ཇ་སུན་རེ་དང་ཟས་ཀྱི་རྣལ་འབྱོར་རེ་ལ་གཏོར་མ་འབུམ་སྡེ་རེ་དང་། གསུང་རབ་འབྲི་ཀློག་ལ་སོགས་པ་དཀར་ཆོས་གྲུབ་ཚད་མཛད། ནོར་རྫས་ཕྱག་ཏུ་བྱུང་བ་ཐམས་ཅད་དཀོན་མཆོག་གསུམ་དང་སེམས་ཅན་ལ་བསྔོས་ནས་བདག་ཏུ་མི་འཛིན། ངོ་མཚར་བའི་ལྟས་ནི། རི་ལ་བཞུགས་པའི་དུས་སུ་སྐུ་ལ་གྲིབ་མ་མེད་པ་དང་། སེམས་ཅན་གྱི་བསམ་བརྒྱུད་དང་། སྐྱེ་བ་སྔ་ཕྱི་དང་། འདས་མ་འོངས་རྣམས་མཁྱེན་པ་བྱུང་གསུངས་སོ། །བདེ་མཆོག་གི་དབང་མཛད་པའི་དུས། བདེ་མཆོག་ཏུ་གྱུར་ནས་བདེ་མཆོག་དངོས་སུ་མཐོང་བ་དང་། ཚེ་དཔག་མེད་ཀྱིས་དབང་མཛད་པའི་དུས་སུ་ཚེ་དཔག་མེད་དུ་མཐོང་བ་དང་། རྒྱུད་སྡེ་ལྔའི་དབང་གི་དུས་སུ་དཔའ་བོ་དང་མཁའ་འགྲོས་དཀྱིལ་འཁོར་བྲི་རོགས་བྱེད་པ་དང་། རྒྱུད་སྡེ་ལྔའི་ལྷ་ཚོགས་ཀྱིས་ནམ་མཁའ་ཁེངས་པ་མཐོང་བ་དང་། སྒྱུ་ལུས་ཀྱི་དབང་མཛད་པའི་རིང་ལ། གྲལ་ལ་མཛེ་ཕོ་ཡོད་པ་དུང་གི་རྡུལ་ཕྱིས་པ་བཞིན་སོང་བ་དང་། བརྒྱལ་ནད་དང་། སྐྲན་དང་། དམུ་ཆུ་དང་། སྨྱོ་འབོག་དང་། ནད་བུ་རྙིང་པ་དང་། ས་གདོན་ལ་སོགས་པ་ལ་དབང་ལན་རེ་ཞུས་པས་ཐོན་པ་ནི་བརྗོད་ལས་འདས་སོ། །བླ་མའི་མཚན་ཐོས་པས་དགེ་སྦྱོར་སྐྱེས་པ་དང་། ལམ་དུ་ཞུགས་པ་དང་། ཡོལ་ལུང་བར་སླེབ་པ་དང་། བླ་མ་དང་མཇལ་བ་དང་། དབང་མཛད་པ་ལ་སོགས་པའི་དུས་སུ་དགེ་སྦྱོར་སྐྱེས་པ་མང་དུ་བྱུང་ངོ་། །མདོར་ན་མཇལ་བ་དང་ཆོས་ཞུས་པ་ཐམས་ཅད་སྣང་བར་འགྱུར། དགེ་སྦྱོར་སྐྱེས་པས། དེའི་སྟོབས་ཀྱིས་བཤད་གྲྭ་དང་སྒོམ་གྲྭ་གཉིས། འདུལ་འཛིན་དང་བཀའ་གདམས། གསང་སྔགས་གསར་རྙིང་། ཡོན་བདག་ཕོ་མོ་དང་བཅས་པ་ལ་ཁྲིད་ཐེབས་པར་བྱུང་བས། སྐུའི་མཛད་པ་ནམ་མཁའི་མཐའ་དང་མཉམ་སྟེ། རྒྱ་ནག་ཕྱིའི་རྒྱ་མཚོའི་འགྲམ་ནས། རྒྱ་གར་དང་། ཛ་ལནྡྷ་ར་ཚུན་ཆོད་སློབ་མས་ཁྱབ་བོ། །བླ་མའི་གསུང་ནས་ཁྱོད་ལ་འཚོགས་པ་འབུམ་ཚོ་བགྲངས་པ་འཚོགས། ཡོལ་དུ་གྲྭ་