Skyabs rje ka lu rin po che karma rang byung kun khyab dpal bzang po mchog gi rnam thar

From Shangpa Resource Center








Resource ID KRK10
Title skyabs rje ka lu rin po che karma rang byung kun khyab dpal bzang po mchog gi rnam thar
Topics Biography
Author Lodrö Dönyö
Associated Person Kalu Dorjé Chang
Link BDRC W00EGS1016994

༄༅། །སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་ཀརྨ་རང་བྱུང་ཀུན་ཁྱབ་དཔལ་བཟང་པོ་མཆོག་གི་རྣམ་ཐར།

རྣམ་དག་ཚུལ་ཁྲིམས་ས་གཞི་གཙང་མ་རུ། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ཡལ་འདབ་རྒྱས། །བསྐྱེད་དང་རྫོགས་པའི་འབྲས་བུ་གཡུར་དུ་ཟ། །རང་བྱུང་ཀུན་ཁྱབ་ཞབས་ལ་སྤྱི་བོས་མཆོད།
།དེ་ལ་འདིར་བདག་ཅག་རྣམས་ཀྱི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ་བཀྲིན་མཉམ་མེད་དོན་ཆེན་པོའི་སླད་དུ་མཚན་ནས་སྨོས་ན་ཀརྨ་རང་བྱུང་ཀུན་ཁྱབ་དཔལ་བཟང་པོའམ་ཡོངས་གྲགས་སུ་སྐྱབས་རྗེ་བླ་མ་ཀ་ལུ་རིན་པོ་ཆེ་མཆོག་གི་རྣམ་པར་ཐར་པ་མདོ་ཙམ་འགོད་པའི་སྐབས་སུ་བབས་ཏེ། དེ་ཡང་རྗེ་བླ་མ་འདི་ཉིད་ནི། གངས་ལྗོངས་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་རིས་མེད་བསྟན་པའི་སྣང་བྱེད་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་རྣམ་པར་རོལ་པ་ཡིན་པར། ༧རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་དང་། བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་སྐྱེས་ཆེན་དུ་མས་ཞལ་གྱིས་བཞེས་ཤིང་ཆེ་ཐང་དུ་བསྔགས་པར་མཛད་པ་དང་། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་སུ་རྗེ་བླ་མ་ཉིད་ཀྱི་ཡབ་ར་བཏགས་དཔལ་བཟང་སྤྲུལ་སྐུ་སྐུ་ཕྲེང་བཅུ་གསུམ་པ་སྔགས་འཆང་ལེགས་བཤད་སྒྲ་དབྱངས་དང་ཡུམ་སྒྲོལ་དཀར་ལྷན་རྒྱས་བསྙེན་མཚམས་ལ་བཞུགས་ཤིང༌། དཔའ་བོའི་དཔའ་མོའི་དགའ་སྟོན་ཚེས་བཅུའི་མཆོད་པ་ཉིན་ཚོགས་འཁོར་ཟབ་རྒྱས་ཤིག་མཛད་པའི་ནུབ་མོར་ཡུམ་གྱི་མནལ་ལམ་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཉིད་བྱོན་ཏེ། བདག་ལ་གནས་གཡར་དགོས་ཞེས་ཐིམ་པ་དང་། ཟངས་མདོག་དཔལ་རི་ནས་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་དཔའ་བོའི་དཔའ་མོའི་ཚོགས་དང་བཅས་མངོན་སུམ་དུ་བྱོན་པའི་སྣང་བ་དང་བཅས་ཏེ་ལྷུམས་སུ་ཞུགས་པར་མཛད། དེ་ནས་བཟུང་ཡུམ་གྱི་སྐུ་ལུས་ཟོ་མདོག་བདེ་ཞིང་ངོ་མཚར་གྱི་མཚན་ལྟས་རྒྱུན་ཆད་མེད་པ་བྱུང་སྟེ། རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ། ཕྱི་ལོ་༡༩༠༥ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་རྭ་བར་རི་བྲག་དགོན་ཞེས་པའི་གནས་སུ་སྐུ་འཁྲུངས། དེའི་སྐབས་གཟིམ་ཁང་སྟེང་ཤོད་ཉེ་འཁོར་ཀུན་ཏུ་མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་གུར་ཁྱིམ་སོགས་ཀྱིས་རྣམ་པར་བཀྲ་བ་དང་། བལྟམས་མ་ཐག་ཏུ་སྐུ་དྲང་པོར་བཞུགས་ཤིང་མཛུམ་པའི་མདངས་དང་བཅས་ཏེ་ཞལ་ནས་ཡི་གེ་དྲུག་པ་གསུངས་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པ་མངའ། དགུང་གྲངས་གསུམ་གྱི་སྐབས་མཁན་ཆེན་བཀྲིས་འོད་ཟེར་གྱི་མདུན་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཞིང་། སྐུ་ཆུང་ངུའི་དུས་ནས་ཀྱང་སྔོན་སྦྱངས་སྐྱེས་བུ་དམ་པའི་རང་རྟོགས་སུ་འཁོར་བ་ལ་ངེས་འབྱུང་དང་། སེམས་ཅན་ལ་སྙིང་རྗེ། ཆོས་དང་བླ་མ་ལ་དད་གུས་སོགས་ལྷན་སྐྱེས་སུ་མངའ། ཡི་གེ་འབྲི་ཀློག་དང་ཆོས་ཀྱི་གོ་དོན་རྣམས་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན་པ་ཞིག་བྱུང༌། དགུང་གྲངས་བཅུ་གསུམ་སྐབས་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ཀརྨ་རང་བྱུང་ཀུན་ཁྱབ་ཏུ་གསོལ། ཕྱིས་སུ་མཚན་དང་དོན་མཚུངས་པར་ཀུན་གྱིས་བསྔགས། རྗེ་ཉིད་ཀྱི་ཡབ་སྔགས་འཆང་ལེགས་བཤད་སྒྲ་དབྱངས་ཀྱི་མདུན་ནས་མངའ་པཎ་སྡོམ་གསུམ་གྱི་འགྲེལ་པ་རྒྱས་བསྡུས་དང༌། གསོ་བ་རིག་པ་རྒྱུད་བཞི་ལ་བསླབ་ཁྲིད་ནན་ཏན་མཛད། འཇམ་མགོན་སློབ་མ་མཁས་དབང་བཀྲིས་ཆོས་འཕེལ་གྱི་མདུན་ནས་བཀའ་བརྒྱུད་སྔགས་མཛོད་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་དང་། ནང་བརྟག་རྒྱུད་གསུམ། ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱི་གཞུང་ཆུང་གཉིས་སོགས་ཞིབ་ཁྲིད་ཞུས། དགུང་གྲངས་བཅུ་དྲུག་སྐབས་འཇམ་མགོན་བླ་མའི་གདན་ས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་ཁང་ཆེན་མོར་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ལ་བཞུགས། སྐབས་དེར་ཉམས་རྟོགས་མཐར་ཕྱིན་སྒྲུབ་དཔོན་བླ་མ་ནོར་བུ་དོན་གྲུབ་ཀྱི་ཞལ་སྔ་ནས་གསར་རྙིང་གི་སྨིན་གྲོལ་གདམས་པ་སྤྱི་དང་། ཁྱད་པར་གྲུབ་ཆེན་ཁྱུང་པོའི་གསེར་ཆོས་རྣམ་པ་ལྔའི་གདམས་ངག་ལག་ལེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཞུས་ཏེ། དེ་དག་གི་བསྙེན་སྒྲུབ་ཉམས་བཞེས་ཀྱི་གནས་ལ་དད་བརྩོན་དང་ཉམས་རྟོགས་ཕུལ་དུ་ཕྱིན་པ་བརྙེས། གཞན་ཡང་སྒྲུབ་ཁང་དུ་བཞུགས་པའི་སྔོན་རྗེས་རྣམས་སུ་སྒྲུབ་དཔོན་བླ་མ་དེ་ཉིད་ཀྱི་མདུན་ནས་ནཱ་རོ་ཆོས་དྲུག་དང་། ཕྱག་ཆེན། རྒྱལ་རྒྱམ། བདེ་མཆོག