Rgyud sde lnga'i dbang gi cho ga grub pa'i nye lam 'jug go yon tan kun 'byung

From Shangpa Resource Center








Resource ID SCv9p609
Title rgyud sde lnga'i dbang gi cho ga bklag chog tu sdebs pa grub pa'i nye lam
Alt. title 'jug go yon tan kun 'byung
Topics Initiation
Sub-Topics Five Tantra Classes
Link BDRC W23922

༄༅། །རྒྱུད་སྡེ་ལྔའི་དབང་གི་ཆོ་ག་བཀླག་ཆོག་ཏུ་སྡེབས་པ་གྲུབ་པའི་ཉེ་ལམ་ཞེས་བྱ་བ་བཞུགས་སོ།།
འཇུག་གོ་ཡོན་ཏན་ཀུན་འབྱུང་།།

རྣམ་གྲོལ་ལམ་སྟོན་རྒྱལ་བ་ཀུན་རང་བཞིན། །རྣམ་དག་ལྷག་པའི་ལྷ་དང་རྣམ་དབྱེར་མེད། །རྣམ་དཀར་ཡོན་ཏན་ཕུང་པོའི་གཏེར་མངའ་བ། །རྣམ་མང་འགྲོ་བའི་སྐྱབས་མགོན་ལ་བཏུད་ནས། །ངེས་པར་སྦས་པའི་ཞལ་གྱི་བུམ་བཟང་ལས། །ཚུལ་ཁྲིམས་མགོན་པོའི་སྙིམ་པས་ལོགས་བཅུས་ཏེ། །སྐལ་བཟང་འཆི་མེད་གྲུབ་པའི་སྨིན་བྱེད་ཀྱི། །དབང་ཆོག་དམ་པའི་གསུང་བཞིན་བཤད་པར་བྱ། །དེ་ལ་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཁྲིད་ཀྱི་སྔོན་དུ་བསྐུར་བ་དང་། །རྒྱུད་སྡེ་ལྔ་གཙོ་བོར་བསྡུས་པའི་དལ་དུ་དབང་བསྐུར་བ་གཉིས་ལས། །ད་ལྟ་ཕྱག་ལེན་ལ་རྒྱུད་སྡེ་ལྔ་གཙོ་བོར་བསྡུས་པའི་དུལ་དུ་དབང་བསྐུར་བའི་སྒྱུ་ལུས་དབང་མོ་ཆེར་གྲགས་པ་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས།
།དང་པོ་ནི། ས་ཆོག་དགོས་པའི་སར་རྒྱས་བསྡུས་གང་རུང་གཞན་ནས་འབྱུང་བ་ལྟར་བྱས་རྗེས་གནས་ཕྱག་བ་དར་བྱས། དཀོན་མཆོག་གི་རྟེན་བཀྲམ། །དེ་དག་གི་མདུན་དུ་རྡུལ་ཚོན་ལྟར་ན་རྒྱས་པར་ན་དལ་ཡོངས་རྫོགས་འོག་ཏུ་སྒོམ་པ་དང་མཐུན་པ་བྲིས། །བསྡུ་ན་མཎྜལ་བཞིའི་དང་པོ་ལ། ཆོས་འབྱུང་གཉིས་བརྩེགས་དཀར་པོའི་དབུས་སུ་ལྷའི་ཁོག་དྲང་མཐུན་པའི་ཚོན་སྤུངས། དེའི་མུ་ཁྱུད་ནག་པོ། རྩི་བོས་མཆན་དམར་པོ་བྱ། མཎྜལ་གཉིས་པ་པདྨ་འདབ་བཞི་ཕྱོགས་ཚོན། གྲུ་ཆད་ལྗང་གུ་བྱ། མཎྜལ་གསུམ་པ་ཆོས་འབྱུང་དམར་པོ། མེ་རིས་གཞི་ལྗང་གུ། ཟླ་གམ་མཐིང་ལྗང་དཀར་པོ། མཎྜལ་བཞི་པ་ཆོས་འབྱུང་མཐིང་ནག་གྲུ་གསུམ། མེ་རི་དམར་པོ། དེ་གསུམ་ཀའི་མུ་ཁྱུད་ཀྱི་ཕྱིས་ནས་རྡོ་རྭ་མེ་རི་བྲིས། མཎྜལ་ཕྱི་མ་གསུམ་ལའང་ཚོན་སྤུང་ལྔ་ལྔ་འགོད། མཎྜལ་གཉིས་པའི་སྟེང་དུ་མཉྫིའི་ཁར་བུམ་པ་མཚན་ཉིད་དང་ལྡན་པ་བཅུད་ཉེར་ལྔ་བླུག་ཅིང་ཆུ་གཙང་མས་གསུམ་གཉིས་བཀང་བ། མགུལ་ཆིངས་ཁ་རྒྱན་དུང་ཆོས་རྡོར་གཟུངས་དང་བཅས་པ་བཤམས། མོཎྜལ་བཞི་པའི་སྟེང་དུ་མཉྫིའི་ཁར་གཏོར་མ་ཟུར་གསུམ་རྒྱན་གྱིས་བརྒྱན་པ་མདའ་དང་བཅས་པ་བཞག །ཟུར་ཞིག་ཏུ་རྣམ་རྒྱལ་དང་ལས་བུམ་གཉིས་དངོས་སུ་བཤམས་པའམ། བསྡུ་བ་གོང་གི་བུམ་པས་ཀྱང་ཆོག་གོ །དེ་ལྟར་ན་འོག་ཏུ་ལས་བུམ་བསྐྱོད་ཆོག་མེད་ཀྱང་ཆོག །མཐའ་བསྐོར་དུ་བཅུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་ལྔ། ཟླུམ་ཏོར་གསུམ། རྒྱུན་པར་ན་གཞི་བདག་བགེགས་གཏོར་བཤམ། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་པ་དང་བཅས་པ་བཤམ།
གཉིས་པ་ནི། སྔོན་འགྲོ་གཏོར་མ་ཆུ་གཙང་གིས་བྲན་ལ། ཀྱཻ་རྡོར་བདེ་མཆོག་གང་རིགས་ཀྱིས་མཁའ་འགྲོ་སྤྱི་གཏོར་བཏང་། མཆོད་པ་བྱིན་རླབས་བླ་མེད་སྦྱི་ལྟར་བྱ། སྐྱབས་འགྲོ་སེམས་བསྐྱེད། རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཀྱཻ་རྡོར་ལྟར་བྱས་རྗེས། རང་བདེ་མཆོག་ཏུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་ལ་བླ་མ་རིགས་བདག་གི་ཚུལ་དུ་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བུ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ལ་ས་པཱ་རི་ཝཱ་ར་རཻའི་མགོར་སྦྱར་བའི། ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་འདུན་རྣམ་དག་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾཤཱུནྱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་པས། བདག་དང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཕྱི་ནས་རིམ་པ་བཞིན་དུ་དཀའ་སེར་དམར་ལྗང་བསྔོ་བའི་རྩེགས་པ་རིམ་པ་ལྔ་དང་ལྡན་པ། འདོད་ཡོན་དམར། ཕ་གུ་སེར། མདའ་ཡབ་ཁ་དོག་སྣ་ཚོགས་པ། སྒོ་བཞིའི་ཐད་སོར་རྟ་བབས་བང་རིམ་བཞི་པ་ལ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། རི་དྭགས་གཉིས་གཉིས་དང་བཅས་པའི་སྟེང་ན་གདུགས་ཕུབ་པ། ནང་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་པས་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་ནོར་བུའི་ཏོག་གིས་སྤྲས་པ། མཆོད་རྟེན་མགོ་ལྔ་པའི་རྣམ་པ་ཅན། ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད། རྡོ་རྗེའི་རྭབ་མེ་རི་འབར་བ་དང་བཅས་པས་བསྐོར་བ། སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན་གྱི་ནང་གི་ལྷ་རྣམས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་རིན་པོ་ཆེའི་ཕོ་བྲང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཤེལ་ལས་གྲུབ་པའི་ཆོས་འབྱུང་གཉིས་རིམ་གྱི་ལྟེ་བར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཟླ་བ་ཉི་མ་རྣམས་བརྩེགས་པའི་སྟེང་དུ་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་ལ། རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་གཡས་བརྐྱང་བའི་སྟབས་ཀྱིས་བཞེངས་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྲིལ་བ།
དེའི་ཤར་དུ་གདན་བཞི་བརྩེགས་ཀྱི་སྟེང་དུ་ཚངས་པ་བརྒྱ་བྱིན་མནན་པའི་དགྱེས་རྡོར་མཐིང་ནག་ཞལ་གཅིག་ཕྱག་གཉེར་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་བདག་མེད་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ།
ལྷོར་གདན་བཞི་བརྩེགས་ཀྱི་སྟེང་དུ། གསང་འདུས་སྐུ་མདོག་མཐིང་ཞུན་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རེག་བྱ་རྡོ་རྗེ་མ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་འཁྱུད་ཅིང་། གཉིས་ཀའང་སྐྱིལ་ཀྲུང་དུ་བཞུགས་པ།
ནུབ་ཏུ་གདན་བཞི་བརྩེགས་དང་མེ་རིའི་སྟེང་དུ་མ་ཧཱ་མ་ཡ་སྐུ་མདོག་མཐིང་ནག་གཡས་བརྐྱང་གཡོན་བསྐུམ་ཞལ་གཅིག་ཕྱག་གཉིས་ཁ་ཊྭཱྃ་ག་དང་། ཐོད་ཁྲག་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་སྐུ་མདོག་ནག་མོ་ཁ་ཊྭཱྃ་ག་དང་ཐོད་ཁྲག་འཛིན་པ་ལ་འཁྱུད་པ།
བྱང་དུ་གདན་བཞི་བརྩེགས་དང་མ་ཧེའི་སྟེང་དུ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་ནག་པོ་མ་ཧེའི་ཞལ་ཅན་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་རྡོ་རྗེ་རོ་ལངས་མ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་ལ་འཁྱུད་པ།
