Thabs lam 'khrul 'khor dang 'chi med 'khrul 'khor

From Shangpa Resource Center
Revision as of 11:29, 13 January 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv10p215
Title thabs lam 'khrul 'khor dang 'chi med 'khrul 'khor
Topics Chandali, Immortality
Sub-Topics Yantra
Link BDRC W23922

༄༅། །ཐབས་ལམ་འཁྲུལ་འཁོར་དང་འཆི་མེད་འཁྲུལ་འཁོར་བཞུགས་སོ།།

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ།
།ཐབས་ལམ་འཁྲུལ་འཁོར་བཤད་པར་བྱ།
།དེ་ལ་དབབ་བཟུང་འཁྲུལ་འཁོར་ནི། །དང་པོ་ཡན་ལག་ལྔ་སྦྱོར་བྱ།
།དབབ་པའི་འཁྲུལ་འཁོར་རྣམ་གསུམ་ནི། །རྡོ་རྗེ་སྐྱིལ་ཀྲུང་ལན་གསུམ་སྡིག །རྡོ་རྗེ་ཁུ་ཚུར་འཐུར་དུ་གནོན། བྱ་ཉོང་བྱ་ཞིང་ལན་གསུམ་སྡིག
།འཛིན་པའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་མཉམ་བཞག་ས་གནོན་ལ། །རླུང་གནད་བླ་མའི་ཞལ་ལས་ཤེས་༼ཁ་སྦྱོར་གཡས་གཡོན་གཅུ།༽
།བཟློག་པའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་རུས་སྦས་ཁ་བུབ་ལ། །ཧཱུཾ་རིང་ཧཱུཾ་ཐུང་རེ་མོས་བསྒྲང་། །བཤང་༼ཕྱིའི་བྷན་རྟ་༽ལམ་གྱེན་བཟློག་གཞུང་དང་མཐུན།
།དགྲམ་པའི་འཁྲུལ་འཁོར་རྣམ་གསུམ་ནི། གཅན་ཟན་རྒྱལ་པོའི་དཀྲུགས་གདེངས་དང་། །གཡང་མོའི་དཀྲུགས་སྡང་། རྒོད་ལྡིང་བྱ།
།ཟས་སུ་ཟ་བའི་འཁྲུལ་འཁོར་ནི། །ཁ་སྦྱོར་སྟེང་འཐེན་འོག་ཏུ་སྡིག
།གོས་སུ་གྱོན་པའི་འཁྲུལ་འཁོར་ནི། །ཁ་སྦྱོར་སྟེང་འོག་མེད་པར་བཤུད།
།གདན་དུ་སྟིང་བའི་འཁྲུལ་འཁོར་ནི། །ཁ་སྦྱོར་ལྟེ་བའི་ཐད་དུ་འཕུལ།
།རླུང་གནད་རྟ་ཞོན་སྤྱི་ཆིངས་ནི། །ལག་སྐྱེད་འཁྲིལ་རྐང་གཉིས་བཤུད།
།སྐོམ་དུ་འཐུང་བའི་འཁྲུལ་འཁོར་ནི། །རླུང་གནད་བླ་མའི་༼མ་ཆོར་བར་དུ་བཏང་།༽ཞལ་ལས་ཤེས།
