Gser chos phyi ma bzhi'i snying po rje btsun tA ra nA tha'i gsungs

From Shangpa Resource Center
Revision as of 13:35, 23 May 2019 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv7p109
Title gser chos phyi ma bzhi'i snying po rje btsun tA ra nA tha'i gsung las byung ba
Topics Mahamudra Gauma, Kechari, Integration, Immortality
Sub-Topics Instructions
Author Jetsün Taranatha
Link BDRC W23922 (mispaged)
BDRC W1KG1286

༄༅། །གསེར་ཆོས་ཕྱི་མ་བཞིའི་སྙིང་པོ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ལས་བྱུང་བའོ།།
Mahamudra
ན་མོ་མ་ཧཱ་མུ་དྲ་ཡ།
ཕྱག་ཆེན་གའུ་མར་གྲགས་པའི་སྙིང་པོ་ནི། །ཐུན་མགོར་སྐྱབས་སེམས། རང་ལྷ་སྐུ་བླ་མའི་རྣལ་འབྱོར་རྣམས་ཆོས་དྲུག་དང་མཚུངས། མཇུག་ཏུ་བསྔོ་བ་སྤྱི་དང་འདྲའོ།
།ཉམས་ལེན་དང་པོ་ལ་སྔོན་འགྲོ་རང་བབས་རྣམ་གསུམ་ནི། ལུས་གནད་བཅས་རླུང་རོ་ལན་གསུམ་བསལ། དེ་ནས་ལུས་ལྷོད་དེ་བ། ངག་རླུང་རང་གར་བཞག །སེམས་མ་བཅོས་པ་ཧད་དེ། དྲན་པ་ཏུར་རེ་བྱ། ཡང་ན་ཐོལ་སྐྱེས་སྦད་གཅོད་དམ། ཡེངས་པའི་ངོ་བོ་དེ་ཀ་ལ་ཅེ་རེ་ལྟ། རྟོག་པ་རྒྱ་འབྱམས་བྱུང་ན་ཞེ་བཅད་དང་འདུན་པ་ཤུགས་ཅན་དང་། དྲན་པ་རྟག་ཏུ་བརྟན་པ་སྒྲིམས། ཐུན་མཚམས་ཀུན་ཏུ་སེམས་སྣང་དབྱེར་མེད་ལ་རང་གར་ཧད་དེ་འཇོག་པའི་སྒོམ་དང་། མ་བྲལ་བྱ་བྱེད་སྤྱོད་ལམ་ཆོས་སྤྱོད་ཀུན་དང་བསྲེས་ཏེ་དྲན་འདུན་གལ་ཆེའོ།
།དེ་ནས་རགས་ཕྲ་རྒྱང་རིང་ཐུང་། གྱེན་ཐུར་བར་གསུམ་མདོ་འདོན་སྔགས་བཟླ། གཏམ་སྣ་ཚོགས་སྤྱོད་ལམ་ཀུན་དང་། ཁྱད་པར་རྟོག་པ་ཚོམས་དཀའ་ཚད་ལ་རྩལ་ཕྱོགས་མེད་དུ་སྦྱང་གསུང་། གཙོ་བོར་དམིགས་རྟེན་གང་ཡང་མེད་པར་ཆེ་རེ་འཇོག །ནང་དུ་བཀུགས་ལ་སེམས་རང་ལ་ལྷན་ནེ་ལྟ། རྣམ་རྟོག་ཆེད་དུ་དགག་སྒྲུབ་མེད་པར་ངོ་མི་ཤེས་སུ་ཡེ་མ་སོང་བ་གལ་ཆེའོ། །དེ་ནས་སེམས་ཚོལ་བྱ་སྟེ། ཇི་ལྟར་སྐྱེ་འགགས་གནས་གསུམ་ངོ་བོ་གཅིག་གམ་ཐ་དད། ལུས་སམ་མིང་ངམ། སྤྱི་ཡིས་དངོས་པོ་གང་ལ་འདུག །གཅིག་གམ་ཐ་དད་དུ་འདུག །གཟུགས་སུ་འདུག་གམ། །ཤེས་པའམ། ཅང་མེད་དུ་འདུག་ཅེས་ཁ་ནང་དུ་ཕྱོགས་ལ་རང་གིས་རང་ལ་བརྡའ་སྦྱོར་རོ།