རྭ་རྣོ་བ། ཤངས་འབུད་ཅིང་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། སྐུ་ལུས་ཐུང་ལ་སྦོམ་ཞིང་བསུས་ཁྱིམ་ཆེ་པ། སྦྲུལ་གྱིས་བརྒྱན་པ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁྲོའ་ཆོས་སྲུང་ནོར་ལྷ་ཐམས་ཅད་རྒྱུད་སྡེ་ལྔ་གཙོ་བོར་བསྡུས་པའི་དལ་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཚོགས་ཞིང་གི་སྐབས་ལྟར་མཆོད། ཛཿཧཱུྃ་བྃ་ཧོཿ ཞེས་པས་བདག་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ལན་གཅིག་སྔོན་དུ་འགྲོ་བའི་ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཐམས་ཅད་ལ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པར་བསམ། སོ་སོའི་ཐུགས་ཀར་པདྨ་དང་ཉི་མའི་དལ་གྱི་སྟེང་རང་རང་གི་ས་བོན་ཧཱུྃ་ཡི་གེ་མཐར་སོ་སོའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་སྔགས་ཕྲེང་སོ་སོ་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་བསམ་ལ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དེ་ཝ་པི་ཅུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་དྷིཀྲ་ཧཱུྃ། ཨོཾ་ཨཱཿཧྲཱི་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཅེས་པས་རྣམས་སོ་སོར་ཅི་ནུས་བཟླས་ལ། དེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། རྫོགས་རིམ་ནི། འདིའི་ལུགས་ཀྱི་རྫོགས་རིམ་གང་ལ་མོས་པ་ཞིག་སྒོམ། དལ་བསྡུ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་བསྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ། དེ་གཞལ་ཡས་ཁང་ལ། དེ་ཕྱོགས་བཞིའི་ལྷ་རྣམས་ལ། དེ་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ་ཐིམ་པས། འཁོར་ལོ་བདེ་མཆོག་ཕྱག་གཉིས་པའི་ང་རྒྱལ་གྱིས། སྤྱོད་ལམ་ལ་འཇུག་གོ
།མདུན་བསྐྱེད་ནི། མཎྜལ། བུམ་པ། གཏོར་མ་དང་བཅས་པ། ཤཱུནྱ་ཏའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཞེས་པ་ནས། བྱང་ལྗང་བའི་བར་བདག་བསྐྱེད་བཞིན་ལས། ཕོ་བྲང་དང་པོའི་དབུས་སུ་ཤེལ་ལས་གྲུབ་པའི་ཞེས་པ་ནས། སྦྲུལ་གྱིས་བརྒྱན་པ་ཞེས་པའི་བར་རང་ཉིད་ཅེས་པ་དོར་ནས་གཞན་བདག་བསྐྱེད་ཇི་ལྟ་བ་བཞིན། ཕོ་བྲང་གཉིས་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་དུ་གསལ་བའི་ནང་དུ་རྒྱུད་སྡེ་ལྔའི་ལྷ་གོང་བཞིན་དུ་བསྐྱེད། མཎྜལ་གསུམ་པར་པདྨ་དང་ཟླ་བ་ཉི་མའི་གདན་ལྔའི་དབུས་ཀྱི་གདན་གྱི་སྟེར་དུ་བདེ་མཆོག་ལྷན་སྐྱེས་གོང་བཞིན་དང་། དེའི་ཕྱོགས་བཞིར་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་ཁཎྜ་རོ་ཧི་དམན་མོ། ལྷོར་གཟུགས་ཅན་མ་སེར་མོ། དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་གཡོན་ཐོད་ཁྲག་འཛིན་པ། གུ་མོ་ན་ཁ་ཊྭཱཾ་ག་བསྣམས་ཤིང་ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་རོའི་གདན་ལ་བཞུགས་པ། དེ་ལྟ་བུའི་དལ་གསུམ་གྱི་ཡབ་ཡུམ་ཐམས་ཅད་མཚན་དཔེས་བརྒྱན་ཅིང་འོད་ཟེར་འབར་བ་མེ་དཔུང་གི་དབུས་ན་བཞུགས་པ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། ཡབ་ཐམས་ཅད་རུས་པའི་བརྒྱན་དྲུག་དང་མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། དབུ་སྐྲ་དང་སྨ་ར་དང་སྨིན་མ་སེར་པོ་གྱེན་དུ་འབར་བ། ཡུམ་ཐམས་ཅད་སྒེག་ཅིང་འཛུམ་པ། བདེ་བའི་ཉམས་དང་ལྡན་པ། ཤ་རྒྱས་ཤིང་ནུ་མ་འབུར་བ། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། དབུ་སྐྲ་སིལ་བུར་འཕྱང་བ། གྲུ་ཆད་ལ་མཆོད་པའི་ལྷ་མོ་མཆོད་རྫས་སྣ་ཚོགས་ཐོག་པ་དུ་མ། འཁྱམས་རྣམས་སུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལོངས་སྐུ་ཞལ་སྦྱོར་བདེ་བ་ཆེན་པོའི་རང་བཞིན་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཞུགས་པ། མཎྜལ་བཞི་པར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་ནང་དུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རི་རབ་ཏུ་འབར་བའི་དབུས་སུ་སྣ་ཚོགས་པདྨ་ཉི་མ་ཚོགས་བདག་དཀར་པོ་མགོ་བོ་གཡས་སུ་ཕྱོགས་ནས་གན་རྐྱལ་དུ་མནན་པའི་སྟེང་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། དབུ་སྐྲ་ཁམས་སེར་གྱེན་དུ་མཛེས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་བསྒྲད་པ་མཆེ་བ་རབ་ཏུ་གཙིགས་པ། སྨ་ར་དང་ཨག་ཚོམས་བརྗིད་པ། སྨིན་མ་ཁམས་སེར་གློག་ལྟར་འཁྱུགས་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། སྦྲུལ་མཐའ་ཡས་སྔོན་པོ་ཐོད་དུ་བཅིངས་པ། འཇོག་པོ་དམར་པོས་སྙན་ཆ། དུང་སྐྱོང་སེར་པོས་མགུལ་རྒྱན། པདྨ་དཀར་པོས་ཕྱག་གདུབ་དང་ཞབས་གདུབ་དང་དཔུང་རྒྱན་བྱས་པ། སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་གསོལ་བ། སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་ཀྱི་སྟེང་ན་དར་ལྗང་དང་སྦྲུལ་ནག་གི་སྐ་རག་བཅིངས་པ། མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། ཕྱག་དྲུག་གཡས་ཀྱི་དང་པོ་ན་རྡོ་རྗེའི་གྲི་གུག་གཤིན་རྗེའི་ལྕེ་འདྲ་བ་འཛིན་པ། བར་པ་ན་ཐོད་སྐམ་གྱི་ཕྲེང་བ། ཐ་མ་ན་ཐོད་པའི་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གྱི་དང་པོ་ན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་བསྣུམས་པ། བར་པ་ཁ་ཊྭཱྃ་ག་རྩེ་གསུམ། ཐ་མ་ན་རྡོ་རྗེའི་ཞགས་པ་བསྣམས་པ། དཔྲལ་བར་སིན་དྷུ་རས་བྱུགས་པ། སྤྱི་བོར་མི་བསྐྱོད་པས་མཚན་པ། ཕྱག་ཞབས་ཐམས་ཅད་ལ་རུས་པ་དང་། དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་ཁྲག་གི་རྒྱ་མཚོ་དམར་ལ་དྭངས་པའི་ནང་དུ་དྲེའུ་སྒ་དམར་སྲིན་པོའི་ཡ་འགལ་གྱིས་སྔ་རུ། མ་འགལ་གྱིས་ཕྱི་རུ། སྦྲུལ་ནག་གིས་གོང་སྨད། མཆོང་གི་གློ་ལེན། བྱེ་རུའི་སྲབ་སྐྱོགས་སོགས་ཀྱིས་བརྒྱན་པ། རླུང་གི་གཤོག་པ་རྫུ་འཕྲུལ་གྱི་རྩལ་མྱུར་མགྱོགས་ཀྱི་སྟོབས་དང་ལྡན་པའི་སྟེང་དུ་དཔལ་ལྡན་ལྷ་མོ་རེ་མ་ཏི་སྐུ་མདོག་མཐིང་ནག་ཆར་སྤྲིན་འཐིབས་པ་ལྟ་བུ། ཞལ་གཅིག་ཕྱག་བཞི་གཡས་ཀྱི་དང་པོ་ན་གནམ་ལྕགས་ཀྱི་རལ་གྲི་ངན་དང་ལྡན་པ། གཉིས་པ་ན་གྲི་གུག་རྣོན་པོས་དགྲ་བགེགས་ཀྱི་སྲོག་རྩ་གཅོད་པ། གཡོན་གྱི་དང་པོས་སྲིད་གསུམ་ཟིལ་གྱིས་གནོན་པའི་རྒྱལ་མཚན། གཉིས་པ་ན་ཐོད་རློན་ཁྲག་གི་གང་བ་བསྣམས་པ། དབུ་སྐྲ་ཁམས་སེར་རྨ་བྱའི་མདངས་ཀྱི་བརྒྱན་པ། སྤྱི་གཙུག་ནས་ཟླ་བ་ཉ་གང་བས་མཚན་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པའི་དོ་ཤལ་འཕྱང་བ། སྙན་གཡས་པ་ནུ་སེང་གེ་དང་། གཡོན་པ་ལ་དྲུག་སྦྲུལ་གྱིས་བརྒྱན་པ། སྤྱན་གསུམ་དམར་ལ་འཁྱུག་པ། ཞལ་མདངས་ཤིང་མཆེ་བ་གཙིགས་པ། ལྗགས་གྱེན་ལ་འབྲེལ་པ། སྐུ་སྟོད་ལ་ཞིང་ཆེན་གྱི་པགས་པ་གསོལ་བ། སྐུ་སྨད་ལ་གླང་ཆེན་གྱི་ཀོ་རློན་དང་། རེ་ལྟེའི་ཤམ་ཐབ་དཀྲིས་པ། སྦྲུལ་ནགས་ཀྱི་སྐ་རགས་བཅིངས་པའི་ཐད་ནས་ཉི་ཟླ་འཆར་བ། མ་བདུད་བྱེ་བས་བསྐོར་བ། མགོན་པོའི་མདུན་དུ་ཐོད་པའི་གཞལ་ཡས་ཁང་མེ་རབ་ཏུ་འབར་བའི་ནང་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་ནམ་མཁའ་ལ་འཕྱར་བས་དགྲ་བགེགས་ཀྱི་སྲོག་རྩ་གཅོད་ཅིང་གཡོན་ཐོད་པ་འཛིན་པས་དགྲ་བགེགས་ཀྱི་སྙིང་ཁྲག་དྲོན་མོ་གཙོ་བོའི་ཞལ་དུ་སྟོབ་པ། རལ་པ་དམར་སེར་གྱེན་དུ་གཟིངས་པ། ཁ་གདངས་ཤིང་མཆེ་བ་གཅིགས་ནས་དགུ་ལ་འོད་དོད་འབོད་པ། སྤྱན་གསུམ་དམར་པོ་ལྡོག་ཅིང་དམ་ཉམས་ལ་སྡང་མིག་བལྟ་བ། མི་མགོ་སྐམ་པོས་ཐོད་དང་། རློན་པོས་རྡོ་ཤལ་བྱས་པ། ཤིན་ཏུ་འཇིགས་ཤིང་མི་སྡུག་པའི་གཟུགས་ཅན། དོམ་ནག་སྨྱོན་པ་ལ་ཆིབས་ཤིང་གནོད་སྦྱིན་དཔག་ཏུ་མེད་པའི་དབུས་ན་བཞུགས་པ། མགོན་པོའི