ཕག་མོ། མགོན་པོ་སོགས་ཀཾ་ཚང་གི་ཆོས་སྐོར་ཡོངས་རྫོགས་དང་། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་སྨིན་གྲོལ་མཐའ་དག་ཐོབ་སྟེ་ཉམས་བཞེས་མཛད། དགུང་གྲངས་ཉེར་གསུམ་སྐབས་མཁན་ཆེན་བཀྲིས་འོད་ཟེར་གྱི་ཞལ་སློབ་གཙོ་བོ་ཚ་ཚ་ཉ་དགེ་སྤྲུལ་སྐུའི་མདུན་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས་ཏེ་འདུལ་འཛིན་ཀུན་གྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་གྱུར། སྐུ་ཚེ་དེར་བསྒྲུབ་བྱ་སྟོང་ཕྲག་མང་པོར་དགེ་ཚུལ་སློང་གི་སྡོམ་པ་གནང་སྟེ་དགོན་སྡེ་དུ་མར་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས། འཇམ་མགོན་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱི་མདུན་ནས་གསར་རྙིང་སྨིན་གྲོལ་གྱི་བཀའ་མང་དུ་གསན་ཅིང་། ཁྱད་པར་གདམས་ངག་མཛོད་དང་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་ཡོངས་རྫོགས་ཞུས་ཟིན་པའི་མཇུག་ཏུ། འཇམ་མགོན་གོང་མའི་ཕྱག་སྣམ་གྱི་བུམ་པ་དང་། ཚེ་བུམ་སོགས་གནང་སྟེ་དོན་བརྒྱུད་ཀྱི་བསྟན་པ་གཏད། དཔལ་སྤུངས་མཁྱེན་བརྩེ་གཞན་ཕན་འོད་ཟེར་གྱི་མདུན་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་དང་། རིན་འབྱུང་བརྒྱ་རྩ། ཇོ་ནང་རྗེ་བཙུན་ཆེན་པོའི་བཀའ་འབུམ་ཆ་ཚང་། གནམ་ཆོས་ཨ་ཆོས་བཅུ་གསུམ་སོགས་གསན། དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག་གི་ཞལ་སྔ་ནས་གཅིག་ཤེས་ཀུན་གྲོལ་གྱི་དབང་ལུང་དང་། གཞན་ཡང་རྒྱལ་བདེ་ཕག་གསུམ། མགོན་པོ་སོགས་སྨིན་གྲོལ་མཐའ་ཡས་པ་ཞིག་གསན་བཞེས་གནང༌། མཆུ་མགུར་བླ་མ་དཔེ་ཡར་གྱི་མདུན་ནས་ཤེས་བྱ་མཛོད་དང་། ཚ་ཚ་བློ་གྲོས་སྤྲུལ་སྐུའི་དྲུང་ནས་འཇམ་མགོན་བཀའ་འབུམ་ཡོངས་རྫོགས་གསན། རི་ཁྲོད་གོང་གི་བླ་མ་རྩེ་ནི་རྣམ་གྲོལ་ཞེས་ཉམས་ལེན་སྤྱི་དང་། ཁྱད་པར་གཅོད་ཀྱི་སྒོ་ནས་གྲུབ་པའི་གོ་འཕང་བརྙེས་པ་དེའི་ཞལ་སྔ་ནས་ཕྱག་ཆེན་རྒྱ་གཞུང་དང་། མར་པའི་རྣམ་ཐར་དང་། མི་ལའི་རྣམ་མགུར། དྭགས་པོའི་བཀའ་འབུམ་ཡོངས་རྫོགས། གཏེར་སྲས་མཐུ་སྟོབས་སྤྲུལ་སྐུའི་མདུན་ནས་ཆགས་མེད་རི་ཆོས། རྫ་དགེ་བླ་མ་རྟ་མགྲིན་མགོན་པོའི་མདུན་ནས་ཆགས་མེད་རི་ཆོས་ཀྱི་རྒྱབ་ཆོས་དང་། རི་ཁྲོད་གོང་གི་སྒྲུབ་དཔོན་བླ་མ་བསྟན་འཕེལ་གྱི་མདུན་ནས་བཀའ་མའི་ནང་དུ་བཞུགས་པའི་དྲི་མེད་རྣམ་གཉིས་ཀྱི་དབང་དང་དེའི་དཀྱིལ་མཆོག་ལོ་ཆེན་དྷརྨ་ཤྲཱི་གསུང་སོགས་སྐྱེས་ཆེན་དུ་མའི་མདུན་ནས་མདོ་སྔགས་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་ཞིག་གསན་བསམ་མཛད། གཞན་ཡང་༧རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེསི་ཏུ་པདྨ་དབང་མཆོགཚ་ཚ་སྒྲུབ་བརྒྱུད་སོགས་བཀའ་བརྒྱུད་པའི་སྐྱེས་ཆེན་ཕལ་མོ་ཆེ་དང་། ༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། ༧རྒྱལ་བའི་ཡོངས་འཛིན་རྣམ་གཉིས། རྫོགས་ཆེན་རིན་པོ་ཆེ་དང་། ཞེ་ཆེན་རྒྱལ་ཚབཞེ་ཆེན་ཀོང་སྤྲུལམཁྱེན་བརྩེ་ཆོས་ཀྱི་བློ་གྲོསབདུད་འཇོམས་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། བཀའ་འགྱུར་རིན་པོ་ཆེ། བྱ་བྲལ་སངས་རྒྱས་རྡོ་རྗེ། ས་སྐྱ་ཁྲི་ཆེན། སྡེ་གཞུང་མཁན་པོ་སོགས་རིས་མེད་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་མདོ་སྔགས་གསར་རྙིང་གི་གདམས་སྐོར་དཔག་ཏུ་མེད་པ་གསན་བསམ་སྒོམ་སྒྲུབ་ནན་ཏན་གྱིས་ཀུན་གྱི་ཐུགས་སྲས་ལྟ་བུར་གྱུར་པ་དང་། གོང་དུ་སྨོས་པའི་བླ་མ་ཕལ་ཆེ་བས་སྐྱབས་རྗེ་བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་མདུན་ནས་སྨིན་གྲོལ་མཐའ་ཡས་པ་ཞིག་གསན་བཞེས་གནང་བས་ཕན་ཚུན་རྣམས་བླ་སློབ་ཏུ་གྱུར་པའོ། །དེ་ཡང་སྤྱིར་རྗེ་བླ་མ་འདི་ཉིད་སྐུ་ཆུང་ངུའི་སྐབས་ནས་ཀྱང་འདིར་སྣང་གི་ཞེན་པ་རྩད་ནས་བྲལ་ཞིང་། ཚེ་བློས་བཏང་གིས་གང་བྱུང་དེས་ཆོག་དབེན་པའི་རི་ཁྲོད་རྣམས་སུ་ཉམས་ལེན་ཁོ་ན་སྐྱོང་བའི་མོས་འདུན་ལྷན་སྐྱེས་སུ་མངའ་བས་རྟག་ཏུ་བསྙེན་སྒྲུབ་ཉམས་བཞེས་ཀྱི་གནས་ལ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ཞིང་། ལྷག་པར་དགུང་གྲངས་ཉེར་ལྔའི་སྐབས་འཁོར་འབངས་ཉེ་འབྲེལ་ལོངས་སྤྱོད་སོགས་ཕྱི་ནང་གི་དངོས་པོ་མཐའ་དག་སྤངས་ཏེ། སྡེ་དགེ་ཡིད་ལྷུང་ལྷ་མཚོའི་རི་ཁྲོད་སོགས་ངེས་མེད་དབེན་པའི་རི་སུལ་དུ་འཚོ་བ་བྱ་འཚོལ་ཙམ་གྱིས་དཀའ་སྤྱད་སྙིང་རུས་དྲག་པོས་ལོ་གྲངས་བཅུ་གཉིས་ཙམ་གྱི་རིང་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཕྱག་རྒྱ་ཆེན་པོ་སྒོམ་མེད་ཆོས་སྐུ་རྒྱལ་ས་མངོན་དུ་གྱུར། བར་སྐབས་ཤིག་ན་ཡིད་ལྷུང་ལྷ་རི་ཁུལ་དུ་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་ལ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་དང་དེར་འདུས་ཀུན་ལ་མ་ཎི་དུང་ཕྱུར་སྒྲུབ་རྒྱུའི་དགེ་བསྐུལ་གནང་བ་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་སྨིན་པར་མཛད། དེ་རྗེས་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་བཀའ་བཞིན་དཔལ་སྤུངས་གདན་ས་ནཱ་རོ་དང་ནི་གུའི་སྒྲུབ་སྡེ་གོང་འོག་གཉིས་ཀྱི་སྒྲུབ་དཔོན་བླ་མ་ལོ་མང་རིང་གནང་སྟེ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་སློབ་ཚོགས་མཐའ་ཡས་པ་ཞིག་བསྐྲུན། ཁྱད་པར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཕྲིན་ལས་གཡེལ་བ་མེད་པ་དངོས་སུ་བསྒྲུབས་པ་ལ་བརྟེན་ནས་འཇམ་མགོན་གོང་མའི་གདན་ས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་དེ་ཉིད་རྒྱ་བསྐྱེད་འཛུགས་བསྐྲུན་དང༌། སྒྲུབ་གྲྭ་བ་གསར་དུ་བཅོ་བརྒྱད་ཀྱི་འཚོ་ཕོག་གཏན་བཞག་སོགས་བཀྲིན་སྐྱོང་གནང་དང་འབྲེལ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་ཐེངས་མང་པོའི་རིང་ལ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བཀའ་སྤྱི་དང་བྱེ་བྲག་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རྣམ་ལྔའི་སྨིན་གྲོལ་གྱི་རྒྱུན་མཐའ་དག་དང༌། དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་ཆེན་དང༌། ལྷ་དགུ་དང༌། ལྷན་སྐྱེས་ཀྱི་དབང་ཁྲིད་མན་ངག་གི་བཀའ་རྣམས་ཚང་སྤྲུགས་སུ་སྩལ་ཏེ་བསྐྱེད་རྫོགས་ཀྱི་རིམ་པ་རྣམས་སྒྲུབ་ཏུ་གཞུག་པ་དང་། གཞན་ཡང་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་ལ་ཤངས་པའི་ཡིག་རྙིང་གི་དབང་ལུང་ཐམས་ཅད་ཕུལ་ཞིང་། དཀར་མོ་སྟག་ཚང་གི་སྒྲུབ་སྡེར་ཤངས་ཆོས་ཡོངས་རྫོགས་ཀྱི་དབང་ལུང་དང་། དུས་འཁོར་ལྷ་དགུའི་དབང་ཁྲིད་སོགས་གསུངས། རྗེ་བླ་མ་ཉིད་ཀྱིས་ཀྱང