Rgyud sde lnga'i mngon rtogs gtor ma dang bcas pa

From Shangpa Resource Center








Resource ID SCv9p525
Title rgyud sde lnga'i mngon rtogs gtor ma dang bcas pa
Topics Five Tantra Classes
Sub-Topics Canonical description
Author Khyungpo Neljor
Associated Person Bodhisattva ratnamati
Link BDRC W23922
BDRC W3CN18508 (v2p.298)

༄༅། །རྒྱུད་སྡེ་ལྔའི་མངོན་རྟོགས་གཏོར་མ་དང་བཅས་པ་བཞུགས་སོ།། །།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་མཛད་པའི་རྒྱུད་སྡེ་ལྔའི་མངོན་རྟོགས་བསྒོམས་པར་འདོད་པས་འདི་བཞིན་བྱའོ།
བསྲུངས་འཁོར་ཚོགས་ལ་སོགས་པ་ཡིས། རྒྱས་མིན་བསྡུས་པ་སྔོན་སོང་ནས། གཞལ་ཡས་དབུས་སུ་པད་འདབ་བརྒྱད། ལྟེ་བར་བདུད་བཞི་ཉི་མས་མནན། ཉི་སྟེང་ཧཱུྃ་དང་ཨཾ་ནག་བསྒོམས། དེ་འོག་ཨ་ལི་གཉིས་གྱུར་ལས། མེ་ལོང་ཟླ་བ་ཤེས་རབ་གཟུགས། སུམ་ཅུ་རྩ་གཉིས་འབྱུང་བའོ། སྟེང་དུ་ཀ་ལི་གཉིས་འགྱུར་ལས། མཉམ་ཉིད་ཉི་མ་ཐབས་ཀྱིས་གཟུགས། དཔེ་བྱད་བརྒྱད་བཅུ་འགྲུབ་པར་བྱེད། ཐོད་དཀར་དྲི་སྔོན་ཉི་ཟླ་དང་། ས་བོན་མཚན་མ་སོ་སོར་རྟོགས། བསྐུལ་སྦྱངས་ཅིག་གྱུར་ནན་ཏན་ཡིན། ཅིག་གྱུར་སྐུ་ནི་ཆོས་ཀྱི་དབྱིངས། སྐུ་མདོག་མཐིང་ནག་ཆེན་པོ་ལ། ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག །དབུ་སྐྲ་ཁམས་སེར་གྱེན་དུ་འབར། སྟེང་ཞལ་སྐུ་མདོག་མཆེ་བ་གཙིགས། རུས་པའི་འཁོར་ལོ་སྤྱན་གསུམ་དམར། འོག་མ་གཡས་དཀར་གཡོན་པ་དམར། དབུས་ཞལ་གཞན་རྣམས་སྐུའི་མདོག །སྤྱན་དམར་གསུམ་གསུམ་མཆེ་བ་གཙིགས། སྣ་ཚོགས་རྡོ་རྗེ་ཐོད་པ་ཐོད། སྙན་ཆ་མགུལ་བརྒྱན་དབུ་རྒྱན་དང་། ཕྱག་གདུབ་ཞབས་གདུབ་རུས་པས་བརྒྱན། ཁྲག་འཛག་ལྔ་བཅུའི་ཕྲེང་བ་ཅན། སྟག་གིས་ཤམ་ཐབས་ཐལ་བས་བྱུགས། རྡོ་རྗེ་དྲིལ་བུ་དང་པོའི་ཕྱག །ཡུམ་ལ་ལེགས་པར་འཁྱུད་པའོ། གཡས་ཀྱི་གཉིས་པ་རལ་གྲི་འཛིན། དེ་བཞིན་མདའ་དང་འཁོར་ལོ་གཤོལ། དབྱུག་པ་རྩེ་གསུམ་ལྕགས་ཀྱུའོ། གཡོན་ན་རིམ་བཞིན་པདྨ་གཞུ། ཁ་ཊྭཱྃ་ཐོད་པ་རིན་པོ་ཆེ། སྡིག་འཛུབ་ཞགས་པ་བསྣམས་པའོ། ཡུམ་གྱི་སྐུ་མདོག་ཡབ་དང་མཚུངས། ཞལ་གཅིག་ཕྱག་བཞི་དང་པོའི་ཕྱག །གྲི་གུག་ཐོད་པ་ཡབ་ལ་འཁྱུད། གཉིས་ནི་མདའ་གཞུ་བསྣམས་པའོ། ཐོད་སྐམ་བཅོ་ལྔའི་ཕྲེང་བས་བརྒྱན། རྒྱན་རྣམས་རུས་པ་ཡབ་དང་མཉམ། གཙོ་བོ་ཞབས་བཞི་གཡས་བརྐྱང་ནས། བརྒྱ་བྱིན་ཚངས་པ་ཉེ་དབང་དྲག །ཉི་མའི་དཀྱིལ་འཁོར་གྱིས་མནན་པའི། སྟེང་ན་འཇིགས་བྱེད་དཔའ་དང་གཤེ། གཞད་དྲག་སྙིང་རྗེ་རྔམ་དང་ཞི། གར་དགུའི་རྣམ་པ་ྨི་འགྱུར་བཞུགས། མཚོན་ཆ་ཅན་གྱིས་བསྐྱེད་རིམ་མོ།

༈ བདེ་ཆེན་འཁོར་ལོའི་ལྟེ་བ་ལ། གསང་འདུས་དཔའ་བོ་ཡབ་ཡུམ་ནི། སྐུ་མདོག་མཐིང་ཤུན་འོད་འབར་མཛེས། ཞལ་གཅིག་ཕྱག་གཉིས་འཛུམ་པའི་མདངས། རྡོ་རྗེ་སྐྱིལ་ཀྲུང་རིན་ཆེན་སྤྲས། རྡོ་རྗེ་དྲིལ་བུ་ཡུམ་ལ་འཁྱུད། ཡུམ་ནི་རང་འོད་རིག་མ་སྟེ། རྒྱན་དང་ཆ་ལུགས་ཡབ་དང་མཚུངས། རྡོ་རྗེ་དྲིལ་བུ་གཙོ་ལ་འཁྱུད། ཞབས་གཉིས་ཡབ་ལ་ལེགས་འཁྱུད་བཞུགས། གསང་འདུས་བསྐྱེད་པའི་རིམ་པའོ།

༈ ལོངས་སྤྱོད་འཁོར་ལོའི་ལྟེ་བ་ལ། མ་ཧཱ་མ་ཡཱ་ཡབ་ཡུམ་ནི། ཞལ་གཅིག་ཕྱག་གཉིས་གར་སྟབས་བཞུགས། དབུ་སྐྲ་ཁམས་སེར་གྱེན་དུ་འབར། ཐོད་པ་དུམ་བུ་ལྔའི་ཐོད། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན། སྤྱན་གསུམ་དམར་ཞིང་ཟླུམ་པ་ལ། ཞལ་ནི་འཛུམ་ཁྲོ་དག་དང་ལྡན། ཁྲག་འཇག་ལྔ་བཅུའ་ཕྲེང་བས་བརྒྱན། ཁ་ཊྭཱྃ་ཐོད་པ་ཡབ་ལ་འཁྱུད། ཞབས་གཉིས་བདུད་གཉིས་ལེགས་པར་མནན། ཡུམ་ནི་ཞལ་གཅིག་ཕྱག་གཉིས་མ། རྒྱན་དང་ཆ་ལུགས་གཙོ་དང་མཐུན། ཁ་ཊྭཱྃ་ཐོད་པ་ཡབ་ལ་འཁྱུད། ཞབས་གཡས་གཙོ་ལ་འཁྱུད་པའོ། སྒྱུ་འཕྲུལ་ཡབ་ཡུམ་མངོན་རྟོགས་སོ།

༈ ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ། དགྱེས་མཛད་དཔའ་བོ་ཡབ་ཡུམ་ལ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། དབུ་སྐྲ་ཁམས་སེར་གྱེན་ལ་འབར། ཐོད་པ་དུམ་བུ་ལྔའི་ཐོད། རུས་པའི་བརྒྱན་དྲུག་དག་གིས་བརྒྱན། ཁྲག་འཛག་ལྔ་བཅུའི་ཕྲེང་བ་ཅན། སྟག་གིས་ཤམ་ཐབས་ཐལ་བས་བྱུགས། གཡས་བསྐུམ་གཡོན་བརྐྱང་བདུད་གཉིས་མནན། རྡོ་རྗེ་དྲིལ་བུ་ཡུམ་ལ་འཁྱུད། ཡུམ་ནི་འཛུམ་ཁྲོའི་རྣམ་པ་ལ། བརྒྱན་རྣམས་རུས་པ་ཡབ་དང་མཉམས། གྲི་གུག་ཐོད་པ་ཡབ་ལ་འཁྱུད། ཞབས་གཡས་ཡབ་ལ་འཁྱུད་ནས་བཞུགས། མཚོ་སྐྱེས་ཡབ་ཡུམ་བསྐྱེད་རིམས་སོ།