་གཡས་སུ་དབང་ཕྱུག་ཛིན་མི་ཏྲ་སྐུ་མདོག་དམར་པོ་སྲིན་པོའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་ཐོད་པའི་ཌཱ་མ་རུ་ནམ་མཁའ་ལ་དྲག་ཏུ་འཁྲོལ་བས་ཁམས་གསུམ་དབང་དུ་སྡུས་པ། གཡོན་ཐོད་པ་དགྲ་བགེགས་ཀྱི་སྙིང་ཁྲག་གིས་གང་བ་དཀྲུག་ཅིང་གསོལ་བ། ཤིན་ཏུ་འཇིགས་པའི་ཆ་བྱད་ཅན། སྟག་ཆེན་དར་མ་ལ་ཆིབས་པ། རྒྱབ་ཏུ་གཤིན་རྗེ་ཊཀྐི་རཱ་ཛ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་སྒྱུ་མའི་ཞགས་པ་ཀླད་ལ་བསྐོར་ཞིང་། གཡོན་སྡིགས་མཛུབ་མཁའ་ལ་གདེངས་པ་གཤིན་རྗེའི་ཆ་ལུགས་ཅན་སྤྱང་ཀི་དང་མ་ལ་ཆིབས་པ། གཡོན་དུ་བདུད་མགོན་ཏྲཀྴད་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་ཐོད་པ་ཁྲག་གིས་གང་བ་འཛིན་ཅིང་། གཉིས་པས་རུ་མཚོན་དམར་པོ་འཕྱར་བ། གཡོན་དང་པོས་ལྕགས་ཀྱི་ཐོ་ལུམ་དང་། གཉིས་པས་ཙནྡན་གྱི་བིང་ཆེན་བསྣམས་པ། བདུད་ཀྱི་ཆ་ལུགས་ཅན་རྟ་བྲ་ནག་རྟིང་དཀར་ལ་ཆིབས་པ། གསུམ་ཀའང་ཤིན་ཏུ་ཁྲོ་ཤིང་འཇིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་མཛེས་པ། སྤྱན་གསུམ་དམར་ཞིང་གཡོ་བས་དགྲ་བགེགས་ལ་གཟིགས་པ། ཐོད་སྐམ་གྱི་དབུ་བརྒྱན་དང་། བོད་རློན་གྱི་དོ་ཤལ་འཕྱང་བ། སྟག་ཤམ་ལ་སོགས་པའི་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་མེ་དཔུང་འབར་བའི་དབུས་ན་རང་འདྲའི་གནོད་སྦྱིན་འདུག་པ་ཅན་འབུམ་འབུམ་གྱི་འཁོར་གྱིས་བསྐོར་བ། དེའི་ཕྱི་རོལ་གྱི་འཁྱམས་རྣམས་སུ་ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་དགུ། རྒྱལ་ཆེན་བཞི་སྟེ་གཙང་རིས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔ། དེའི་ཕྱི་རོལ་དུ་གནོད་སྦྱིན་སྲིན་པོ། འགྱུར་པོ་ཡི་དྭགས་ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ་མཁའ་འགྲོའི་ཚོགས་ཀྱི་བསྐོར་བ་དང་། རོ་མགོ་བོ་བཅད་པ་དང་། དཔྱངས་པ་དང་། བཀལ་བ། གསལ་ཤིང་གིས་ཕུག་པ། མགོ་བོ་དང་། ཀེང་རུས་དང་། བྱ་དང་། ལྕེ་སྤྱང་དང་། ཁྲྭ་དང་། འུག་པ་དང་། བྱ་རྒོད་དང་། རོ་ལངས་དང་། མི་རྒོད་དང་། གཅན་གཟན་གདུག་པ་ཅན་དུ་མས་གང་ཞིང་ཕེཾ་དང་ཕཊ་ལ་སོགས་པ་འཇིགས་པའི་སྒྲ་དུ་མ་སྒྲོག་པ། གཞན་ཡང་དམ་ཅན་རྒྱ་མཚོའི་དམག་ཚོགས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཀྱི་ཤ་ལ་དགའ་བ། ཁྲག་ལ་རོལ་པ། སྙིང་རྗེ་མེད་པ་ཁྲོ་ཞིང་གཏུམ་པ། མིག་རྩ་དམར་བ། ཁ་གདངས་པ། མཆེ་བ་གཙིགས་པ། བཞིན་བསྡུས་པ། ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་ཐོགས་པ། སྐད་ཅིག་ལ་སྐྱེ་འགྲོ་གདུག་པ་ཅན་ཐམས་ཅད་ཀྱི་སྲོག་དབུགས་སྡུད་ཅིང་དགྲ་བགེགས་སྒྲོལ་བ། རྣལ་འབྱོར་པ་ཆོས་སྒྲུབ་པ་རྣམས་ཀྱི་བར་ཆད་བསྲུངས་ཞིང་དགོས་འདོད་སྒྲུབ་པའི་དམ་ཅན་ས་གཞི་བར་སྣང་ཐམས་ཅད་སྤྲིན་ཕུང་འཐིབས་པ་བཞིན་བཞུགས་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་གཙོ་འཁོར་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏུ་སོགས་སྔོན་དུ་འགྲོ་བའི། ཨརྒྷ་ནས་ཤཔྡའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿ ཞེས་པས་མདུན་བསྐྱེད་སོ་སོ་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། སླར་ཡང་དབང་ལྷ་སྤྱན་དྲུངས་ནས་རིགས་བདག་གིས་རྒྱས་གདབ་པའི་བར་བདག་བསྐྱེད་བཞིན་བྱའོ།
མཆོད་པ་ནི། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྣ་གྲྀཧྣ་ཧཱུྃ། གྲྀཧྣ་པ་ཡ། གྲྀཧྣ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །གདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿ དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གན་དྷེ། ནཻ་ཝིདྱ། ཨོཾ་བཛྲ་ཤཔྡ་ཨཱཿཧཱུྃ། ཞེས་པས་བྱིན་གྱིས་བརླབས། སྤྲོ་ན་ཚིག་བཅད་གང་ཡང་རུང་བ་བྱ་ཞིང་། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ལ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི། ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། དྷརྨཱ་ར་ཎི་རོལ་ཆེན་བྱ། ནང་མཆོད་ཀྱཻ་རྡོར་ལྟར་བྱིན་གྱིས་བརླབས་ལ་མཐེབ་སྲིན་གྱིས་གཏོར་ཞིང་། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་དྲིན་ཅན་རྩ་བའི་བླ་མ་འདི་ཞེས་བྱ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ།
རྡོ་རྗེ་འཆང་། ནི་གུ་མཁྱུང་པོ་རྣལ་འབྱོརརྨོག་ལྕོག་པ་རིན་ཆེན་བརྩོན་འགྲུསསྐྱེར་སྒང་པ་ཆོས་ཀྱི་སེང་གེགཉན་སྟོན་སྦས་པའི་རྣལ་འབྱོརའགྲོ་མགོན་སངས་རྒྱས་སྟོན་པམཁས་བཙུན་རྒྱལ་མཚན་འབུམ་པའཇག་ཆེན་བྱམས་པ་དཔལ་བཟང་འཇག་པ་བློ་གྲོས་དཔལ་བཟང་མཁྱེན་རབ་ཡོན་ཏན་དཔལ་འབྱུང་མཁས་གྲུབ་བསོད་ནམས་ཤེས་རབབྱ་བཏང་ཀུན་དགའ་རྒྱལ་མཚནལྷོ་པ་ཀུན་དགའ་བཟང་པོསྤྲུལ་སྐུ་ཀརྨ་བསྟན་འཕེལ། དྲིན་ཅན་རྩ་བའི་བླ་མ་པཎ་ཆེན་སྙིང་རྗེ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ།
གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་ནོས། ཆོས་ཀྱི་འབྲེལ་པ་ཐོབ་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི༴ རྒྱུད་སྡེ་ལྔའི་ལྷ་སོ་སོའི་སྔགས་ཀྱི་མཐར། རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ གཞན་ཡང་ཡི་དམ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོན་ཆེན་པོ་བླ་ན་མེད་པའི་རྒྱུད། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་ལྷ་ཚོགས་རྣམས་ཀྱི༴ རང་གི་ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་རྣམས་སུ་ཐིག་ལེ་བྱས་ལ། རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ༴ ཨོཾ་ཤྲཱི་མ་ཧཱ་ཀ་ལ། རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི༴ ཤཱི་དྷརྨཱ་པཱ་ལ་ཙ་ཏུརྨུ་ཁ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པའི་ཞལ་དུ༴ གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་བཞེས་པའི་དཔལ་མགོན་དམ་ཚིག་ཅན་རྣམས་ཀྱི༴ ཞིང་སྐྱོང་བཞི་བཅུ་རྩ་བརྒྱུད༴ ཕོ་ཉ་མངལ་ལས་སྐྱེས་པ། ཞིང་ལས་སྐྱེས་པ། ལས་ལས་སྐྱེས་པའི་གནས་གསུམ་གྱི་མཁའ་འགྲོ་རྣམས་ཀྱི༴ གནོད་སྦྱི་ན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཕོ་ཉ། འཕྲོག་མ༴ གྲུབ་པ་རྣམས་ཀྱི༴ བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས། གནས་ བདག །གཞི་བདག །གྲོང་བདག །ཡུལ་བདག་གཉུག་མར་གནས་པ་རྣམས་ཀྱི༴ འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེས་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཚིམ་ཞིང་ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་བར་རྒྱ་བར་གྱུར་ཅིག །རང་གི་ལྕེ་ཐོག་ཏུ་མྱོངས་ལ། སྙིང་ཁའི་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོ་དེ་ཚིམ་པར་བསམ་མོ།