་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་གཏེར་གསར་ཕྱག་དྲུག་སོགས་དབང་ཆོས་དུ་མ་གསན་པས། ཕན་ཚུན་དགོངས་ཀློང་དབྱེར་མེད་དུ་འདྲེས། དགུང་གྲངས་བཞི་བཅུ་ནང་ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་དབུས་གཙང་གི་གནས་ཆེན་ཁག་དང༌། རིས་མེད་ཀྱི་གདན་ས་རྣམས་ལ་གནས་གཟིགས་མཆོད་འབུལ་དུ་ཕེབས་ཤིང་། དེའི་སྔོན་ཙམ་ན་བོད་ཀྱི་སྲིད་སྐྱོང་༧རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་མཚན་ཞབས་སེ་ར་མཁར་རྡོ་རིན་པོ་ཆེ་མཆོག་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དུ་ཕེབས་སྐབས་གང་ཉིད་རྒྱུན་རིང་པོའི་བར་དུ་ཐུགས་སྐྱོ་བའི་རྣམ་པ་དང་བཅས་སྤྱན་ཆབ་བསིལ་བས་གམ་བཅར་བ་རྣམས་ཀྱིས་དེའི་རྒྱུ་མཚན་ཞུས་པའི་ལན་དུ། ཁོང་རང་སྔར་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་ཡུམ་རྡོ་རྗེ་བུ་དགའ་ལྷ་མོའི་སྐུའི་སྐྱེ་བ་ཡིན་པའི་སྔོན་གནས་རྗེས་སུ་དྲན་པའི་ཚུལ་དང་། སྔར་རྗེ་བཙུན་ཆེན་པོའི་བསྟན་པའི་མངའ་ཐང་དེ་ཉིད་ད་ལྟ་མིང་གི་ལྷག་མ་ཙམ་ལས་མེད་པར་གྱུར་པ་སོགས་དར་རྒུད་ཀྱི་སྣང་ཚུལ་རྣམས་ལམ་ལམ་དགོངས་པར་ཤར་བས་ཐུགས་ཤིན་ཏུ་མུག་སྟེ། རྗེ་བཙུན་ཆེན་པོའི་བཀའ་སྲོལ་ལས་བྱོན་པའི་ངེས་དོན་གྱི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་བའི་ཐུགས་བསྐྱེད་དེ། ༧རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་མཐུན་འགྱུར་ཞུས་པ་ན། སྐབས་དེར་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་དཔལ་སྤུངས་དགོན་གྱི་སྒྲུབ་དཔོན་བླ་མ་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་དབུས་ཕྱོགས་སུ་གནས་གཟིགས་མཆོད་འབུལ་གནང་བཞིན་བཞུགས་པ་དང་འཁེལ་ཞིང་། རྭ་སྒྲེང་རིན་པོ་ཆེས་རྗེ་བླ་མ་འདི་ཉིད་མཚན་ལྡན་ཡིན་པར་མཁྱེན་ཏེ། འདིའི་མདུན་ནས་མཁར་རྡོ་རིན་པོ་ཆེས་ཇོ་ཤངས་ཀྱི་ཆོས་སྐོར་རྣམས་གསན་རྒྱུའི་མཚམས་སྦྱོར་གནང་བ་མ་ཟད། རྭ་སྒྲེང་རིན་པོ་ཆེ་ཉིད་ཀྱིས་ཀྱང་དབང་ལུང་དུ་མ་ཞིག་གསན་རྒྱུ་དགོངས་གཞི་མཆིས་ཀྱང༌། མི་རིང་བར་རྐྱེན་དབང་གིས་ཐུགས་བཞེད་ཇི་བཞིན་ཐོག་ཏུ་མ་འཁེལ། གང་ལྟར་མཁར་རྡོ་རིན་པོ་ཆེ་དང་། ལྷ་བཙུན་རིན་པོ་ཆེཐོགས་མེད་རིན་པོ་ཆེའབྲས་སྤུངས་རྨོག་ལྕོག་རྗེ་སོགས་སྐྱེས་ཆེན་དུ་མ་ལ་དཔལ་ལྡན་ཤངས་པའི་གསེར་ཆོས་ཡོངས་རྫོགས་དང་། རྒྱུད་སྡེ་ལྷ་ལྔའི་དབང་ཆེན་དང་། མགོན་པོའི་བཀའ་ཆེན་བཅུ་གསུམ་གྱི་དབང་། ཇོ་ནང་རྗེ་བཙུན་ཆེན་པོའི་བཀའ་འབུམ་སོགས་དབང་ལུང་མཐའ་པ་ཞིག་འབུལ་གནང་མཛད། དེ་བཞིན་དུ་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་། ཞང་ཞུང་རྡོ་རྗེ་གདན། ལྷ་ཕུ་རྨོག་ལྕོག སྙེ་ཐང་རྨོག་ལྕོག་སོགས་སུའང་དུས་ཀྱི་འཁོར་ལོའི་དབང་ཆེན་དང་། ཤངས་ཆོས་ཀྱི་དབང་ཁྲིད་མན་ངག་སོགས་སྤེལ་ཏེ་ཇོ་ཤངས་ཀྱི་བསྟན་པ་ཉམས་པ་རྨངས་ནས་གསོ་བར་མཛད། དེ་རྗེས་མདོ་ཁམས་ཕྱོགས་སུ་ཕེབས་ཏེ་དཔལ་སྤུངས་དང་། ཧོར་ཁོག་སོགས་སུ་བཞུགས་ནས་གསན་བསམ་སྒོམ་སྒྲུབ་དབང་ལུང་འཆད་སྤེལ་སོགས་འབྲེལ་ཚད་དོན་ལྡན་གྱི་བསྟན་འགྲོའི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཕྱི་ལོ་༡༩༥༥
ལོར་མདོ་ཁམས་ཕྱོགས་སུ་དུས་ཀྱི་འགྱུར་བས་སླར་དབུས་སུ་ཕེབས་ཏེ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་སྨིན་གྲོལ་གདམས་པའི་རྒྱུན་རྣམས་སྩལ་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་གཉེར་ཁ་གཏད། སྐབས་དེར་ལྷོ་ལྗོངས་འབྲུག་རྒྱལ་མཆོག་གི་སྲས་མོ་ཨ་ཞེ་དབང་མོ་ནས་སྔོན་བསགས་བག་ཆགས་བཟང་པོའི་མཐུས་རྗེ་བླ་མ་འདི་ཉིད་ཀྱི་མཚན་སྙན་གསན་པ་ཙམ་གྱིས་ཤིན་ཏུ་མོས་ཏེ་༧རྒྱལ་དབང་ཀརྨ་པ་མཆོག་ལ་སྐྱབས་མཆོག་བླ་མ་རིན་པོ་ཆེ་གང་ཉིད་འབྲུག་ཡུལ་སྐུར་སྟོད་བྱང་ཆུབ་ཆོས་གླིང་དགོན་གྱི་གནས་བརྟན་བླ་མ་དང་དབུ་བླར་གཏོང་གནང་ནན་ཞུས་བརྟེན་༧རྒྱལ་དབང་མཆོག་གིས་འབྲུག་ཏུ་ཕེབས་དགོས་པའི་བཀའ་དོན་ལྟར། ཕྱི་ལོ་༡༩༥༧ལོར་འབྲུག་ཏུ་ཕེབས་བཞུགས་ཀྱིས་ལོ་མང་རིང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། ཁྱད་པར་བྱང་ཆུབ་ཆོས་གླིང་དུ་ནཱ་རོ་དང་ནི་གུའི་སྒྲུབ་སྡེ་ཁག་གཉིས་གསར་དུ་བཙུགས་ཏེ་དཔལ་ལྡན་དྭགས་ཤངས་བཀའ་བརྒྱུད་ཀྱི་ཟབ་ཆོས་སྨིན་གྲོལ་གྱི་རྒྱུན་རྣམས་བར་མེད་དུ་སྩལ་བ་དང་། བསགས་སྦྱོང་གི་རྟེན་མཆོད་རྟེན་གསར་བཞེངས་སོགས་ཀྱིས་ཕྱོགས་དེའི་གདུལ་བྱའི་སྐྱེ་བོ་དཔག་ཏུ་མེད་པ་ཐར་པ་མཆོག་གི་གྲོང་ཁྱེར་དུ་གཞུག་པར་མཛད། ཕྱི་ལོ་༡༩༦༡ལོར་འཕགས་ཡུལ་རྡོ་རྗེ་གླིང་རྡོ་གཙུག་དགོན་དུ་ཕེབས་བཞུགས་གནང་སྟེ། བོད་ནས་བཙན་བྱོལ་དུ་འབྱོར་བའི་རིས་མེད་བླ་སྤྲུལ་དགེ་འདུན་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་བ་རྣམས་ལ། རྒྱུན་དུ་རྗེ་ཉིད་ཀྱི་ཐུགས་དམ་གྱི་གཙོ་བོ་བཟང་སྤྱོད་སོགས་སྨོན་ལམ་ཚོགས་ཐེངས་རེ་དང་། ཡར་མར་ཚེས་བཅུ་དང་དགུ་གསོལ་སོགས་དུས་མཆོད་ཁག་དང༌། གཞི་གསུམ་གྱི་ཕྱག་ལེན་བཅས་བཙུགས་ཏེ་རྗེ་ཉིད་ཀྱི་དད་འབྱོར་གྱི་དངོས་པོ་མཐའ་དག་སྣང་གསལ་སོགས་མཆོད་པའི་ཡོ་བྱད་དང་། དགེ་འདུན་རྣམས་ཀྱི་འཚོ་བའི་རྟེན་དུ་སྦྱར། ༡༩༦༤ལོར་རྡོར་གླིང་རྡོ་དགོན་དུ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ཞུ་གནང་གིས་བླ་སྤྲུལ་དགེ་འདུན་བརྒྱ་ཕྲག་མང་པོ་ལ་ཀར་ལུགས་རྒྱུད་སྡེ་ཁག་གི་དབང་ལུང་དང༌། རིན་འབྱུང་བརྒྱ་རྩའི་སྨིན་གྲོལ་བཅས་བཀྲིན་བསྐྱངས། ཡང་སྐྱབས་རྗེ་བླ་མ་རིན་པོ་ཆེ་ནས་གསོལ་བཏབ་མཛད་དེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་སྙིང་ཐིག་ཡ་བཞི་སོགས་ཀྱི་དབང་ཁྲིད་སྩལ། དེ་ཡང་རྗེ་བླ་མ་འདི་གཉིས་ཕན་ཚུན་ཐུགས་ནང་ཤིན་ཏུ་གཙང་ཞིང་སྨིན་གྲོལ་གྱི་རྒྱུན་རྣམས་འབུལ་རེས་ཀྱིས་གཅིག་གི་ཕྲིན་ལས་གཅིག་ཤོས་ཀྱིས་སྤེལ་བར་མཛད་པ་སོགས་རིས་སུ་མ་མཆིས་པའི་བསྟན་པ་ལ་བཀྲིན་གཞལ་དུ་མེད་པའོ། །དེ་བཞིན་