པའི་རྨང་རྡོ་མི་ཤོང་གསུངས་པ་ལ། དུས་ངན་གྱི་གྲྭ་པ་དམུ་རྒོད་དེ་ཙམ་གྱི་ཁ་ལོ་མི་ཆུན། དམ་སེལ་དུ་འགྲོ་ཞུས་པས། འོ་ན་དེ་རྣམས་ཀྱིས་ཐར་པའི་དོན་བྱས་ནས་སོ་སོར་གྱེས་པའི་རྟེན་འབྲེལ་བྱས་སོ། །ཐུགས་བསྐྱེད་བཟང་པོ་དང་འགྲོ་དོན་ལ་བརྩོན་པས་བླ་མས་ལུང་བསྟན་པ་ལས་མང་བ་ཡིན་གསུངས་སོ། །དེ་ནས་སྐུ་གཤེགས་ཁར་སྔོན་གྱི་ཕྲིན་ལས་ཀྱིས་ཤངས་སུ་བྱོན་ཏེ། བླ་མ་ཤངས་པའི་དུས་ཀྱི་རྟེན་རྣམས་ལ་ཕྱག་དང་མཆོད་པ་མཛད། རྟེན་གཞན་གྱི་ལག་ན་བཞུགས་པ་རྣམས་ཀྱི་རྟེན་བདག་པོ་ལ་གཏོད་ཟེར་ནས་བླ་མ་ཤངས་པའི་རྟེན་ངོ་མཚར་ཅན་མང་པོ་ལག་ཏུ་བྱོན་ནོ། །དེའི་སྟོབས་ཀྱི་ཤངས་ལུང་པའི་མི་རྣམས་ཆོས་ལ་བཀོད། གཞན་ཡང་གཙང་གི་དགེ་བཤེས་དང་། དཔོན་པོ། མི་ཆེན། དཔོན་སྐྱ་ལ་སོགས་པ་གྲགས་པ་ཅན་ཐམས་ཅད་ཀྱི་དབང་དང་ཆོས་མང་དུ་ཞུས། གཡས་སུ་སྲིན་པོ་རིར་ཟླ་བ་གསུམ་བཞུགས་པའི་བར་ལ་ཁྲིད་ཚར་སུམ་སྟོང་ལྷག་པ་ཞིག་དང་། དེའི་ནང་ནས་ཀུན་གྱིས་བཀུར་པའི་དགེ་བཤེས་བཞི་བརྒྱ་ལྷག་པ་བྱུང་། ཐུགས་རྗེ་ཆེན་པོའི་རིགས་གཏད་སྟན་ཐོག་གཅིག་ཏུ་དྲུག་བརྒྱ་ལ་མཛད། ནམ་མཁའ་སྒོ་འབྱེད་བརྒྱད་བརྒྱ་ལ་མཛད། སེམས་བསྐྱེད་དང་ཚོགས་ཆོས་ལ་གྲངས་ལས་འདས་སོ། །དེ་ནས་ད་ང་འཆི་ན་ཁྱེད་ཚོ་ལ་དཀའ་ལས་འགེལ་བར་འདུག་གསུངས་ནས་རི་བོང་དུ་བྱོན་ཏེ་ཡོལ་དུ་སླེབ་པ་དང་། ནམ་མཁའ་ཐམས་ཅད་འཇའ་ཚོན་གྱིས་ཁེངས་པར་གྱུར་ཏོ། །གཟིམ་ཁང་དུ་ཕྱག་ཕེབས་པ་དང་། མཇལ་དུ་བྱུང་བ་ཐམས་ཅད་ལ་ད་རེས་སེམས་ཅན་གྱི་དོན་ཡང་བག་ཙམ་བྱུང་། ད་ལོ་གཅིག་གཉིས་མ་ཤི་ནའང་འདའ་ཀ་ཡེ་ཤེས་བསྒོམ་དགོས་པར་ཡོད་གསུངས། དེ་ནས་གཙང་ནས་བྱུང་བའི་ནོར་རྣམས་བླ་མ་གཉིས་ཀྱི་མཆོད་པ་ལ་བཏང་ངོ་།