བསྟོད་པ་ནི། ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་རང་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱཻ་ཡི་རྡོ་རྗེ་ལ་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོན་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་གྱི། །བདེ་བ་མཆོག་ལ་རྣམ་རོལ་པའི། །སྒྱུ་མ་ཆེན་པ་ལ་ཕྱག་འཚལ། །དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེའི་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་བསྟན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་བསྟོད། །ཅེས་པས་བསྟོད། །བསྡུ་ན་རིགས་ལྔའི་སྤྱི་བསྟོད་གང་ཡང་རུང་བས་བསྟོད་ཀྱང་ཆོག་གོ
།བུམ་བསྐྱེད་ནི། བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་གཉིས་ཡངས་ཤིང་རྒྱ་ཆེ་བ། ལྟེ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པར་སེང་གེས་བཏེགས་པའི་རིན་པོ་ཆེའི་སྣ་ཚོགས་པདྨ་ཟླ་བ་ཉི་མ་དང་བཅས་པའི་གདན་ལྔ། ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་གདན་དང་བཅས་པ། རྣམ་རྒྱལ་བུམ་པའི་དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞེས་སོགས་རྒྱུད་སྡེ་ལྔའི་ལྷ་བདག་བསྐྱེད་ཀྱི་སྐབས་བཞིན་བསྐྱེད། ལས་ཐམས་ཅད་པའི་བུམ་པར་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ། གཡོན་དྲིལ་བུ་དཀུར་བསྟན་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མེ་འབར་བའི་དབུས་ན་བཞུགས་པ། དེ་ཐམས་ཅད་ཀྱི་གནས་གསུམ་བྱིན་གྱིས་རླབས། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་རྒྱུད་སྡེ་ལྔའི་ལྷ་ཚོགས་བདུད་རྩི་འཁྱིལ་བ་དང་བཅས་པའི་རྣམ་པར་སྤྱན་དྲངས། མཆོད་ནས་བུམ་བསྐྱེད་ལ་བསྟིམ། དབང་ལྷ་སྤྱན་དྲངས། གསོལ་བཏབ། དབང་བསྐུར་ཆུ་ལྷག་མ་ཡར་ལུད་པ་ལས་རྒྱུད་སྡེ་ལྔའི་ལྷ་ལ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་དང་། བདུད་རྩི་འཁྱིལ་བ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ། གོང་ལྟར་མཆོད་ལ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། ཞེས་སོགས་དང་། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བསྟེན་ཏེ་སོང་བས་བུམ་ནང་གི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་བསམ་ལ་རྣམ་རྒྱལ་རྒྱུད་སྡེ་ལྔའི་སྔགས་དང་། ལས་བུམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པ་ཅི་རིགས་བཟླས་ལ། སླར་ཡང་མཆོད་བསྟོད་སྔར་བཞིན་བྱ་སྟེ། ཨོཾ་ཨཱཿཧཱུྃ། ཅེས་པས་དུང་ཆོས་ཀྱི་ཆུ་བུམ་པར་བླུག་སྟེ། བུམ་ནང་གི་ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྕག་ཆད་ཁ་བསྐང་། གཏོར་མ་རྣམས་ཀྱི་ཀྱཻ་རྡོར་ལྟར་བྱིན་གྱིས་རླབས་ལ། གཏོར་མ་དང་པོ་ལྷ་སོ་སོའི་སྔགས་སམ། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ལ་ས་པཱ་རི་ཝཱ་རཱ་ཨི་དམ་བ་ལཱིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་ལྔས་ཕུལ། མཆོད་བསྟོད་བསྡུས་པ་བྱས་ལ། རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ཀྱིས་ཕྲིན་བཅོལ་བྱ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས་བྲན་པར་བྱས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་དེ་ཝ་རེ་མ་ཏི་ཧཱུྃ་བྷྱོཿཧཱུྃ། ཨོཾ་ཀྵེ་ཏྲ་པཱ་ལ་བི་གྷྣཱན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་བ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཏཀྐི་རཱ་ཛ་ས་མ་ཡཱ་བྷྱོཿདུ་ཛ་ཧཱུྃ་ཕཊ། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ཅེས་པའི་མཐར། ཨི་དམ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་ནང་། ཚང་ཚིང་འཁྲིགས་པ་ཙནྡན་ཆེན་པོའི་ཚལ། བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞེངས། མ་ཧཱ་ཀ་ལ་ཕྱག་དྲུག་བརྗིད་པའི་སྐུ། སྐུ་ཡི་ཆ་ལུགས་མི་ཟད་འབར་བ་ལ། དུར་ཁྲོད་ཆས་ཀྱི་ཀྱིས་རབ་ཏུ་བརྒྱན་པ་པོ། གསུང་གི་ང་རོ་མི་བཟད་འབར་བ་ལ། ཧཱུྃ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་འགེངས། རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། སྤྲོས་དང་བྲལ་ཡང་མཚན་མར་ཅིར་ཡང་སྟོན། སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། ཅེས་པས་བསྟོད་ལ། ཡེ་ཤེས་མགོན་པོ་འཁོར་བཅས་རྣམས། །ཅེས་སོགས་ཀྱིས་ཕྲིན་ལས་གཞོལ། །མཁའ་འགྲོ་སྤྱི་གཏོར་ཀྱཻ་རྡོར་ལྟར་འབུལ་ཞིང་། གཞི་བདག་གཏོར་མ་ཟུར་དུ་ཡོད་པའམ་མེད་ན་མཁའ་འགྲོ་སྤྱི་གཏོར་དེ་ཉིད་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨ་ཀརྵ་ཡ་ྫཿཞེས་པས་སྤྱན་དྲངས། བྷུ་མི་པ་ཏི་ས་པཱ་རི་ཝཱ་རེའི་མཐར་ཨ་ཀ་རོ་བཏགས་པ་ལན་གསུམ་གྱིས་བསྔོས་ལ། གནས་གཞི་བདག་འཁོར་དང་བཅས་པ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ཅག་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བགེགས་གཏོར་ཡོད་ན་ཆུ་གཙང་གིས་བྲན་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱ༔སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་གྲྀཧྣ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་བསྔོས་ལ། ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་གདུག་པ་ཅན་གསང་སྤྱོད་བལྟ་བར་མི་དབང་བ་རྣམས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་བརྗོད་ཅིང་རྡོ་རྗེའི་གསོར་ཞིང་དྲིལ་བུ་དཀྲོལ། སུམྦྷ་ནིའི་སྔགས་བརྗོད་ཅིང་སེམས་ཀྱིས་བགེགས་རྣམས་རྒྱང་རིང་དུ་བྲོས་པར་བསམ། དེ་ནས་བདག་འཇུག་བླང་བ་ནི། ཇི་ལྟར་བལྟམས་པ་སོགས་ཀྱིས་བུམ་ཆུ་འཐུང་། འཇུག་པའི་ཡོན་གྱི་མཎྜལ་ནས་སྤྱད་དུ་གསོལ་གྱི་བར་སློབ་མ་ཇི་ལྟར་བསྐུར་བ་བཞིན་རང་གི་བདག་འཇུག་གི་ཚུལ་དུ་བླང་ངོ་།
བཞི་པ་སློབ་མ་རྗེས་བཟུང་ལ་འཇུག་པ་དངོས་གཞི་གཉིས་ལས།
དང་པོ་ནི་སློབ་མ་རྣམས་ཁྲུས་བྱས་ཕྱག་དང་འཇུག་པའི་ཡོན་ཕུལ་ནས་གྲལ་ལ་འཁོད་པ་ལ། སློབ་དཔོན་གྱིས། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་དམ་ཚིག་དང་སྡོམ་པའི་ཚོགས་ལ་བསྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པའི་བསམ་པ་ཁྱད་པར་ཅན་གདུང་པ་རེ་བསྐྱེད་མཛོད། དེ་ལ་འདིར་གསན་པར་བྱ་བའི་ཆོས་ནི། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་རམ། དགེ་བའི་བཤེས་གཉེན་ཤངས་པ་གདུ་བུ་པར་གྲགས་པ་དེ་ཉིད་ཀྱིས་རྒྱ་གར་དུ་ལན་གསུམ་བལ་པོར་ལན་བཞི་སྟེ་རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་བྱོན། ཡོངས་གྲགས་ཀྱི་བླ་མ་བརྒྱ་དང་ལྔ་བཅུ། གྲུབ་ཐོབ་ཀྱི་བླ་མ་བཅུ་གསུམ། རྩ་བའི་བླ་མ་བཞི། འགྲན་གྱི་དོ་མེད་ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམ་པ་གཉིས་དང་བཅས་པར་རིན་པོ་ཆེ་གསེར་གྱི་ཕྱེ་མ་དང་། སྙིང་སྟོབས་མོས་གུས་བརྩོན་འགྲུས་ལ་སོགས་པས་མཉེས་པར་བྱས་ཏེ་སྨིན་གྲོལ་གྱི་གདམས་པ་རྒྱ་མཚོ་ཙམ་ཁ་བ་ཅན་གྱི་གདུལ་བྱ་སྐལ་པ་མཆོག་ཏུ་གྱུར་པ་རྣམས་ཀྱི་དོན་དུ་སྤྱན་དྲངས་པ་ཡིན་ཏེ། ཉིད་ཀྱི་གསུངས་ལས། གཅེས་པའི་སྲོག་ལ་མ་བལྟས་པར། རྒྱ་གར་ཡུལ་དུ་ལན་བདུན་ཕྱིན། སངས་རྒྱས་དངོས་མཇལ་མཁའ་འགྲོ་ལ། རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། ཞེས་གསུངས་པའི་ཕྱིར། དེ་ཐམས་ཅད་བསྡུ་ན་སྒྲུབ་བརྒྱུད་དང་། བཤད་བརྒྱུད་གཉིས་ས་འདུས་པ་ལས། སློབ་མའི