ཁམས་རི་བོ་ཆེ་བ་བཀའ་འགྱུར་རིན་པོ་ཆེའམ་མཚན་དངོས་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་མདུན་ནས་རྙིང་མ་རྒྱུད་འབུམ་གྱི་ལྗགས་ལུང་སོགས་གསན། གཞན་ཡང་འདི་སྐབས་སུ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གིས་གསོལ་བཏབ་མཛད་དེ་ཤངས་ཆོས་ཡོངས་རྫོགས་དང་དུས་ཀྱི་འཁོར་ལོའི་དབང་ཆེན་དང༌། ཡང་འབྲུག་གི་སློབ་དཔོན་བསོད་ནམས་བཟང་པོས་སྦྱིན་བདག་ཞུས་ཏེ་དྲི་མེད་རྣམ་གཉིས་ཀྱི་དབང་ལུང་སོགས་སྨིན་གྲོལ་གྱི་ཆོས་བཀའ་མཐའ་ཡས་པ་ཞིག་བཀྲིན་སྩལ། ལྷག་པར་དུའང་ལོ་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བཞུགས་སྒར་དྷ་རམ་ས་ལར་རྩེ་རྣམ་རྒྱལ་གྲྭ་ཚང་དང་རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་བླ་སོགས་དགེ་བའི་བཤེས་གཉེན་དུ་མ་ལ་གསང་བདེ་འཇིགས་གསུམ། དགྱེས་རྡོར། མཱ་ཡ་སྟེ་རྒྱུད་སྡེ་ཆེན་པོ་ལྔ་དང༌། ཤངས་པའི་གསེར་ཆོས་རྣམ་ལྔ། མགོན་པོའི་བཀའ་ཆེན་བཅུ་གསུམ། གཏེར་ཆེན་ལས་རབ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཕུར་པ་ཡང་སྙིང་སྤུ་གྲི་སོགས་ཀྱི་དབང་གདམས་ངག་ལག་ལེན་དང་བཅས་པ་འབུལ་བར་མཛད། དེའི་རྗེས་སུ་གནས་མཆོག་མཚོ་པདྨའི་རི་ཁྲོད་དུ་ནཱ་རོ་ཆོས་དྲུག་གི་སྒྲུབ་གྲྭ་ལོ་གསུམ་ཕྱོགས་གསུམ་ལ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཡོངས་རྫོགས་སྩལ། ཕྱི་ལོ་༡༩༦༦ལོར་རྡོར་གླིང་བསོད་ནམས་དར་བསམ་གྲུབ་དར་རྒྱས་གླིང་དགོན་པར་གདན་ས་མཛད་དེ་ཐོག་མའི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་སྡེ་གསར་འཛུགས་གནང་བ་དང་ཆབས་ཅིག་དགེ་འདུན་གྱི་སྡེ་ཡང་གསར་དུ་བཙུགས་ཏེ། བསྟན་པའི་རྩ་བ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཐོག་ཆོས་འཆད་ཉན་དང༌། ལོ་ཟླའི་དུས་སྒྲུབ་མཆོད། ཁྱད་པར་བསགས་སྦྱོང་སྨོན་ལམ་སོགས་གཙོ་བོ་ཆོས་སྤྱོད་སྒོམ་སྒྲུབ་ཀྱི་ཕྲིན་ལས་དབྱར་མཚོ་ལྟར་རྒྱས་པར་མཛད། ཕྱི་ལོ་༡༩༦༨ལོར་ཌ་ལ་ཧོ་སེར་རིས་མེད་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་རྣམས་ལ་གདམས་ངག་མཛོད་ཀྱི་དབང་ལུང་ཡོངས་རྫོགས་གནང་ཞིང་། དེའི་རྗེས་ཐོག་ཏུ་གནས་དེར་ཤངས་ཆོས་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་གྲྭ་གསར་འཛུགས་གནང་སྟེ་དེར་ཡང་དབང་ལུང་ཆ་ཚང་ཐུགས་རྗེས་བསྐྱངས། ༡༩༦༩ལོར་གདན་ས་བསམ་གྲུབ་དར་རྒྱས་གླིང་དུ་སྔ་འགྱུར་བསྟན་པའི་སྣང་བྱེད་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་ལ་དཔལ་ལྡན་ཤངས་པའི་གསེར་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་འབུལ་གནང་མཛད། ཕྱི་ལོ་༡༩༧༡ལོར་༧རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་རིག་པའི་རྡོ་རྗེའི་བཀའ་དགོངས་བཞིན་༧རྒྱལ་བ་ཡབ་སྲས་རྣམས་ཀྱི་དབུས་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོར་ཤངས་པའི་གསེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་དང་། དེ་རྗེས་༧སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་དང་། སི་ཏུ་རིན་པོ་ཆེ། འཇམ་མགོན་རིན་པོ་ཆེ། ༧རྒྱལ་ཚབ་རིན་པོ་ཆེ་རྣམ་པ་བཞི་ལ་བཀའ་བཞིའི་བརྒྱུད་སྲོལ་ལས་བྱུང་བའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོ་སོགས་ཀྱི་སྨིན་གྲོལ་གདམས་པའི་ཆོས་སྐོར་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་འབུལ་གནང་མཛད། ཕྱི་ལོ་༡༩༧༡ནས་༡༩༨༩བར་སྤྱིར་གདན་སར་འཁོར་ལོ་གསུམ་གྱི་ཕྲིན་ལས་མཐའ་ཡས་པ་བསྐྱངས་ཤིང་། ལྷག་པར་ཕྱི་རྒྱལ་ཨ་མེ་རི་ཀ་དང་། ཀེ་ན་ཌ། ཡུ་རོབ་རྒྱལ་ཁབ་རྣམས་དང་། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་སོགས་འཛམ་གླིང་ཡུལ་གྲུ་ཆེས་མང་པོར་ལན་གྲངས་དུ་མར་ཞབས་ཀྱིས་བཅགས་ཏེ། གདུལ་བྱའི་སྐྱེ་བོ་འབུམ་ཕྲག་མང་པོར་ཐོག་མར་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་ནས་བཟུང་དགེ་སྡིག་བླང་དོར་གྱི་ཚུལ་དང་། སྐྱེ་བ་སྔ་ཕྱི་དང་། རྒྱུ་འབྲས་རྟེན་འབྱུང་བསླུ་བ་མེད་པའི་ཚུལ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཐེག་པ་ཆེ་ཆུང་གི་བསྟན་པ་སྤྱིའི་རྣམ་བཞག་དང་། བྱེ་བྲག་དུས་ཀྱི་འཁོར་ལོ་སོགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་རྗེས་གནང་དང་། སོ་སོའི་བློ་དང་འཚམས་པའི་ཞི་ལྷག་གི་སྒོམ་ཁྲིད། དད་བརྩོན་དབང་རབ་ཅན་ལ་ཕྱག་རྒྱ་ཆེན་པོའི་སྔོན་འགྲོ་དང་དངོས་གཞིའི་བཀའ་ཁྲིད། གདུལ་བྱ་ཐུན་མོང་བ་རྣམས་ལ་གཙོ་བོ་ཡི་དམ་ཐུགས་རྗེ་ཆེན་པོའི་སྒོ་ནས་རྗེས་སུ་བཟུང་སྟེ། དེ་ཉིད་ཀྱི་སྒོམ་བཟླས་རྩལ་དུ་བཏོན་གནང་དང་འབྲེལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་བ་སོགས་འབྲེལ་ཚད་དོན་ལྡན་གྱིས་གདུལ་བྱ་རྣམས་ཡང་དག་པའི་ལམ་དུ་བཀྲི་བར་མཛད། དེ་ཡང་རྗེ་བླ་མ་འདི་ཉིད་ནི་ནུབ་ཕྱོགས་ཡུལ་གྲུ་རྣམས་སུ་ཐེག་པ་ཆེན་པོ་སྔགས་དང་བཅས་པའི་བོད་ཀྱི་ནང་ཆོས་ཐོག་མར་དར་སྤེལ་མཛད་པའི་ཤིང་རྟའི་སྲོལ་བྱེད་ཡིན་པར་གཟུ་བོར་གནས་པ་རྣམས་ལ་གྲགས་ཤིང་གྲུབ་པ་ཡིན་པས་བསྟན་འགྲོ་སྤྱི་ལ་བཀྲིན་ཤིན་ཏུ་ཆེ་བ་ཡིན། དེ་ཡང་ཤར་ནུབ་རྒྱལ་ཁབ་རྣམས་སུ་ཆོས་ཚོགས་གྲངས་བདུན་བཅུ་ལྷག་ཙམ་དང་། ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་སྡེ་གྲངས་ཉི་ཤུ་རྩ་གཅིག་སྐོར་གསར་འཛུགས་གནང་སྟེ། དེ་དག་རྣམས་སུ་དབང་ལུང་ཁྲིད་མན་ངག་དང་བཅས་པ་ཆ་ཚང་ལན་གྲངས་དུ་མར་བཀྲིན་སྩལ་གནང་དང་འབྲེལ་ལོགསུམ་ཕྱོགས་གསུམགྱི་སྒྲུབ་པར་གཞོལ་བ་ལ་དགོས་པ་དང་ཕན་ཡོན་སོགས་ཀྱི་ཞལ་གདམས་སྙིང་པོ་ནི། དང་པོ་ཐུན་མོང་གི་སྔོན་འགྲོ་བཞིས་སེམས་རྒྱུད་ཆོས་ལ་བསྐུལ་ཞིང་། དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྦྱོང་ཞིང་ཚོགས་གཉིས་རྫོགས་པར་བྱེད་ལ། དེ་རྗེས་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་བསྙེན་སྒྲུབ་ལེགས་པར་བྱས་པས་རྣམ་པར་སྨིན་པའི་ལུས་དང་། རྨི་ལམ་བག་ཆགས་ཀྱི་ལུས། བར་དོ་ཡིད་ཀྱི་ལུས་ཏེ་མ་དག་པའི་ལུས་གསུམ་གྱི་འཛིན་ཞེན་ལས་གྲོལ་ནས་དག་པ་ལྷའི་སྣང་ཞེན་དུ་འགྱུར་ཏེ། སྣང་སྟོང་སྐུ། གྲགས་སྟོང་གསུང་། རིག་སྟོང་ཐུགས་ཀྱི་དགོངས་པ་རྟོགས་པ་དང་། དེ་ནས་མཚན་བཅས་ཀྱི་རྫོགས་རིམ་ནཱ་རོ་དང་ནི་གུ་ཆོས་དྲུག་སོགས་ཉམས་སུ་བླང་བས་ལུས་གསུམ་དག་པའི་སྣང་ཞེན་དེ། བདེ་གསལ་སྟོང་པའི་ཡེ་ཤེས་ཆེན་པོར་གོང་ནས་གོང་དུ་འཕེལ་ཏེ་བརྗོད་དུ་མེད་པའི་བདེ་བ། འགྲིབ་མེད་གསལ་བའི་མངོན་ཤེས། བདེན་མེད་རྟོགས་པའི་རྫུ་འཕྲུལ་སོགས་ཀྱིས་ས་བཅུ་ལམ་ལྔ་མྱུར་དུ་བགྲོད་པར་ནུས་ཤིང་། མཐར་མཚན་མེད་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བས་སྣང་གྲགས་རྟོག་གསུམ་སེམས་ཉིད་ཀྱི་རོལ་པར་རྟོགས་ཤིང༌།སེམས་སྐྱེ་མེད་ཆོས་ཀྱི་སྐུ་རུ་གྲོལ་ཏེ་མི་འགྱུར་བའི་བདེ་བ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པའི་དབྱིངས་སུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་འབྱོར་བའི་ཕྱིར། སྒྲུབ་ཁང་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་ལ་སྡོད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་གསུངས། ཆོས་ཚོགས་དང་སྒྲུབ་སྡེ་རྣམས་སུ་ཆོས་ཀྱི་སློབ་སྟོན་མཛད་མཁན་ལོ་གསུམ་ཕྱོགས་གསུམ་བཞུགས་ཟིན་པའི་བླ་མ་དགེ་བའི་བཤེས་གཉེན་སུམ་ཅུ་ལྷག་ཙམ་བསྐོ་སྩལ་གནང་སྟེ་ཆོས་ཚོགས་དང་། སྒྲུབ་ཁང་སོགས་སུ་སློབ་མ་རྣམས་ཀྱིས་གནས་སྐབས་སླ་བཅོས་ཙམ་མིན་པར་ཕུགས་སུ་ཆོས་ཀྱི་གོ་དོན་དཔྱིས་ཕྱིན་པ་རྟོགས་པ་དང༌། ལྷག་པར་སངས་རྒྱས་དང་བྱང་སེམས། རྒྱལ་བ་གོང་མ་རྣམས་ཀྱི་གསུང་ཉིད་སོར་བཞག་པས་བྱིན་རླབས་ཀྱི་ཚན་ཁ་མི་ཉམས་པ་སོགས་དགོས་པ་དང་རྒྱུ་མཚན་མང་དུ་གཟིགས་ནས་རྩ་གསུམ་ལྷའི་བསྙེན་སྒྲུབ་སོགས་བསྒྲུབ་བྱའི་ཆོས་སྐོར་མཐའ་དག་བོད་ཡིག་དང་བོད་སྐད་ཁོ་ནའི་སྟེང་ནས་སྒྲུབ་དགོས་པར་ནན་ཆེར་གདམས། དེ་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་ཏུ་བཞུགས་པའི་ནང་ཆོས་མང་པོ་ཡུལ་གྲུ་སོ་སོའི་སྐད་དུ་སྒྱུར་ནུས་པའི་ལོ་ཙཱ་བ་མང་པོ་རིམ་བཞིན་བྱུང་ངོ་། །ཕྱི་ལོ་༡༩༨༡ལོར་༧རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་དགོངས་རྫོགས་སུ་རུམ་བཏེག་གདན་སར་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་དང་འབྲེལ། སྔོན་དུས་༧རྒྱལ་དབང་མཆོག་གི་དགོངས་བཞེད་ལྟར་༧སྐྱབས་མགོན་༧རྒྱལ་བ་ཡབ་སྲས་རྣམས་ཀྱིས་དབུས་བླ་སྤྲུལ་སྐྱེས་ཆེན་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡོངས་སུ་རྫོགས་པ་བཀྲིན་སྩལ་བ་དང་ཆབས་ཅིག་དེའི་ཁྲིད་དང་ལུང་ཆོ་གའི་འདོན་སྒྲིག་སོགས་ཀྱང་བསླབ་སྟོན་བཀྲིན་བསྐྱངས་པའི་ཉེར་ལེན་ལ་བརྟེན། དེ་ནས་བཟུང་རུམ་བཏེག་སོགས་རྒྱ་བལ་ཁུལ་ཡོད་བཀའ་བརྒྱུད་ཀྱི་དགོན་པ་ཆེ་ཁག་རྣམས་སུ་རིམ་བཞིན་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ་གསར་དུ་ཚོགས་ཐུབ་པ་བྱུང་། དེ་ཡང་༧སྐྱབས་རྗེ་བླ་མ་རྡོ་རྗེ་འཆང་འདི་ཉིད་ཀྱི་སྐུ་ཚེའི་རིང་ལ་བོད་དང་རྒྱ་གར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གཞན་དང་གཞན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ཚར་གྲངས་ཉི་ཤུ་རྩ་བཞི་གནང་སྟེ། སྐལ་ལྡན་གྱི་སྐྱེ་བོ་ཁྲི་ཕྲག་མང་པོ་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་གཞུག་སྟེ་སྨིན་ཅིང་གྲོལ་བར་མཛད་པ་དང་། རྒྱུད་ཟབ་མོ་འདིའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་དང་ལྡན་པའི་སྐྱེས་བུ་ཆེན་པོའང་དཔག་ཏུ་མེད་པ་བསྐྲུན། དེ་ཡང་འོག་ནས་འཆད་པར་འགྱུར་བ་བཞིན། དེ་སྔ་བོད་ཀྱི་ལོ་རྒྱུས་ནང༌། ལྷར་བཅས་སྲིད་ཞིའི་གཙུག་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་པས་གོང་དུ་ཕུད། དེ་འོག་རིས་མེད་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་ནང་ནས་འཛམ་གླིང་ས་ཆེན་ཀུན་ཏུ་རྒྱལ་བསྟན་སྒོ་ཐམས་ཅད་ནས་སྤེལ་བ་ལ་འགྲན་པའི་ཟླ་དང་བྲལ་ཏེ། དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ཁོ་ན་གནང་བ་ལ་མཚོན་ན་གོང་དུ་སྨོས་པ་བཞིན་ལན་གྲངས་མང་པོ་དེ་ཙམ་གནང་མཁན་སྔར་མ་བྱུང་བ་སྣང་ཞིང་། མདོར་ན་སྙིགས་མའི་དུས་འདིར་འཕགས་ཡུལ་སོགས་སུ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བཀའ་སྲོལ་ལས་བྱོན་པའི་དཔལ་དུས་ཀྱི་འཁོར་ལོའི་སྨིན་གྲོལ་གྱི་རྒྱུན་དང་། ཇི་ལྟར་སྒྲུབ་པའི་ཚུལ་སོགས་ཁྱབ་བརྡལ་དུ་འགྲོ་བཞིན་པ་འདི་ཉིད་ཐོག་མར་སྐྱབས་རྗེ་འཁོར་ལོའི་མགོན་པོ་གང་གི་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་ཕྲིན་ལས་རླབས་པོ་ཆེ་ཁོ་ན་ལ་བརྟེན་ནས་བྱུང་བའོ། །ཕྱི་ལོ་༡༩༨༣ལོར་གདན་ས་ཆེན་པོ་བསམ་གྲུབ་དར་རྒྱས་གླིང་དུ་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་སྐྱབས་མགོན་༧རྒྱལ་བ་ཡབ་སྲས་རྣམས་ཀྱིས་དབུས་བླ་སྤྲུལ་དགེ་འདུན་དང་རྒྱ་བོད་འབྲས་འབྲུག་སོགས་འཛམ་གླིང་ཤར་ནུབ་ཀྱི་དད་སློབ་སྟོང་ཕྲག་དུ་མ་ལ་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་སྙིང་པོ་ཕྱོགས་གཅིག་ཏུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་སྨིན་གྲོལ་གྱི་སྒོ་འཕར་ཡོངས་སུ་ཕྱེས་པར་མཛད་པས་གསང་ཆེན་བསྟན་པའི་སྒྲོན་མེར་གྱུར། གཏེར་མཛོད་ཀྱི་དབང་ལུང་གྲུབ་ནས་༡༩༨༣ ལོ་དེར་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་ཕྱིར་གནས་མཆོག་རྡོ་རྗེ་གདན་དང་། ཝཱ་ར་ཎཱ་སི། རྩྭ་མཆོག་གྲོང་།
