Su kha sid+d+hi bde ba'i dngos grub kyi lo rgyus

From Shangpa Resource Center








Resource ID SCv1p49
Title ye shes kyi mkha' 'gro ma su kha sid+d+hi zhes pa'am mtshan gzhan bde ba'i dngos grub kyi lo rgyus
Alt. title sukhasiddhi
bde ba'i dngos grub kyi lo rgyus
Topics Biography
Associated Person Sukhasiddhi
Link BDRC W23922
Notes For another version of this text : Su kha sid+d+hi bde ba'i dngos grub kyi lo rgyus 2

༄༅། །ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་པའམ་མཚན་གཞན་བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་བཞུགས་སོ།།

རྒྱ་གར་སྐད་དུ། སུ་ཁ་སིདྡྷི།
བོད་སྐད་དུ། བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་ཞེས་བྱ་བ།
དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།
།དེ་ལ་རྒྱ་གར་ཁ་ཆེ་ན། གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་བརྒྱད་ཡོད་པ་ལས། འདི་ནུབ་ཕྱོགས་ཁ་ཆེའི་གྲོང་ཁྱེར་ཞེས་བྱ་བ་ཡིན་ནོ།
།དེ་ཡང་གྲོང་ཁྱེར་དེ་ན་བཟའ་མི་གཉིས་ལ་བུ་གསུམ་བུ་མོ་གསུམ་དང་བརྒྱད་ཡོད་པ་ལས་ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་པ་སྟེ། རྒྱགས་འབྲས་བུམ་པ་གང་ལས་མེད་པས། དེ་ཟ་མ་ནུས་པར་ཁ་བཅད་དེ་སྦས་ནས་བཞག་གོ །དེ་ནས་བུ་གསུམ་པོ་ལྷོ་ཕྱོགས་སུ་བཟའ་ཚོལ་དུ་སོང་། བུ་མོ་གསུམ་པོ་བྱང་དུ་སོང་། ཕ་ནུབ་ཕྱོགས་སུ་སོང་། དེ་ནས་མ་ལ་དུས་གཅིག་ན་ཤིན་ཏུ་ཕོངས་པ་གཅིག་བཟའ་བ་སློང་དུ་བྱུང་བས། འབྲས་ཀྱི་བུམ་པ་ཁ་ཕྱེས་ནས་གཙོས་ནས་བྱིན་ནོ།
།དེར་ཕ་ཡིས་བཟའ་བ་མ་རྙེད་བཀྲེས་པས་ཉེན་ནས། ད་ནི་ཁྱིམ་གྱི་འབྲས་བུམ་པ་གང་པོ་ཟོས་ལ་དེ་ནས་བཙལ་དགོས་སྙམ་ནས་ལོག་པ་དང་། བུ་གསུམ་གྱིས་ཀྱང་མ་རྙེད་པར་ལོག བུ་མོ་གསུམ་གྱིས་ཀྱང་དེ་བཞིན་དུ་ལོག་གོ། །དེར་ཁོང་གསུམ་གྲོས་བྱས་པ་བཞིན་དུ་དུས་གཅིག་ཏུ་ལོག་ནས། ད་ནི་མས་འབྲས་ཁ་ཕྱེས་ནས་བྱིན་ཅིག །བཀྲེས་ཤིང་ཉེན་ནས་ཐམས་ཅད་ཉམ་ཐག་པར་གྱུར་ཏོ་ཟེར་བ་དང་། མ་ཡིས་སྨྲས་པ། ཁྱེད་རྣམས་ཀྱིས་བཟའ་བ་རྙེད་ནས་འོང་སྙམ་སྟེ་ཤིན་ཏུ་ཕོངས་ཤིང་ཉམ་ཐག་པ་གཅིག་བཟའ་སློང་དུ་བྱུང་ནས། དེ་ལ་འབྲས་བྱིན་ནས་མེད་བྱས་པས། ཁྱོ་དང་བུ་ཕོ་བུ་མོ་རྣམས་མགྲིན་གཅིག་བསྡེབས་ནས་མ་ལ་སྨྲས་པ། ཁྱོད་ཀྱིས་དེ་སྔ་ཡང་འདི་ཀ་བཞིན་དུ་བྱས་པས་ངེད་རྣམས་སྐྱིད་དུ་མ་སྟེར། ད་ཡང་ཁྱོད་ཀྱིས་བཟའ་ཚོལ་བ་ལྟ་མི་ཡོང་སྟེང་ངེད་ཀྱིས་བསགས་པ་རྣམས་ཀྱང་མེད་པར་བྱས་པས་འདི་ཐོན་ཅིག་བྱས་ནས་ཁྱིམ་ནས་བཏོན་པར་གྱུར་ཏོ།
