Snyan rgyud kyi gdams pa snang ba rang sems kyi khrid

From Shangpa Resource Center








Resource ID SCv8p259
Title snyan rgyud kyi gdams pa snang ba rang sems kyi khrid
Topics Mahamudra Gauma
Sub-Topics Instructions
Associated Person Niguma
Link BDRC W23922
BDRC W3CN18508 (v2p.532)
BDRC W8LS32723
BDRC W22103 (p.409 alt. version)

༄༅། །སྙན་རྒྱུད་ཀྱི་གདམས་པ་སྣང་བ་རང་སེམས་ཀྱི་ཁྲིད་བཞུགས་སོ།།

བླ་མ་དམ་པའི་ཞབས་བཏུད་ནས། །མཁའ་འགྲོའི་སྙན་རྒྱུད་ཞལ་གདམས་འདི། །སློབ་མ་མཆོག་གི་གསོལ་བཏབ་པའི། །དོན་དུ་བདག་གི་ཡི་གེར་བཀོད།
།དེ་ལ་སངས་རྒྱས་དང་སེམས་ཅན་ལ་སོགས་པ། ཕྱི་སྣོད། ནང་བཅུད་ཐམས་ཅད་རང་གི་སེམས་ལས་ཕྱི་རོལ་དུ་གྱུར་པའི་ཆོས་ཅི་ཀྱང་མེད་དེ།
རྡོ་རྗེ་མགུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་།
བདེ་མཆོག་བརྒྱན་གྱི་རྒྱུད་ལས། སེམས་ལས་མ་གཏོགས་སངས་རྒྱས་དང་། །སེམས་ལས་མ་གཏོགས་ཆོས་གཞན་དག །སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཤིང་། །མ་གསུང་གསུངས་པར་མི་འགྱུར་ཏེ། །ཞེས་གསུངས་སོ།
།མྱ་ངན་ལས་འདས་པའི་ལེའུ་ལས། ཀྱཻ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་ནི་སེམས་ལས་བྱུང་ཞིང་སེམས་ཙམ་སྟེ། སེམས་ལ་ནི་མཐའ་དང་དབུས་མེད་པའོ།
།དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རང་སེམས་ཀྱི་ཕྱི་རོལ་དུ་དེ་དག་དེར་ཤར་ཤིང་སྣང་སྟེ།
ལང་ཀར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་སེམས་ནི་ཕྱི་རོལ་སྣང་། །ཞེས་པས།
ཕྱི་རོལ་གྱི་འབྱུང་བཞིའི་རེ་རེ་ལ་རིགས་དྲུག་གི་སྣང་བ་སོ་སོར་འཆར་ཏེ།
མདོ་འཇིག་རྟེན་བསྟན་བཞག་ལས། ཆུ་བོ་ཆེན་པོ་གཅིག་ལ་རིགས་དྲུག་སོ་སོའི་སྣང་བ་འཆར་ཏེ། །དམྱལ་བ་རྣམས་ལ་ཁྲོ་ཆུའོ། །ཡི་དྭགས་རྣམས་ལ་གནག་ཁྲག །དུད་འགྲོ་བྱིངས་ན་གནས་པ་རྣམས་ལ་གནས། མི་ལ་ཆུ། ལྷ་མ་ཡིན་ལ་གོ་མཚོན། ལྷ་ལ་བདུད་རྩིའོ། །དེ་བཞིན་དུ་ས་ལ་ཡང་ཐ་དད་དུ་འཆར་ཏེ།