༈ སྤྲུལ་པ་འཁོར་ལོའི་ལྟེ་བ་ལ། བཅོམ་ལྡན་འདས་མཆོག་ལྷན་སྐྱེས་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། སྤྱན་གསུམ་དམར་ཞིང་ཟླུམ་པ་ལ། དབུ་སྐྲ་མཐོན་མཐིང་ཐོར་ཚུགས་ཅན། མཐིང་ནག་དར་གྱིས་ཅོད་པན་ཅན། ཐོད་པ་དུམ་བུ་ལྔའི་ཐོད། དཔྲལ་བར་ཟླ་ཕྱེད་རྡོ་རྗེ་མཛེས། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན། སྟག་གིས་ཤམ་ཐབས་ཐལ་བས་བྱུགས། གཡས་བརྐྱང་གཡོན་བསྐུམ་བདུད་གཉིས་མནན། རྡོ་རྗེ་དྲིལ་བུ་ཡུམ་ལ་འཁྱུད། ཡུམ་ནི་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དམར་མོ་འོད་ཟེར་འཕྲོ། དབུ་སྐྲ་མཐོན་མཐིང་དཀར་པོར་སླེབ། ཐོད་པ་དུམ་བུ་ལྔའི་ཐོད། སྤྱན་གསུམ་དམར་ཞིང་ཟླུམ་པ་ལ། ཞལ་ནི་ཁྲོ་འཛུམ་དག་དང་ལྡན། བརྒྱན་རྣམས་རུས་པ་ཡབ་དང་མཉམ། གྲི་གུག་ཐོད་པ་ཡབ་ལ་འཁྱུད། ཞབས་གཡས་ཡབ་ལ་འཁྱུད་ནས་བཞུགས། བཅོམ་ལྡན་ལྷན་སྐྱེས་མངོན་རྟོགས་སོ།

༈ གསང་བ་བདེ་སྐྱོངས་འཁོར་ལོ་ལ། བཅོམ་ལྡན་གཤིན་རྗེ་འཇིགས་བྱེད་ནི། མ་ཧེའི་གདོང་ཅན་ཡུམ་དང་བཅས། སྐུ་མདོག་མཐིང་ནག་ཆེན་པོ་ལ། ལྷུ་ཚིགས་ཐམས་ཅད་སྦྲུལ་གྱིས་བརྒྱན། ཁྲག་འཛག་ལྔ་བཅུའི་ཕྲེང་བ་ཅན། སྟག་གིས་ཤམ་ཐབ་ཐལ་བས་བྱུགས། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན། གཡས་བསྐུམ་གཡོན་བརྐྱང་འཇིགས་པའི་གཟུགས། འཇིགས་བྱེད་དུས་མཚན་མནན་པ་ཡི། གྲི་གུག་ཐོད་པ་ཡུམ་ལ་འཁྱུད། ཡུམ་ནི་ཕག་མོ་གྲི་ཐོད་འཛིན། རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན། ཐོད་སྐམ་བཅོ་ལྔའི་རྔོ་ཤལ་བྱས། གཡོན་པའི་ཞབས་ཀྱིས་ཡབ་ལ་འཁྱུད། རྡོ་རྗེ་འཇིགས་བྱེད་བསྐྱེད་པའི་རིམ་པའོ། ཡེ་ཤེས་སེམས་དཔའ་བཞུགས་པ་ནི། གཙོ་བོའི་ཐུགས་ཀའི་ས་བོན་ལས། འོག་མིན་གནས་སུ་འོད་ཟེར་འཕྲོས། རྒྱུད་སྡེ་ལྷ་