་གཙོ་བོ་གཡོར་པོ་རྒྱ་མོ་ཆེདངུལ་སྟོན་རིན་དབང་མདེའུ་སྟོན་པལ་སྟོད་པ་དཀོན་མཆོག་གསུམ་མཁར་ཏེ་སྔ་བུ་བཞི་ལ་བཤད་རྒྱུད་ཀྱི་བཀའ་འབབས། སྔ་བུ་ལྔ་པ་རྟོགས་ལྡན་ཞང་སྒོམ་ཆོས་སེང་དང་། །ཕྱི་བུ་གཅིག་པ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་གཉིས་ལ་སྒྲུབ་བརྒྱུད་ཀྱི་བཀའ་བབས་པ་ལས། འདིར་སྒྲུག་བརྒྱུད་ཀྱི་བཀའ་བབས་པ་རྨོག་ལྕོག་པ་ནས་བརྒྱུད་པ་ཡིན། དེ་ལ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ཀྱང་གཙོ་བོར་གྱུར་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་དྷི་གཉིས་ཀྱི་གདམས་པ་ཡིན་ཀྱང་། སུ་ཁ་སིདྷི་ནས་བརྒྱུད་པ་ནི་ཟབ་ཅིང་ཐུགས་ཅིས་སུ་ཆེ་ཡང་གདམས་པ་ཉུང་དུ་ཅིག་ལས་མི་བཞུགས། ཟབ་ལ་རྒྱ་ཆེ་བ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ནས་བརྒྱད་པ་འདི་ཡིན་ལ། འདི་ལ་ཡང་སྨིན་བྱེད་དབང་གི་སྐོར་དང་། གྲོལ་བྱེད་ལམ་གྱི་སྐོར། རྒྱབ་རྟེན་ལུང་གི་སྐོར། བཀའ་སྲུང་ཡེ་ཤེས་མགོན་པོའི་སྐོར་དད་བཞི་ལས། འདི་སྨིན་བྱེད་དབང་གི་སྐོར་ཡིན། དེ་ལ་ཡང་རྒྱུད་སྡེ་ལྔ་རིགས་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ། རྒྱུད་སྡེ་ལྔ་གཙོ་བོ་བསྡུས་པའི་དཀྱིལ་འཁོད་དུ་དབང་བསྐུར་བ། བདེ་མཆོག་ལྷ་ལྔའི་དབང་སྟེ་སྨིན་བྱེད་གསུམ་དབང་གདམས་ངག་དང་འབྲེལ་བ། གདམས་ངག་དབང་དང་འབྲེལ་བ། ཆོས་དྲུག་སོ་སོའི་བཀའ་སྟེ་གཞུང་ཤིང་དང་འབྲེལ་བའི་བཀའ་བརྒྱུད། ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་བཀའ་ལྔ་ལ་སོགས་པ་ཡན་ལག་གི་བཀའ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ནའང་། འདིར་རྒྱུད་སྡེ་ལྔ་གཙོ་བོར་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན། དེ་ལ་དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་པ། སློབ་དཔོན། སློབ་མ། གནས་དུས། དལ། ངེས་ཚིག །ཆོ་ག་ལ་སོགས་པ་སྤྱི་ལྟར་བཤད་ནས། འདིར་རྒྱུད་སྡེ་ལྔའི་དཀྱིལ་འཁོར་དབང་བསྐུར་བ་ལ་ལྷ་དང་སྐལ་བ་མཉམ་པའི་ཕྱིར་དུ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བསྐུར་བ་གཉིས་ལས།
དང་པོ་ནི། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་ཕུལ་བ་ཞུ། གྲུབ་པ་ན་དེ་ལྟར་མཎྜལ་ཕུལ་ནས་འཇུག་པ་ལ་བཅུ་གཉིས་ཡོད་པ་ལས།
དང་པོ་སྐྱབས་འགྲོ་ནི། དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་བློ་གཏད་འཆའ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། སློབ་དཔོན་དགོངས་སུ་གསོལ། རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཞི་བ་དོན་དམ་པ་མྱ་ངན་ལས་འདས་པའི་ཆོས་ལ༴ ཚོགས་རྣམས་ཀྱི་མཆོག །ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ།
གཉིས་པ་སེམས་བསྐྱེད་ལ་གཉིས་ལས།
དང་པོ་སྨོན་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟར་བདག་གིས་ཀྱང་བསྐྱེད་སྙམ་པ་བགྱིས་ལ་འདིའི་རྗེས་ཟློས་མཛོད།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་སྦྱིན་པའི་རང་བཞིན་ཅན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་ཅན་དང་། སྒོམ་པའི་རང་བཞིན་ཅན་གྱི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱང་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཇི་ལྟར་ཐུགས་བསྐྱེད་པ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་པ་ལན་གསུམ་རྗེས་ཟློས་བྱེད།
གཉིས་པ་འཇུག་པ་སེམས་བསྐྱེད་ནི། དགོངས་གསོལ་སྔར་ལྟར་ལས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཐར་གྱིས་བསླབ་པ་དང་། མཐར་གྱིས་སྦྱངས་པ་དང་། མཐར་གྱིས་ནན་ཏན་གྱི་བསམ་པ་བརྟན་པོ་བསྐྱེད་པར་བགྱིའོ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཐར་གྱིས་སོགས་ལན་གསུམ་གྱི་རྗེས་ཟློས་བྱེད།
གསུམ་པ་གསོལ་བ་གདབ་པ་ནི། སློབ་དཔོན་ལ་དགའ་ཆེན་ཞེས་བོས་ནས་གསང་སྔགས་ཀྱི་སྡོམ་པ་དང་། བྱང་སེམས་ཀྱི་སྡོམ་པ་སོ་ཐར་གྱི་སྡོམ་པ་རྣམས་བསྩལ་བའི་སྒོ་ནས་སངས་རྒྱས་ཀྱི་གྲོང་ཁྱེར་དུ་འཁྲིད་དུ་གསོལ་སྙམ་པ་བགྱིས་ལ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་ནས། གཞུག་ཏུ་གསོལ་གྱི་བར་ལན་གསུམ།
བཞི་པ་གནང་བ་སྦྱིན་པ་ནི། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུར་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་གཤེགས་པའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དེ་དག་གིས་ཀྱང་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་གཅོམ་སྟེ། །འཇིག་རྟེན་རྗེས་འཇུག་རྟོགས་ན་ནི། །འཁོར་ལོར་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་གསུངས། དེའི་དོན་ནི། ཁྱོད་རྣམས་ཆོ་གའི་སྒོ་ནས་བུར་བྱས་ཟིན་པ་དེ་ལ། སློབ་དཔོན་གྱིས་བུ་ཞེས་ཉེ་བའི་ཚིག་གིས་བོས་ནས། ཁྱེད་རྣམས་ཐེག་ཆེན་གྱི་ཆོས་ཀྱི་སྣོད་ཡིན་ལ། ཐེག་ཆེན་ལ་གཉིས་ལས་མཆོག་ཏུ་འགྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་དེ་ཁྱེད་ལ་བསྟན་པར་བྱ་སྟེ། གསང་སྔགས་རྡོ་རྗེ་ཐེག་པ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཞིང་། ཁྱད་པར་དུ་འོ་སྐོལ་གྱི་སྟོན་པ་འདིས་ཀྱང་ངེས་དོན་དུ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱང་། འཇིག་རྟེན་པ་རྣམས་དྲངས་བའི་ཕྱིར་དུ་འཛམ་བུའི་གླིང་དུ་འཚང་རྒྱ་བའི་ཚུལ་བསྟན་པ་ཡིན་པས་གསང་སྔགས་ཀྱི་ལམ་དང་མཇལ་བ་ཤིན་ཏུ་སྐལ་པ་བཟང་བ་ཡིན་པས། གསང་སྔགས་ཀྱི་ཐེག་པ་ལས་བློ་གཞན་དུ་མ་འགྱུར་བར་གྱིས་ཤིག་ཅེས་པའི་དོན་ཡིན་ཞེས་བརྗོད།
ལྔ་པ་རྟོག་པ་བསྡུ་བ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །རྗེད་ངས་བློ་ལ་རྡོ་རྗེ་སེམས་ལ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། ཅེས་གསུངས་ཏེ། དེའི་དོན་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་ཡིད་རྩེ་གཅིག་ཏུ་གཏོད་ལ་ལེགས་པར་ཉོན་ཅིག་ཅེས་པའི་དོན་ཡིན།
དྲུག་པ་རྒྱུན་བཤགས་སྔོན་དུ་འགྲོ་བས་སེམས་བསྐྱེད་པ་ནི། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྒྱུད་སྡེ་ལྔའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞུགས་པར་མོས་ལ། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་ནས། ཤོག་ཅེས་པའི་བར་ལན་གསུམ།
བདུན་པ་རིགས་ལྔའི་སྡོམ་པ་བཟུང་བ་ནི། རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་ཚུལ་བཞིན་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། སྲས་བཅས་ནས་འགོད་ཅེས་པའི་བར་ལན་གསུམ།
བརྒྱད་པ་གསང་སྔགས་ཀྱི་ཆེ་བ་བརྗོད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་པ་ནས། དེ་བཞིན་གཤེགས་པ་ཉིད་དུ་འགྱུར། ཞེས་པའི་བར་བརྗོད་དོ། དེའི་དོན་ནི་འཇིག་རྟེན་ན་གང་དཀོན་ན་ཨུ་དུམ་ཝ་རའི་མེ་ཏོག་དཀོན། དེ་བཞིན་དུ་སངས་རྒྱས་འབྱུང་བ་དཀོན། །སངས་རྒྱས་འབྱུང་བ་བས་ཀྱང་ཆོས་གསུང་བ་དཀོན། ཆོས་ཀྱི་ནང་ནས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་གསུང་བ་དཀོན། འོ་ན་དཀོན་པས་ཅི་ཞིག་བྱ། ནམ་མཁའི་པདྨོ་དང་རི་བོང་གི་རྭ་ཡང་དཀོན་ནོ་སྙམ་ན། དེ་དག་ནི་དཀོན་ལ་ཕན་ཡོན་མེད་པ་ཡིན་ལ། རྡོ་རྗེ་ཐེག་པ་ནི་དཀོན་ལ་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ཏེ། དཀྱིལ་འཁོར་ཆེན་པོའི་ཚོན་ཅི་ཙམ་མཐོང་བའི་མདོ་ལ་བསྐལ་པ་མང་པོར་བསགས་པའི་སྡིག་སྒྲིབ་དག་པར་གསུངས་ན་དབང་བླངས་ཏེ། དམ་ཚིག་དང་སྡོམ་པ་སྲུང་སྡོམས་བགྱིས་པ་དང་། ཉམས་སུ་ལེན་པ་ལ་བརྩོན་པར་བྱེད་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་ཁྱོད་ཀྱིས་གསང་སྔགས་ཀྱི་ལཾ་ལ་བརྟེན་ཏེ་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་བས་དགའ་སྤྲོ་རྒྱ་ཆེན་པོ་གྱིས་ཤིག་ཅེས་པའི་དོན་ཡིན་ཞེས་བརྗོད། སྔོན་ཆད་རྒྱུད་སྡེ་ལྔའི་དཀྱིལ་འཁོར་དུ་མ་ཞུགས་པ་འམ། ཞུགས་ཀྱང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རས་གདོང་བཅིངས་པའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུྃ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བ་ན་ལག་སྟོང་དུ་མཇལ་དུ་མི་བཏུབ་པས། ཕྱག་རྟེན་ཨུ་དུམ་ཝ་ར་ལ་སོགས་པའི་མེ་ཏོག་གི་ཕྲེང་བ་རེ་ཡང་གཏད་པའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུྃ།
དགུ་པ་བདེ་སྟོང་དུ་སེམས་བསྐྱེད་པ་ནི། ཁྱེད་རང་གི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིད་འཁོར་ཉ་གང་བ་རེ་གསལ་བཏབ་དེའི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་ཞིག་གསལ་བཏབ་སྟེ། དེ་ལྟ་བུའི་བདེན་པ་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི། དེ་བརྟན་པར་བྱ་བའི་ཆེད་དུ། སློབ་དཔོན་གྱི་རྡོ་རྗེ་ཁྱེད་རང་གི་སྙིང་གར་བཞག་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་བརྗོད། དེ་ལྟར་སེམས་བསྐྱེད་པ་དེ་དང་འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་སྤྱོད་རྣམས་སྣོད་དང་མི་ལྡན་པའི་མདུན་དུ་སྨྲ་བར་མི་བཏུབ་ཞེས་གསང་བར་གདམས་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་གདམས་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། ཧཱུྃ་ཛཿཧཱུྃཿ ཞེས་བརྗོད།
བཅུ་པ་ནང་དུ་གཞུག་ཅིང་ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམས་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། དཀྱིལ་འཁོར་གྱི་ཤར་སྒོར་ཁྲིད་པར་མོས་ལ། དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་འདུད་པ་དང་བཅས་འདིའི་རྗེས་ཟློས་མཛོད། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས། དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འཁོད་པའི་མོས་པ་མཛོད། སྔོན་འགྲོའི་དམ་ལ་བཞག་པ་ལ་བཞི་ལས།
དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། ཡེ་ཤེས་གང་གིས་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའི། ཁྱེན་གྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། སྙིང་གར་རྡོ་རྗེ་བཞག་སྟེ། ཧེ་རུ་ཀ་དཔལ་དེང་ཁྱེད་ཀྱི། སྙིང་ལ་ཡང་དག་ཞུགས་པར་འགྱུར། གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཡང་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ཡང་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ཡིན་ཏེ། འདི་ནས་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་གོ་བོ་འགེམས་པར་འགྱུར་རོ། ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། བུམ་ཆུ་དང་ནང་མཆོད་བསྲེས་ལ་ཁྱོར་བ་གཡས་པར་སྦྱིན་ལ་འཐུང་དུ་བཅུག་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། དམ་ཚིག་འདས་ན་བསྲེག་པར་བྱེད། དམ་ཚིག་སྲུང་ན་དངོས་གྲུབ་ནི། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ། བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཕྱིན་ཆད་ཁྱོད་ཀྱི་དཔལ་ཧེ་རུ་ཀ་དཔལ་ང་ཡིན་གྱིས་ངེས་འདི་བྱོས་ཤིག་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། དེ་ལ་བརྙས་པར་མ་བྱེད་ཞིག །བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ཏེ་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏ་རེ། ཞེས་དམ་ལ་བཞག་ནས། དངོས་གཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བ་ཞུ། གྲུབ་པ་ན། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། དེ་བཞིན་གཤེགས་པ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། གྲུབ་པ་ན། ཁྱེད་རང་རྣམས་ལུས་ཀྱི་སྤྱོད་ལམ་ཕན་ཚུན་མ་རེག་པར་སྤྱི་བོར་ཐལ་མོ་སྦྱར་ལ་ཙོག་པུར་གདུག་སྟེ། ཁྱེད་རང་ཧེ་རུ་ཀར་གསལ་བའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོན་གཞུའི་དབྱིབས་ཅན་ཆང་ཟུང་ཐུར་ལ་བསྟན་ཅིད་མཆོག་མ་གཉིས་གྱེན་ལ་བསྟན་པའི་སྟེང་དུ་རྐང་པ་གཉིས་གཤིབས་ནས་གནས་པའི་རྐང་མཐིལ་གཉིས་སུ་ཛྷཻཾ་ཛྷཻཾ་མེའི་རང་བཞིན་རླུང་གིས་བསྐྱོད་པས་མེ་འབར་བ་རྩ་ནང་ན་ཡར་སོང་། སུམ་མདོའི་མེ་དང་འདྲེས་ཏེ་དྲག་ཏུ་འབར་བས་ལྟེ་བའི་མེའི་དཀྱིལ་འཁོར་དང་འཁྲུག་ཆིལ་ཏེ་འདྲེས། དེས་སྙིང་གའི་སའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་བསྲེགས། དེས་མགྲིན་པའི་ཝཾ་ལས་ཆུ་ཡི་དཀྱིལ་འཁོར་ཝཾ་གྱིས་མཚན་པ་བསྐོལ། སྤྱི་བའི་ཡྃ་ལས་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུས་ཐུར་དུ་མནན། རྐང་འོག་གི་རླུང་གྱེན་ལ་བཏེགས་ཏེ་བར་སྣང་དུ་ཡང་ཡང་ཡོད་པར་བསམ། དེའི་ཚེ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་རྣམ་པ་ཅན་གྱི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་གི་སྤྱི་གཙུག་དང་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་མཚོ་ཆེན་པོ་ལ་ཁ་བ་བབས་པ་བཞིན་སིབ་སིབ་ཐིམ་པའི་མོས་པ་མཛོད། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨ། ཞེས་ལན་མང་དུ་བརྗོད་ཅིང་རོལ་ཆེན་བྱ། དེ་ལྟར་ཡེ་ཤེས་དབབ་པས་སྐུ་བབས་ན་གར། གསུང་བབས་ན་སཾ་སྐྲྀ་ཏའི་སྐད་སྨྲ། ཐུགས་བབས་ན་དུས་གསུམཤེས་པ་འབྱུང་། དེ་ཙམ་མ་འབྱུང་ཡང་སྔར་དང་མི་འདྲ་བའི་མྱོང་བ་རེ་ཕལ་ཆེར་ལ་འོང་བས་དེ་ངོ་ཤེས་པར་གྱིས་ལ་ལམ་དུ་བསྲེལ་ཞིག་དེ་བརྟན་པའི་ཕྱིར་དུ་སློབ་དཔོན་གྱིས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་སྟེ། བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྠ་བཛྲ་ཞེས་བརྗོད།
བཅུ་གཅིག་པ་མེ་ཏོག་དོར་ཞིང་མགོ་ལ་བཅིང་བ་ནི། འདི་ན་རྒྱུད་སྡེ་ལྔའི་ལྷ་ཚོགས་བཞུགས་པ་ཡིན་ཏེ། གདུལ་བྱ་འདུལ་བའི་ཕྱིར་དུ་གཙོ་འཁོར་རྣམ་པ་ཐ་དད་དུ་བསྟན་པ་ཙམ་མ་གཏོགས་རང་གི་ངོ་བོ་ལ་བཟང་ངན་ཅི་ཡང་མེད་པས་ལས་བསགས་པའི་ལྷ་གཅིག་ལ་འབབ་པར་ཤོག་ཅིག་སྙམ་པས། ཨོཾ་པྲ་ཏིཥཙ་བཛྲ་ཧོཿ ཞེས་པས་མེ་ཏོག་དབུལ། ཁྱེད་རང་གི་མེ་ཏོག་ཕོག་པའི་ལྷ་དེ་ཉིད་ཀྱིས་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། མེ་ཏོག་སྤྱི་བོར་བཞག་ལ། ཨོཾ་པྲ་ཏེ་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཨོཾ། ཞེས་བརྗོད།
བཅུ་གཉིས་པ་གདོང་གཡོག་ཕྱེ་སྟེ་དཀྱིལ་འཁོར་བསྟན་པ་ནི། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་ནཻ་ཏྲ་ཨ་པ་ཧ་ར་ས་ཏྲ་ལཾ་ཧྲཱིཿཏྲྃ། ཞེས་པས་མིག་དར་བསལ་ལ། མ་རིག་པའི་ལིང་རྟོག་དང་མིག་རས་དུས་མཉམ་དུ་བསལ་བའི་མོས་པ་མཛོད། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་ནི། འདི་ན་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་ཏེ། དེ་ཡང་ཕྱི་རོལ་བསྲུངས་བའི་འཁོར་ལོར་དུར་ཁྲོད་བརྒྱད་དང་བཅས་པས་ཡོངས་སུ་བསྐོར་བའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཟླ་བ་ཉི་མ་རྣམས་པརྩེགས་པའི་གདན་ལྔ་ཚོམ་གྱི་དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་ཡབ་ཡུམ། ཤར་དུ་དགྱེས་པ་རྡོ་རྗེ་ཡབ་ཡུམ། ལྷོར་གསང་བ་འདུས་པ་ཡབ་ཡུམ། ནུབ་ཏུ་མ་ཧཱ་མ་ཡ་ཡབ་བུམ། བྱང་དུ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ། ཕོ་བྲང་གཉིས་པར་བུམ་པ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་རྒྱུད་སྡེ་ལྔའི་ལྷ་སྔར་བཞིན། ཕོ་བྲང་བཞི་པར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་གཙོ་འཁོར་རྣམས་མངོན་སུམ་ལྟ་བུར་མཐོང་ངོ་སྙམ་པའི་དགའ་སྤྲོ་དང་ལྡན་པའི་སྒོ་ནས་ཁྱེད་རང་མེ་ཏོག་གང་ལ་ཕོག་པའི་བསྒོམ་བཟླས་ལ་བརྩོན་པར་གྱིས་ཤིག །དེ་ཡང་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་རྒྱུ་རིན་པོ་ཆེ་ལས་གྲུབ་པ། ཕྱི་མཆོད་རྟེན་གྱི་རྣམ་པ། ནང་གཞལ་ཡས་ཁང་གི་རྣམ་པ། རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་རྣམ་པ་འདི་ལྟ་བུ་ཡོད་ལ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་ཡིན་ཏེ།
དཔལ་དུས་འབྱུང་གི་རྒྱུད་ལས། དེ་ནས་ཡང་དག་བཤད་བྱ་བ། །སྐུ་ནི་ཀྱཻ་རྡོ་རྗེ་ལ། །གསུང་ནི་སྒྱུ་འཕྲུལ་རྡོ་རྗེ་མ། །ཐུགས་ནི་འཁོར་ལོར་སྡོམ་པ་ཆེ། །ཕྲིན་ལས་རྡོ་རྗེ་འཇིགས་བྱེད་ལ། །བདག་ཉིད་གསང་བ་འདུས་པར་བརྗོད། །མ་འོངས་སེམས་ཅན་དོན་དུ་ནི། །ཐབས་འདི་དག་ནི་བསྟན་པ་ཡིན། །ཐབས་ཀྱི་རིམ་པ་འདི་དག་ནི། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །དཀྱིལ་འཁོར་གཅིག་ཏུ་བསྡུས་དབང་བསྐུར། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས། །རྒྱུད་སྡེ་རྣམ་པ་སྔར་གང་བསྟན། །ཀླ་ཀློའི་སྐད་ཀྱིས་འདི་སྦས་པའི། །ཐུབ་པའི་ཞལ་ཐེམ་གསང་བ་འདི། །སྙིང་པོ་ཀུན་གྱི་དོན་གྱི་རྒྱུད། །དཀའ་ཐུབ་སྤྱོད་བྱེད་ཐུན་མོང་མིན། ཞེས་དང་། བླ་མ་རྡོ་རྗེ་གདན་པས་མཛད་པའི་བསྟན་བཅོས་ལས། རྡོ་རྗེ་འཆང་ཆེན་ལྷའི་གཙོ། །སྐུ་ནི་དགྱེས་པ་རྡོ་རྗེ་ལ། །གསུང་ནི་སྒྱུ་འཕྲུལ་ཆེན་པོ་ལ། །ཐུགས་ནི་རྡོ་རྗེ་གསང་བ་འདུས། །ཡོན་ཏན་བདེ་ཆེན་འཁོར་ལོ་སྡོམ། །ཕྲིན་ལས་རྡོ་རྗེ་འཇིགས་བྱེད་དེ། །ཕྱོགས་ནི་དཀྱིལ་འཁོར་ངེས་པ་ཅན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་དཀྱིལ་འཁོར་བསྒོམ་པས་སངས་རྒྱས་ཐམས་ཅད་སྒོམ་པར་འགྱུར་ཏེ།
རིན་ཆེན་རྒྱ་མཚོའི་རྒྱུད་ལས། རྒྱལ་བ་གཅིག་སྒོམ་སངས་རྒྱས་ཀུན་གྱི་དངོས། །སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་ནོ། ཞེས་གསུང་པའི་ཕྱིར།
གཉིས་པ་དབང་དངོས་ལ། བུམ་པའི་དབང་དང་། ཏིང་ངེ་འཛིན་གྱི་དབང་གཉིས་ལས།
དང་པོ་བུམ་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བ་ཞུ། གྲུབ་པ་ན། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བསམ་གྱི་མི་ཁྱབ་དམ་ཆོས་སྣོད། དབང་བསྐུར་དམ་པ་མཛད་དུ་གསོལ། ཞེས་གསོལ་བ་གདབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད་བྱས་ལ། བུམ་པ་སྤྱི་བོར་བཞག་ཅིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ་པའི་མོས་པ་མཛོད།
གསང་བའི་དབང་ནི། བླ་མ་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེ་ས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ལྷ་མའི་པདྨར་བབས་པའི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་དེ། སློབ་དཔོན་གྱི་མཐེབ་སྲིན་གྱིས་བླངས་ཏེ་རང་གི་ལྕེ་ཐོག་ཏུ་བཞག་ནས་དབང་བསྐུར་བའི་མོས་པ་མཛོད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསང་གསུམ་གནས་ནས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱེ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་ཅིང་ཐོད་པའི་བདུད་རྩི་སྦྱིན། །དེས་ངག་གི་དྲི་མ་དག་ཅིང་གསང་དབང་ཐོབ་པའི་མོས་པ་མཛོད། ཤེས་རབ་ཡེ་ཤེས་ཀྱི། གསང་དབང་གི་རྫས་འཐུང་བའི་བདུད་རྩི་དེས་སྙིང་ག་ཡན་ཆད་གང་། བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེཉྩ་མཾ། དེས་ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་མཛོད།
དབད་བཞི་པ་ནི། དབང་གསུམ་པ་གསན་སྐབས་སུ་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དེའི་ངོ་བོ་ལ་བལྟས་པས་སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་ལྟ་བུ་དེའི་ངང་ལ་འཛིན་མེད་དུ་ལྷོད་ཀྱིས་གློད་ནས་ཅུང་ཟད་མཉམ་པར་འཇོག་པར་ཁུ། སློབ་དཔོན་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ཏུར་ཨ་བྷི་ཥཉྩ་མཾ། ཞེས་བརྗོད། དབང་ཕྱི་མ་གཉིས་ལ་སྐུ་ཤས་བུམ་ཆུ་འཐོར་ཙམ་རེ་བྱེད། དེ་ལྟར་ན་བུམ་པའི་ཆུས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །དབང་བཞི་པ་ཐོབ། འཛིན་རྟོག་ཐམས་ཅད་དང་བྲལ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་དེས་དབུ་བརྒྱན་པའི་མོས་པ་མཛོད། སྒྱུ་ལུས་དབང་མོ་ཆེ་རྐྱང་པ་མཛད་ན། དེ་ནས་གཙོ་བོས་ཇི་ལྟར་སོགས་རྗེས་ཀྱི་བྱ་བ་ལ་འཇུག་གོ །ཡང་ཕྱག་ལེན་ལ། གདམས་པ་ངག་དབང་དང་འབྲེལ་བ་དང་། དབང་གདམས་ངག་དང་འབྲེལ་བ་གཉིས་ཀྱང་དཀྱུས་གཅིག་ལ་མཛད་པས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་མངོན་སུམ་བཞིན་དུ་བཞུགས་པར་མོས་པ་མཛད་ནས། དེ་དག་ལ་མཎྜལ་ཚོམ་བུ་བདུན་མ་ལན་གསུམ་འབུལ་བར་ཞུ། གྲུབ་པ་ན། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་བརྗོད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབུད་བསྐུར་དུ་གསོལ། ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བདག་ལ་ཡང་དག་པ་སྒྱུ་ལུས་ཀྱི་དབང་ཞུ་བ་དང་ལམ་ཉམས་སུ་ལེན་པ་ལ་བར་ཆད་མི་འབྱུང་བར་མཛད་དུ་གསོལ། དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ་ཞིག་གསལ་བཏབ། དེ་ལས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་ཡོན་ཏན་བསྡུས་ནས་ཁྱེད་རང་གི་སྤྱི་བོའི་ཨོཾ་ལ་ཐིམ། དེ་འོད་དུ་ཞུ་ནས་ཁྱོད་རང་གི་ཚངས་བུག་ཏུ་ཞུགས་ཏེ་ལྟེ་བར་སླེབས་པ་ན་ཐིག་ལེ་དཀར་པོ་ཞིག་ཏུ་གྱུར་པས་གཏི་མུག་དག །ཐིག་ལེ་དེ་ཆོས་དབྱིངས་ཡེ་ཤེས་སུ་གྱུར་པའི་མོས་པ་མཛོད། དེ་བཞིན་དུ་ཁྱེད་རང་གི་སྤྱི་བོར་ཨཱཿདམར་པོ། ཧཱུྃ་སྔོན་པོ། ཏྲཾ་སེར་པོ། ཨ་ལྗང་གུ་རྣམས་རིམ་བཞིན་དུ་གསལ་བཏབ། རང་རང་གི་ཁ་དོག་དང་མཐུན་པའི་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཀྱི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་ཡོན་ཏན་བསྡུས། འོད་དུ་ཞུ་བ་ཚངས་བུག་ནས་ཞུགས། ལྟེ་བར་སླེབ་པ་ན་ཡིག་འབྲུ་རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེར་གྱུར་པས་འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། སེར་སྣ་དང་། ཕྲག་དོག་གི་དྲི་མ་དག །ཐིག་ལེ་དེ་དང་དེར་སོ་སོར་རྟོག་པ། མེ་ལོང་ལྟ་བུ་མཉམ་པ་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྱུར་པའི་མོས་པ་མཛོད། ལྔ་པོ་རེ་རེལ་ཌཱ་དྲིལ་དང་། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད། དེ་ལྟར་ན་ཁྱེད་རང་ཡེ་ཤེས་ཀྱི་རང་སྣང་གི་བདེ་མཆོག་ཡབ་ཡུམ་དུ་ལམ་གྱིས་གྱུར་པའི་མོས་པ་མཛོད། དེ་གདམས་ངག་དབང་དང་འབྲེལ་བ་ཡིན།