ཞི་བ་ལྷས། ལྕགས་སྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་མས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་མདོ་རྒྱུད་ཀྱི་འཁོར་དས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སུ་གསུངས་པའི་ལུང་རྣམས་མང་གི་དོགས་ནས་མ་བྲིས་སོ།
།དེ་ལ་སྣང་བ་འདི་ཐམས་ཅད་རང་གི་སེམས། སེམས་སྣང་སྟོང་སྒྱུ་མ། སྒྱུ་མ་མཐའ་བྲལ་ཕྱག་རྒྱ་ཆེན་པོ་རྟོགས་པར་བྱའོ།
།དེ་ཉིད་ཉམས་སུ་ལེན་པར་འདོད་པས། ཐོག་མར་གནས་དབེན་པར་འཆི་བ་མི་རྟག་པ་དང་། འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་ནས། ལུས་ཡི་དམ་སྣང་སྟོང་གི་སྤྱི་བོར་བླ་མ་བསྒོམ།
།མདུན་དུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གསོལ་བ་བཏབ་པར་བྱ་སྟེ།
བླ་མ་རིན་པོ་ཆེ། བདག་འཛིན་བློས་ཐོང་བར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྣང་བ་སེམས་སུ་རྟོགས་པར་མཛད་དུ་གསོལ།
།ཞེས་པའི་གསོལ་བ་དོས་དྲག་ལ་རྒྱུན་ཆད་མེད་པར་བཏབ་པས། སྣང་བ་བདེན་མེད་དུ་སོང་བ་དང་། ཐོག་མར་ས་ལ་སླབ་པར་བྱ་སྟེ། རྡེའུ་རྩ་ཤིང་ཕྲ་བ་ཐམས་ཅད་ལ་འདི་ཐམས་ཅད་རང་གི་སེམས། སེམས་རྩི་ཤིང་ལ་སོགས་པ་ཕྲ་མོར་སྣང་། ཤར་ནས་འདུག་སྙམ་དུ་འདུན་པ་རྩེ་གཅིག་ཏུ་བཏང་བར་བྱའོ།
།དེ་བཞིན་དུ་ཁང་པ་དང་བྲག་རི་ཆེན་པོ་ལ་སོགས་པ་རགས་པ་ཐམས་ཅད་ལ་གོང་བཞིན་དུ་བསྒོམ་མོ།
།དེ་ལ་བརྟན་པ་དང་། ཆུ་ཕྲ་རགས། ཉི་མ་དང་མེ་ཕྲ་རགས། རླུང་ཕྲ་རགས་ཐམས་ཅད་ལ། ཟླ་ཕྱེད་ཞག་བཅུ་ལ་སོགས་པ་ཅི་སྣང་སེམས་སུ་མ་གཏོགས་རིང་ལ་རིམས་པ་བཞིན་དུ་བསྒོམ་པར་བྱའོ།
།དེ་ནས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་སླབ་པར་བྱ་སྟེ། སྤྱིར་ཕོ་ཆགས། དགོས་སུ་སྐྱེས་པ། ཁྱད་པར་དུ་ཞེ་སྡང་སྐྱེ་བའི་ཡུལ་དེ། རང་གི་སེམས་དེར་སྣང་དེར་ཤར་ནས་འདུག་ཨང་སྙམ་དུ་མདུན་པ་རྩེ་གཅིག་ཏུ་བཏང་ངོ་།
།དེ་བཞིན་དུ་སྤྱིར་མོ་ཆགས། དགོས་སུ་བུད་མེད། ཁྱད་པར་འདོད་ཆགས་སྐྱེ་བའི་ཡུལ་དེ་རང་གི་སེམས་དེར་སྣང་དེར་ཤར་བས་ན་སྣང་བ་འདི་རང་གི་སེམས་སུ་འདུག་སྙམ་དུ་རྟོགས་པར་བྱའོ།
