Ni gu brgyud pa'i bla ma rnams la gsol 'debs pa smon lam dang bcas pa

From Shangpa Resource Center








Resource ID SCv9p423
Title ni gu brgyud pa'i bla ma rnams la gsol 'debs pa smon lam dang bcas pa
Topics Lineage prayer
Associated Person Tsarchen Losel Gyamtso
Link BDRC W23922

༄༅། །ནི་གུ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་འདེབས་པ་སྨོན་ལམ་དང་བཅས་པ་བཞུགས་སོ།།

ན་མོ་གུ་རུ་ཝེ།
བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་ཡན་ལག་བདུན་ལྡན་པའི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།
།བྲམ་ཟེའི་རིགས་ལས་ནཱ་རོའི་ལྕམ། །རྡོ་རྗེ་འཆང་དང་དངོས་སུ་མཇལ། །དག་པའི་ས་གསུམ་ལ་གནས་པའི། །ནི་གུ་མ་ལ་ཕྱག་འཚལ་ལོ།
།བིར་ཝས་རྗེས་བཟུང་ཌཱ་ཀི་མ། །རྒྱལ་བ་བསྐྱེད་དང་རོལ་པའི་ཡུམ། །བརྒྱུད་པར་བཅས་པ་རྗེས་འཛིན་པའི། །སུ་ཁ་སི་དྡྷི་ལ་ཕྱག་འཚལ་ལོ།
།བརྒྱ་དང་ལྔ་བཅུའི་བླ་མ་བསྟེན། །ཟབ་རྒྱས་མཁའ་འགྲོའི་ཐུགས་ཀྱི་བཅུད། །གདམས་པས་གངས་ཅན་སྐྱེ་དགུ་སྐྱོང་། །ཁྱུང་པོ་རྣམ་འབྱོར་ལ་ཕྱག་འཚལ་ལོ།
།མི་མེད་དབེན་པའི་རི་སུལ་དུ། །ཞེན་མེད་སྒྱུ་མའི་རོལ་རྩེ་མཁན། །ཆིག་བརྒྱུད་རྡོ་རྗེའི་བཀའ་བབས་པའི། །རྨོག་ལྕོག་པ་ལ་ཕྱག་འཚལ་ལོ།
།འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །དགེ་སློང་ཚུལ་གྱིས་འགྲོ་བ་འདྲེན། །སྙན་བརྒྱུད་གདམས་པ་ཟབ་མོའི་གཏེར། །སྐྱེར་སྒང་པ་ལ་ཕྱག་འཚལ་ལོ།
།འཇིག་རྟེན་ཆོས་བརྒྱད་ཧྲུལ་པོར་ཞིག །སྦས་པའི་རྣལ་འབྱོར་བརྟུལ་ཞུགས་ཅན། །རྡོ་རྗེའི་ཐོག་གིས་གཞོམ་མེད་པའི། །སངས་རྒྱས་གཉན་སྟོན་ལ་ཕྱག་འཚལ་ལོ།
།ཆིག་བརྒྱུད་བཀའ་རྒྱའི་སྒོ་ཕྱེ་ནས། །སྐལ་བཟང་འགྲོ་བའི་དགའ་སྟོན་དུ། །ཟབ་ལམ་བསྟན་པ་རྒྱས་མཛད་པའི། །སངས་རྒྱས་སྟོན་པ་ལ་ཕྱག་འཚལ་ལོ།