ལུམྦི་ནི། མཚོ་པདྨ། བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་རྒྱ་བལ་གྱི་གནས་ཆེན་ཀུན་ཏུ་སྣ་ལྔའི་མཆོད་སྤྲིན་དང་སྣང་གསལ་འབུམ་ཕྲག་གིས་མཚོན་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོས་ཉེ་བར་གཏམས་ཏེ། སྐྱབས་རྗེ་བླ་མ་མཆོག་ཉིད་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་བརྒྱ་ཕྲག་དུ་མས་བསགས་སྦྱོང་སྤེལ་གསུམ་གྱི་སྙིང་པོ་ཡན་ལག་བདུན་པའི་ཆོ་གས་ཁོག་ཕུབ་སྟེ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འབུམ་ཐེར་གྲངས་གསོག་མཛད་པ་དང་ཆབས་ཅིག་དབུལ་ཕོངས་རྣམས་ལ་ཉིན་རེར་བཟའ་བཏུང་དང་དངུལ་འགྱེད་སོགས་གཏན་པ་མེད་པའི་སྦྱིན་གཏོང་གི་སྒོ་འཕར་ཕྱེས་ཏེ་དེ་དག་ཐམས་ཅད་ཀྱང་རིང་པོར་མི་ཐོགས་པར་བླ་མེད་རྫོགས་བྱང་ཐོབ་པའི་ཐུགས་སྨོན་ནན་ཏན་མཛད། དེ་ནས་བཟུང་ད་བར་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཞེས་ཤར་ནུབ་རྒྱལ་ཁབ་རྣམས་སུ་རྗེ་ཉིད་ཀྱི་ཞལ་སློབ་དང་ཆོས་ཚོགས་ཁག་གིས་གཙོས་ཕྱི་ནང་དད་འབྱོར་ལྡན་པ་རྣམས་ཀྱིས་སྦྱིན་བདག་ཞུས་ཏེ་རྒྱ་བལ་འབྲས་འབྲུག་སོགས་སུ་འཁོད་པའི་བཀའ་བརྒྱུད་པའི་བླ་སྤྲུལ་དགེ་འདུན་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ལོ་བསྟར་སྨོན་ལམ་གྲ་ཇེ་རྒྱས་ཀྱིས་ཚོགས་ཐུབ་པ་འདི་ཡང་སྐྱབས་རྗེ་བླ་མ་མཆོག་གི་ཐུགས་བསྐྱེད་དང༌། རླབས་ཆེན་ཚོགས་གཉིས་རྒྱ་མཚོའི་མཐུ་དཔལ་ལས་གྲུབ་པ་ཡིན་ལ། དེ་ཡང་རྗེ་བླ་མ་འདི་ཉིད་ཀྱིས་སྤྱིར་བདེ་བར་གཤེགས་པས་རྗེས་སུ་གདམས་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ནན་ཏན་དུ་མཛད་ཅིང་། ཁྱད་པར་རྡོ་རྗེ་ཐེག་པའི་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལས་སྐད་ཅིག་ཀྱང་གཡེལ་བ་མེད་པས་ལམ་གྱི་སྲོག་བཟུང་། གདུལ་བྱ་གཞན་སྣང་དུ་རྣམ་ཐར་གདམས་ངག་ཏུ་སྟོན་པའི་ཁྱད་ཆོས་གཙོ་བོ་ཞིག་ནི། སྣང་གྲགས་རྟོག་ཚོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་དང་རྨི་ལམ་ལྟ་བུའམ་སྟོང་ཉིད་སྙིང་རྗེ་དབྱེར་མེད་དམ་ཁྱེར་སོ་གསུམ་ལྡན་གྱི་ངང་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྱན་སྔར་སྣང་གསལ་སོགས་མཆོད་པའི་དངོས་པོ་བཟང་དགུ་ཅོག་གིས་མངོན་པར་མཆོད་དེ་བསགས་སྦྱོང་ཡན་ལག་བདུན་པའི་ཆོ་ག་དང་འབྲེལ་བའི་བཟང་སྤྱོད་སྨོན་ལམ་དང་། བདེ་བ་ཅན་གྱི་སྨོན་ལམ་སོགས་ལ་ཐུགས་དམ་ནན་ཏན་དུ་མཛད། དེ་ཡང་སྐབས་དུ་མར་མནལ་ལམ་དུ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་དང༌། འཕགས་པའི་གནས་བརྟན་བཅུ་དྲུག་སོགས་ཚོགས་ཀྱི་ཞིང་མཆོག་མཐའ་ཡས་པ་ཞལ་མཇལ་ཞིང་དད་མོས་གདུང་ཤུགས་དྲག་པོས་བཟང་པོ་སྤྱོད་པའི་སྨོན་ལམ་དང་། ནི་གུའི་སྨོན་ལམ་། བསྔོ་བ་བཀའ་རྒྱ་མ། བདེ་བ་ཅན་གྱི་སྨོན་ལམ་སོགས་ཚར་གྲངས་དུ་མ་གསུངས་པར་རྨིས་པ་དང༌། དེ་བཞིན་དུ་སྐུ་གདུང་ཆ་བརྒྱད་མཆོད་རྟེན་དཔག་ཚད་ཙམ་ཡོད་པ་མང་པོ་ལ་ནམ་མཁར་འཕུར་བཞིན་བསྐོར་བ་མཛད་དེ་སྨོན་ལམ་རྒྱ་ཆེར་བཏབ་པ་སོགས་མནལ་ལམ་དུའང་འདི་ལྟ་བུ་ངོ་མཚར་ཅན་གྱི་ཐུགས་དམ་གྱི་གནས་ལ་གཞོལ་བར་མཛད་ན་དངོས་སུ་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་སྔར་ལྷ་ལྡན་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་སྣང་གསལ་འབུམ་ཕྲག་འབུལ་གནང་དང་འབྲེལ་བཟང་སྤྱོད་སྨོན་ལམ་འབུམ་ཐེར་གྲངས་གསོག་མཛད། སྤྱིར་རྗེ་བླ་མ་འདི་ཉིད་ཀྱི་སྐུ་ཚེའི་རིང་ལ་སྣང་གསལ་གཅིག་པུ་ལ་མཚོན་ན་ས་ཡ་ལྷག་ཙམ་འབུལ་གནང་མཛད་པ་དང་། དངོས་དང་བརྒྱུད་ཀྱིས་བཟང་སྤྱོད་སྨོན་ལམ་འབུམ་ཐེར་བརྒྱ་ཕྲག་བརྒལ་བ་གསུངས་པ་སོགས་མདོར་ན་སོ་སྐྱེའི་སྤྱོད་ཡུལ་ལས་འདས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པའི་རྣམ་ཐར་དང་ཏིང་ངེ་འཛིན་ལ་མངའ་བརྙེས་པའོ། །དེ་ལྟར་ཡང་རྗེ་བླ་མ་མཆོག་གི་ཞལ་སྔ་ནས།
དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །དཔལ་ལྡན་བླ་མའི་བྱིན་རློབས་ལས་གཞན་པའི། །ཐབས་གཞན་བསྟན་པ་རྨོངས་པར་ཤེས་པར་བྱ།
།ཞེས་གསུངས་ཏེ་རྗེས་འཇུག་སློབ་མ་རྣམས་ལ་ཐོག་མར་བློ་ལྡོག་རྣམ་བཞིས་སེམས་རྒྱུད་ཆོས་ལ་བསྐུལ་ཞིང་། སྐྱབས་འགྲོ་དང་སེམས་བསྐྱེད་རྣམ་པར་དག་པའི་སྒོ་ནས་ཚོགས་གཉིས་གསོག་པ་དང་། སྒྲིབ་གཉིས་སྦྱོང་བའི་ཐབས་ཀྱི་སྒོ་སྣ་ཚོགས་ལ་འབད་དུ་གཞུག་པ་དང༌། ཐེག་པ་ཆེན་པོའི་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་གདབ་པ་ལ་བརྩོན་པ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་དང༌། ཡི་དམ་ལྷའི་བསྐྱེད་བཟླས། མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་སོགས་ལ་འབུངས་དགོས་པར་ནན་ཏན་གྱིས་གདམས་པར་མཛད་པ་ལས། ཐུན་མོང་གི་རིག་གནས་དང་། ཐུན་མིན་གཞུང་ཆེན་རྣམས་ལའང་སློབ་གཉེར་བྱེད་པ་ཧ་ཅང་གལ་ཆེར་རྩི་བར་མི་གནང་སྟེ། ཇོ་བོ་རྗེའི་གསུང་ལས།
དེང་སང་སེམས་ཅན་དུས་དང་ཉོན་མོངས་དང༌། །ལྟ་བ་ཚེ་ཡི་སྙིགས་མར་གྱུར་པ་སྟེ། །གཞུང་རྣམས་མཉན་པར་དགོས་པ་མེད་པས་ན། །སྙིང་པོ་དོན་གྱི་རྣལ་འབྱོར་བསྒོམ་པར་བྱ། །དེང་སང་དུས་སུ་གཟིངས་དང་འདྲ་བ་ཡི། །གཞུང་རྣམས་རྒྱ་ཆེན་མཉན་པའི་དུས་མེད་པས། །ཡིད་འཁྲུགས་བྱེད་པ་ཐམས་ཅད་སྤངས་བྱས་ལ། །དམ་པའི་ཉེར་བསྟན་འབའ་ཞིག་བསྒོམ་པར་བྱ། །ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་ལེན་པར་བྱ།
།ཞེས་དང་། རྗེ་ཉིད་ཀྱིས་ཀྱང་།
བླ་མའི་གདམས་ངག་སེམས་ལ་མ་བཞག་ན། །སྟོང་གསུམ་ཡི་གེས་བཀང་ཡང་དགོས་པ་མེད།