།དེ་བཞིན་དུ་རྟ་དང་གླང་པོ་དང་། མ་ཧེ་དང་། སྟག་དང་། དོམ་དང་། སྤྱང་ཀི་དང་། དུག་སྦྲུལ། འབུ་སྲིན་དང་། གྲོགས་སྦུར་ལ་སོགས་པ་སེམས་ཅན་ཕྲ་རགས་ལ་སོགས་པ་ཐམས་ཅད་རང་གི་སེམས་སུ་འདུག །དེར་སྣང་དེར་ཤར་བས་ན་སྣང་སེམས་དབྱེར་མེད་དུ་རྟོགས་པར་བྱའོ། །སྣང་སེམས་དབྱེར་མེད་དུ་རྟོགས་པ་དེས། ས་བདུན་པ་ཐོབ་པར་འགྱུར་རོ།
།ཀུན་དག་པོའི་ཞུས་པའི་མདོ་ལས། སྣང་སེམས་དབྱེར་མེད་རྟོགས་གྱུར་ན། ས་བདུན་པ་ནི་ཐོབ་པར་འགྱུར། །ཅེས་པ་དང་། ཕལ་ཆེན་ལས་ཀྱང་དེ་ལྟར་གསུང་ངོ་། དེ་ལ་གོམས་ཤིང་བརྟན་པར་གྱུར་པ་དང་། སེམས་སྣང་དུས་ན་སྟོང་པས་སྣང་དུ་ཤེས་པར་བྱ་སྟེ། སྔར་བཞིན་དུ། བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ།
སྣང་བ་སེམས་སུ་རྟོགས་པར་མཛད་དུ་གསོལ། །སེམས་སྣང་སྟོང་དུ་རྟོག་པར་མཛད་དུ་གསོལ། །ཞེས་གསོལ་བ་དྲག་པོ་བཏབ་ནས། གོང་བཞིན་དུ། ས་ཕྲ་རགས་འདི་རྣམས་རང་གི་སེམས། སེམས་སྣ་ཚོགས་སུ་སྣང་བ་འདི། སྣང་དུས་ན་སྟོང་པས་སྟོང་དུ་འདུག་སྙམ་དུ་བསྒོམ་མོ།
།དེ་བཞིན་དུ་ཆུ་ཕྲ་རགས། ཉི་མ་དང་མེ་ཕྲ་རགས། རླུང་ཕྲ་རགས་ཐམས་ཅད་སྣང་དུས་ན་སྟོང་པས་སྣང་སྟོང་དུ་ཤེས་པར་བྱའོ།
།མདོར་ན། ས་རྡོ་རི་བྲག །རྩི་ཤིང་ནགས་ཚལ། རྒྱ་མཚོ་ཆུ་ཕྲན། ཁང་ཁྱིམ་ཡུལ་གཞིས་ཐམས་ཅད་རང་གི་སེམས་དེ་རྣམས་དུ་སྣང་། སྣང་དུས་ན་སྟོང་པས་སེམས་སྣང་སྟོང་སྒྱུ་མར་ཤེས་པར་བྱའོ།
།དེ་ནས་གསོལ་འདེབས་སྔོན་དུ་སོང་བས། སྤྱིར་མོ་ཆགས། དགོས་སུ་བུད་མེད། ཁྱད་པར་དུ་འདོད་ཆགས་སྐྱེ་བའི་ཡུལ་དེ་རང་གི་སེམས་བུད་མེད་དུ་སྣང་ཞིང་ཤར། དེ་སྣང་དུས་ན་སྟོང་པས་སྣང་སྟོང་དུ་འདུག་སྟེ།
ཡབ་སྲས་མཇལ་བ་ལས། རྒྱལ་པོ་ཆེན་པོ། སྐྱེས་བུ་གཉིད་ལོག་པའི་རྩལ་ན། ཡུལ་གྱི་བུད་མེད་བཟང་མོ་དང་རྩེ་དགའ་འཕྱོ། གླུ་ལེན། པི་ཝང་སྒྲོག །འདོད་པ་རྟེན། དེ་ལ་ཆགས་ཞེན་ཏེ། དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། ཀྱེ་བཙུན་པ་བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། །རྒྱལ་པོ་ཆེན་པོ་བུད་མེད་ཉིད་མི་དམིགས་ན། གླུ་ལེན་པ་དང་། པི་ཝང་སྒྲོགས་པ་དང་། འདོད་པ་རྟེན་པ་ལྟ་ག་ལ་འགྱུར། །རང་གི་སེམས་བུད་མེད་དུ་སྣང་བའི་ཕྱིར་རོ། །སྣང་དུས་ལ་སེམས་ལ་སྣང་སྟོང་དུ་ཤེས་པར་གྱིས་ཤིག །དེ་བཞིན་དུ་བཙུན་མོ་དྲུག་ཁྲི་པོ་ཡང་དེ་ལྟར་ཤེས་པར་གྱིས་ཤིག །ཅེས་དང་།