ཚོགས་སྤྱན་དྲངས་ལ། ནང་གི་ལས་སོགས་མཆོད་པས་མཆོད། ཛཿཧཱུྃ་བྃ་ཧོཿས་དགུག་བཞུག་བཅིང་། དགྱེས་པ་བསྐྱེད་ལ་གཉིས་མེད་བསྲེ། སྐུ་གསུང་ཐུགས་བྱིན་རླབས་པ་ནི། སྤྱི་བོ་མགྲིན་པ་སྙིང་ག་རུ། ཨོཾ་དཀར་ཨཱཿདམར་ཧཱུྃ་ནག་བསྒོམ། དེ་ལས་འོད་ཟེར་འཕྲོས་པ་ཡིས། སངས་རྒྱས་རྣམས་ཀྱི་གནས་གསུམ་ནས། ལྷ་རྣམས་སོ་སོའི་གནས་གསུམ་དུ། འོད་ཟེར་གསུམ་པོ་བསྟིམ་པར་བྱ།
དེ་ནས་དབང་བསྐུར་ཞུ་བ་ནི། ལྷ་རྣམས་སོ་སོའི་ཐུགས་ཀ་ཡིས། རང་རང་ས་བོན་དག་ལས་ནི། འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས། སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐུལ། སེམས་ཅན་རྣམས་ཀྱི་རྒྱུད་སྦྱངས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། བླ་མ་རྣམས་དང་ཡི་དམ་ལྷ། མཆོད་པའི་ལྷ་ཚོགས་སྤྱན་དྲངས་ལ། དབང་བསྐུར་དོན་དུ་གསོལ་བ་གདབ། ཨ་བྷི་ཥཉྩ་བརྗོད་པ་ཡིས། རིག་པའི་ལྷ་མོས་དབང་བསྐུར་ནས། ནད་དང་གནོད་པ་སྡིག་སྒྲིབ་སོགས། དག་པས་རང་ལུས་འོད་དུ་བསམ། ཡང་ནི་དབང་བསྐུར་གསོལ་བཏབ་ལ། རྡོ་རྗེ་སློབ་དཔོན་བྱོན་ནས་ནི། རྣམ་རྒྱལ་བུམ་པས་དབང་བསྐུར་ནས། ལྷ་རྣམས་སོ་སོ་ཐམས་ཅད་ཀྱིས། སྐུ་ལུས་བདུད་རྩི་གང་ནས་སུ། སྤྱི་བོར་ལུད་པས་དབང་རྟགས་ནི། སྤྲུལ་སྐུ་རིགས་ལྔས་སོ་སོར་བརྒྱན། དེ་ལྟར་གནས་ལྔ་ཡབ་ཡུམ་རྣམས། སྣང་སྟོང་མཚན་དང་དཔེ་བྱད་བརྒྱན། འོད་དང་འོད་ཟེར་ནམ་མཁའ་ཡིས། ཁམས་རྣམས་ཁྱབ་པར་བལྟ་བར་བྱ། ཞུ་བདེ་ལྷན་ཅིག་སྐྱེས་པ་ཡིས། ཐིག་ལེ་གནས་ལྔར་སྒོ་ང་ཙམ། མཚན་ཉིད་ལྔ་ལྡན་ཤེས་པར་བྱ། ཡང་ན་སྙིང་གར་ལེགས་བསྡུས་ལ།
དེ་ནས་རྫོགས་རིམ་བསྒོམ་པ་ནི། ལྷ་རྣམས་སྙོམས་པར་འཇུག་པ་ལས། ཡེ་ཤེས་ལྔའི་ཐིག་ལེ་ནི། དཀར་ཞིང་འཚེར་བ་ཡུངས་འབྲུ་ཙམ། སེམས་ཉིད་སྤྲོས་དང་བྲལ་བ་ལ། ཆོས་ཉིད་སྤྲོས་དང་བྲལ་བར་བཞག
