Bcom ldan 'das yid bzhin nor bu'i sgrub thabs dgos 'dod 'byung ba'i gdams ngag dbang gi rgyal po

From Shangpa Resource Center
Revision as of 19:28, 2 April 2020 by Sengue (talk | contribs)








Resource ID
Title bcom ldan 'das yid bzhin nor bu'i sgrub thabs dgos 'dod 'byung ba'i gdams ngag dbang gi rgyal po
Topics White protector
Sub-Topics Sadhana
Author Khyungpo Neljor

༄༅། བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དགོས་འདོད་འབྱུང་བའི་གདམས་ངག་དབང་གི་རྒྱལ་པོ་བཞུགས་སོ།

།མྱུར་མཛད་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།
།བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དགོས་འདོད་འབྱུང་བའི་གདམས་ངག་དབང་གི་རྒྱལ་པོ།
དངོས་གྲུབ་མ་ལུས་པ་འབྱུང་བའི་བདག་ཉིད་རིན་པོ་ཆེ་འདི་ལ་དོན་བཞི་སྟེ། ལོ་རྒྱུས་དང༌། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ།
།དེ་ལ་འདིའི་ལོ་རྒྱུས་རྒྱས་པ་ཆེ་བར་གསལ་ལ། བསྡུས་དོན་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རཱ་ཧུ་ལ་གུཔྟ་བཛྲ་གྱིས་བདག་ཁྱུང་པོ་རྣལ་འབྱོར་ལ་བརྩེ་བ་ཆེན་པོས་དགོངས་ནས། རྒྱ་གར་ནས་ཡུལ་དབུས་སུ་སྐྱེལ་དུ་བྱོན་པའི་གདམས་པའོ།
།འདིའི་སྦྱོར་བ་ལ་གསུམ་ལས། དང་པོ་བླ་མ་མགོན་པོ་དབྱེར་མེད་ལ་སོགས་པའི་དབང་ཞུ། རྒྱུད་སྨིན་པར་བྱེད་པའི་བླ་མ་དངོས་ལ་གསོལ་བ་ལོ་ཟླའི་བར་དུ་གདབ། གཉིས་པ་འདི་རང་གི་བཀའ་ཞུ། ཚོགས་དང་གཏོར་མ་དབུལ་ལོ། །གསུམ་པ་རིན་པོ་ཆེ་བསམ་འཕེལ་འདིའི་རྫས་བསགས་པ་ནི། བྲིས་སྐུ་བཞེངས་ལ་རབ་གནས་གཞུང་བཞིན་བྱ། མཎྜལ་མདའ་གང་ལ་དྲི་བཟང་གིས་ཆག་ཆག་གདབ། འབྲི་ལུགས་ནི། དབུས་ལྟེ་བ་དཀར། པདྨ་འདབ་བཞི་ཕྱོགས་ཚོན། དེ་ཕན་ཆད་དཀྱིལ་འཁོར་སྤྱི་དང་མཐུན། བྲིས་སྐུ་བཞེངས་པ་ནི། འདིའི་གཞུང་ལྟར་བཞེངས་པའི་སྐྱ་ཞལ་གྱི་གསེབ་ཏུ། གྲི་ཁྲག །སིནྡྷུ་ར། བླ་མ་བཟང་པོའི་གདུང༌། རིན་པོ་ཆེ་སྣ་ཚོགས་བསགས་པ་སྐར་མ་རྒྱལ་ལ་བྱུག །དེའི་སྟེང་དུ་རྩ་སྔགས་སྟོང་ལ་སོགས་པ་བགྲངས་ལ་ནུས་པ་ཅན་གྱི་བདུད་རྩི་ལྔ་དང་སྦྱར་ལ། དེའི་སྟེང་དུ་རྩ་སྔགས་སིདྡྷི་མ་ཤོང་ཚད་བྲི། ལྷ་བཟོ་དབང་པོ་ཚང་བ། ཕྱུག་པ། སྡོམ་པ་དང་ལྡན་པ་ཞིག་གིས་ཁ་བྱང་དུ་བལྟས་ལ་བྲིའོ། །དེའི་ཉིན་བར་དངོས་གྲུབ་འབྱུང་བའི་གནད། རིག་མ་མཚན་ལྡན་ཅིག་བཙལ་ལ་ཟས་སྣ་ཚོགས་ཀྱི་སྟོན་མོ་བྱའོ། །རབ་གནས་སྤྱི་དང་མཐུན་ལ། དངོས་གྲུབ་སྩོལ་བར་གསོལ་བ་ཡུན་རིང་དུ་འདེབས་ཤིང༌། ཡེ་ཤེས་པ་དགུག་གཞུག་བརྒྱ་རྩ་ལ་སོགས་པ་གནད་ཡིན་ཏེ་བླ་མའི་ཞལ་ལས་ཤེས་སོ། ཡིད་བཞིན་ནོར་བུའི་རབ་གནས་དང་རབ་གནས་བཀའ་རྒྱ་མ་བྱེད་པ་ཡིན།
།དངོས་གཞི་ནི། གནས་མཚན་ཉིད་དང་ལྡན་པར་ཆས་ཀ་རྣམས་ལེགས་པར་བསགས་ཏེ། སྟན་བདེ་བ་ལ་འདུག །སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱའོ། །ཁྱད་པར་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་དང་བྲལ་བར་བྱ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་སྙམ་དུ་བསམ་པ་ཞེ་ཐག་པ་ནས། ཁ་ཙམ་ཚིག་ཙམ་མ་ཡིན་པ་བྱ། དེ་ནས་རང་གི་སྙིང་གི་དཀྱིལ་དུ་ཐེག་ལེ་དམར་པོ་རྒྱ་སྲན་ཙམ་ཞིག་བསྒོམ། དེའི་དཀྱིལ་འཁོར་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་ཞིག་བསྒོམ། དེ་གཉིས་ལས་འོད་འཕྲོས་པས་དོན་གཉིས་བྱས། ཚུར་འདུས་པས་ཐིག་ལེ་ཧཱུྃ་དང་བཅས་པ་འོད་ཟེར་གྱི་རང་བཞིན་དཔག་ཏུ་མེད་པ་འཕྲོ་བ་ཞིག་བསྒོམ། དེ་ལ་སེམས་གཏད་དེ་བསྒོམས་པས་དེ་གཉིས་ཁྲུག་གིས་འདྲེས་པ་ལས། ཐིག་ལེ་དང་ཧཱུྃ་གཉིས་སྐབས་འདིར་གཞལ་ཡས་ཁང་བསྐྱེད་པ་ཡིན་གསུངས། རང་གི་མདུན་དུ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་བཞད་ལ་སྤྱན་གསུམ་པ། ཕྱག་དྲུག་པ་གཡས་ཀྱི་དང་པོས་གྲི་གུག་འཕྱར་བ། གཉིས་པས་ནོར་བུ་བསམ་འཕེལ་བསྣམས་པ། གསུམ་པ་ན་ཌ་མ་རུ། གཡོན་གྱི་དང་པོས་ཐོད་པ་ན་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་ བུམ་པ་བདུད་རྩི་དང་ནོར་བུས་གང་ནས་ལྷུད་ལྷུད་ཡོད་པར་བསམ། གང་བ་བརླ་གཡོན་པ་ལ་བརྟེན་ནས་འཛིན་པ། བར་པས་རྩེ་གསུམ། ཐམས་ཅད་ཞགས་པ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྨད་རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་པས་མཛེས་པའོ། །ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་འབྱོན་པ་འདྲ་བ། འགྲོ་འཕྲོ་ལ་བཞུགས་པ་འདྲ་བའི་འོག་ན་ཚོགས་བདག་གཉིས་མནན་ཏེ། ཁ་དང་བཤང་སྒོ་ཐམས་ཅད་ནས་ནོར་བུ་ལྷུག་ལྷུག་སྐྱུགས་པ་ཡོད་པ་གཉིས་བསྐྱེད། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་འབྱུང་བ། ཞལ་འཛུམ་མེ་བ་ཞིག་བསྒོམ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་དམར་མོ། ཞལ་གཅིག་ཕྱག་གཉིས་མ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་པས་ལྕགས་ཀྱུ་གཡོན་པས་ཐོད་པ་བསྣམས་པ། ཞབས་གར་སྟབས་སུ་ལིང་ངེ༌། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཁམས་གསུམ་དབང་དུ་སྡུད་པ་ཞིག་བསྐྱེད། དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ་ཅིག་བསྐྱེད། དེ་ལས་འོད་ཟེར་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དགུག །ཨརྒྷཾ་ལ་སོགས་པ་ཕྱི་མཆོད་ལྔ་དབུལ། ནང་མཆོད། སྤོས་སྦྱོར། ཡིད་སྤྲུལ་གང་རུང་དབུལ། སྐབས་འདིར་ན་མོ་བུདྡྷའི་གསོལ་འདེབས་བྱེད། བསྙེན་པའི་དུས་སུ་ཐིག་ལེ་དེ་ལ་རྩ་སྔགས་ ཀྱི་སྙིང་གའི་ཆོས་ཉིད་ཐིག་ལེ་དམར་པོའི་མཐར་རྩ་སྔགས་བྱེ་རུའི་ཕྲེང་བ་ལྟ་བུ་དམར་ཧྲམ་མེ་བ། མདུན་ནས་བརྩམས་ཏེ་གཡས་སྐོར་དུ་འཁོར་བ་དེ་ལས་འོད་ཟེར་དམར་ཞིང་རྣོ་བ། ལྕགས་ཀྱུའི་དབྱིབས་ཅན་དཔག་མེད་འཕྲོས། སྲིད་ཞིའི་དགེ་ལེགས་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ཐིག་ལེ་ལ་ཐིམ་པར་བསམ། ཡང་འོད་ཟེར་དམར་པོ་ཚ་ཞིང་རྣོ་བ་འཕྲོས། འཁོར་གྱི་མཁའ་འགྲོ་ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས། དེའི་རྒྱུད་དབང་མེད་དུ་བསྐུལ་ནས། སྲིད་གསུམ་གྱི་དངོས་གྲུབ་ཧྲིལ་གྱིས་བསྡུས་ནས་རང་ཉིད་ཀྱི་དྲུང་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་བར་བསམ་མོ། །ཆོས་འབྱུང་དཀར་ལ་མེ་རི་དམར་པོའི་དབུས། པདྨ་དཀར་གདན་འོད་སྟོང་དམར་པོའི་སྟེང༌། གངས་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། །ཁྱོད་ལ་རྣམ་དཀར་དད་པས་ཕྱག་འཚལ་ལོ། ཁྱད་པར་དུ་རྒྱལ་པོ། ཕྱུག་པོ། དྲག་རྒུ། ཆེ་རྒུ། སྐྱེས་པ་བུད་མེད་ལ་སོགས་པའི་