།རྣམ་དག་ཚུལ་ཁྲིམས་དྲི་བསུང་ཅན། །རྒྱ་ཆེན་ཤེས་བྱའི་གནས་ལ་སྦྱངས། །བསྒོམས་པས་རྣམ་པར་གྲོལ་བ་ཐོབ། །ཤངས་སྟོན་ཆོས་རྗེ་ལ་ཕྱག་འཚལ་ལོ།
།བླ་མ་མཁའ་འགྲོས་བྱིན་གྱིས་རླབས། །སྙན་བརྒྱུད་ཟབ་མོ་ཡི་གེར་བཀོད། །ལུང་བསྟན་བརྙེས་པའི་མཁས་བཙུན་པ། །རྒྱལ་མཚན་འབུམ་པ་ལ་ཕྱག་འཚལ་ལོ།
།ཟབ་མོའི་གདམས་པས་རང་རྒྱུད་སྨིན། །མཁྱེན་བརྩེའི་ནུས་པས་འགྲོ་བ་འདྲེན། །མགོན་པོའི་བཀའ་བབས་འཇག་ཆེན་པ། །བྱམས་པ་དཔལ་ལ་ཕྱག་འཚལ་ལོ།
།དེ་སྲས་ཐུ་བོ་ཆོས་ཀྱི་རྗེ། །སྒྱུ་ལུས་རྨི་ལམ་རབ་མཐར་སོན། །སྙན་བརྒྱུད་འཛིན་པའི་འཇག་ཆུང་པ། །བློ་གྲོས་དཔལ་མཟང་ལ་ཕྱག་འཚལ་ལོ།
།བཀའ་བརྒྱུད་བསྟན་པའི་གཙུག་གི་རྒྱན། །བདེ་ཆེན་ཡེ་ཤེས་འདོད་དགུར་སྤྱོད། །མཁས་དང་གྲུབ་པ་ཀུན་གྱི་ཕུལ། །ཀུན་དགའ་དཔལ་བཟང་ལ་ཕྱག་འཚལ་ལོ།
།ལྔ་རིག་སྦྱངས་པའི་པཎྜི་ཏ། །གནས་ལུགས་དོན་གཟིགས་གྲུབ་པའི་དབང་། །ཀུན་མཁྱེན་ཆོས་ཀྱི་སྤྱན་ལྡན་པ། །ཆོས་རྒྱལ་དཔལ་བཟང་ལ་ཕྱག་འཚལ་ལོ།
།འཇིག་རྟེན་བྱ་བ་རྒྱབ་ཏུ་བོར། །རྩེ་གཅིག་ཟབ་མོའི་ཉམས་ལེན་གྱིས། །གཉིས་སྣང་འཁྲུལ་པ་རང་སར་ཞིག །ཚུལ་ཁྲིམས་རྒྱལ་མཚན་ལ་ཕྱག་འཚལ་ལོ།
།རྒྱུད་སྡེ་རྒྱ་མཚོའི་བཅུད་ཕྱུངས་ནས། །བསྐལ་བཟང་འགྲོལ་བདེ་ཆེན་སྩོལ། །མཁའ་སྤྱོད་གནས་སུ་རོལ་པས་གཤེགས། །མཁྱེན་རབ་ཆོས་རྗེ་ལ་ཕྱག་འཚལ་ལོ།
།ཟབ་དོན་སྙན་བརྒྱུད་ཀུན་གྱི་གཏེར། །ལྷན་སྐྱེས་གཉུག་མའི་རང་ཞལ་གཟིགས། །གངས་ཅན་མཁས་གྲུབ་ཀུན་གྱི་གཙོ། །བཀའ་དྲིན་མཉམ་མེད་ལ་ཕྱག་འཚལ་ལོ།
།བློ་གསལ་གདུལ་བྱའི་ས་ཆེན་སྐྱོང་། །རྒྱུད་སྡེ་རྒྱ་མཚོའི་དབུས་ན་བརྗིད། །རིམ་གཉིས་ནོར་བུའི་ཅོད་པན་འཛིན། །དཔལ་ལྡན་བླ་མ་ལ་ཕྱག་འཚལ་ལོ།
།བདེ་ཆེན་ལྷན་སྐྱེས་ཧེ་རུ་ཀཿ ཤེས་རབ་ཕག་མོའི་པདྨོར་རོལ། །ཟུང་འཇུག་དཀྱིལ་འཁོར་ཀུན་གྱི་གཙོ། །འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ།
།སྤྱན་རས་གཟིགས་དབང་ཁྲོས་པའི་སྐུ། །འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །བར་དོའི་འཕྲང་སྒྲོལ་ནག་པོ་ཆེ། །མྱུར་མཛད་མགོན་པོ་ལ་ཕྱག་འཚལ་ལོ།