།སྲིད་པའི་དབང་བཞི་བསྟན་པ་ནི། །གནས་གསུམ་རྡོ་རྗེ་རྩེ་མོ་བསྟན།
།གེགས་སྐྱོན་རང་གྲོལ་བསྟན་ནི། །རྡོ་རྗེ་སྐྱིལ་ཀྲུང་གནས་གསུམ་སྡིག
།ཐབས་ལམ་འཁྲུལ་འཁོར་བཀྲ་ཤིས་ཤོག

༈ འཆི་མེད་གྲུབ་པའི་འཁྲུལ་འཁོར་བཤད།
།དང་པོ་ཡན་ལག་ལྔ་སྦྱོང་བྱ། །དེ་ནས་སྟེང་འོག་ཀུན་ཏུ་འཕང་།
།ཕྱིའི་འཁྲུལ་འཁོར་རྣམ་བཞི་ནི། །ཨཱཾ་གྲོལ་རྐང་འཐེབ་བཟུང་ལ་སྡིག །རྦེ་ཏ་འཕོངས་རྡིག་དྲག་ཏུ་སྡིག །བྷནདྷ་བཤང་ལམ་གྱེན་ལ་ཟློག །ཕྱག་རྒྱ་ཆེན་པོ་ཙོག་པུ་བྱ།
།ནང་གི་འཁྲུལ་འཁོར་རྣམ་བཞི་ནི། །ཨཾ་གྲོལ་རྐང་ངར་ཟུང་ལ་སྡིག །བྷེ་ཏ་འཕོངས་སྡིག་རེ་མོས་སྡིག །བྷནདྷ་གླང་ཆེན་སྣ་ལྟར་བཀུག །ཕྱག་རྒྱ་ཆེ་༼རྡོ་རྗེའི་འཁྲུལ་འཁོར་༽ལ་མཉམ་བཞག་བྱ། །ཨཾ་འགྲོལ་རྒྱབ་ཏུ་ལག་གཉིས་རྩེག །བྷེ་དྷ་འཕོངས་སྡིག་དལ་གྱིས་བཞག །བྷནདྷ་རོ་སྟོད་གཡས་གཡོན་གཅུ། །ཕྱག་རྒྱ་ཆེ་༼རྡོ་རྗེའི་འཁྲུལ་འཁོར་༽ལ་མཆོག་སྦྱིན་བྱ། །དེ་དག་རྩ་བའི་འཁྲུལ་འཁོར་ཡིན།
།ད་ནི་ཡན་ལག་འཁྲུལ་འཁོར་བཤད། །ཁ་སྦྱོར་ཨཾ་༼ཕྱིའི་ཨཾ་གྲོལ་༽འགྲོལ་ལྟ་བུ་ལ། །༼ཕྱིའི་བྷནྡྷ་༽ཐིག་ལེ་སྒྲ་གཅན་གྱེན་ལ་ཟློག །གདུང་དང་དཀྲུག་པས་དཀར་པོ་དགྲམ། །མགོ་བོའི་འཁྲུལ་འཁོར་རྣམ་བཞི་ནི། །དང་པོ་མགོ་བོ་བྱ་སྙེས་ཞིང་། །གཉིས་པ་གདངས་མིག་མིག་གཉིས་བསྐོར། །གསུམ་པ་མགོ་བསྐོར་མིག་གཉིས་སྡང་། བཞི་པ་ཕྱོགས་བཞི་དག་ནས་རྔུབ།
།རོ་སྟོད་འཁྲུལ་འཁོར་རྣམ་གསུམ་ནི། །དང་པོ་རོ་སྟོད་གཡས་སུ་གཅུ། །གཉིས་པ་ཁུ་ཚུར་ཐེངས་དགུ་རྡེག །གསུམ་པ་རྐྱང་བསྐུམ་དག་ཏུ་བྱ།
།ལག་པའི་འཁྲུལ་འཁོར་རྣམ་བཞི་ནི། །དང་པོ་རོ་སྟོད་ཕྱི་ནང་བསྐོར། །གཉིས་པ་ཕྱག་རྡེག་རྐྱང་ཞིང་དཀྲུག །གསུམ་པ་དཔུ་་་་་སྟེག་རེ་མོས་སྟེག །བཞི་པ་སོར་རྩེར་བལྟ་བའོ།
།འཕོ་བའི་འཁྲུལ་འཁོར་རྣམ་གསུམ་ནི། །དང་པོ་ལངས་ལ་ཕོ་བ་མཉེ། །གཉིས་པ་ས་གནོན་དྲག་ཏུ་བསྐོར། །གསུམ་པ་ལག་མགོ་སྟེག་པར་བྱ།