མི་ཐམས་ཅད་ཀྱི་སྙིང་དུ་འོད་ཟེར་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིག་པ་དང་བཅས་པ་ཞུགས། མི་ཐམས་ཅད་ཀྱི་ཤེས་པ་རང་དབང་མེད་པར་བསྐུལ། དེ་དག་གི་དབང་དུ་འུབས་ཀྱིས་འདུས་པར་བསམ། དེ་ཡང་ཁྱད་པར་དུ་གང་དབང་དུ་བསྡུ་བར་འདོད་པ་དེའི་སྙིང་གི་དཀྱིལ་དུ་མི་དེའི་རྣམ་ཤེས་ནི་ལྗང་གུ་ཉ་མིག་ཙམ་ཞིག་ཡོད་པ་དེ། མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་མོ། །མཁའ་འགྲོ་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ། །གཞན་གུད་དུ་ཤེས། ཀྱིས་གཡས་ཕྱོགས་ནས་བསྐོར་བར་བསམ། བསྙེན་སྔགས་ཆུ་བོའི་རྒྱུན་བཞིན་འབུམ་ཕྲག་གསུམ་སྔགས་གཞན་དང་མི་བསྲེ་བར་བཟླའོ། །སྔགས་ནི་འདིའོ། །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ བླ་མ་ནག་པོ་ཆེན་པོ་དང་མཁའ་འགྲོ་སྡེ་བཞིའི་དངོས་གྲུབ་སྩོལ། ཞེས་པར་འགྱུར་རོ། ཡིག་འབྲུ་བཅུ་གསུམ་གནས། གི་གུ་བཞི། ཞབས་ཀྱུ་གཉིས། ཁམས་གསུམ་དབང་སྡུད་ཀྱི་སྙིང་པོའོ། །རྟགས་ནི། བླ་མ་དངོས་སུ་བྱོན་པ་དང༌། རིག་མ་མཚན་ལྡན་གྱི་དངོས་གྲུབ་སྟེར་བ་དང༌། མགོན་པོའི་ཞལ་མཐོང་བ། ཁམས་གསུམ་གྱི་སེམས་ཅན་ལ་དབང་བསྐུར་བ་ལ་སོགས་པ་རྨི་ལམ་དང་ཉམས་སྣང་དང་མངོན་སུམ་དུ་འབྱུང༌། དེ་རྟགས་བྱུང་ནས་གྲུབ་པ་ཐོབ་པ་ཡིན་པས། ཡོན་ཏན་ལ་ཚེ་རིང་ནད་མེད། རྨི་ལམ་ཟིན། མི་ནོར་ཟས་གསུམ་འཕེལ་ཞིང་ཁམས་གསུམ་དབང་དུ་འདུ། བར་དོ་མེད་པར་སངས་རྒྱས་མངོན་སུམ་དུ་འབྱུང་ངོ༌། །བཅོམ་ལྡན་འདས་ལ་གཏོར་མ་འབུལ་བ་ནི། ཟུར་གསུམ་ཁྲུ་གང་བ། ཤ་ལྔའི་རྒྱན་དང༌། ཟས་སྣ་ཚོགས་འབྱོར་ཚད་བསགས་ལ་གཏོར་མའི་སྣོད་ཁེངས་པར་བཤམས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སོ། །དེ་ལ་བྲིས་སྐུ་གཟུག་གོ །གཡས་སུ་མཁའ་འགྲོ་སྤྱི་གཏོར། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། གཡོན་དུ་གཞི་བདག་གཏོར་མ། མདུན་དུ་མཆོད་པ་རྣམ་ལྔ་ཅི་འབྱོར་པ་བཤམ། གནད་གཅིག་ལ་འདིའི་ལུང་ཞུ་བ་དང༌། བཅའ་ག་བྱེད་དུས་ཟས་སྣ་བསགས་ལ་ཚོགས་འཁོར་བྱེད་པ་གལ་ཆེ། འདི་ཞུ་བའི་བླ་མ་དེ་ལ་ཕྱག་རྟེན་གང་ཕུལ་བ་དེ་དངོས་གྲུབ་ཀྱི་ཐོག་མར་འབྱུང༌། དེ་ལྟ་མ་ཡིན་ན་དངོས་གྲུབ་ཡལ། ཞེས་གསུངས་སོ།
