Gdams pa gnad dgu ma

From Shangpa Resource Center








Resource ID SCv11p839
Title mnan pa 'don pa / bcings pa 'grol ba / bsdams pa bcad pa / ngag la dbang bsgyur ba / sngags kyi mthu bskyed pa / bzlas pa'i dbal gso ba / so la ngar blud pa / mchu la dug brku ba / lce la spu gri 'dogs pa
Topics Chadrupa
Sub-Topics Various
Author Gelek Pelsang
Link BDRC W23922

༈ མནན་པ་འདོན་པ། བཅིངས་པ་འགྲོལ་བ། བསྡམས་པ་བཅད་པ། ངག་ལ་དབང་བསྒྱུར་བ། སྔགས་ཀྱི་མཐུ་བསྐྱེད་པ། བཟླས་པའི་དབལ་གསོ་བ། སོ་ལ་ངར་བླུད་པ། མཆུ་ལ་དུག་བརྐུ་བ། ལྕེ་ལ་སྤུ་གྲི་འདོགས་པ་སྟེ་གདམས་པ་གནད་དགུ་མ་བཞུགས་སོ།།
༼ཀེ༽ གུ་རུ་མ་ཧཱ་ཀཱ་ལ་ན་མོ།
ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཏིང་འཛིན་ལ་འཇུག་པ་ལ། གདམས་པ་ཟབ་མོ་གནད་དགུ་དང་ལྡན་པ་དགོས་ཏེ། མནན་པ་བཏོན་པ། བཅིངས་པ་དཀྲོལ་བ། བསྡམས་པ་བཅད་པ། ངག་ལ་དབང་བསྒྱུར་བ། སྔགས་ཀྱི་མཐུ་བསྐྱེད་པ། བཟླས་པའི་དབལ་གསོ་བ། སོ་ལ་ངར་བླུད་པ། མཆུ་ལ་དུག་བརྐུ་བ། ལྕེ་ལ་སྤུ་གྲི་འདོགས་པ་དང་དགུའོ།
།དེ་རྣམས་མན་ངག་ཏུ་བྱས་ན་མཚོ་ལ་རྒྱབ་ན་མཚོ་སྐམ། བྲག་ལ་རྒྱབ་ན་བྲག་འབུབས། རི་ལ་རྒྱབ་ན་རི་སྙིལ།
དེ་ན་མནན་པ་འདོན་པ་ནི། བདག་རྡོ་རྗེ་སེམས་དཔའ་བསྐྱེད་ལ། བཛྲ་ས་ཏྭ་ཨཱ་ཧཱུྃ་ཏྲཾ་ཧྲཱིཿཨཱཿབཛྲ་པ་ཎི་ཧཱུྃ་ཕཊ། ཞེས་འབུམ་བཟླས་ན་རི་ཡི་རྒྱལ་པོ་རི་རབ་ཀྱིས་ཀྱང་མི་ནོན་ནོ།
།བསྡམས་པ་བཅད་པ་ནི། རང་མི་གཡོ་བར་བསྐྱེད་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཏྲག་ལམ་སུམ་ཕཊ་བྷནྡྷ་སྭཱ་ཧཱ། ཞེས་འབུམ་བཟླས་ན་གཟའ་རཱ་ཧུ་ལས་བསྡམས་ཀྱང་གྲོལ་བར་འགྱུར་རོ། །འདི་ཆར་གཏད་མནན་གསུམ་བརྟེན་ན་དགོས་པ་ཡིན།
བཅིངས་བ་འགྲོལ་བ་ནི། རང་དཔལ་ཆེན་ཕྱག་དྲུག་པར་བསྐྱེད་ལ། །ཀ་ཁ་ཀ་ཡ་ཝ་ཀ་ཙིཏྟ་ཁྲོཾ་ལ་དྷརྨ་ཡ་སང་སྲ་ལོ་ན་ཡ་ཕཊ། ཞེས་འབུམ་བཟླས་ན་ཀླུའི་རྒྱལ་པོ་གཏང་བཟུང་གིས་ཀྱང་མི་འཆིངས་སོ།
།ངག་ལ་དབང་བསྐུར་བ་ནི། དབུ་མ་སངས་རྒྱས་རིགས་ལྔ་བསྐྱེད་ལ། ཨོཾ་ཧཱུྃ་སྭཱ་ཨོཾ་ཧཱ་ཨ་བྷི་ཥིཉྩ་ཀ་ཡ་ཝ་ཀ་ཙིཏྟ་ཧཱུྃ། ཞེས་འབུམ་བཟླས་ན་མ་ཧཱ་དེ་ཝ་ཡང་དབང་དུ་འགྱུར་རོ།