།རྐང་པའི་འཁྲུལ་འཁོར་རྣམ་གཉིས་ནི། །དང་པོ་ལངས་ལ་རེ་མོས་སྐྱོང་། །གཉིས་པ་སྡང་ལ་རོ་མོས་སྐྱོང་། །དེ་དག་ཡན་ལག་འཁྲུལ་འཁོར་ཡིན།
།རྗེས་ལ་ཡན་ལག་ལྔ་སྦྱོང་བྱ། །དེ་དག་འགྲོ་བའི་དོན་དུ་སེམས་བསྐྱེད་པར། །བླ་མ་ལ་གསོལ་བ་འདེབས། །གསོལ་བ་མ་བཏབ་པར་རླུང་མི་སྒོམ། །རླུང་མ་བསྒོམས་པར་འཁྲུལ་འཁོར་མི་བྱ། །ཅེས་ཆོས་རྗེ་སྟོན་པས་གསུངས་པ་ཡིན་ནོ།
།འཆི་མེད་འཕྲུལ་འཁོར་བཀྲ་ཤིས་ཤོག།

Instructions
༅། འཆི་མེད་འཁྲུལ་འཁོར་དམིགས་པའི་ཞལ་གདམས་བཞུགས་སོ།
ན་མོ་གུ་རུ།
།འཆི་མེད་འཁྲུལ་འཁོར་གྱི་དམིགས་པའི་ཞལ་གདམས། །སྔོན་འགྲོ་དང་དངོས་གཞིའི་དམིགས་པ་ལ། །དང་པོ་བདེ་བའི་སྟན་ལ་སྐྱིལ་ཀྲུང་ལག་པ་མཉམ་བཞག་བྱས་ལ། །སྐྱབས་འགྲོ་སེམས་བསྐྱེད་བྱའོ།
།དེ་ནས་རང་གི་སྤྱི་བོར་རྩ་བའི་བླ་མ་རྗེ་བཙུན་བིར་ཝ་པ་སྐུ་མདོག་སྨུག་ནག །ཕྱག་གཡས་པས་སྡིགས་མཛུབ་ཀྱིས་ཉི་མ་སྟོད་ལ་མནོན་པ། །གཡོན་ཐོད་པ་བདུད་རྩིས་བཀང་བ་ཐུགས་ཀར་བསྣམས་པ། །ཁྲི་གཉན་པགས་པའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། །སྐུ་ལ་རུས་པའི་རྒྱན་དང་དབུ་ལ་མེ་ཏོག་ཕྲེང་བ་གསོལ་བ། །སྐུ་གཟི་བརྗིད་དང་ལྡན་པར་བསྒོམ། དེའི་སྤྱི་བོར་རྟོགས་ལྡན་རིན་པོ་ཆེ། དེ་འི་སྤྱི་བོར་རིམ་པ་བཞིན། མཁས་བཙུན་རྒྱལ་མཚན་འབུམམཁས་གྲུབ་ཤངས་སྟོནསངས་རྒྱས་སྟོན་པགཉན་སྟོནལ་སྟོད་མགོན་པོདུར་ཁྲོད་ནག་པོབྲམ་ཟེ་ནག་པོབིརྺ་པ། རྡོ་རྗེ་འཆང་རྣམས་ གསལ་བར་དམིགས་ལ། ཕྱི་ནང་གིས་མཆོད་ལ། བླ་མ་རེ་རེའི་མཚན་ནས་རིམ་བཞིན་གསོལ་བ་བཏབ། མོས་གུས་གདུང་ གདུང་པ་བྱས་ནས། རྡོ་རྗེ་འཆང་བིརྺ་པ་ལ་ཐིམ། དེ་ནས་རིམ་པ་བཞིན་རྩ་བའི་བླ་མའི་བར་ཐིམ། །བླ་མ་བཀྲག་མདངས་གཟི་མདངས་ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་དང་ལྡན་པར་གྱུར་པ་ལ་གདུང་ཤུགས་དྲག་པོས། བླ་མ་རིན་པོ་ཆེ། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར། འཆི་བ་རྗེས་སུ་དྲན་པར། རང་ལུས་འཆི་མེད་འགྲུབ་པར། གེགས་སྐྱོན་བར་ཆད་ཞི་བར་བྱིན་གྱིས་རླབས་ཏུ་གསོལ། །ཅེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀར་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་བསམས་ལ་ཨ་རླུང་ཐེངས་གཅིག་འདྲེན། །ཨ་ལས་བདུད་རྩིའི་ཆུ་རྒྱུན་འོ་མ་ལྟ་བུ་བབ། བླ་མའི་སྐུ་ལུས་གང་། གསང་གནས་ནས་རང་གི་སྤྱི་བོར་བབ། རང་གི་ལུས་ཀྱི་བགེགས་དང་ནད་གདོན་བར་ཆད་ཐམས་ཅད་སྦྱངས། །ལུས་ཕྲུ་མ་ཕུས་བཏབ་པ་ལྟར་སོང་བར་བསམ། དེ་ནས་བླ་མ་རང་ལ་ཐིམ་པའི་ངང་ལ་མཉམ་པར་བཞག དེ་ནས་རླུང་རོ་ལན་གསུམ་ཕྱིར་བུས་ལ། སྔོན་འགྲོའི་འཁྲུལ་འཁོར་རྣམས་བྱའོ། །དངོས་གཞིའི་དུས་སུ། རང་ཡི་དམ་རྡོ་རྗེ་རྣལ་འབྱོར་མར་བསྒོམ་པའི་སྙིང་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་འཆང་གསལ་བར་བསྒོམ། སྤྱི་བོར་ཧཾ་དཀར་པོ་མགོ་མཐུར་དུ་བསྟན་པ། གསང་གནས་སུ་ཨ་དམར་པོ་མེ་འབར་ལ་ཁད་པ་བསྒོམ། དེ་ནས་རླུང་ཕྱིར་གཏོང་བའི་དུས་སུ། སྣོད་ཀྱི་འཇིག་རྟེན་རིགས་ལྔར་བསམ། རླུང་ནང་དུ་རྔུབ་དུས། རིགས་ལྔ་ཧཾ་ཁ་དོག་ལྔར་བྱོན། སྤྱི་བོའི་ཧཾ་ལ་ཐིམ་པར་བསམ་ཞིང་། རླུང་ལྟེ་འོག་ཏུ་མནན་པས། ཨ་ལས་ཡེ་ཤེས་ཀྱི་མེ་འབར་བས་ཁོང་པའི་ནང་ཁེངས། སྤྱི་བོའི་ཧཾ་ལས་ཡེ་ཤེས་ཀྱི་བདུད་རྩི་འི་རྒྱུན་བབ། སྙིང་གར་བླ་མའི་ཞལ་དུ་སོང་བས་སྐུ་ལུས་ཟག་པ་མེད་པའི་བདེ་བས་ཁེངས་པར་བསམས་ལ། དངོས་གཞིའི་འཁྲུལ་འཁོར་རྣམས་བྱེད། དཀར་དམར་དགྲམ་པ་ནས། ཡན་ལག་གི་འཁྲུལ་འཁོར་རྣམས་རང་སའི་དམིགས་པ་གཞུང་བཞིན་ཤེས་པར་བྱའོ།