།དམ་ཚིག་གཙང་མའི་རྣལ་འབྱོར་པས། །ཚོགས་འཁོར་བཤམས་དང་བཅས་པས་འགྲུབ། །ཅེས་ཡིད་བཞིན་ནོར་བུའི་རྒྱུད་ལས་གསུངས་སོ།
།དེས་བསྐྱེད་རིམ་བསྟན་ནས། རྫོགས་པའི་རིམ་པ་ནི། རང་གི་སེམས་ཉིད་ཐིག་ལེ་དམར་པོར་གྱུར་པ་དེ་ལ་གཏད་དེ། ཇི་ཙམ་གནས་བསྒོམས་པས་རང་སེམས་གཏན་ལ་ཕེབས་པ་ཡིན། ཡི་གེ་ཐིག་ལེ་འོད་དུ་ཡལ་ཏེ་སོང་བའི་ངང་ལ་ཇི་ཙམ་གནས་གྱི་བར་ལ་འཇོག །བཞག་པའི་ངང་ནས་རིག་པ་དེ་རིག་སྟོང༌། འགྱུ་བ་དེ་འགྱུ་སྟོང༌། མ་སྒྲིབ་པར་གསལ་བ་དེ་གསལ་སྟོང༌། ཡིན་མིན་གྱི་མཐའ་དང་བྲལ་བས་རྨི་ལམ་གྱི་སྣང་བ། སྒྱུ་མའི་རང་བཞིན་ཞེས་པ་ལ་ངོ་སྤྲད། དེ་རྣམས་རྫོགས་པའི་རིམ་པའོ། །དེའི་སྟེང་དུ་ཉལ་འཆག་འགྲོ་འདུག་གི་སྣང་བ་ཡང༌། དེ་ཁོ་ན་བཞིན་ཉམས་སུ་ལེན་པ་ཁོ་བོ་ཁྱུང་པོ་རྣལ་འབྱོར་པའི་སྤྱོད་ཚུལ་ལོ། །སྒྲུབ་པ་འདི་ལ་གསོལ་འདེབས་ཁོ་ན་གལ་ཆེ། སྒྲུབ་པ་ཐོན་པ་དང་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གཏོར་མ་ཆེ་བར་དངོས་གྲུབ་ཏུ་ལེན་པ་ཡིན། དམ་ཉམས་ཀྱི་ཁར་མི་སྦྱིན། ཁྱི་དང་གླང་ལ་མི་སྦྱིན། གཏོར་མ་གཏན་རྣམས་ལ་མཆོད་བསྟོད་གཞུང་བཞིན་བྱས་ལ། གཏོར་མ་ནངས་ནུབ་ཚ་བའི་དུས་སུ། སྲོག་སྔགས་ཁམས་གསུམ་དབང་སྡུད་ཀྱི་གཤམ་དུ་པཱུ་ཛ་ལ་ཁཱ་ཧི་བཏགས་ལ་དབུལ་ལོ། །དེ་མ་ཡིན་པའི་སྤྱན་འདྲེན་བསྟོད་འབུལ། གཏོར་སྔགས་མགོན་པོའི་གཞུང་བཞིན་བྱེད་པ་ཡིན་གསུངས།
རྗེས་བསྔོ་བ་མི་དམིགས་པའི་རྒྱས་འདེབས་ཤིང་བཀྲ་ཤིས་བཀའ་རྒྱ་མ་བརྗོད།
བདག་ཁྱུང་པོ་རྣལ་འབྱོར་པས་ཞལ་གདམས་སྙན་བརྒྱུད་ཡི་གེར་བཀོད། བླ་མ་མགོན་པོ་མཁའ་འགྲོས་བཟོད་པར་གསོལ་གསེར་ཆོས་རྣམས་ཀྱི་ནང་ནས་མགོན་པོ་བཀའ་རྒྱ་མ་འདི་རིན་ཆེན་བརྩོན་འགྲུས་ལ་གཏད་དོ། །ཆིག་བརྒྱུད་ལས་མ་སྤེལ་ཅིག
།འདིའི་བརྒྱུད་པ་ནི། ཡེ་ཤེས་མགོན་པོ། གྲུབ་ཆེན་རཱ་ཧུ་ལམཁས་གྲུབ་ཁྱུང་པོ་རྣལ་འབྱོརམཉམ་མེད་རིན་ཆེན་བརྩོན་འགྲུསདབོན་སྟོན་སྐྱེར་སྒང་པསངས་རྒྱས་གཉན་སྟོནཆོས་རྗེ་སྟོན་པསྤྲུལ་སྐུ་རིན་བློབྲག་ནག་པ་ཡོན་ཏན་རྒྱལ་མཚནམཁས་བཙུན་རྒྱལ་མཚན་འབུམབླ་མ་བྱམས་པ་དཔལཨཱརྻའི་མཚན་ཅནརིན་ཆེན་བརྩོན་འགྲུས་རྒྱལ་མཚན། དེ་ལས་རིམ་པར་བརྒྱུད་པའོ།།