།དེ་ནས་མཁན་པོས་ཕྱག་རྩ་བལྟས་པས། རྩ་ཡང་མི་གདའ། རྩ་རིག་འདི་བྱུང་ནས་ཟླ་བ་གསུམ་ལས་མི་ཐུབ་པར་འདུག །བླ་མ་འདི་གྲུབ་ཐོབ་ཡིན་པས་ཅི་འདྲ་ཡིན་ན། ད་སྐུའི་རིམ་གྲོ་བྱེད་དམ་གཞན་བྱེད་ཟེར་རོ། །བླ་མའི་ཞལ་ནས། ང་ལ་རིམ་གྲོ་བྱས་མ་བྱས་འདྲ། ང་འཆི་ཁར་འོད་གསལ་ལ་འབྱམས་པ་ཞིག་དགོས། གཞན་གང་གིས་ཀྱང་མི་ཕན་གསུངས། དེ་ནས་གྲྭ་པ་རྙིང་པ་བྱོན་པ་ཐམས་ཅད་ལ་ཁྱེད་བྱོན་པ་དེ་དགའ། ཞག་འགའ་བཞུགས། གསུང་གླེང་བྱའོ། །གསུངས་ཏེ་ཆོས་ཀྱི་སྒྲོ་འདོགས་ཆོད་པ་མཛད། གྲྭ་པ་གསར་པ་བྱོན་པ་ཐམས་ཅད་ལ་ཁྱེད་བྱོན་པས་དགའ། ང་མ་འཆི་ན་ཁྲིད་མྱུར་དུ་ཚར་བ་བྱེད་དགོས། ང་ཡང་ཉི་ཤུ་དགུའི་ཟླ་བ་ལྟ་བུ་ཡོད་དོ་གསུངས།
ཡོལ་ཕུའི་ཡང་ལ་སྒོམ་ཆེན་དང་། །དེ་ལ་འཁོར་བའི་དད་འདུན་ཀུན། །གནས་སྐབས་ཀྱི་འབྲེལ་པ་ཡལ་འདུག་པས། །དུས་རྟག་ཏུ་མཇལ་བའི་སྨོན་ལམ་འཚལ།
བྱ་བ་ཡང་སྐབས་སུ་གསུངས། སྤྱིར་སྐུ་ཚེ་སྟོད་སྨད་ཀྱི་གྲྭ་པ་ཐམས་ཅད་ལ་འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་ལ་ནན་ཏན་དུ་གསུངས་ཏེ། ཚེ་འདི་ལ་སྦྱོར་བའི་གསུང་སྐད་གཅིག་ཀྱང་མི་འབྱོན། ངའི་རྩར་ཡོད་པ་ཐམས་ཅད་འདི་ལ་ཡོན་ཏན་བློ་སྣ་ཐུང་བ་ཙམ་ཞིག་ཡོད། ད་རང་རེ་འཆི་བ་བསྒོམ་དགོས་སམ། འདི་བསྒོམས་པས་ཅིས་ཀྱང་བྱར་མེད་ཀྱི་བློ་སྐྱེའོ། །མི་ཆོས་དགོས་མེད་དུ་འབོར། ཐར་ལམ་ལ་བརྩོན་པས་འཇུག །ཡོ་བྱད་ལ་ཆགས་སེམས་མེད། འདུ་འཛི་ལ་བདུད་དུ་ཤེས། འདོད་ཡོན་བསླུ་བྲིད་དུ་གོ། ཚེ་འདིའི་བྱ་བ་དགྲར་བལྟ། སྡིག་པའི་གྲོགས་པོ་ལ་འབྲོས། ཡང་དག་པའི་དགེ་བའི་བཤེས་གཉེན་ཚོལ་བ་ཐམས་ཅད་འཆི་བ་མི་རྟག་པ་བསྒོམས་པ་ལས་བྱུང་། དེ་ལྟར་བསྒོམས་པས་ཚེ་འདི་བློས་ཐོང་བ་ཡིན། འདི་ཕར་བློས་མ་བཏང་ཡང་། ཁོས་ཚུར་མྱུར་པོ་ཞིག་བློས་བཏང་དུ་ཡོང་སྟེ།
ཚེ་འདི་བློ་ཡིས་ཐོང་ན། །ཅི་བྱས་དོན་མེད་སྡུག་བསྔལ་རྒྱུ། །འཁོར་གཡོག་མང་ཡང་གྲོག་ཚང་འདྲ། །ལོངས་སྤྱོད་མི་རྟག་སྤྲིན་དང་མཚུངས། །ནགས་ཁྲོད་འདུག་ཀྱང་རི་དྭགས་འདྲ། །ཐ་སྙད་མཁས་ཀྱང་ནེ་ཙོ་འདྲ། །དེ་ཕྱིར་བསམ་དང་ལྡན་པ་ཡིས། །འཇིག་རྟེན་འདི་ལ་ཆགས་མི་བྱ། །ཞེས་གསུངས་པ་དང་།