།དེ་ནས་རྒན་མོ་དེ་ཁ་ཆེའི་ཡུལ་ནས་ནུབ་ཕྱོགས་ཨོ་རྒྱན་དུ་ཕྱིན་པ་དང་། ཨོ་རྒྱན་གྱི་མི་རྣམས་ནི། ཕོ་སྐྱེས་ཐམས་ཅད་དཔའ་བོ། མོ་སྐྱེས་ཐམས་ཅད་དཔའ་མོ་ཤ་སྟག་ཏུ་འདུག་ལ། དེར་ཕྱིན་པ་ཙམ་གྱིས་རིག་པ་རང་བཞིན་གྱིས་དྭངས་བར་འདུག་སྐད། དུས་དེར་འབྲས་བཙའ་བ་དང་འཛོམ་ནས་འབྲས་བསྒྲུབས་པས་ཁལ་ཅིག་རྙེད། དེ་གྲོང་ཁྱེར་གཅིག་ཏུ་ཁྱེར་ནས་ཆང་ཚོང་མ་བྱས་སོ། །དེའི་དུས་ན་ཨོ་རྒྱན་གྱི་ནགས་ཁྲོད་དུ་སློབ་དཔོན་བིར་ཝ་པ་ཞེས་ཀྱང་བྱ། ཨ་ཝ་དྷུ་ཏི་པ་ཞེས་ཀྱང་བྱ་བ་དེ། ཕྱག་རྒྱ་ཨ་ཝ་དྷུ་ཏི་མ་དང་གཉིས་འགྲོགས་ནས་གསང་སྤྱོད་མཛད་ཀྱིན་ཡོད་པ་ལས། རྣལ་འབྱོར་མ་དེས་དུས་རྟག་ཏུ་ཆང་ཉོར་ཕྱིན་ནོ།
།དེ་ནས་མ་རྒན་མོ་ཆང་ཚོང་མ་དེ་ལ་སྐབས་སུ་ཆང་ཉོས་པས་ཆང་གཞན་ལས་ཞིམ་པ་ཤ་སྟག་གཙོངས་སོ། །དེར་རྒན་མོས། རྣལ་འབྱོར་མ་ཁྱོད་ཆང་ཉོ་ནས་སུ་ལ་ཁྱེར་བྱས་པས། རྣལ་འབྱོར་མས་སྨྲས་པ། ཡ་གི་ནགས་ཁྲོད་ན་རྣལ་འབྱོར་པ་བཟང་པོ་གཅིག་བཞུགས་པས་དེ་ལ་འདྲེན་པ་ཡིན་བྱས་པ་དང་། རྒན་མོས་སྨྲས་པ། འོ་ན་ཁྱོད་ཀྱིས་ཆང་རིན་མི་འདོད་ཟེར་འབྲས་ཆང་ཉིང་སིང་བྱས་ཀྱིན་བསྐུར་རོ།
།དེར་བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་ཆང་རིན་མི་དགོས་པའི་ཆང་ཤ་སྟག་འོང་པ་ཇི་ལྟར་བྱས་པ་ཡིན་གསུང་པ་དང་། དེ་སྔའི་ཆང་ཚོང་མ་དང་མི་འདྲ་བའི་དད་པ་ཅན་ཞིག་འདུག་སྟེ། ང་ཡི་བླ་མ་བཟང་པོ་གཅིག་ནགས་ཁྲོད་ན་ཡོད་པ་ཡིན་ཏེ། དེ་ལ་ཁྱེར་བ་ཡིན་བྱས་པས། ཆང་ཚོང་མ་དད་པ་སྐྱེས་ནས་བསྐུར་བ་ཡིན་བྱས་པས།
བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ། ད་ཅི་ནས་ཀྱང་རྒན་མོ་དེ་ངས་ཁམས་གསུམ་འཁོར་བ་ནས་འདོན་དགོས་གསུངས་པས་རྣལ་འབྱོར་མ་དེས་རྒན་མོ་ལ་༼རྩར་ཕྱིན་ནོ། །དེར་རྣལ་འབྱོར་མ་དེས་རྒན་མོ་ལ་སྨྲས་པ།
ངའི་བླ་མ་བིར་ཝ་པའི་ཞལ་ནས། ཆང་ཚོང་མ་ཁྲིད་ལ་ཤོག་འཁོར་བ་ནས་འདྲེན་དགོས་གསུངས་པས།༽ ཁྱེད་འདོང་ངམ་བྱས་པ་དང་། རྒན་མོ་དེ་ཤིན་ཏུ་མོས་ཏེ། འབྲས་ཆང་བུམ་པ་གང་དང་ཕག་ཤ་བཅས་ཁྱེར་ནས་མཇལ་དུ་ཕྱིན་ནོ།
