Bla ma shangs pa'i man ngag gsang sngags kyi rjes su yi rang gi dbang bskur dang de'i gdams ngag

From Shangpa Resource Center
Revision as of 17:29, 20 April 2021 by Sengue (talk | contribs)








Resource ID SCv8p679
Title bla ma shangs pa'i man ngag gsang sngags kyi rjes su yi rang gi dbang bskur dang de'i gdams ngag
Topics Initiation
Sub-Topics rjes su yi rang
Author Sangyé Tönpa, Khyungpo Neljor
Associated Person Khyungpo Neljor
Link BDRC W23922
BDRC W23922
BDRC W3CN18508 (v2p.328)

༆ །བླ་མ་ཤངས་པའི་མན་ངག་གསང་སྔགས་ཀྱི་རྗེས་སུ་ཡི་རང་གི་དབང་བསྐུར་དང་དེའི་གདམས་ངག་བཞུགས་སོ།

ན་མོ་གུ་རུ།
རྗེས་སུ་ཡི་རང་གི་དབང་བསྐུར་ལ་མཎྜལ་པདྨ་འདབ་བཞི། དེའི་ཕྱི་རོལ་འདབ་བརྒྱད་ལྟེ་བ་སེར་པོ། གཞན་ཕྱོགས་ཚོན་དབུས་སུ་མཎྜལ་ཚོམ་བུ་ལྔ། ཕྱོགས་བཞིར་གཏོར་མ་མཆོད་པ་ལྔ་དང་བགེགས་གཏོར་བཤམས་པར་བྱའོ།
དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་བགེགས་གཏོར་བཏང་། བླ་མས་མཎྜལ་བསྐྱེད་ཆོག་བྱས་ལ། ༼ཏེ་ལྟེ་བ་སེར་པོའི་སྟེང་དུ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན། བླ་མ་དང་དབྱེར་མེད་པ་སྐུ་མདོག་གསེར་གཙོ་མའི་མདོག་ཅན། ཕྱག་གཡས་ཌཱ་མ་རུ། གཡོན་དྲིལ་བུ། ཕྱག་མཚན་མཐུན་པར། ལྷོར་མི་བསྐྱོད་པ་སྔོན་པོ། ཤར་དུ་རྣམ་སྣང་དཀར་པོ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། བྱང་དུ་དོན་གྲུབ་ལྗང་ཁུ། འོད་དང་འོད་ཟེར་དུ་བསྐྱེད། པདྨ་འདབ་བརྒྱད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསྐྱེད་དོ། རང་དང་དམ་ཚིག་སེམས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་པ་ཛ་ཧཱུྃ་བྃ་ཧོཿས་བསྟིམ། མཆོད་པ་བྱ། བསྲུང་འཁོར་བསྒོམ།༽ སློབ་མ་ལ་སྐྱབས་འགྲོ། སེམས་བསྐྱེད། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་རྣམས་༼སྔོན་འགྲོ་ཆོས་བཅུ་ཚང་བར།༽བཤད་དོ།
དེ་ནས་གསོལ་བ་གདབ། གནང་བ་སྦྱིན། ལམ་ཡན་ལག་ལྔས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།
དངོས་གཞི་ལ། མཎྜལ། ལུས་ལོངས་སྤྱོད་དབུལ། དེ་ནས་སྤོས་དང་རོལ་མོ་སྒྲོགས་ཤིང་མཎྜལ་གྱི་དབུས་ན་བླམ་འོད་ཀྱི་རང་བཞིན་རང་གི་སྤྱི་བོར་འུར་འུར་ཆེམ་ཆེམ་བྱོན་པར་བསམ༼ཞིང་རོལ་མོ་བྱའོ། དེ་བཞིན་དུ་ཕྱོགས་བཞིའི།༽། ཡང་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱང་སྔར་ལྟར་བྱོན་པར་བསམ་༼ཞིང་རོལ་མོ་བྱའོ།༽ དེ་ནས་རང་གི་སྤྱི་བོའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་དེ་འདྲ་བ། བྱུང་ཐམས་ཅད་རང་གི་ལུས་ལ་སིབ་སིབ་ཐིམ་པར་བསམ་མོ།