དེ་ལྟར་ན་ཚེ་འདི་བློས་བཏང་བས་བླ་མ་ལ་མོས་གུས་སྐྱེ། དེ་ལ་བརྟེན་ནས་སྒྱུ་མ་རང་ཤར་དུ་འབྱུང་། དེས་རྨི་ལམ་རང་ཟིན་དུ་འབྱུང་། དེས་འོད་གསལ་རང་ཤར་དུ་འབྱུང་བས། དེ་ལ་ཁྲིད་མཉན་ནས་སྒྲུབ་པ་བྱེད་དགོས། ཁྲིད་འདེབས་པ་ལ་ད་ལྟ་ང་དྲག་ཤོས་སུ་ཡོད། ང་ཙམ་ཐོས་པ་ཡོད་དེ། ང་ཙམ་བསྒོམས་པ་མེད། ང་ཙམ་པ་ཡོད་དེ། ང་ཙམ་མཐོང་བ་མེད། ང་ཡང་ཇི་ཙམ་སྡོད་མི་ཤེས་པར་ཡོད། བདག་འདྲའི་སྐྱེ་བོ་ཕྱིན་ཆད་འབྱུང་བ་དཀའ། ཚིག་དོན་གཉིས་ལ་ད་ལྟ་འབྱམ་འབྱམས་འདྲ་ཞིག་འདུག་གསུངས་སོ།
།གླང་ལོའི་སོས་ཀ་སོང་ཙ་ན། གྲྭ་པ་རྣམས་ལ་ཆོས་གསུངས་པའི་རྗེས་ལ་ད་ནི་ང་ཡང་རྒས་པས་ནམ་འཆི་མི་ཤེས། གསོག་སྟོན་བྱེད་པའི་ནོར་ནི་ང་ལ་མེད། རི་ཁ་ན་ཡར་གཉན་ཁྲོད་ལ་ཕྱིན་ནས་ནམ་འཆི་བའི་དུས་སུ་ཁྱེད་རྣམས་ཀྱི་གོས་བསལ་ནས་བྱ་གཅན་གྱིས་ཟོས་ཆོག་པ་ཞིག་བྱེད་གསུངས་སོ། །དེ་ནས་གྲྭ་པ་རྣམས་ཀྱིས་གདོང་མཆི་མས་གང་བ་ཙམ་དུ་ངུས་སོ། །རིན་པོ་ཆེའི་གསུངས་ནས།
གང་གི་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ན་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོའི་སུལ་ནའང་ནམ་ཡང་ཡོད་མ་ཡིན།
།ཞེས་གསུངས། དེ་ནས་རི་ལ་བྱོན་པའི་དུས་སུ། ཐེམ་སྟེང་ན་མར་ད་ནི་ཐེམ་པ་འདིའི་ནང་དུ་འོང་བྱ་བ་མི་སྲིད་དོ་གསུང་། དབྱར་དེ་རི་ལ་བཞུགས་ནས་གྲྭ་པ་རྣམས་ལ་ཆོས་མང་དུ་གསུངས། སྟོན་རིན་སྤུངས་དགོན་པར་བྱོན་ནས་ཉིན་གཅིག་ཙ་ན་མདོང་ཞག་ངའི་བླ་མ་རྣམ་གཉིས་ཡང་བྱོན། ངེས་མེད་ཀྱི་འཆི་རྟགས་མང་པོ་ཞིག་ཀྱང་མཐོང་། ཚེ་སྒྲུབ་རིགས་གཉིས་གསུམ་ཡོད་པ་རྣམ་རྟོག་ཏུ་འདུག་སྙམ་ནས་བཞག་ནས་ལོ་འགའ་སོང་། ད་དུས་ཚོད་འདི་དང་བཅས་པས་འགྲོ་ཡང་རན་འདུག །ནམ་ཤི་ཡང་ཁ་ཆེམས་བཞག་རྒྱུ་མེད་དོ་གསུངས། ནམ་ཟླ་དགུན་དུ་སོང་ཙ་ན་ནུབ་གཅིག་སྐས་ལ་གཟིམ་ཁང་གི་སྟེང་དུ་བྱོན། དེ་ནས་གཟིམ་མལ་དུ་བྱོན་པ་དང་། ད་ལུས་འདི་ཡང་མི་ཐེག་པར་འདུག །ཞིང་ཁམས་གཞན་ཞིག་ཏུ་འགྲོ་དགོས་པ་འདྲ་སྡོད་ན་ཡང་རང་ལ་དབང་ཡོད་པ་ཡིན་ཏེ་གསུངས། སྟོན་པ་གཞོན་ནུ་མགོན་གྱིས་མང་པོ་ངུས་ཏེ། དེ་སྐད་མི་གསུང་བར་འགྲོ་དོན་ལ་བཞུགས་པར་ཞུ། ཞེས་གསོལ་བ་བཏབ་པས།
།འདུས་བྱས་རྟག་པར་གྱུར་པ་ཡི། །གནས་ནི་རྙེད་པར་མི་འགྱུར་གྱིས། །འདུས་བྱས་ཐམས་ཅད་མི་རྟག་གིས། །མྱ་ངན་མ་བྱེད་ཀུན་དགའ་བོ།
།ཞེས་གསུངས་ནས་མ་གནང་། དེ་ནས་མགོན་པོའི་གཏོར་སྒྲུབ་ཞག་དགུ་བཅུ་རྩ་གཅིག་མཛད་ནས། ངས་ཁྱོད་ལ་མི་ཚེ་ལ་གཏོར་མ་བྱིན་ཡོད་པས། ང་ཤར་ཕྱོགས་དག་པའི་ཞིང་ཁམས་སུ་མ་སླེབ་བར་སྐྱེལ་མ་བྱེད་དགོས་སོ་གསུངས། དེ་ནས་དཔྱིད་དུ་སོང་ཙ་ན། ད་ལོ་སྒོམ་ལོ་ལེགས་ནས་འདུག །དགེ་སྦྱོར་གྱི་ཐེབས་འདི་འདྲ་ན་ལོ་འགའ་བསྡད་ནའང་བསྡད་རིན་ཆོག་པར་འདུག་སྟེ་གསུངས། དེ་ནས་སོས་ཀར་སོང་ཙ་ན་བསྙུང་བའི་ཚུལ་བསྟན་ཏེ། སྐུའི་རིམ་འགྲོ་བྱེད་པར་ཞུས་པས་ང་ལ་རིམ་གྲོ་བྱས་མ་བྱས་འདྲ། ཁྱེད་རང་རྣམས་གང་འཐད་གྱིས། རིམ་གྲོ་གྱིས་བྱས་ན་ནི་སྲོག་ལ་ཆགས་པར་འགྲོ། མ་བྱེད་བྱས་ན་ནོར་ལ་ཆགས་པར་འགྲོ་གསུངས། དེ་ནས་སྤོང་ཐག་བྱས་ཏེ། རྟ་ཕྱུགས། ན་བཟའ། བཞུགས་གདན་མཆོད་ཆ་ཐབ་ཆ་ཐམས་ཅད་བཏང་ངོ་། །བསྙུང་བའི་རིང་ལ་དབང་ཆོག་མང་པོ་གསུང་ཞིང་འདུག་པས། ཅི་ལགས་ཞུས་པས། མདང་ཞག་ལྷ་འདྲེའི་དབང་ཞུ་བ་མང་བས་སོ་མ་སོད་ལྷ་འདྲེ་སྔོན་གྱི་གྲུབ་ཐོབ་ལས་དབང་ཐོབ་པ་རྣམས། དབང་ཆོག་དུམ་རེ་མ་དག་ཀྱང་སྐྱོར་ཅིག་ཟེར་བར་འདུག་གསུངས་སོ། །དེ་ནས་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ཐམས་ཅད་འདུ་ཡི་འདུག་པས། ཁྱེད་རྣམས་ཀྱིས་མཆོད་པ་དང་གཏོར་མ་བཟང་དུ་བཤོམས་ཤིག །ང་རི་གོང་དུ་བླ་མའི་སྐུ་འབུམ་གྱི་དྲུང་དུ་འགྲོ་དགོས་པར་འདུག །བླ་མའི་གསུང་ནས་ཁྱོད་འཆི་ས་ངའི་སྐུ་འབུམ་མཐོང་ས་ཞིག་ཏུ་གྱིས་ཤིག །དེ་མ་བྱས་ན་དམ་ཚིག་ཉམས་སོ་གསུང་པ་ཡིན། ད་ང་སྐུ་འབུམ་གྱི་རྩར་འགྲོ་གསུངས་ནས། ཚེས་བཅོ་ལྔའི་ཉིན་པར་བྱོན་ནས། དེ་ནས་མཇལ་བ་དང་སྙུང་གཡོག་པ་རྣམས་ལ་ལྷའི་བསྐྱེད་རིམ་དང་ངོ་སྤྲོད་ཟབ་མོ་མང་པོ་གསུངས་སོ། །དེ་ནས་དྲུང་ན་ཡོད་པ་རྣམས་ཀྱིས། བླ་མ་རིན་པོ་ཆེ་ཁྱེད་ཞིང་ཁམས་གང་དུ་གཤེགས་ནས་ཆོས་བརྒྱུད་འདི་ལ་དར་རྒྱས་ཅི་འདྲ་འབྱུང་། རི་གོང་འདི་ལ་ཕྱིས་ཅི་འདྲ་ཞིག་འབྱུང་། ངེད་གྲྭ་པ་བུ་སློབ་རྣམས་ཇི་ལྟར་བྱ་ཞུས་པས། ང་བླ་མས་ལུང་བསྟན་པ་བཞིན་དུ་ཤར་ཕྱོགས་མེ་ཏོག་བཀྲམ་པར་འགྲོ། གསོལ་བ་དེར་ཐོབ་ངའི་སློབ་མ་འདིར་དགེ་སྦྱོར་ལ་དྲོད་ཐོབ་ཚད་ཚོ་དེར་འགྲོ་ངེས་པར་འདུག་ཅིང་། ངའི་ཆོས་འདི་ད་ལྟ་ཛམྦུ་གླིང་། གླིང་གཡོག་དང་བཅས་པ་ཁྱབ་ཅིང་། སྦས་པའི་རྣལ་འབྱོར་བརྒྱ་རྩ་བརྒྱད། དེའི་ནང་ནས་སྐྱེ་བ་འདིར་གཞན་དོན་ནུས་པ་ཉི་ཤུ་རྩ་གཅིག་ལ་སོགས་པས་སྐྱེ་བ་འདི་ཕྱི་ཀུན་ཏུ་དར་བར་བྱེད་དོ། །རི་གོང་འདི་སངས་རྒྱས་གཉན་སྟོན་གྱི་ཅི་འདྲ་ཞིག་ཡོང་གསུང་གི་འདུག་སྟེ་ཁྱོད་ཚོ་ལ་བཤད་བཤད་ཁ་ན་མེད། ཁྱེད་རང་ང་ལ་ཉན་ན་ཚེ་འདི་ཕྱིའི་བདེ་སྐྱིད་དང་སྙན་གྲགས་ཐམས་ཅད་བློས་བཏང་ཏེ། ཆོས་བརྒྱད་དང་མ་འདྲེས་པར་བྱས་ནས་རི་ཁྲོད་འགྲིམ་ཞིང་ཉམས་སུ་བླང་ན་སྒྲོ་འདོག་ཕྱི་ནས་གཅོད་མི་དགོས་པར་ཡོན་ཏན་ནང་ནས་ཤར་ཡོང་བས་འདི་རྣམས་ཡིད་ལ་ཞོག་ཅིག་གསུངས།
བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། ཚད་མེད་ཐུགས་རྗེས་བུ་བཞིན་སྐྱོང་བར་མཛོད། །དད་གུས་ལྡན་པ་དབུས་གཙང་ཁམས་གསུམ་གྱི། །གྲྭ་པ་རྣམས་ཀྱིས་ཉམས་ལེན་འདི་བཞིན་མཛོད། །ཟིན་མེད་འཇིག་རྟེན་བྱ་བ་བློ་ཡིས་ཐོངས། །མགུ་བ་མེད་པའི་སེམས་འཛིན་གདུང་སེམས་སྐྱུངས། །དགེ་སྦྱོར་དུས་འདའ་ལོང་གཏམ་འཛད་མེད་བཤོལ། །སྔ་ཕྱིའི་རྗེས་བསྙག་རེ་དོགས་རྟོག་པ་སྤངས། །ཚེ་ལ་ལོངས་མེད་ཐ་སྙད་ཐུག་པ་མེད། །རི་དྭགས་སྨིག་སྒྱུས་མི་ངོམས་བདུད་རྩི་འཐུང་། །རང་དོན་མ་འགྲུབ་གཞན་དོན་མི་འབྱུང་བས། །ཐོག་མར་རང་དོན་སྒྲུབ་པ་རྩེ་གཅིག་གིས། །སྐྱེ་བ་འདི་ཕྱིའི་གཞན་དོན་ལྷུན་གྲུབ་གྱིས། །འགྲོ་བ་ཀུན་ལ་ཚད་མེད་སྙིང་རྗེ་བསྐྱེད། །རང་དོན་འཁྲིས་ཅན་སྐད་གཅིག་མེད་པ་ཡིས། །ཅི་བྱེད་སེམས་ཅན་དོན་དུ་སེམས་བསྐྱེད་བྱ། །འཆི་བ་མི་རྟག་རྒྱུན་ཆད་མེད་པར་བསྒོམ། །ཅིས་ཀྱང་དགོས་མེད་ཚེ་འདི་བློས་ཐོང་འགྱུར། །དོན་གཉིས་ལོ་ཟླས་འགྲུབ་ཀྱི་རང་ལུས་འདི། །སྣང་སྟོང་ཞེན་བྲལ་ལྷ་སྐུ་འབྲལ་མེད་བསྒོམ། །ཉམས་རྟོགས་རྩོལ་མེད་འཆར་གྱིས་བླ་མ་ལ། །གདུང་ཤུགས་ལྡན་པས་འབྲལ་མེད་གསོལ་བ་ཐོབ། །འདི་དང་འཆི་ཀ་བར་དོ་ཕྱི་མའི་ཚེ། །བར་ཆད་བསྲུང་ཕྱིར་མཁའ་འགྲོ་ཆོས་སྐྱོང་བརྟེན། །རང་སེམས་ཕྱིར་གྱུར་སངས་རྒྱས་སེམས་ཅན་མེད། །དེ་ཕྱིར་ཅི་སྣང་སེམས་སུ་ཤེས་པར་གྱིས། །སེམས་འདི་ལྷ་སྐུ་སྣང་སྟོང་སྒྱུ་མ་སྟེ། །སྒྱུ་འཛིན་བྲལ་བ་འོད་གསལ་ཕྱག་རྒྱ་ཆེ། །དགག་སྒྲུབ་སྐྱེ་འཆི་ཡོད་མེད་བློ་ལས་འདས། །སྒོམ་མེད་ཡིད་ལ་བྱར་མེད་འཁོར་འདས་བྲལ། །ལས་དང་ལས་རྣམས་སྨིན་ཅིང་རང་སར་གྲོལ། །གཉིས་འཛིན་བྲལ་བ་ཟུང་འཇུག་ཆེན་པོར་ལྟོས། །ཨེ་མ་མ་བཅོས་ཐ་མལ་ཤེས་པ་འདི། །ཀུན་ལ་ཡོད་ཀྱང་མ་ཤེས་དྲིན་གྱིས་རྟོགས། །ད་ནི་འདྲི་བར་མི་བྱ་ཐག་ཆོད་ངེས་ཤེས་སྐྱེ། །ལྷུན་གྲུབ་རྣམ་གསུམ་དབྱེར་མེད་མངོན་གྱུར་ཏོ། །ཞེས་གསུངས་སོ།
།དེ་ནས་རང་རེ་ཐམས་ཅད་ཀྱི་སྔར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་གསུངས་ནས།
བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤིང་། །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་བསྟན་བགྱིས་ནས། །སེམས་ཅན་སྡུག་བསྔལ་གཟིར་ལས་སྒྲོལ་བར་ཤོག