།སྔགས་ཀྱི་མཐུ་བསྐྱེད་པ་ནི། རང་ཕྱག་རྡོར་དུ་བསྐྱེད་ལ། ཨོཾ་ཏིག་ན་ཚུབས་མུ་ཀི་མཱ་ར་ཡ་ཕཊ། ཞེས་འབུམ་བཟླས་ན། སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པས་བྱིན་གྱིས་བརློབས།
བཟླས་པའི་དབལ་གསོ་བ་ནི། རང་རྟ་མགྲིན་དུ་བསྐྱེད་ལ། ཨོཾ་གྷུ་སྟྲ་ནི་ཁས་སོ་དྷ་ཕུ་ཙ་ད་རྦད་ནི་ཕུ་ཏྲ་ནན་རྦོད་རྦོད་ནན་སྭཱ་ཧཱ། ཞེས་འབུམ་བཟླས་ན་དམ་ཚིག་ཉམས་པ་ཡང་གསོས་ནས་མཐུ་མེ་ལྟར་འབར་རོ།
།སོ་ལ་ངར་བླུད་པ་ནི། ཨོཾ་རཀྵ་ནོ་མོ་དགྲ་བོའི་སྲོག་ལ་ཛཿཛཿརྦུད་རྦུད། ཅེས་འབུམ་བཟླས་ནས་སྐྱེར་པའི་བར་ཤུན་ལ་བཏབ་ནས་སོ་ལ་བྱུགས་ན་གང་ལ་ཡང་ཐོགས་པ་མེད་དོ། །འདི་མན་ངག་བཟློག་པ་མཁན་ལ་དགོས་སོ།
།ལྕེ་ལ་སྤུ་གྲི་བཏགས་པ་ནི། ཨོཾ་ཁྲག་རྩ་རྦུད་མཱ་ར་ཡ་ཁས་ཁས། ཅེས་འབུམ་བཟླས་ནས། གྲི་གུག་གསེར་ཐིག་ལ་བཏབ་ན། ལྕེ་ལ་བྱུགས་ན་སྔགས་ཐམས་ཅད་ཐོགས་མེད་དུ་ནུས་པ་རྒྱས་པར་འགྱུར་རོ།
།མཆུ་ལ་དུག་བརྐུ་བ་ནི། ཨ་ཐུམས་ཐུམས། ཎི་ཤ་མཱ་ར་ཡ་ཐུམས། ཅེས་འབུམ་བཟླས་ལ་མུ་ཟི་ནག་པོ་ལ་བཏབ་ལ་མཆུ་ལ་བྱུགས་པས་ལས་ཐམས་ཅད་མྱུར་དུ་འགྲུབ། སྔགས་ལ་མཐུ་བསྐྱེད་དམ་ཚིག་ཉམས་ན་དབུ་མར། དབང་པོ་ཉམས་ན་མནན་པ་མངོན། དམ་གནོན་མང་ན་དམ་པ་བཅད། མཐུ་ཆུང་ན་བཅིངས་གྲོལ། ནུས་པ་ཆུང་ན་དབལ་གསོ། བསྲུང་བ་ཉམས་ངར་བླུད། འགྲོ་ཞིང་འགྱངས་ན་སྤུ་གྲི་གདགས། མ་ཕེད་ན་དུག་བརྐུས། དེ་ལྟར་བྱས་ན་ལས་གང་ཡིན་མྱུར་དུ་འགྲུབ་བོ། །དཔལ་ཆེན་ཕྱག་དྲུག་མགོན་པོ་ཡིས། །བསིལ་བ་ཚལ་གྱི་དུར་ཁྲོད་དུ།
།ཟབ་མོ་གནད་དགུའི་གདམས་ངག་ནི། །དཔལ་ལྡན་ཤ་བ་རི་པ་དང་། །བྱང་སེམས་བློ་གྲོས་རིན་ཆེན་དང་། །དཔལ་ལྡན་མི་ཕམ་མགོན་པོ་དང་། །གུ་རུ་པདྨ་འབྱུང་གནས་དང་། །བྲམ་ཟེ་ས་ར་ཧ་པ་དང་། །གྲུབ་ཆེན་རཱ་ཧུ་ལ་རྣམས་ལ། །དངོས་སུ་གསུངས་པའི་མན་ངག་ཡིན། །བླ་མ་རྣམ་དྲུག་རིམ་པར་བརྒྱུད། །གྲུབ་ཆེན་རཱ་ཧུ་ཆེན་པོ་ལ། །བདག་འདྲ་ཁྱུང་པོ་རྣལ་འབྱོར་གྱིས། །གསེར་སྲང་སུམ་ཅུ་རྩ་བདུན་དང་། །ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཞུ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ཡི། །མན་ངག་རྣམས་ཀྱི་སྲོག་ཤིང་ཡིན། །གཞན་ལ་མི་སྤེལ་དམ་པར་བྱ། །གནད་འདི་ཞལ་གྱི་གདམས་པ་ཐུན་མོང་མ་མིན་པ་ཡིན་པས་གཅེས་པར་ཟུངས་ཤིག
མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། །རྒྱ་རྒྱ་རྒྱ།