།གནས་མཆོག་ཉེར་བཞིའི་གྲོང་ཁྱེར་ནས། །སྒྱུ་མའི་གར་གྱི་མཁའ་ལ་སྤྱད། །བརྩེ་བས་རྣལ་འབྱོར་བུ་བཞིན་སྐྱོངས། །གནས་གསུམ་མཁའ་འགྲོ་ལ་ཕྱག་འཚལ་ལོ།
།རྟོ་རྗེ་ཐེག་པའི་ལམ་མཆོག་ཏུ། །ཞུགས་ནས་ཟབ་མེའི་དམ་ཚིག་གིས། །འབྲེལ་བས་སྐལ་ལྡན་རྡོ་རྗེའི་སྤུན། །དག་སྣང་ཕྱོགས་མེད་ལ་ཕྱག་འཚལ་ལོ།
།མི་མེད་དབེན་པའི་རི་སུལ་དུ། །ཟླ་མེད་རི་དྭགས་དམན་པ་བཞིན། །ཞེན་མེད་ཀྱི་ནའི་ཟས་གོས་བསྟེན། །ཚེ་དང་སྒྲུབ་པ་རྙོམས་པར་ཤོག
།རང་ཡུལ་ཉེ་དུ་ལོངས་སྤྱོད་དང་། །ལུས་སྲོག་ལྟོས་པ་ཐམས་ཅད་ལ། །རྨི་ལམ་ཙམ་དུའང་མ་ཆགས་པར། །ཐམས་ཅད་བློ་ཡིས་ཐོངས་པར་ཤོག
།ཚེ་འདིའི་ཆོས་བརྒྱད་སྣང་བ་ཀུན། །འཆི་བའི་ཚེ་ན་སྐད་ཅིག་ཙམ། །ཕན་པ་མེད་པར་ཐག་ཆོང་ནས། །བཞི་མདོའི་རྩ་བཞིན་འདོར་བར་ཤོག
།ཚེ་འདི་རི་གཟར་འབབ་ཆུ་བཞིན། །སྐད་ཅིག་ཙམ་དུ་ཤེས་པ་ཡིས། །བཏང་སྙོམས་སྡོད་པའི་ལོང་མེད་བས། །འཆི་ཆོས་སྙིང་ནས་བྱེད་པར་ཤོག
།བདེ་ཞིང་སྐྱིད་པས་མ་དྲེགས་ཤིང་། །སྡུག་ཅིང་ཕོངས་པས་མ་འཁུམ་པར། །གང་བྱུང་སྣང་བ་ལམ་ཁྱེར་གྱིས། །རྐྱེན་ངན་གྲོགས་སུ་འཆར་བར་ཤོག
།འོད་གསལ་བདེ་བ་ཆེན་པོའི་དབྱིངས། །བརྗེད་མེད་ནམ་མཁའ་ལྟ་བུའི་ངང་། །བློ་འདས་ཐ་མལ་ཤེས་པའི་དངོས། །ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག
།ནམ་མཁའི་མཐའ་ཀླས་སེམས་ཅན་རྣམས། །འཁོར་བའི་མཚོ་ལས་བསྒྲལ་སླད་དུ། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག །ཚེ་འདི་ཉིད་ལ་ཐོབ་པར་ཤོག
།མདོར་ན་བདག་གི་སྒོ་གསུམ་གྱི། །བྱ་བ་བགྱིས་པ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱུར་པའི། །ཡིད་བཞིན་ནོར་བྱ་ལྟ་བུར་ཤོག
།ཅེས་ནི་གུ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ་འདི་དཔལ་ལྡན་ཤངས་པའི་བརྒྱུད་འཛིན་རྣལ་འབྱོར་པ་བློ་གསལ་གྱིས་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག། །།