བྲམ་ཟེ་ཆེན་པོས། ལྔ་ན་མེད་པའི་སྒེག་མོ་ཅན་དང་འཕྲད། །ཉལ་བས་སེམས་ནི་གཞི་མེད་ལ་རྟེན། །རང་གི་སེམས་དང་ཐ་དང་མ་ལྟ་ཅིག །དེ་ཚེ་སངས་རྒྱས་ལག་ཏུ་སྡོད་པ་ཡིན། །ཞེས་སོ།
དེ་ནི་འདོད་ཆགས་སམ་བདེ་བའི་རྨི་ལམ་མོ། །དེ་བཞིན་དུ་ན། སྤྱིར་ཞེ་སྡང་སྐྱེ་བའི་ཡུལ། ཕོ་ཆགས། དགོས་སྐྱེས་དང་། ཁྱད་པར་དུ་ཞེ་སྡང་སྐྱེ་བའི་ཡུལ་དེ་རང་གི་སེམས་དེར་སྣང་། དེར་ཤར། སྣང་དུས་སྟོང་པས་སྣང་སྟོང་སྒྱུ་མར་ཤེས་པར་བྱའོ།
།མདོ་དེ་ཉིད་ལས། རྒྱལ་པོ་ཆེན་པོ། སྐྱེས་བུ་གཉིད་ལོག་པའི་རྨི་ལམ་ན། དགྲས་དེད་བཙོན་དུ་གཟུང་། ལྕགས་སུ་བཅུག །ཁྲི་མུན་དུ་གྱུར་ནས་གསོད་པར་བྱས་པས། སྐྲག་དང་སྔངས་བྲེད་པར་གྱུར་ན། སྐྱེས་བུ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། །རྒྱལ་པོ་ཆེན་པོ་དགྲ་དེ་ཉིད་མི་དམིགས་ན། བཙོན་དུ་གཟུངས་པ་དང་། གསོད་པ་སོགས་དམིགས་པ་ལྟ་ག་ལ་འགྱུར། རང་གི་སེམས་དགྲར་སྣང་བའི་ཕྱིར་རོ།
།སྣང་དུས་ན་སྟོང་པས་སྣང་སྟོང་དུ་ཤེས་པར་གྱིས་ཤིག །རྒྱལ་པོ་ཆེན་པོ་གཞན་ཡང་སྐྱེས་བུའི་རྨི་ལམ་ན། སྟག་དང་སེང་གེ་དང་། དོམ་དང་། དུག་སྦྲུལ་གྱི་དེད་སོས་བཏབ་ནས། དང་ངས་སྐྲག །རེངས་པར་གྱུར་ན། སྐྱེས་བུ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། །རྒྱལ་པོ་ཆེན་པོ་གཅན་གཟན་ཉིད་མི་དམིགས་ན། དེས་དེད་པ་དང་སོས་བཏབ་པ་དམིགས་པ་ལྟ་ག་ལ་འགྱུར། །རང་གི་སེམས་གཅན་གཟན་དུ་སྣང་བའི་ཕྱིར་རོ།
།སྣང་དུས་ན་སྟོང་པས་སྣང་སྟོང་དུ་ཤེས་པར་གྱིས་ཤིག །གཅན་གཟན་གྱི་སྤུའི་རྩེ་མོ་ཙམ་ཡང་མི་དམིགས་པའི་ཕྱིར་རོ།
།དེ་བཞིན་དུ། ཤཱཀྱའི་རིགས་ལྔ་བརྒྱ་དང་གཅན་གཟན་རྣམས་ཀྱང་ཤེས་པར་གྱིས་ཤིག །དེ་ནི་སྡུག་བསྔལ་ལམ་ཞེ་སྡང་གི་རྨི་ལམ་མོ། །གཞན་ཡང་འབྱུང་བ་དང་། སེམས་ཅན་སྣ་ཚོགས་ཀྱི་རྨི་ལམ་དུ་ཤེས་པར་བྱའོ། །དེ་ནི་སྟོང་སྙོམས་ཀྱི་རྨི་ལམ་མོ། །དེ་ལྟར་འབྱུང་བཞི་ཕྲ་རགས། །སེམས་ཅན་ཕྲ་རགས། སྤྱོད་ལམ་བཞིའི་རྨི་ལམ་གསལ་པོ་རྨིས་ནས་གཉིད་སད་མ་ཐོག་ཏུ། རང་གི་སེམས་ཐ་དད་པར་མི་ལྟ་སྟེ།