།དངོས་གཞི་སྐྱོན་བཞི་རང་གྲོལ་ནི། ལར་ཕྱག་ཆེན་བྱ་བ། བཟང་བཟང་སྐད་པ། བདེ་བདེ་མོ། སྟོང་སྟོང་པོ། གསལ་གསལ་མོ་ཞིག་གི་ཆེད་འཛིན་གྱིས་ཕུང་དུ་བཏང་། དོན་མེད་དུ་རང་ཞགས་པས་བཅིང་པ་ཡིན། ད་ཐ་མལ་ཤེས་པ་ཡེངས་མེད་རྗེན་ཆེ་རེ་བ་ངོས་བཟུང་མེད་པ་གསལ་རིག་གེ་པ། སྣང་བ་ཅི་ཡང་འཆར་བ་ལ་གནས་རུང་འགྱུར་རུང་རང་སྟོང་རྩ་བྲལ་ཐལ་ལེ་བ། སོ་ཁོད་དེ་བ། ལྷུག་གེ་བ། ཡེ་རེ་བ། ཅི་སྣང་ཡང་ཆ་ལེ་བ། འདི་ཀ་བཟང་ངན་གང་གིས་ཀྱང་མ་བཅོས་པ། བཅོས་རུང་དེ་ཀ་ལས་མ་འདའ་བའི་རང་གྲོལ་འདི་ཀ་ལགས། འཁོར་འདས་སྣང་བ་ཐམས་ཅད་འདིའི་ཆོ་འཕྲུལ་ཙམ། འདི་རང་ངོ་བོ་ཡིན་མིན་ཡོད་མེད་ལས་ཡེ་ནས་འདས། འདི་ཉེ་དྲགས་ངོ་མ་ཤེས། ཟབ་དྲགས་ངོ་མ་ཟིན། སླ་དྲགས་ཡིད་མ་ཆེས། བཟང་གྲགས་བློར་མ་ཆུད་པས་འཁོར་བར་འཁྱམས་པ་ཡིན། །རྒྱུན་དུ་ངོ་ཤེས་ཀྱི་དྲན་པ་དང་མ་བྲལ་བར་ཉོན་མོངས་གང་སྐྱེར་རང་སྟོང་ཚུག་མི་ཐུབ་པར་ཝལ་ལེ་བར་ལམ་དུ་འཁྱེར་བ་གནང་། ཡང་སྐབས་སུ་ཉོན་མོངས་པའི་ཡུལ་ཡིད་ལ་བྱས་ནས་ཆེད་དུ་བཅུག་ལ། དེ་ཁའི་ངོ་ལ་ཆེར་རེ་འཇོག །དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཅི་བྱུང་བ་དེ་ལྟར་དུ་སྐྱོང་ངོ་།
།རྗེས་སུ་སྐུ་གསུམ་རང་ཤར་ནི། འདི་ལ་བསྒོམ་བོགས་ཐོན་ནས། སྣང་བ་ཅི་ཤར་ལ་སེམས་ཀྱི་རྩལ་གང་ཡང་ཅི་ཡང་འཆར་ཀྱང་། རྣམ་རྟོག་རང་ཁ་གདོད་མ་ནས་ཡེ་སྐྱེ་རྒྱུ་རང་མེད་པ། སེམས་དུ་རང་ངོ་ཤེས་པའི་ཐག་ཆོད་རྩལ་བྲལ་དུའང་རྟོགས་འོང་། །མཉམ་རྗེས་དབྱེར་མེད་དུ་འདྲེས། རྒྱ་མ་ཆད། ཕྱོགས་སུ་མ་ལྷུང་བའི་རྩལ་འགག་མེད་གུ་ཡངས་རྒྱ་འབྱམས་ཉམས་ལེན་གྱི་སྙིང་པོ་ཕྱོགས་མེད་དུ་ཤར་བ་དང་། སྤྱོད་ལམ་ཐོ་ཅོ་དང་། སྒོམ་ཚོགས་ཚོལ་དུ་མི་འགྲོ་བ་ཡིན། །དེ་ལ་དང་པོ་ནས་སྣང་སྟོང་དབྱེར་མེད། སྐུ་གསུམ་རང་གྲོལ་དེ་དེའི་དུས་རང་ཤར་པ་ཡིན། ཡེངས་མེད་དང་ཐག་ཆོད་ཀྱིས་སྐྱོང་བ་གལ་ཆེ། དམིགས་པ་མེད་པའི་རང་མདངས་མ་འགགས་པའི་ངང་ནས་ཐབས་ལམ་རྣམས་དང་། མོས་གུས་དང་། སྙིང་རྗེ་བོགས་འདོན། སྤྲོས་བཅས་ཀྱི་དགེ་བ་ཐམས་ཅད་སྤྲོས་མེད་རྩ་བྲལ་ངང་ནས་བོགས་དབྱུང་བའི་རྡོ་རྗེ་འཆང་མངོན་དུ་བྱེད་པ་གདོན་མི་ཟའོ། །ཕྱག་རྒྱ་ཆེན་པོའི་སྙིང་པོ་བསྟན་པ་འདི་ཡང་དད་ལྡན་སློབ་མ་འགས་བསྐུལ་ཏེ་དགེ་སློང་སྤོང་པ་པར་རྫུ་བ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་གྲུབ་པའི་གནས་མཆོག་བསམ་སྡིང་སུ་སྦྱར་བ་དགེ་ལེགས་འཕེལ།།
Integration
བླ་མ་དང་ཡི་དམ་གྱིས་དགེ་བར་མཛོད་ཅིག །ལམ་ཁྱེར་རྣམ་གསུམ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་ཚུལ་ནི།
སྔོན་འགྲོ་དང་རྗེས་ཆོས་དྲུག་གི་སྒྱུ་ལུས་ལྟར་བྱ། དངོས་གཞི་རང་ཡི་དམ་བདེ་མཆོག་སྤྱི་བོར་བླ་མ་ཡིད་དམ་དབྱེར་མེད་ཀྱི་སྐུར་མོས་ཤིང་རྣམ་པ་གསལ་བཏབ་ནས། མོས་གུས་དྲག་པོས་ཡང་ཡང་གསོལ་འདེབས་བྱ། ཡང་ན་རྣམ་པ་བླ་མས་དབུ་བརྒྱན་པའི་ཡི་དམ་དུ་སྒོམ་ཡང་རུང་ངོ་། དེ་ནས་དངོས་དང་དྲན་ཡུལ་དུ་བྱུང་བའི་རང་གཞན་གྱིས་སྒྲ་ཟིན་མ་ཟིན་ཐམས་ཅད་ལ་བླ་མ་ཡི་དམ་དབྱེར་མེད་ཀྱི་གསུང་སྔགས་སུ་མོས། སེམས་ཀྱི་འཆར་སྒོ་ཅི་བྱུང་ཡང་བླ་མ་ཡི་དམ་དབྱེར་མེད་ཀྱི་ཐུགས་སུ་མོས་ཤིང་། སྣང་བ་ཐམས་ཅད་སེམས་དང་སེམས་སྐྱེ་འགག་གནས་པས་གདོད་མ་ནས་སྟོང་པའི་རང་ངོ་ལ་ཆེར་བལྟ་ཞིང་ཐག་ཆོད་བྱ། དེ་ཀའི་ངང་ལ་དུག་ལྔ་དང་ཐབས་མལ་རྣམ་རྟོག་ཅི་བྱུང་རུང་། དེ་རང་གི་ངོ་བོ་ཤེས་པ་དང་མ་བྲལ་བའི་ངང་སྐྱོང་པས། མ་སྤང་རང་དག་ཅེས་བྱ་ཐུན་མཚམས་ཀུན་ཏུ་སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་སུ་ཐག་གཅོད་པ་དང་། མོས་གུས་ལྷ་སྐུ། སྣང་བ་རང་སེམས། སེམས་སྒྱུ་མ་ལྟ་བུའི་རང་བཞིན་མེད་པའམ་དྲན་འདུན་རྩ་བྲལ་ལམ། མིན་ནའང་ངོ་ཤེས་དང་མ་བྲལ་བའི་ངང་ནས་བྱ། །བླ་མས་རང་གནས་ལུགས་ཟབ་མོ་ལ་དཀྲི་བར་མཛད་པའི་བཀའ་དྲིན་དྲན་པས་བླ་མ་ཡི་དམ་རོ་གཅིག་པ་ལ་མཆོད་བསྟོད་ཡན་ལག་བདུན་པ་རྟག་ཏུ་བྱ་ཞིང་ཚོགས་གསོག །འདི་ལ་མྱོང་བ་ཅི་རིགས་བྱུང་ནས་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་སྒྱུ་ལུས། རྨི་ལམ་བཟུང་སྦྱུང་སྤེལ་སྤྲུལ་བསྒྱུར་བ་རྣམས་དང་སྦྲེལ་ནས་ཉམས་སུ་ལེན་པ་འདི་ནི་སྙིང་པོ་འོ། །བླ་མ་ལམ་ཁྱེར་ལ། སྣང་བ་ལ་བརྟེན་ནས་བླ་མ་ལམ་དུ་ཁྱེར་བ་དང་། དེ་བཞིན་དུ་བླ་མ་ལ་མོས་གུས། དེ་ལ་བཀའ་དྲིན། དེ་ལ་ཚོགས་གསོག །དེ་ལ་རང་ཤར་ལམ་དུ་ཁྱེར། ཡི་དམ་ལམ་ཁྱེར་ལ། སྣང་བ་ཡིད་དམ། དག་སྣང་ཚོགས་གསོག །རང་ཤར་ཟུང་འཇུག་གི་ལྷ་སྐུ་དང་། སྒྱུ་མ་ལམ་མཁྱེར་ལ། སྣང་བ་རང་སེམས། སྒྱུ་མ་རྨི་ལམ། འོད་གསལ་རང་ཤར་རྣམས་ལམ་དུ་ཁྱེར་བ་ནི་དེ་ལྟར་ཤེས་པར་བྱའོ།
།དེ་ལྟར་ན་སྣང་བ་བླ་མ་ཡི་དམ་དུ་ཤེས། དེ་རང་སེམས་སུ་ཤེས། དེ་སྒྱུ་མ་ལྟ་བུ་གསལ་སྟོང་བདེ་བར་རང་ཤར་རོ། །ཅེས་པ་འདི་ཡང་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་སྦྱར་བའོ། །མངྒ་ལཾ།། །།
Immortality
ཨོཾ་ན་མཱ་སྨྲྀ་ཏ་བཛྲི་བྷ།
།འཆི་མེད་རང་གྲོལ་སྙིང་པོ་ནི། །སྔོན་འགྲོ་དང་རྗེས་ཆོས་དྲུག་ལྟར་བྱ། རང་སེམས་འཆི་མེད་རང་གྲོལ་རྟོགས་པར་གསོལ་བ་བཏབ། རང་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྤྱི་བོར་ཧཱུྃ་སྔོན་པོ་དང་བཾ་དམར་པོ། དེ་གཉིས་ལས་འོད་ཟེར་གསལ་མདངས་འཚེར་བ་དཔེ་ཟླ་མེད་པ་བྱུང་། འོད་ཟེར་གྱིས་གང་ཕོག་པ་ཆེས་དྭངས་གསལ་དུ་གྱུར་ཅིང་། ཤ་ཁྲག་རུས་པ་སོགས་རྡུལ་ཕྲ་རགས་སྦྱངས། དྭངས་མའི་ལུས་མངོན་དུ་གྱུར་པར་སྒོམ་ཞིང་། དེ་གཉིས་ཀྱི་འོད་ཟེར་དེས་རིམས་པས་གཉིས་ཀའི་སྤྱི་བོ་ནས་རྐང་མཐིལ་བར་སྦྱངས། །སྐུ་མདོག་ཞལ་ཕྱག་རྒྱན་ན་བཟའ་འཇའ་ཚོན་ལྟར་གསལ་བ་ལ་སེམས་བཟུངས། འདི་སེམས་སྣང་ཁོ་ནའོ། །ཞེས་ཐག་བཅད། མཐར་རང་སེམས་ངོས་བཟུང་དང་བྲལ་བའི་རང་རིག་ཅན་གྱི་མདངས་གང་དུ་ཡང་མ་འགགས་པའི་རྩལ་ལྷ་སྐུར་སྣང་ཙམ་སྣང་དུས་ཉིད་ན་སྟོང་པ། རང་སེམས་སྐྱེ་འགགས་གནས་གསུམ་དང་བྲལ་བ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རྩལ་རང་ཤར་དེ་ཉིད་ལ་ཆེ་རེ་འཇོག །ངོ་བོ་བརྗོད་བྲལ་བློ་འདས། རང་བཞིན་དབྱེར་མེད་ལྷན་སྐྱེས། རྣམ་པ་འགགས་མེད་རང་ཤར། མཚན་ཉིད་མ་འདྲེས་ཡོངས་རྫོགས། སྐྱེ་རྒ་ན་འཆིས་ཡེ་ནས་སྟོང་པ། དེ་བཞིན་འཁོར་འདས་བཅིངས་གྲོལ་སོགས་གཉིས་སྣང་ཐམས་ཅད་ཡེ་ནས་འཁོར་གསུམ་གྱི་སྟོང་པ་འཆི་མེད་རང་གྲོལ་གྱི་མན་ངག་ཆེན་པོའོ།
།འདི་ཡང་དོན་གཉེར་སློབ་མ་འགའི་དོན་དུ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་དབེན་གནས་བསམ་ལྡིང་སུ་བྲིས། །མངྒ་ལཾ།། །།
Kechari
ཨོཾ་ན་མོ་བཛྲ་ཌཱ་ཀཱི་ནི་ཡ།
།རྣམ་པ་ཀུན་ལྡན་མ་ལུས་གཏན་གཡོའི་བདག །རྒྱལ་བ་ཀུན་གྱི་ཡུམ་དུ་སྐུ་སྤྲུལ་པ། །དེ་ལ་ཀུན་ནས་དང་བས་ཕྱག་འཚལ་ཏེ། །རྣམ་པ་ཀུན་ཏུ་བདེ་ཆེན་བསྒྲུབ་པར་བྱ། །འདིར་མཁའ་སྤྱོད་མ་དཀར་མོ་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། བསམ་གཏན་གྱི་གནས་དང་ཁང་པ་མཚན་ཉིད་དང་ལྡན་པར་བདེ་བའི་སྟན་ལ་འདུག །ལུས་གནད་ཅི་རིགས་པར་བཅས་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་་་་་གསལ་བའི་མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་གསུམ་དཀར་པོ་འོད་ཟེར་འཕྲོ་བ། བདེ་བར་རྒྱུ་ཞིང་བདེ་བར་འཆར་བ། དེའི་དབུས་སུ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ། སྒེག་ཅིང་ལངས་ཚོ་དར་ལ་བབས་པ། ནུ་འབུར་རྒྱས་པའི་སྐུ་ཡིད་ཙམ་ཁྲོ་བས་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བས་སྐུ་སྟོད་ཁྱབ་པ། དམར་ཞིང་བཀྲ་བའི་སྤྱན་གསུམ་མ། ཐོད་སྐམ་ལྔའི་དབུ་བརྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་ཀྱི་གུག་འཕྱར་སྟབས་དང་། གཡོན་ཐོད་ཁྲག་ཕྱིར་བསྟན་པས་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པར་བཀལ་བ། སྐེད་སྐབ་ཕྲ་ཞིང་ནུ་འབུར་ལྷག་པར་རྒྱས་པའི་སྐུ་ཕྱག་རྒྱ་ལྔས་བརྒྱན་པ། མེ་རི་དཀར་པོ་རྩེ་མོ་གསུམ་པའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་སྙིང་ཁ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། །ཨོཾ་བཛྲ་པུཥྤེ་སོགས་བརྗོད་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་འོད་ཟེར་དཀར་དམར་མཐིང་གསུམ་སྤྱན་དྲངས་རྗེ་བཙུན་མའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གཅིག་ལ་གཅིག་འཁྲིལ་བའི་ཚུལ་དུ་བྱོན། །དབུ་མའི་ལམ་བརྒྱུད། བྷ་ག་ནས་ཐོན། རང་གི་གནས་གསུམ་དུ་ཐིམ། རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་ངོ་བོ། དེ་ལྟར་ན་རྣམ་པ་སོ་སོར་སྣང་ཡང་། འཁོར་ལོ་སྡོམ་པ་དང་རྡོ་རྗེ་རྣལ་འབྱོར་མ་ཐབས་དང་ཤེས་རབ་དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ། ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་སྒོ་ནས་ཨོཾ་གསུམ་མ་བཟླ། དེ་ནས་མཆོད་བསྟོད་བྱས་ཏེ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། བདག་ཡང་དག་པ་མཁའ་སྤྱོད་དུ་ཁྲིད་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། འཕོ་བའི་དམིགས་པ་སྒོམ་པའམ། ཡང་ན་རྗེ་བཙུན་མ་འོད་དུ་ཞུ་སྤྱི་བོ་ནས་རང་ལ་ཐིམ་པ་ལ་ཅུང་ཟད་མཉམ་པར་བཞག །དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་ཐམས་ཅད་དུ་སྣང་བ་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟ་བུར་ཤེས་པར་བྱ་ཞིང་། འདོད་ཡོན་ཐམས་ཅད་ལྷ་སྐུ་བདེ་བ་ཆེན་པོའི་རང་སྣང་ངོ་ཞེས་རིག་གོ །ཅེས་པ་འདིའང་དགེ་སློང་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་སྨྲས་པ་སྟེ་ཆོས་འཁོར་ལྷ་སར་རོ།

།མཧཱབྷུམིཔཏིནརཤེནྟྲཤརསཱབི་ཛཡཔརམབྷཉྫནཱམཧཱནཡཏེརཱཧྱཙུཏྱཱོཤཱཀྱབྷིཀྵུབྲིཛིཏཾཿ མངྒལིནཏརཀུརུཿ
ས་ཆེན་བདག་པོ་མི་དབང་མི་ཡི་དབང་། །ཕ་རོལ་གཡུལ་འཇོམས་རྣམ་པར་རྒྱལ་ཆེན་པོ། །མཚན་ལྡན་དེ་ཡིས་བཀའ་ཡིས་བསྐུལ་བ་ལས། །ཤཱཀྱའི་དགེ་སློང་སྤང་བ་པ་ཡིས་རང་ལོ་ཉི་ཤུ་པ་ལའོ། །མངྒ་ལཾ།།