།དེ་ནས་བཟླས་པ་བྱ་བ་ནི། གཙོ་བོའི་ཐུགས་ཀར་པད་འདབ་བརྒྱད། ཕྱི་རོལ་ཐོད་པའི་གཟུགས་སུ་ཡོད། ཐོད་ནང་པདྨའི་ལྟེ་བ་ལ། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བསམ། རྒྱ་གྲམ་ལྟེ་བར་ཉི་ཟླའི་གདན། དེ་སྟེངས་བོན་ཧཱུྃ་ཅིག་བསམ། ཤར་གྱི་རྭ་གསུམ་དཀར་པོ་ཡིས། དབུས་སུ་ཨོཾ་ལས་གཡས་སུ་དེ། གཡོན་དུ་ཝ་ནི་བསྒོམ་པར་བྱ། ལྷོའི་རྭ་གསུམ་སེར་པོ་ཡིས། དབུས་སུ་པི་ལས་གཡས་སུ་ཙུ། གཡོན་དུ་བཛྲ་བསྒོར་ནི་བྱ། ནུབ་ཀྱི་རྭ་གསུམ་བསྒོམ་པ་ལ། ཧཱུྃ་གསུམ་དག་ནི་བསྒོར་དུ་བྱ། བྱང་གི་རྭ་གསུམ་ལྗང་ཁུ་ཡིས། དབུས་སུ་ཕཊཿལ་གཡས་སུ་སྭཱ། གཡོན་དུ་ཧཱ་ནི་གསལ་བར་བལྟ། ཡིག་འབྲུ་རྣམས་ལ་རེས་མོས་ཀྱིས། སེམས་ནི་གནས་ཚད་བཞག་པར་བྱ། དེ་ནི་བསྟ་་་་་་་ན་བཟླས་པའོ།
དེ་ནས་ཕྲེང་བའི་བཟླས་པ་ནི། ཡིག་འབྲུ་དག་ལ་འོད་ཟེར་ནི། ཨོཾ་ལས་སོགས་པ་རིམ་པས་འཆད། གཡོན་བསྐོར་དག་ཏུ་འཁོར་བ་ལས། སེམས་ནི་གཏད་ལ་བཟླས་པ་བྱ། ཨོཾ་དྷེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿསྭཱ་ཧཱ། གཙོ་བོའི་སྙིང་པོའོ།
ལྷ་རྣམས་སོ་སོའི་ཐུགས་ཀ་ནས། པདྨ་ཉི་མའི་གདན་སྟེང་དུ། རང་རང་སོ་སོའི་ས་བོན་ལས། རྩ་བའི་སྔགས་ཀྱིས་བསྐོར་བར་བསམ། མ་རྒྱུད་ཐམས་ཅད་གཡོན་བསྐོར་ལ། ཕ་རྒྱུད་ཐམས་ཅད་གཡས་སྐོར་ཡིན། ཨོཾ་ཨཱཿབཛྲ་དྷྲིཀྲ་ཧཱུྃ་སྭཱ་ཧཱ། གསང་འདུས་ཀྱིའོ།
ཨོཾ་ཨཱཿཧྲཱིཿཧཱུྃ་སྭཱ་ཧཱ། མ་ཧཱ་མ་ཡའོ།
ཨོཾ་ཏྲཻ་ལོ་ཀྱ་བཱཻ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿསྭཱ་ཧཱ། མཚོ་སྐྱེས་ཀྱིའོ།
ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊཿ ལྷན་སྐྱེས་ཀྱིའོ།
ཨོཾ་ཧྲི་ཥྚི་ཝི་ཀྲྀ་ཏ་ན་ན་ཧཱུྃ་ཕཊཿ འཇིགས་བྱེད་ཀྱིའོ།
ཕྲེང་བའི་བཟླས་པ་ནུས་ཚད་བཟླས། རྒྱུད་སྡེ་ལྔའི་གཏོར་མ་ལ། སྦྱོར་བ་དངོས་གཞི་རྗེས་གསུམ་སྟེ། དང་པོ་སྣོད་བཅུད་ཕུན་སུམ་ཚོགས། ཅི་རིགས་པར་ནི་བཤམ་ནས་སུ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། དངོས་གཞི་གཏོར་མ་བྱིན་གྱིས་བརླབ་པ་ནི། རང་ཉིད་དགྱེས་པ་རྡོ་རྗེར་བསྒོམ། ལག་གཉིས་ཐལ་མོ་སྦྱར་ནས་ནི། ཡི་གེ་གསུམ་གྱིས་སྦྱོར་བ་ཡིས། ཨོཾ་གྱིས་འོད་ཀྱི་སྟོང་པར་བསམ། ཨཱཿལས་འོད་ཟེར་འཕྲོས་པ་ཡིས། རིན་པོ་ཆེ་འམ་ཐོད་པ་ཡིས། སྣོད་ནི་ཤིན་