ཕྱི་རུ་རབ་གནང་གི་ཞུས་པའི་མདོ་ལས། འགྲོ་ཀུན་སྐྱེས་པ་བུད་མེད་སྣ་ཚོགས་རྨིས། །རང་གི་སེམས་དང་ཐ་དད་མི་བྱ་སྟེ། །དེ་ཚེ་སངས་རྒྱས་ལག་ཏུ་སྟོང་པར་འགྱུར། །ཞེས་གསུངས་པས་ཆགས་སྡང་། སྟོང་སྙོམས་ཀྱི་ཡུལ་ཐམས་ཅད་དེ་བཞིན་དུ་ཤེས་པར་བྱའོ། །འདུལ་བ་ལུང་དང་དཀོན་རྩེགས། ལྷའི་བུ་རབ་རྩལ་གྱི་ཞུས་པ་གསུམ་དང་། ཡབ་སྲས་མཇལ་བ་ལ་རྒྱས་པ་རྣམས་སུ་ཤེས་པར་བྱའོ།
།དེ་ནས་གསོལ་འདེབས་སྡོམ་དུ་སོང་བས། འབྱུང་བཞི་ཕྲ་རགས། སེམས་ཅན་ཕྲ་རགས་ཐམས་ཅད་ཡི་དམ་དུ་བལྟས་ན། འདི་ཐམས་ཅད་རང་གི་སེམས། སེམས་དང་ལྷ་སྐུ་དབྱེར་མི་ཕྱེད་པ། སྣང་སྟོང་དབྱེར་མེད་མཐའ་བྲལ་སྒྱུ་མར་སྒོམ། མདོར་ན་སྣང་བ་ཐམས་ཅད་སེམས། སེམས་ལྷ་སྐུ་མཐའ་བྲལ། སྟོང་གསལ་བདེ་བ་ཆེན་པོར་རྟོགས་པར་བྱའོ།
།དེ་ལ་བཀའ་མདོ་རྒྱུད་དང་། མཁའ་འགྲོའི་ཞལ་གྱི་གདམ་པ་རྣམས་གཏན་ཐོག་གཅིག་ཐུན་གཅིག །སྐད་ཅིག་མ་གཅིག་ལ་ཉམས་སུ་བླང་བར་བྱའོ།
།ལུས་ལྷ་སྐུ་སྣང་སྟོང་། སྟོང་གསལ་མཐའ་བྲལ་འོད་ཀྱི་རང་བཞིན་དང་མ་བྲལ་བ། སྤྱི་བོར་བླ་མ་དང་མ་བྲལ་བའི་མོས་གུས་རྩེ་གཅིག་པའོ། །ངག་སྔགས་དྲག་སྟོང་དང་མ་བྲལ་བའོ། །སེམས་སྟོང་གསལ་བདེ་བ་ཆེན་པོ་དང་མ་བྲལ་བར་བྱའོ།
།དེ་ལྟར་ཉམས་སུ་བླངས་པས་རབ་ལོ་གཅིག །འབྲིང་ལོ་གཉིས། ཐ་མ་ལོ་གསུམ་ན། ཡང་དག་པའི་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ།
།མཁའ་འགྲོའི་མའི་སྙན་བརྒྱུད་སྙིང་པོ་བསྡུས་པ་འདི་ཆིག་བརྒྱུད་ཡིན་པས་གཞན་ལ་རྫོགས་པར་བྱིན་པ་དང་ཡི་གེར་བཀོད་པ་མེད་པས་གསང་བའི་དམ་ཚིག་ལ་གནས་ཤིང་སུ་ལའང་བསྟན་པར་མི་བྱའོ། །སློབ་མ་མི་གཞི་བརྟན་པ། དད་པ་ཆེ་བ། གསང་བའི་དམ་ཚིག་ལ་གནས་པ་ལོ་ལྔ་སྒྲུབ་ནུས་པ་ཅིག་ལ་སྦྱིན་པར་བྱའོ།
།མཁའ་འགྲོའི་ཞལ་གདམས་ཆིག་བརྒྱུད་འདི། །དེ་སྔ་བྱིན་པ་ཡོད་རི་ཤི། །ཚེ་འདི་བློས་བཏང་ཉམས་ལེན་ལ། །རྩེ་གཅིག་སྒྲུབ་པ་མཛད་པར་ཞུ།། མངྒ་ལཾ།། །།