།དེ་ནས་བིར་ཝ་པས་དུས་དེ་ཉིད་དུ་གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་དབང་བཞི་རྫོགས་སུ་བསྐུར། བསྐྱེད་རྫོགས་གསང་སྒྲུབ་དང་བཅས་པ། དབང་གི་ཕྲིན་ལས་བཅས་གསུངས་པས་དུས་དེ་ཉིད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་ཏོ། །དེ་ཡང་བུ་ཁྱོ་རྣམས་ཀྱིས་ཁ་ཆེའི་ཡུལ་ནས་བཏོན་པའི་དུས་སུ་ལྔ་བཅུ་ང་དགུ་ལོན། ཨོ་རྒྱན་དུ་ཕྱིན་ནས་ཆང་ཚོང་མ་བྱས་ནས་ལོ་དྲུག་ཅུ་ཐམ་པ། བིརྺ་པ་དང་མཇལ་ནས་དབང་ཞུས་པའི་དུས་སུ་དྲུག་ཅུ་རྩ་གཅིག་ལོན་ནོ། །དེར་ནུབ་གཅིག་ལ་གྲུབ་པ་ཐོབ་པའི་སྟོབས་ཀྱིས་དྲུག་ཅུ་རྩ་གཅིག་ལོན་པའི་རྣམ་སྨིན་གྱི་ལུས་དེ་རང་དག་ལ་སོང་ནས་འཇའ་ལུས་སུ་གྱུར་ཏེ། གཞོན་ནུ་ལང་ཚོ་དར་ལ་བབས་པ་སྐུ་མདོག་ཤིན་ཏུ་དཀར་བ། དབུ་སྐྲ་སིལ་བུས་སྐུ་རྒྱབ་ནོན་པ། བཅུ་དྲུག་ལོན་པའི་ན་ཚོད་ལྟར་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་ཤིང་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་བཞུགས་པ་རྫུ་འཕྲུལ་དང་ལྡན་པའི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་བྱ་བར་གྱུར་ཏོ། །དེ་ཡང་མཁའ་འགྲོ་མ་དེ་བཅོམ་ལྡན་འདས་བདག་མེད་མ་དངོས་སུ་གྱུར་ཏེ་བིར་ཝ་པའི་གསང་ཡུམ་མཛད་དོ། །ད་ལྟ་ཡང་འདས་གྲོངས་མི་མངའ་བར་ཁམས་གསུམ་གྱི་སེམས་ཅན་ལ་ཡེ་ཤེས་ཀྱི་གཟིགས་པ་དུས་དྲུག་ཏུ་འཇུག་གོ། །དེས་ཀྱང་ཁྱད་པར་སྣང་བ་དག་པ་རྣམས་ལ་ཆོས་གསུངས། གསང་སྒྲུབ་ཉམས་སུ་ལེན་པ་རྣམས་དང་གསོལ་བ་འདེབས་པ་རྣམས་ལ་དངོས་སུ་བྱིན་གྱིས་རློབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བྱེད་དོ། །དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེའི་རྣམ་ཐར་དང་། མཚན་ཐོས་པ་ཙམ་གྱིས་ཤིན་ཏུ་མོས་པར་གྱུར་ཏོ། །དད་པའི་ས་བོན་གཏིང་ནས་གཡོས་ཏེ་བདག་ཁྱུང་པོ་རྣལ་འབྱོར་པས་རྒྱ་གར་གྱི་ཕྱོགས་ཐམས་ཅད་ཚོལ་དུ་ཕྱིན་པས་ཙནྡན་སྨན་གྱི་ནགས་ཀྱི་སྟེང་ཤིང་ཏ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཇའ་འོད་འཁྱིལ་པའི་དབུས་ན་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་རྒྱངས་མ་ནས་མཐོང་ངོ་། །གསེར་སྲང་ལྔ་བརྒྱ་ཕུལ་ནས་ཡང་དག་པའི་གདམས་པ་ཞུས་པས། ཐུན་མོང་མ་ཡིན་པ་གསང་སྒྲུབ་ཀྱི་དབང་བཞི་རྫོགས་སུ་བསྐུར། གསང་སྒྲུབ་ཀྱི་བསྐྱེད་རྫོགས་ཆོས་དྲུག་འདུ་བ་རྣམ་གསུམ་ཞལ་གདམས་དང་བཅས་པ་དང་། ཁྱད་པར་ལོ་ཟླ་ཙམ་གྱིས་སངས་རྒྱ་བའི་གནད་ཁྱད་པར་ཅན་བདེ་བ་འབྱུང་བ་དང་། མ་རྒྱུད་ཀྱི་གནད་མ་ལུས་པ་གནང་ངོ་།