།འཆི་མེད་འཁྲུལ་འཁོར་གྱི་དམིགས་པའི་ཞལ་གདམས་རྟོགས་ལྡན་རིན་པོ་ཆེ་མཚོ་དཀར་པོའི་ཞལ་ལས་ཇི་ལྟར་བྱོན་པ་བཞིན། ལྷག་ཆད་མེད་པར་བྲིས་པ་འདིས་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།

Short instructions
༈ འཆི་མེད་འཁྲུལ་འཁོར་ལག་ལེན་བསྡུས་པའོ།
བླ་མ་དམ་པའི་ཞབས་བཏུད་ནས། །འཆི་མེད་གྲུབ་པའི་བསྡུས་དོན་བྲི། །དང་པོ་ལངས་ལ་རླུང་རེངས་འདུལ། །དེ་ནས་ཕྱི་ཡི་འཁྲུལ་འཁོར་ལ། །༼དབུ་ལ་༽ཨཾ་གྲོལ་རྐང་མཐེབ་བཟུང་ལ་སྡིག །བེ་ཏ༣་འཕོངས་རྟིང་དྲག་ཏུ་སྤྲད། །༡བྷན་དྷ་བཤང་ལམ་གྱེན་དུ་བཟློག །ཕྱག་རྒྱ་ཆེ་ལ་ཙོག་པུ་བྱ།
།ནང་གི་འཁྲུལ་འཁོར་རྣམ་བཞི་ནི། །༼དབུ་ལ་༽ཨང་གྲོལ་རྒྱབ་ཏུ་ལག་བསྣོལ་ངར་གདོང་བཟུང་། །བེཏ༣་འཕོངས་རྟིང་རེ་མོས་སྡེབ། །༡བྷན་དྷ་གླང་ཆེན་སྣ་ལྟར་དགུག །ཕྱག་རྒྱ་ཆེ་ལ་མཉམ་བཞག་བྱ། །གསང་བའི་འཁྲུལ་འཁོར་རྣམ་བཞི་ལ། །༼དབུ་ལ་༽ཨང་གྲོལ་རྒྱབ་ཏུ་ལག་བསྣོལ་སྡིག །བེ་ཏ༣་འཕོངས་རྟིང་དལ་གྱིས་སྤྲད། །༡བྷན་དྷ་རོ་སྟོད་གཡས་གཡོན་བཅུ། །ཕྱག་རྒྱ་ཆེ་ལ་མཆོག་སྦྱིན་ནོ།
།རྩ་བ་དེ་ཡིན་ཡན་ལག་བཤད། །ཁ་སྦྱོར་ཨང་གྲོལ་ལྟ་བུ་ལ། །ཐིག་ལེ་སྒྲ་གཅན་གྱེན་དུ་བླངས། །བྱུག་དང་སྤྲུག་པས་དཀར་པོ་དགྲམ། །རྡུང་དང་སྤྲུག་པས་དམར་པོ་དགྲམ། །མགོ་བོའི་འཁྲུལ་འཁོར་རྣམ་བཞི་ལ། །མགོ་བོ་བསྲུབ་དང་མིག་གཉིས་བསྐོར། །གཡས་གཡོན་སྐོར་དང་མགོ་ལྕོགས་སོ།
།རོ་སྟོད་འཁྲུལ་འཁོར་རྣམ་གསུམ་ནི། །བཅུ་དང་སྡེར་འཛིངས་སྟོད་སྨད་དོ། །ལག་པའི་འཁྲུལ་འཁོར་བཞི་པོ་ལ། །དཔུང་པ་ཕྱི་དང་ནང་དུ་བསྐོར། །ཁུ་ཚུར་དང་ནི་སོར་མོར་བཅས། །བརྐྱང་བསྐུམ་བྱས་ལ་སོར་རྩེ་ལྟ། །ཕོ་བའི་འཁྲུལ་འཁོར་རྣམ་གསུམ་ལ། །ཉེད་དང་སྣུན་དང་སྐོར་བའོ། །རྐང་པའི་འཁྲུལ་འཁོར་གཉིས་པོ་ལ། །ལངས་དང་འདུག་ལ་རེ་མོས་སྤྲུག །དེ་ལྟར་གེགས་སྐྱོན་ཀུན་སེལ་ཞིང་། །དངོས་གྲུབ་སྟེར་བྱེད་འཆི་མེད་ཀྱི། །འཁྲུལ་འཁོར་ལེགས་པར་བསྟན་པའོ།། ཨྀཐི།།