དེ་ནས་ཡང་བླ་མའི་སྐུ་སྟོད་ནས་དཔའ་བོ།༼སྐུ་ཆུང་ལ་ཡན་ལག་རགས་པ་གྲི་ཐོད་ཅན།༽ སྐུ་སྨད་ནས་དཔའ་མོ་དཔག་ཏུ་མེད་པ།༼སྐུ་ཆུང་ལ་ཡན་ལག་རགས་པ་གྲི་ཐོད་ཅན།༽ རང་གི་ལུས་ལ་ཐིམ་པར་བསམ་མོ།
སྤྱི་བོ། ཡང་མཎྜལ་ཕུལ་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པའི་གསོལ་བ་གདབ། མགྲིན་པ། སྙིང་ཁ། ལྟེ་བ་བཞིར་ཐིམ་པས་དབང་བཞི་རིམ་གྱིས་ཐོབ་ཅིང་དག་པ་དང་བཅས་པ་ངོ་སྤྲད་དོ།
དེ་ནས་ཚོགས་ལ་རོལ། དངོས་གྲུབ་ཞུ། སྨོན་ལམ་རྣམ་པར་དག་པ་ལན་གསུམ་བཏབ་ནས་རྗེས་ཀྱི་ཆོས་རྣམས་བྱའོ།
མི་འགྱུར་བའི་གཟེར་ཐེབས་པ་ཞེས་བྱ་སྟེ། ཤར་ཕྱོགས་དག་པའི་ཞིང་དུ་མི་སྐྱེ་མི་སྲིད་གསུང་། སངས་རྒྱས་སྟོན་པའི་གསུང་བཞིན་བཀོད་པའོ། ཨྀཐིཿ །
Instructions (SCv8p682)
རྗེས་སུ་ཡི་རང་གི་ཞལ་གདམས་ནི།
ཡེ་ཤེས་རྡོ་རྗེ་རྩེ་ལྔའི་ལྟེ་བའི་ནང་དུ། རང་ཉིད་ནི་གནས་སྐབས་འདུན་པའི་ཡི་དམ་དུ་བསྒོམས་ལ། གཞན་དོན་ལ་འཇུག་
དེའི་རྟེན་འབྲེལ་ཆེ་བ་ནི། རྡོ་རྗེ་ཚོན་གང་རབ་གནས་ཅན། རང་གི་སྐེ་ལ་གདགས་པར་བྱ། དེའི་ནང་གདོན་ཚུགས་མི་འགྱུར། ཁད་པར་ཤིང་གཅོད་རྡོ་འདུལ་དང་། གནའ་དང་རབ་གནས་སྦྱིན་བསྲེག་སོགས། དྲག་པོའི་ལས་དང་ལས་གཞན་རྣམས། བྱེད་ཚེ་རང་ལུས་རྡོ་རྗེའི་མཁར། འདི་ནི་རྡོ་རྗེ་ཕ་ལམ་སྟེ། ཚུར་ལ་ཅིས་ཀྱང་མི་ཚུགས་ཤིང་། པར་ལ་ཐམས་ཅད་འཇོམས་པར་བྱེད། གཅིག་བརྒྱུད་གནས་ཡིན་ཁྱད་པར་འཕགས། ཨྀཐིཿ
instructions (SCv8p683)
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
བདག་ཉིད་ཀྱི་དུས་གསུམ་དུ་བསགས་ཤིང་བྱས་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་༼དལ་འབྱོར་གྱི་མི་ལུས་ཐོབ་ནས་ཐེག་པ་ཆེན་པོའི་ཆོས་ཉམས་སུ་བླངས་ནས་ཚེ་གཅིག་ཏུ་སངས་རྒྱས་ཐོབ་པར་བྱེ་དུ་ཡོད་པས།༽ཨ་རེ་ལེགས། ཨ་རེ་ཡི་ན་སྙམ་དུ། རང་གི་དགེ་བ་ལ་དགའ་བ་ཁྱད་པར་ཅན་དང་། རྗེས་སུ་ཡི་རང་བ་དྭངས་སིང་སིང་པ་བསྒོམ། དེ་བཞིན་དུ་རང་དང་། མཉམ་པ་༼འདི་དགེ་བའི་རྩ་བ་༽དང་། རང་ལས་ལྷག་པ། ༼འདི་གང་ཟག༽ ཉན་ཐོས་༼ཡི་དགེ་བའི་རྩ་བ་༽དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་། ལམ་གྱི་རིམ་པ་ལ་གནས་ནས་དགེ་བའི་རྩ་བ་བྱས་པ་༼འགྲོ་བ་རྣམས་ལ་ཕན་བདེ་བསྒྲུབ་པའི་ཕྱིར།༽དང་། སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དགེ་བའི་རྩ་བའི་བསོད་ནམས་དང་། ༼བརྩོན་འགྲུས་དཔག་ཏུ་མེད་པ་ཡོད་པས་བྱང་ཆུབ་ཀྱི་སེམས་སྦྱངས་ཤིང་།༽ ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ནས་སྤང་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་པ་འདི་རྣམས་ཨ་རེ་ལེགས། ཨ་རེ་ཡིན་སྙམ་དུ། རྗེས་སུ་ཡི་རང་༼དེ་ཡང་མས་ཡར་རིམ་པས་ཡིད་དྭངས་སིང་པ་༽བ་དྭངས་སིང་སིང་པ་བསྒོམ་པར་བྱའོ།
།དེའི་རྗེས་ལ་རང་གི་གསང་གནས་སུ། ༼རྡོ་རྗེ་བུམ་པའི་ནང་དུ་༽ཨཱ་ལི་ཀཱ་ལི་གཡས་བསྐོར་དུ་འཁོར་བར་བསམ་ཞིང་། ངག་ཏུ་ཡང་བརྗོད་པས། ༼རྡོ་རྗེའི་བུམ་པའི་ནང་དུ་༽ཨཱ་ལི་ཀཱ་ལི་ལས་ཡེ་ཤེས་ཀྱི་མེ་འབར་༼དེ་ཡང་ལས་རིམ་པས་དང་སིང་མ་སྐྱེས་ཀྱི་བར་དུ།༽ནས་ལུས་ཀྱི་ནང་ཐམས་ཅད་དང་། ཕྱིའི་གདོན་བགེགས་དང་། ནང་གི་འདུ་བ་རྣམ་བཞིའི་ནད་དང་། ཉོན་མོངས་པ་དུག་ལྔ་དུག་གསུམ་ཐམས་ཅད་ཆིལ་གྱིས་༼ཡེ་ཤེས་ཀྱི་མེ་དེས་སྣང་ལ་རང་བཞིན་མེད་པར་སྦྱངས་པའམ་༽བསྲེག་པར་བསམ། དེ་ནས་གསང་གནས་ཀྱི་ཨཱ་ལི་ཀཱ་ལི་འདུས་ཏེ། འོད་དུ་ལྟེམ་གྱིས་ཞུ་ནས། སོང་བ་དང་། རྗེ་བཙུན་མ་དཀར་མོ་གཅིག་ཏུ་གྱུར་ཏེ། སྙིང་ཁར་བྱོན་པ་དང་། བླ་མས་བདག་ལ་རང་བྱུང་གི་ཡེ་ཤེས་ངོ་སྤྲད་པ་ཡིན་ཨང་སྙམ་དུ་བསྒོམ་མོ།
།དེ་ནས་སྤྱི་བོ་དང་། གསང་གནས་གཉིས་ནས། ཐིག་ལེ་དཀར་དམར་བྱུང་སྟེ། སྙིང་ཁར་འདྲེས་པ་དང་། བདེ་བ་ཁྱད་པར་ཅན་ཅིག་ལུས་ལ་སྐྱེས་པར་བསམ། དེའི་ངང་ལ་སྙིང་ཁའི་ཐིག་ལེ་དེ་ཧཱུྃ་དུ་གྱུར། ༼ནས་ཐིག་ལེ་དཀར་པོ་བྱུང་ནས་སྙིང་ཁར་བྱོན་ནས། ནས་ཐིག་ལེ་དམར་པོ་བྱུང་ནས་སྙིང་ཁར་བྱོན་པ། ཐིག་ལེ་གཉིས།༽ ༼ལུས་ནང་ཐམས་ཅད་ཁེངས།༽ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར་པར་བསྒོམ། དེའི་ཡར་རྩེ་ལྔ་ནས་འོད་ཟེར་ཁ་དོག་ལྔ་༼སྤྱི་བོ་ནས་མར་༽འཕྲོས་ནས་སོང་བས། དེས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱི་དག་པར་བསམ་མོ།
ཡང་མར་རྩེ་ལྔ་ལས་འོད་ཟེར་ཁ་དོག་ལྔ་ཡར་འཕྲོས་པས། ཡེ་ཤེས་ལྔ་རྒྱུད་༼སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག །དེ་དག་གིས་བསྡུས་ནས་བྱུང་སྟེ་རང་གི་༽ལ་སྐྱེས་༼ཡེ་ཤེས་ལྔ་༽པར་བསམ། ཡང་སྐུ་རྡོ་རྗེར་མོས་པར་བྱའོ།
།དེའི་རྗེས་ལ་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པར་བྱའོ།