གཉིས་པ་དབང་གདམས་ངག་དང་འབྲེལ་བ་ནི། མཎྜལ་གསུམ་པའི་སྟེང་གི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཟླ་ལ་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་སྙིང་པོའི་རྣལ་འབྱོར་མ་བྲྲྲཞིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། ནང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ཡོན་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་བྱུང་། རང་གི་སྨིན་མཚམས་སུ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །རང་ལྷའི་སྐུ་སྔར་བས་ཀྱང་གསལ་བར་གྱུར་པའི་མོས་པ་མཛོད། ཡང་ཚིག་ཐོག་མ་འདྲ་བ་ལ། གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐིག་ལེ་དཀར་དམར་བྱུང་། རང་གི་ལྕེ་ལ་ཐིམ་པས་ངག་གི་དྲི་མ་དག །རང་ལྷ་སྐུ་སོགས་བརྗོད། ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་བྱུང་། རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་དྲི་མ་དག །རང་ལྷ་སྐུ་སོགས་བརྗོད། དེ་ནས་ལུས་ཁོང་གློད་སེམས་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་བརྗོད། དེ་ནི་དབང་བཞི་པ་ཡིན། ཡང་དབང་གདམས་ངག་རང་འབྲེལ་བ་ལ་གསུམ་ལས།
དང་པོ་སྟོང་པས་གཞི་བྱས་ནས་རིག་པ་སྣ་ཚོགས་སུ་འཆར་བ་ནི། རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་སྣེ་སྤྱི་གཙུག་མས་སྣེ་གསང་གནས་སུ་ཟུག་པ་ཞིག་གསལ་བཏབ། སྙིང་གའི་ཐད་དུ་དབུ་མའི་ནང་དུ་ཨ་དཀར་པོ་ཞིག་བསམ་ལ། ངག་ཏུ་ཨ་མང་དུ་བརྗོད་པས་དབུ་མ་ཇེ་གསལ་དུ་སོང་སྟེ། མཐར་སྟོང་ཉིད་འོད་གསལ་གྱི་ངང་དུ་འཛིན་མེད་དུ་ཅུང་ཟད་འཇོག་པར་ཞུ།
གཉིས་པ་རྩ་ལམ་སྦྱངས་ཏེ་རིག་པ་སྣ་ཚོགས་སུ་འཆར་བ་ནི། ཁྱེད་རང་གི་སྤྱི་བོར་ཧཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཨ་དམར་ལྗང་རྣམས་གསལ་བཏབ། སྤྱི་བོའི་ཧཾ་ལས་འོད་ཟེར་དཀར་པོ་གསལ་སིང་ངེ་བ་འཕྲོས། སྤྱི་བོའི་རྩ་འཁོར་གང་བས་སྤྱི་བོའི་རྩ་མདུད་ཐམས་ཅད་སྦྲུལ་མདུད་ལྟར་རང་གྲོལ་དུ་གྱུར། མགྲིན་པའི་ཨཱཿགསོས་དེ་ལས་འོད་ཟེར་དམར་པོ་གསལ་སིང་ངེ་བ་སོགས་སྔར་གྱི་རིགས་འགྲེས་སྦྱར། དེ་བཞིན་དུ་ཐུགས་ཀའི་ཧཱུྃ་དང་། ལྟེ་བའི་ཨ་གསོས་པ་སོགས་སྔར་བཞིན་བྱས་ཏེ། དེས་ལུས་ཀྱི་རྩ་མདུད་ཐམས་ཅད་གྲོལ། བདེ་སིང་བ་ལ་ཡིད་གཏད་དེ། རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བཏབ།
གསུམ་པ་ལུས་དག་པ་ལྷ་སྐུར་སྒོམ་པ་ནི། རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་དབུ་མའི་ཡས་སྣ་རྩེར་ཧཾ་དཀར་པོ་མགོ་འཐུན་བསྟན་གྱི་རྩེར་ཐིག་ལེ་དཀར་པོ་སྲན་མ་ཙམ་བསམ། གསང་གནས་སུ་ཧཱུྃ་སྔོན་པོ་མགོ་གྱེན་ལ་བསྟན་པའི་རྩེར་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་གསལ་བཏབ། ཧཱུྃ་གྱེན་དུ་བྱོན། དབུ་མ་རྒྱུ་མ་ལྡོག་པ་ལྟར་ཐིམ་ནས་སྙིང་གར་སླེབས། ཧཱུྃ་ཐིག་ལེ་ལ་ཐིམ། ཧཾ་མར་བྱོན། དབུ་མ་རྒྱུ་མ་་་་་་པ་ལྟར་ཐིམ་ནས། སྙིང་གར་སླེབས། ཧཾ་ཐིག་ལེ་ལ་ཐིམ། ཐིག་ལེ་དཀར་པོའི་རྗེས་སུ་དམན་པོས་དེད། དེ་སྙིང་གར་རང་ཐག་བཞིན་འཁོར་བ་ལ་སེམས་གཏད་པས་བུམ་དབང་། གཅིག་ལ་གཅིག་རེག་པས་བདེ་སིང་སིང་བ་ལ་སེམས་གཏད་པ་ལ་གསང་དབང་། ཕན་ཚུན་འདྲེས་པའི་བདེ་སིང་སིང་བ་ལ་སེམས་གཏད་པས་དབང་གསུམ་པ། གཅིག་ལ་གཅིག་ཐིམ་ནས་མཐར་འོད་དུ་ཡལ་ཏེ་སྟོང་ཉིད་ཀྱི་ངང་དུ་འཛིན་མེད་དུ་བཞག་པ་དབང་བཞི་པ་ཡིན། དེ་ལྟར་དབང་བཞི་ཐོབ་པས་བདག་རྒྱུད་དམ་ཚིག་དང་ལྡན་པ་ལ་དགྱེས་པའི་ཚུལ་དུ་མཎྜལ་བསིལ་བ་ཚལ་དུ་གསལ་བ་ནས་མགོན་པོ་འཁོརབཅས་མདུན་གྱི་ནམ་མཁའ་ལ་འུར་ཆེམ་གྱིས་བྱོན། ཁྱེད་རྣམས་ཀྱི་བར་ཆད་དས་སེལ། ཕྲིན་ལས་ངས་བསྒྲུབ་ཅེས་གསུང་ལྷང་ལྷང་བཞུགས་པའི་ཐུགས་ཀ་ནས་ཧཱུྃ་འབར་བ་རེ་ནར་གྱིས་ཆད་དེ་ཁྱེད་རང་གི་སྤྱི་བོ་ནས་ཞུགས། སྙིང་གར་ལམ་གྱིས་བཞུགས་པས་བར་ཆད་ཐམས་ཅད་བསྲུང་བ་ཡིན་སྙམ་པའི་མོས་པ་མཛོད་བྱས་ལ། ཕྱག་དྲུག་པའི་གཏོར་མ་སོ་སོའི་མགོར་བཞག་ཅིང་། ཨོཾ་བཛྲ་མ་ཧཱ་ཀ་ལ་སོགས་ཀྱི་མཐར་ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད། དེ་ནས་གཙོ་བོས་སོགས་དང་། མཎྜལ་དེང་ནས་སོགས་སྤྱི་ལྟར་བྱའོ།
གསུམ་པ་ནི་མཆོད་པ་ཞལ་གསོས་ལ་བྱིན་བརླབས་བྱས་ནས། མཆོད་བསྟོད་མདོར་བསྡུས། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་གཞན་ཡོད་ན་དང་། དཀྱིལ་འཁོར་རས་བྲིས་ཡིན་ན་བརྟན་བཞུགས་བྱ། ཨོཾ་ཁྱེད་ཀྱིས་སོགས་ཀྱིས་རྟེན་ལ་མ་བརྟེན་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་དང་། བུམ་ནང་གི་ཡེ་ཤེས་པ་དང་། དཀྱིལ་འཁོར་རྔུལ་ཚོན་ཡིན་ན་རྔུལ་མཚོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུས་ཏེ་གནས་གསུམ་བསྲུང་། བསྔོ་བ་དང་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱའོ།
འདིར་སྨྲས་པ། སྔར་བྱོན་དམ་པའི་གསུང་རབ་གསེར་གྱིས་བརྒྱན། །ལྷན་ཐབས་རིན་ཆེན་བྱེ་བའི་ཕྲ་བཀོད་དེ། །སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་ནས། །བློ་གསལ་མགྲིན་པའི་རྒྱན་དུ་དེ་རིང་སྦྱིན། །འཆད་པའི་ཚེ་ན་ཅུང་ཟད་ནོར་ཡང་སླ། །ཆོ་ག་ཉམས་ན་གྲུབ་པ་མེད་དོ་ཞེས། །འཇམ་པའི་དབྱངས་ཀྱི་གསུང་དེ་སྙིང་ལ་བཅངས། འཁྲུལ་མེད་གོ་བདེའི་བདག་གིས་འདི་བྲིས་སོ། །འདི་ན་ཁ་གཅིག་ཉེས་བཤད་འགལ་འདུམ་འཕྲེང་། རང་བཟོའི་རྡོ་ཐལ་བྱུགས་པའི་སྙོག་མ་ཅན། །མ་འབྲེལ་འགལ་འཁྲུལ་ཉམས་པའི་ཆོ་ག་ཡིས། །བླུན་པོའི་མགོ་བོ་བསྐོར་དང་འདི་མི་འདྲ། །གངས་ཅན་གྲུབ་པའི་གཙུག་རྒྱན་གདུ་བུ་པས། །རིན་ཆེན་གསེར་གྱི་ཕྱེ་མ་བྲེས་གཞལ་ནས། །སྙན་བརྒྱུད་འཆི་མེད་བདུད་རྩིའི་བཅུད་ཉོས་པས། །བྱང་ཕྱོགས་གྲུབ་པའི་གླིང་དུ་བྱས་འདི་མཚར། །འདིར་འབད་དགེ་བ་སྟོན་ཀའི་ཟླ་བ་འབུམ། །རྩེགས་པའི་འོད་ལྟར་དཀར་བ་གང་ཐོབ་དེས། །འཇིག་རྟེན་གསུམ་གྱི་སྒྲིབ་གཉིས་མུན་བཅོམ་ནས། །རྣམ་གྲོལ་སྣང་བ་སྲིད་ན་འབྱམས་གྱུར་ཅིག །ཅེས་པ་འདི་ནི་འགྲོ་བ་དུ་མའི་སྐྱབས་མགོན་དམ་པར་གྱུར་ཅིང་། །གསུང་རབས་འབུམ་སྡེའི་མགྲིན་པ་ཅན། །བླ་ཆེན་རིན་ཆེན་དོན་གྲུབ་དཔལ་བཟང་དང་། །སློབ་དཔོན་རིན་ཆེན་བསོད་ནམས་བློ་གྲོས་སོགས་དོན་དུ་གཉེར་བ་དུ་མས་བསྐུལ་བའི་ངོར། །ཤཱཀྱའི་དགེ་སློང་སྡེ་སྣོད་གསུམ་པ་ཆོས་རྣམ་རྒྱལ་གྱིས་ཐུབ་བསྟན་རྣམ་པར་རྒྱལ་བའི་ཆོས་གྲྭ་ཡངས་པོར་སྦྱར་བའི་ཡི་གེ་པ་ནི་བྱམས་པ་ཆོས་གྲགས་ཀྱིས་ཤེས་གནས་ཀྱིས་གུས་པས་བགྱིས་སོ།། །།