ཏུ་རྒྱ་ཆེ་ལ། བདུད་རྩི་ལྔ་ཡིས་གང་བར་བསྒོམ། ཧཱུྃ་ལས་འོད་ཟེར་འཕྲོས་པ་ཡིས། ཡེ་ཤེས་བདུད་རྩི་སྤྱན་དྲངས་འདྲེས། ཕྱི་ནང་གསང་བའི་མཆོད་པ་ནི། དཔག་ཏུ་མེད་པ་རྒྱས་པར་བསམ། རང་གི་ཐུགས་ཀའི་ས་བོན་ལས། འོད་ཟེར་ཕྱོགས་བཅུར་འཕྲོས་ནས་སུ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བླ་མ་ཡི་དམ་ལྷ་ཚོགས་རྣམས། མདུན་གྱི་ནམ་མཁར་སྤྱན་དྲངས་ནས། དམ་ཚིག་བསྲེ་བའི་བཟླས་པ་ནི། བརྒྱ་རྩ་བརྒྱད་དམ་ཉི་ཤུ་གཅིག །གཙོ་འཁོར་རྒྱས་བསྡུས་རིམ་པ་ཡིས། བདུན་ལ་སོགས་པ་ཅི་རིགས་བཟས་༼ཨོཾ་ཨཱཿཧཱུྃ་༽།
དེ་ནས་མཆོད་པའི་བྱེ་བྲག་ནི། ཕྱི་ནང་གསང་བས་དེ་ལ་མཆོད། གཙོ་བོའི་ལྗགས་ཀྱི་ཧཱུྃ་ཉིད་ལས། རྡོ་རྗེའི་སྦུ་གུ་ཧཱུྃ་གིས་མཚན། གཏོར་མ་ཉིད་ལ་ཟུག་ནས་ནི། གསོལ་བས་རྒྱུད་སྡེའི་ལྷ་ཚོགས་རྣམས། དེ་གསལ་མི་རྟོག་རྒྱུད་སྦྱངས་ནས། བདག་ལ་ཤིན་ཏུ་དགྱེས་པར་བསམ། བླ་མེད་དཀོན་མཆོག་གསུམ་པོ་དང་། བླ་མ་ཡི་དམ་ལྷ་ཚོགས་ལ། བདུད་རྩི་འབར་བའི་གཏོར་མ་དང་། ཕྱི་དང་ནང་དུ་གསང་བ་ཡིས། མཆོད་པ་དཔག་ཏུ་མེད་པ་འབུལ། རྣལ་འབྱོར་བདག་ཅག་འཁོར་བཅས་དང་། མཐའ་ཡས་སེམས་ཅན་མ་ལུས་ལ། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཡོན་ཏན་འཕྲིན་ལས་རྒྱས་པར་ཤོག
།རྒྱུད་སྡེ་ལྔའི་མངོན་རྟོགས་གཏོར་མ་དང་བཅས་པ། བླ་མ་ཁྱུང་པོ་རྣལ་འབྱོར་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།
༼བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། བློ་གྲོས་རིན་ཆེནཤ་ཝ་ར་བྱམས་མགོནརྡོ་རྗེ་གདན་པཁྱུང་པོ། ཡང་གྲུབ་པའི་དཔའ་བོ། ཨ་ཏྭ་ཡ་བཛྲརཱ་ཧུ་ལ་གུཔྟ་བཛྲཁྱུང་པོརྨེའུ་སྟོན་པགྲགས་ནག་པ་རྡོ་རྗེ་ཚུལ་ཁྲིམསསྟེང་པ་བ་ཚུལ་ཁྲིམས་བསྟནབསོད་ནམས་མཛེསཡོན་ཏན་རྒྱལ་མཚནརྒྱལ་མཚན་འབུམའབའ་ར་བ་རྒྱལ་མཚན་དཔལཁམས་སེང་ཤངས་དཀར་བསངས་རྒྱས་དཔལགྲུབ་ཆེན་ནམ་མཁའི་ཞབས་སོ། དེས་བདག་ལའོ། ཡང་། སངས་རྒྱས་དཔལ་ལ། ཀུན་སྤང་། སྤྲུལ་སྐུ། དེས་བདག་ལའོ།༽
འདིས་འཁོར་བའི་རྒྱ་མཚོ་མྱུར་དུ་སྐེམ་པར་གྱུར་ཅིག། །།