།དེ་ལ་རྟོག་པ་འཕྲོ་ན། གོང་བཞིན་དུ་རྗེས་སུ་ཡི་རང་དང་། རང་ལས་ལྷག་པ་ནས་བཟུང་བསྡུ་རིམ་གྱིས་བསྒོམས་ནས། དེ་ལས་བྱུང་བའི་ ༼ཡིན་རིང་དུ།༽ དགེ་བ་དེ་དག་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ལ་ཟག་པ་མེད་པའི་༼ཐུགས་གཉིས་སུ་མེད་པའི་༽ཡེ་ཤེས་ཀྱི་མཆོད་པ་དཔག་ཏུ་མེད་པས་ཕུལ་བས་ཐུགས་ཚིམ་ཞིང་མཉེས་པར་བསམ། དེའི་བཟང་ལན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་སྐུ་གསུང་ཐུགས་ཚིམ་ཞིང་མཉེས་པ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས། རང་གི་ལུས་ལ་སིབ་སིབ་ཐིམ་པར་བསྒོམ་མོ།
།གཞན་ཡང་ནད་པ་ལྟ་བུ་ལ་དམིགས་པ་གཏད་ན། ནད་ཐོག་ཏུ་གོང་བཞིན་དུ་ཡང་ཡང་བསྟིམ་པར་བྱའོ།
།དེས་ནད་གདོན་ཐམས་ཅད་སྐད་ཅིག་མ་རེས་སོས་པར་འགྱུར་རོ།
།མདོ་རྒྱུད་ཀྱི་དགོངས་པ། ཚེགས་ཆུང་ལ་དོན་ཆེ་བ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་བྱེད་པ། བླ་མ་ཤངས་པའི་གདམས་ངག །གསང་སྔགས་ཀྱི་རྗེ་སུ་ཡི་རང་པ་ཞེས་བྱ་བ། བླ་མ་སྐྱེར་སྒང་པའི་གསུང་སྒྲོས་ཇི་ལྟ་བ་བཞིན་དུ་ཡི་གེར་བཀོད་པའོ།། །།དགེའོ།། །།

བརྒྱུད་པ་ནི་བླ་མ་རྡོ་རྗེ་གདན་པཁྱུང་པོ་རྣལ་འབྱོརརྨོག་ལྕོག་པསྐྱེར་སྒང་པགཉན་སྟོན་པསངས་རྒྱས་སྟོན་པམཁས་གྲུབ་ཤངས་སྟོནམཁས་བཙུན་སངས་རྒྱསཆོས་རྗེ་བྱམས་པགྲུབ་ཆེན་སངས་རྒྱས་དརམཉམ་མེད་སངས་རྒྱས་དཔལ་ལོ། །མཚུངས་མེད་ཤཱཀྱ་རིན་ཆེན། དེ་བདག་གོ །ཡང་འཇམ་དཔལ་གྱིས་བླ་མ་ཤངས་པ། དེས་རྟོགས་ལྡན་ཞང་བསྒོམ་ཆོས་སེང་ལ། དེས་སྐྱེར་སྒང་པའོ།། །།

སྡོམ་པ་གསུམ་ལྡན་ནི། འདིར་སོ་སོ་ཐར་པའི་རང་བཞིན་ནི། གཞན་ལ་གནོད་པར་བྱེད་པ་གཞི་དང་བཅས་པ་ལ་སོགས་པ་སྤོང་བ་ཡིན་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། དེའི་སྟེང་དུ་གཞན་ལ་ཕན་འདོགས་པར་ཞུགས་པ་ཡིན་ཞིང་། རིག་པ་འཛིན་པ་དེ་དག་ནི་ལྷའི་རྣམ་པའམ། ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པས་ན་ཞེས་སོ། དགེ་སློང་གི་སེམས་བསྐྱེད་པའི་ཚེ་ནི། སོ་སོ་ཐར་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་ལ། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ན། སྡོམ་པ་ཐམས་ཅད་ཀྱང་རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་བ་གཅིག་ཡིན་ནོ། དེ་སྐད་དུ་རྒྱུད་འབུམ་པའི་ལུང་། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བར་བྱུང་བ། རྡོའི་རིགས་ཀྱི་བྱེ་བྲག་གིས། །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩིའི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་སོ། རིགས་ལྡན་དང་། རྡོ་རྗེའི་རིགས་དང་གཅིག་གོ །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་སོ།
འདིའང་དཔེ་བསྡུར་བ་ཡིན་ནོ།། །།