།ཅེས་སོགས་གསུངས་པ་ལྟར། གདམས་ངག་སྙིང་པོར་དྲིལ་ཏེ་ཉམས་སུ་ལེན་པ་ཉིད་གཙིགས་ཆེར་བཟུང་བར་མཛད། དེ་ཡང་གཞུང་དང་རིག་གནས་སོགས་ལ་སློབ་གཉེར་རྒྱུན་རིང་བྱས་པ་ཉིད་ཉོན་མོངས་པའི་གཉེན་པོར་སོང་སྟེ་སེམས་རྒྱུད་དུལ་བ་ཞིག་བྱུང་ན་ཆོས་ཆོས་སུ་སོང་སྟེ་ཐོས་བསམ་བྱས་པའི་དགོས་དོན་གྲུབ་པ་ཡིན་གྱི། དེ་ལས་ལྡོག་སྟེ་ཤེས་བྱ་རིག་པའི་གཞུང་ལུགས་ཇི་ཙམ་མང་བ་ཤེས་པ་དེ་ཙམ་གྱིས་གཞན་ལ་ཁྱད་སོད་དང་ང་རྒྱལ་སོགས་ཉོན་མོངས་པ་ཆེ་རུ་སོང་བ་ལྟ་བུར་སྣང་ཚེ། ང་རྒྱལ་གྱི་གོང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་གསུངས་པ་ལྟར་ལམ་གྱི་ཡོན་ཏན་རྒྱུད་ལ་མི་སྐྱེ་བ་མ་ཟད་ཆོས་ཀྱི་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པ་ཡིན་ཞེས་བདག་ཅག་བྱེད་པོ་ཆོས་རྒྱུས་ཅན་ལ་ཡང་ཡང་གདམས་པ་རྣམས་ཐུགས་ཤིན་ཏུ་མད་དོ། །དེ་ལ་འགའ་ཞིག་གིས། གསུང་དེ་ནི་སྐྱབས་མཆོག་བླ་མ་རང་ཉིད་ཀྱིས་གཞུང་ཆེན་མོ་སོགས་ལ་གསན་བསམ་ཆེར་མ་མཛད་པའམ་མ་མཁྱེན་པའི་རྒྱུ་མཚན་གྱིས་སོ་སྙམ་ན། དེ་ལྟ་མིན་ཏེ། རྗེ་བླ་མ་མཆོག་ལ་བཟོ་དང་། གསོ་བ། རྩིས་དང་། སྙན་ངག་སོགས་ཐུན་མོང་གི་རིག་གནས་དང་། ཐུན་མིན་མདོ་སྔགས་ཀྱི་གཞུང་ཆེན་མོ་རྣམས་ཀྱི་དཀའ་བའི་གནད་ཇི་འདྲ་ཞིག་གི་ཐད་ནས་བཀའ་འདྲི་ཞུས་ཀྱང་ལུང་དང་རིགས་པ་དཔེ་དང་བཅས་ཏེ་གནད་དོན་ཕིགས་པའི་བཀའ་ལན་གསུང་ཆོག་ཆོག་ཡོད་པས་དོན་གྱི་མ་ཧཱ་པཎྜི་ཏའི་སྐུར་བཞེངས་མོད། འོན་ཏེ་སྐབས་སུ་མ་བབས་པར་མཁས་པའི་རྣམ་དཔྱོད་དང་གྲུབ་པའི་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་བཞིན་དུ་སྦ་བར་མཛད་པ་ལས། གར་ཐོད་ཐོད་དུ་མཁྱེན་པའི་ཚུལ་སྟོན་པར་མི་མཛད་ཅིང་ཐུགས་ཤིན་ཏུ་སྒམ་པས་མཁས་གྲུབ་ཏུ་རློམ་པ་སུས་ཀྱང་རྗེ་བླ་མ་མཆོག་གི་མཁྱེན་རྟོགས་ཇི་བཞིན་གཏིང་དཔོག་པར་མི་ནུས། འོན་ཀྱང་། ཆོས་ཀྱི་སྤོབས་པས་གཞན་སྣང་ཟིལ་གྱིས་གནོན། །གསུངས་པ་ལྟར་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ཤིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་དབང་འབྱོར་བས་ཕྱི་ནང་གང་དུ་ཕེབས་བཞུགས་མཛད་ཀྱང་སྐྱེ་བོ་དཔག་ཏུ་མེད་པ་ཞིག་པདྨའི་མཚོ་ལ་ངང་མོ་བཞིན་དུ་འདུ་ཞིང་། དེ་ཐམས་ཅད་ཀྱང་ཞབས་པད་དུ་བཅར་བའི་མོད་ལ་ཆེན་པོར་རློམས་པ་རྣམས་ཀྱང་ཟིལ་ཆེན་པོས་ཁེངས་པ་མཐའ་དག་བསྙིལ་ཏེ་མི་འཕྲོག་པའི་དད་པ་དང་། ལུས་སེམས་གཉིས་ཀ་བདེ་ཆམ་མེར་འགྲོ་བ་སོགས་ཐུགས་རྗེ་དང་བྱིན་རླབས་དངོས་སུ་ཞུགས་ཏེ་དེ་མ་ཐག་ཏུ་གདུལ་བྱའི་སློབ་མར་གྱུར་ཅིང་རང་སྐལ་དང་འཚམས་པའི་ཆོས་ཀྱི་བདུད་རྩིས་རྒྱུད་ཡོངས་སུ་སྨིན་པར་མཛད་པའོ། །དེ་ཡང་རྗེ་བླ་མ་མཆོག་གིས་འཇིག་རྟེན་ཆོས་བརྒྱད་ཐོག་བརྫིས་སུ་བཏང་ཞིང་། འགོ་དཔོན་དང་སྦྱིན་བདག་སོགས་ཀྱི་ངོ་ཆེན་དང་མཐུན་འཇུག་གཏན་ནས་མི་མཛད་པར་ཆོས་དང་འཇིག་རྟེན་གྱི་མཛད་པ་གང་ཡིན་རུང་རང་ཐག་རང་གིས་གཅོད་པར་མཛད། དེ་ལྟ་ན་ཡང་འཛམ་གླིང་ས་ཆེན་ཀུན་ཏུ་གཞན་འདྲིང་མི་འཇོག་པའི་འགྲོ་དོན་དང་ཕྲིན་ལས་ནམ་མཁའ་དང་མཉམ་པ་ལྟ་བུ་ཞིག་བྱུང་བའང་ཐབས་ཤེས་དང་འབད་རྩོལ་སོགས་ལ་བརྟེན་ནས་བྱུང་བ་མིན་པར། བསམ་གྱིས་མི་ཁྱབ་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་དང་། བསྐལ་པ་མང་པོའི་གོང་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུ་ཉེ་བར་བསྐྲུན་པའི་མཐུ་ལས་ཐུགས་ཀྱི་བཞེད་དོན་ཐམས་ཅད་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་དུ་མངའ་བརྙེས་པ་ཡིན་ཏེ། ཞལ་ནས་ཀྱང་། འབད་རྩོལ་རི་བོ་ཙམ་བྱས་པ་བས། བསོད་ནམས་མེ་སྟག་ཙམ་གསོག་པ་ལེགས། ཞེས་སོགས་བསོད་ནམས་དགེ་བའི་དཔུང་བསྐྱེད་ལ་ཆེ་ཐང་དུ་བསྔགས་པར་མཛད་དོ། །ཕྱི་ལོ་༡༩༨༦ལོར་འཛམ་གླིང་སྐྱེ་བོ་ཡོངས་ཀྱིས་ནང་པ་སངས་རྒྱས་པའི་ཐེག་པ་གསུམ་གྱི་དམ་པའི་ཆོས་ཀྱི་གོ་དོན་དང་། ཉམས་ལེན་བདེ་བླག་ཏུ་ཐུབ་པའི་ཆེད་ཐུགས་བསྐྱེད་རྒྱ་ཆེན་པོའི་སྒོ་ནས་རེ་ཞིག་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་མདོ་སྔགས་རིག་གཞུང་རྒྱ་མཚོའི་བཅུད་བསྡུས་བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་དབྱིན་སྐད་སོགས་སུ་སྒྱུར་རྒྱུའི་སྒྲ་སྒྱུར་འཛམ་གླིང་ཀུན་ཁྱབ་ཅེས་པའི་ཚོགས་པ་ཞིག་གསར་འཛུགས་གནང་སྟེ། རིས་མེད་བོད་ཀྱི་མཁས་དབང་རྣམས་ཀྱི་སློབ་སྟོན་དང་འབྲེལ་ཕྱི་རྒྱལ་ལོ་ཙཱ་བ་རྣམས་ནས་ད་ལྟ་སྒྲ་སྒྱུར་གྱི་ལས་ལ་གཞོལ་བཞིན་པ་དང་། ཕྱི་ལོ་༡༩༨༨ལོར་འཕགས་ཡུལ་ཤར་ཕྱོགས་བྷང་ག་ལའི་མངའ་ཁུལ་སཱ་ལུ་སྒར་ཞེས་ཉིན་རེར་སྐྱེ་བོའི་ཚོགས་དཔག་ཏུ་མེད་པའི་རྒྱུ་འགྲུལ་གྱི་ལམ་པོ་ཆེར། རིང་བསྲེལ་རྣམ་ལྔའི་སྙིང་པོ་ཅན་གྱི་བཀྲིས་སྒོ་མང་གི་མཆོད་རྟེན་མཐོང་གྲོལ་ཆེན་མོ། མཐོ་ཚད་ཁྲུ་བརྒྱ་དང་བརྒྱད། སྟེང་དུ་ཚད་མེད་བཞི་དང་འོག་ཏུ་སེང་ཁྲིའི་ནང་ལྷ་ཁང་དང་། མཐའ་བསྐོར་དུ་མཆོད་རྟེན་ཆ་བརྒྱད་ཆུང་ངུ་བརྒྱ་ཕྲག་བརྒལ་བ་བཅས་གསར་བཞེངས་དབུ་འཛུགས་གནང་། སྤྱིར་རྗེ་བླ་མ་མཆོག་གི་སྐུ་ཚེའི་རིང་ལ་ཉིད་ཀྱི་གདན་ས་ཁག་དང༌། ཤར་ནུབ་ཕྱི་རྒྱལ་གྱི་ཡུལ་གྲུ་རྣམས་སུ་དངོས་དང་བརྒྱུད་ཀྱིས་སྐྱེ་འགྲོ་དཔག་ཏུ་མེད་པའི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་ཅིང་འབྲེལ་ཚད་དོན་ལྡན་བསགས་སྦྱོང་གི་རྟེན་མཆོག་བླ་ན་མ་མཆིས་པ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་དང་རིང་བསྲེལ་རྣམ་ལྔས་གཏམས་པའི་མཆོད་རྟེན་ཤིན་ཏུ་གྲངས་མང་གསར་བཞེངས་གནང་སྟེ། དེ་དག་གི་སྐབས་སུ་ཀུན་རྫོབ་རྫས་སུ་སྣང་བའི་འབྱུང་བཞི་རྡུལ་ཕྲན་དང་བཅས་པ་དོན་དམ་ཐུགས་རྒྱུད་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་ཏེ་སྣང་གྲགས་རྟོག་གསུམ་ཐམས་ཅད་གྲོལ་བ་བཞི་ལྡན་ཆོས་སྐུའི་མཆོད་སྡོང་ཆེན་པོར་འགྱུར་བའི་ཐུགས་དམིགས་བདེན་ཚིག་ཐོག་མཐའ་བར་གསུམ་དུ་བཀྲིན་སྐྱོང་བར་མཛད། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་དུ་མར་བོད་ནང་པའི་ལུགས་ཀྱི་མཆོད་རྟེན་དང་ལྷ་ཁང་མང་པོ་མཇལ་རྒྱུ་ཡོད་པའང་རྗེ་བླ་མ་མཆོག་གིས་ཐུགས་རྗེ་དང་ཐབས་མཁས་རྨད་དུ་བྱུང་བའི་ཕྲིན་ལས་ཀྱི་སྒོ་མོ་ཐོག་མར་ཕྱེས་པ་ལ་བརྟེན་ནས་བྱུང་བ་ཡིན་ནོ།