།ཅེས་བསྔོ་བ་ལན་གསུམ་མཛད་དོ། །བླ་མ་དམ་པ་དེ་ཡོས་བུའི་ལོ་ལ་སྐུ་བལྟམས་ནས། དགུང་ལོ་བདུན་ཅུ་དོན་གཉིས་འགྲོ་དོན་ལ་བཞུགས་ནས། དུས་ཀྱི་ཕྱི་མ་སྟག་གི་ལོ་རྒྱ་དཀར་པོའི་རྩིས་དང་བསྟུན་པའི་དབྱར་ར་བའི་ཚེས་བཅོ་བརྒྱད་དང་། སྐར་མ་རྒྱལ་ཕུར་འཛོམས་པའི་ཉིན་ཕར་ཕྱེད་ཚུར་ཕྱེད་ཀྱི་དུས་སུ་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནོ། །དེ་ནས་སྤུར་ལ་མཆོད་པ་ཞག་བདུན་ཕུལ་སྤུར་ཞལ་བསྟན། སང་སྤུར་སྦྱོང་དང་སྟོན་མོ་བྱེད་པའི་ནུབ་མོ་རིན་པོ་ཆེ་སློབ་དཔོན་ཨའི་རྩ་རུ་བྱོན་ནས། མདང་ཞག་ཀྱང་ང་རང་གིས་ལེགས་ཕྱོགས་བསྒྲིག་གི་ཡོད་པས་སང་ཡང་ཁྲོམ་འཛོམ་པར་ཡོང་གི་གསུངས། དེ་ནས་སྤུར་བསྒུལ་བ་དང་ས་གཡོས་ཆེན་པོ་བྱུང་། སྤུར་ལ་ཞུགས་ཕུལ་བ་དང་། ལུང་པ་ཐམས་ཅད་དྲི་བཟང་གིས་ཁྱབ་ཅིང་། ནམ་མཁའ་གསལ་དྭངས་པ་ལ་འཇའ་ཡི་ཚོགས་འཁྲུག །མེ་ཏོག་གི་ཆར་བབ། སྤོས་ཀྱི་ངད་ལྡང་། དྲི་ཟས་གླུ་དབྱངས་ལེན་པར་གྱུར་ཏོ། །དེ་ནས་དབུ་ལ་རྒྱུད་སྡེ་ལྔའི་ལྷ་ཚོགས་ཐམས་ཅད་བྱོན། གདུང་ལ་ལྷ་སྐུ་དང་རིང་བསྲེལ་བརྗོད་ལས་འདས་པ་བྱོན་པ་རྣམས། དབུས་གཙང་ཁམས་གསུམ་གྱི་སློབ་མ་དང་། བཟད་ཡོལ་གྱི་ཡོན་བདག་ཕོ་མོ་རྣམས་དང་། དེར་ཚོགས་པ་རྣམས་ལ་མང་ཇ་བསྐོལ་ནས་བསྟན། ད་ལྟ་གསེར་འབུམ་དང་ནང་རྟེན་གསེར་སྐུ། སྐུ་ལྡེར་རྣམས་ནི་བཞུགས་ཏེ་ལྷ་མི་ཀུན་གྱིས་མཆོད་པའི་གནས་སུ་གྱུར་ཏོ།
།བླ་མའི་རྣམ་ཐར་མྱ་ངན་འདས་ཆུང་འདི། །གུས་པའི་སྟོབས་ཀྱིས་ཡི་གེར་བྲིས་པ་ཡིན། །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་རྣམས། །བླ་མ་སངས་རྒྱས་ཞབས་དྲུང་འདྲེན་པར་ཤོག
།བླ་མ་སངས་རྒྱས་སྟོན་པ]]འི་རྣམ་ཐར་མྱ་ངན་འདས་ཆུང་མ་ཞེས་བྱ་བ་རྫོགས་སོ། །ཞལ་དྲོ། དགེའོ།།