།བདག་གི་རྩ་བའི་བླ་མ་ནི་གུ་མ་དང་། རཱ་ཧུ་ལ་དང་སྦས་པའི་རྣལ་འབྱོར་དང་སུ་ཁ་སིདྡྷི་སྟེ་བཞི་ལས། ཁྱད་པར་དུ་དྲིན་ཆེ་བའི་བླ་མ་ནི་སུ་ཁ་སིདྡྷི་འདི་ཡིན་ནོ། །དེ་ཡང་དང་པོ་དྲིན་ཆེ་སྟེ་ལུང་མང་པོ་བསྟན། བར་དུ་དྲིན་ཆེ་སྟེ་གསང་ཡུམ་མཛད་ནས་དབང་ཐམས་ཅད་མ་ལུས་པར་ཐོབ་བོ། །ཐ་མ་དྲིན་ཆེ་སྟེ་དབང་ལག་ལེན་ཞལ་གདམས་བཅས་པ་གནང་ངོ་། །དེ་ཡང་བདག་ལ་ནི། རྒྱ་བོད་ཐམས་ཅད་དུ་འདུ་འབྲལ་མེད་པར་༼བྱིན་གྱིས་རློབ་ཅིང་དབང་བཞི་རྫོགས་རྟག་ཏུ་བསྐུར་རོ། །གསང་སྔགས་ཀྱི་གནད་རྣམས་རྒྱུན་ཆད་མེད་པར་༽གསུངས་པས་ཤིན་ཏུ་དྲིན་ཆེ་བའོ། །ཕྱི་རབས་ཀྱིས་ཀྱང་གསང་སྒྲུབ་འདི་ཉམས་སུ་བླངས་ནས་སྒྲུབ་པར་བྱའོ། །ཞེས་གསུངས་སོ།
བླ་མ་རྨོག་ལྕོག་པའི་ཞལ་ནས། སྡིངས་མར་སྒྲུབ་པ་མཛད་པའི་དུས་སུ་ཡང་སུ་ཁ་མ་སིདྡྷི་༼ཐོག་མར་ཞལ་མཐོང་། དེའི་དུས་སུ་དབང་བཞི་རྫོགས་དུ་སྐུར། ཆོས་མང་དུ་གསུངས། དེ་ནས་རྨོག་ཅོག་གི་བྲག་ལ་སོགས་པར་སྒྲུབ་པ་མཛད་ཅིང་བཞུགས་པའི་དུས་སུ། སུ་ཁ་མ་སིདྡྷི་༽བྱོན་ནས། ལུང་བསྟན་མང་པོ་མཛད། དེ་ནས་བཟུང་ནས་འདུ་འབྲལ་མེད་གསུངས་སོ།
བླ་མ་སྐྱེར་སྒང་པའི་ཞལ་ནས། ངས་ལྷ་ས་འཕྲུལ་སྣང་དུ་ཕྱིན་དུས་སུ། སུ་ཁ་མ་སིདྡྷིས་རྫོགས་རིམ་གྱི་འཁྲུལ་འཁོར་དང་བཅས་ནས་ཆོས་གསུངས། དབང་བཞི་རྫོགས་སུ་བསྐུར། འདུ་འབྲལ་ནི་གཅིག་ཀྱང་མེད་གསུངས་སོ།
སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྐྱེར་སྒང་དུ་བྲག་ཁ་གཅིག་ཏུ་གྲོ་ཐོན་ནས་བསྡད་པས། དུས་དེ་ཉིད་དུ་སུ་ཁ་སིདྡྷི་ཞལ་མཐོང་། རིག་པ་རྟེན་མེད་དུ་ཞོག་དང་ལན་གསུམ་གསུངས།
དེ་ནས་ད་ལྟ་ཡན་ཆོད་དུ་རྒྱུན་ཆད་མེད་པར་ཞལ་མཐོང་། དབང་བཞི་ཁྱད་འཕགས་ཀྱི་གདམས་པ་དང་། རྣམ་ཐར་སྒོ་གསུམ་ལ་དབང་བའི་རྣལ་འབྱོར་པ་ཡིན་བྱ་བ་ལ་སོགས་པའི་ལུང་བསྟན་མང་པོ་མཛད་དོ། །ཁྱེད་བུ་སློབ་རྣམས་ལོ་དང་ཟླ་བ་ཙམ་གྱི་འཚང་རྒྱ་བར་འདོད་ན་གནས་དབེན་པ་བསྟེན་ལ་གསང་སྒྲུབ་འདི་ཉམས་སུ་ལོངས་ལ་སྒྲུབས་གསུངས་སོ། །དགེ་ལེགས་འཕེལ།། །།