།དེ་ལྟར་འཁོར་ལོའི་མགོན་པོ་དཔལ་ལྡན་བླ་མ་མཆོག་གི་ཐུན་མོང་ཕྱིའི་རྣམ་ཐར་མདོ་ཙམ་ཞིག་བཀོད་པ་ཡིན་གྱི། ཐུན་མིན་ནང་གསང་གི་རྣམ་ཐར་ནི་བསམ་གྱིས་མི་ཁྱབ་སྟེ་འཕགས་ཆེན་རྣམས་ཀྱི་སྤྱོད་ཡུལ་ལས། བདག་དང་བདག་ལྟ་བུ་འཆིང་བ་ཀུན་དང་ལྡན་ཞིང་དག་སྣང་གི་མིག་ལྡོང་པ་རྣམས་ཀྱིས་ག་ལ་མཇལ། འོན་ཀྱང་འདིར་རྗེ་བླ་མ་མཆོག་གི་ནང་ཐུགས་ཀྱི་སྲས་གཅིག་སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་གིས་ནང་གི་རྣམ་ཐར་དང་འབྲེལ་བའི་ཞུས་ལན་འགའ་ཞིག་དཔེ་མཚོན་དུ་དྲངས་པས་རྗེ་བླ་མ་འདིའི་ནང་གི་སྤང་རྟོགས་ཀྱི་ཡོན་ཏན་གསལ་བར་རྟོགས་ནུས། དེ་ལས། སྐྱབས་རྗེ་བླ་མ་མཆོག་གི་ཐུན་མིན་ནང་གི་རྣམ་ཐར་སྙིང་པོ་ཞིག་གསུངས་པར་ཞུས་པའི་བཀའ་ལན་དུ། སྤྱིར་ཐེག་པ་གསུམ་གྱི་ཆོས་ཀྱི་རྣམ་བཞག་མཐའ་དག་ག་ལ་ཤེས། འོན་ཀྱང་ཕྱི་དགེ་སྡིག་ལས་འབྲས་ཀྱི་ཚུལ་དང་བླང་དོར་གྱི་བཅས་ཁྲིམས་ཕྲ་ཞིབ་སོགས་ལ་ཡིད་ཆེས་དང་ལག་ལེན་གང་ཐུབ་བགྱི་ཁུལ་དང༌། ནང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་མོས་སྒོམ་ཅི་ཆེས་གཏོང་ལེན་དམིགས་པ་ཉམས་ལེན་གང་དྲག་དང༌། གསང་བ་སྔགས་ཀྱི་ཕྱི་རྒྱུད་མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་དང་། ཁྱད་པར་བླ་མེད་རྒྱུད་ཀྱི་བསྐྱེད་རྫོགས་དང་། སྦྱོར་བ་ཀུན་ལྡན་ལྟ་བུའི་གསང་སྔགས་ཀྱི་ཟབ་མོའི་གནས་གང་ལའང་ལོག་ལྟ་དང་ཐེ་ཚོམ་མེད་པར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཐབས་ཤེས་ཁྱད་པར་ཅན་གྱི་གནས་ལ་ཡིད་ཆེས་དང་ངེས་ཤེས་བརྟན་པོས་ཉམས་ལེན་ཅི་ནུས་བགྱིས་ཁུལ་ལ། འོན་ཀྱང་ད་ནི་ལོ་ན་མཐོ་བས་རྩོལ་བཅས་ཀྱི་དགེ་སྦྱོར་ཇི་བཞིན་མི་ནུས་ཀྱང་། ཆོས་ཐམས་ཅད་སེམས་ཉིད་བདེ་བ་ཆེན་པོའི་རང་གདངས་སྣང་སྟོང་། གྲགས་སྟོང་། རིག་སྟོང་གྱི་ཤེས་པ་མ་བཅོས་པའི་ངང་ཡེངས་མེད་དུ་སྐྱོང་ཁུལ་ཡིན། སྔོན་ལོ་ན་ཆུང་ངུའི་སྐབས་བརྗེད་ངེས་ཆེ་ཙམ་ཡོད་སྙམ་ལ། ད་ལྟ་ལོ་ན་མཐོ་ཡང་དྲན་རིག་སྔར་ལས་གསལ་བ་ལྟ་བུ་འདུག་ཅེས་བཀའ་སྩལ།
ཡང་སྐྱབས་རྗེ་མཆོག་གི་སྐུ་ཚེ་འདིར་ཐུགས་ཀྱི་འདུན་པ་གཙོ་བོ་གང་ཡིན་ཞུས་པའི་ལན་དུ། ཐོག་མར་ཆུང་ངུའི་དུས་ནས་ཀྱང་རང་བཞིན་ལྷན་སྐྱེས་ཀྱིས་ཆོས་དང་བླ་མ་ལ་དད་པ་དང༌། སེམས་ཅན་ལ་སྙིང་རྗེ། ལྷག་པར་དམ་པའི་ཆོས་གཤའ་མ་ཞིག་སྒྲུབ་རྒྱུའི་འདུན་པ་ཤིན་ཏུ་ཆེ་བས། ཆུང་དུས་ཀྱང་སྒྲོལ་དཀར་དང་འཇམ་དབྱངས་བསྙེན་པ་གྲངས་མང་བསགས་ཤིང་། ལག་པ་ཕྲེང་བ་འབྲལ་མེད་བྱེད་པ་ཞིག་ཡོད་པས་ཡུལ་མི་ཁ་ཤས་ཀྱིས་རྒད་པོ་རྒད་མོ་ལྟ་བུའི་བྱིས་པ་ཞེས་མཚར་གཏམ་བཤད་པ་བྱུང་། དེ་ནས་ཆེར་སོན་སྐབས་མཁའ་ཁྱབ་ཀྱི་མ་རྒན་སེམས་ཅན་སྤྱི་དང༌། ཁྱད་པར་ད་ལྟ་མཐོང་བཞིན་པའི་ཉམ་ཐག་བྱོལ་སོང་རྣམས་ལ་བཟོད་བླག་མེད་པའི་སྙིང་རྗེ་ཆེན་པོས་དབྱར་དུས་འབུ་སྲིན་གར་ཡོད་སར་མྱོང་གྲོལ་བྱིན་རྟེན་དང་། སངས་རྒྱས་ཀྱི་མཚན་གཟུངས་བསྒྲགས་པའི་ཕྱེ་མར་བཏབ་ཏེ་དེ་དག་ཐམས་ཅད་སྐྱེ་བ་ཕྱི་མ་ངན་སོང་གི་སྐྱེ་སྒོ་ཆོད་དེ་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་ཅིང་རིམ་གྱིས་བླ་མེད་རྫོགས་བྱང་ཐོབ་པའི་སྨོན་ལམ་རྒྱ་ཆེར་གདབ་པ་ཡིན་པས། ད་ལྟ་ཕྲན་ལོ་ན་ཤིན་ཏུ་མཐོ་ཞིང་། ཕྱི་རྒྱལ་གྱི་སྐད་ཡིག་དང་ལུགས་སྲོལ་མི་ཤེས་པ་ཞིག་ལ། འཛམ་གླིང་ཤར་ནུབ་ཀྱི་སློབ་ཚོགས་མཐའ་ཡས་པ་ཞིག་རང་བཞིན་གྱིས་འདུ་ཞིང་། དད་འདུན་ཆེན་པོས་ཆོས་ལ་དོན་གཉེར་བྱེད་པ་འདི་ལས་འབྲེལ་དང་སྨོན་ལམ་བཟང་པོའི་སྟོབས་ཀྱིས་སེམས་ཅན་དེ་དག་ལས་ཅི་རིགས་ཤིག་ད་ལྟ་དམ་པའི་ཆོས་ཀྱི་གདུལ་བྱར་གྱུར་པའི་སྐྱེ་བོ་འདི་རྣམས་ཡིན་སྲིད་ཅེས་གསུངས།
༧སྐྱབས་རྗེ་མཆོག་གི་ཐུགས་ཀྱི་རྟོགས་པ་དང་པོ་ཇི་ལྟར་འཁྲུངས་ཚུལ་ཞུས་ལན་དུ། དེ་ནི་ཕྲན་གྱི་ཡབ་སྤྲུལ་པའི་སྐུ་དེས་རྟག་ཏུ་ཆོས་དང་འཇིག་རྟེན་གྱི་སློབ་སྟོན་དང༌། ལྷག་པར་སེམས་ཀྱི་གནས་ལུགས་གསལ་སྟོང་མ་འགག་པའི་རིག་པ་བདེ་གཤེགས་སྙིང་པོའི་ཚུལ་ཡང་ཡང་གསུངས་པས་སེམས་ཀྱི་གནས་ལུགས་དེ་དུས་ནས་ངོ་འཕྲོད་ཡིད་ཆེས་ཀྱིས་ཕྱིས་སུ་ཡང་ངོ་བོ་ལ་དེ་ལྷག་ཤེས་རྒྱུ་མེད་པ་ལྟ་བུ་རེད་འདུག་ཅེས་གསུངས།
སྐྱབས་རྗེ་རིན་པོ་ཆེས་བྱ་བ་ལས་ཀྱི་འཁོར་ལོ་སོགས་འདིར་སྣང་ལ་གཟིགས་ཚུལ་ཇི་འདྲ་ཞུས་པའི་ལན་དུ། སྤྱིར་དག་པ་སྐུ་དང་ཡེ་ཤེས་ཀྱི་སྣང་ཚུལ། མ་དག་འཁོར་བའི་འཁྲུལ་སྣང་སོགས་སྣང་བ་ཐམས་ཅད་འདི་ཙམ་ཞེས་བསམ་གྱིས་མི་ཁྱབ་སྟེ། སྣང་ནི་སྣང་། བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་པས། འདིར་སྣང་བྱ་བཞག་གང་ཡིན་ཡང་འགྲུབ་ན་སྒྲུབ། མ་འགྲུབ་ན་བཞག་ཆོག་པའི་འདུན་པ་ཞིག་རང་བཞིན་གྱིས་ཡོད་པས་རེ་དོགས་དང་སེམས་ཁྲལ་དཀའ་ཚེགས་ཆེན་པོ་སོགས་གཏན་ནས་མ་དགོས་པར་བློ་བདེ་གུ་ཡངས་ཤིག་ཡོང་གི་འདུག་ཅེས་གསུངས། དེ་ལྟར་རྗེ་བླ་མ་མཆོག་གི་མཛད་སྤྱོད་ཐམས་ཅད་རེ་དོགས་འཛིན་ཞེན་གྱི་སྤང་བླང་མེད་པར་གང་བྱུང་དེས་ཆོག་ཞིག་ལ་ཐུགས་ཀྱི་མཐིལ་གཏད། སྣང་གྲགས་རྟོག་གསུམ་གྱི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་པས་གང་ཡིན་དུ་ཆུག་ཅེས་གསུངས།
གཞན་ཡང་རྗེ་བླ་མ་ཉིད་ཀྱི་ཞལ་སྔ་ནས་རྣམ་ཐར་གྱི་སྙིང་པོ་ཞལ་གདམས་ཀྱི་ཚུལ་དུ་གསུངས་པ་ནི། བླ་མའི་རྣམ་ཐར་སྐྱོང་བར་འདོད་ན། རང་རེ་རྣམས་སངས་རྒྱས་བཀྲིན་ཅན་གྱི་རྗེས་སུ་འཇུག་པ་ཡིན་ཙང་། ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བ་མཐའ་དག་སྤང་གང་ཐུབ་དང་། དགེ་བ་སྒྲུབ་གང་ཐུབ་དང་། འགྲོ་དྲུག་ཕ་མ་དྲིན་ཅན་རྣམས་འཁོར་བའི་སྡུག་བསྔལ་དར་དྲག་ལ་ཡུན་རིང་དུ་མྱོང་བཞིན་པ་འདི་དག་ལ་ཤ་ཚ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གང་ཐུབ་ཐུབ་སྒོམ་སྟེ། གཏོང་ལེན་གྱི་དམིགས་པ་རྒྱུན་དུ་སྒོམ་ཞིང་། རྫོགས་སྨིན་སྦྱངས་གསུམ་གྱི་སྨོན་ལམ་རྒྱ་ཆེན་པོ་ལ་བརྩོན་པ་དང༌། རང་ལ་བཀྲིན་ཅན་གྱི་བླ་མ་དམ་པ་དེ་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་ཤེས་ཤིང་སྤྱི་བོའི་གཙུག་དང་སྙིང་གི་དཀྱིལ་དུ་སྒོམ་སྟེ་གསོལ་བ་ཕུར་ཚུགས་སུ་བཏབ། ཐུགས་ཡིད་བསྲེ་བའི་ཉམས་ལེན་དང་། སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ནས་གསུངས་ཤིང་། འཕགས་བོད་མཁས་གྲུབ་ཡོངས་ཀྱི་ཐུགས་ཉམས་སུ་བཞེས་པ། བྱ་སླ་ལ་ཕན་ཡོན་ཆེ་བ། ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་སྟེ་སྔགས་ཡི་གེ་དྲུག་པ་རྒྱུན་ཆགས་སུ་བཟླ། སེམས་སྟོང་གསལ་འགག་མེད་གཏད་མེད་འཛིན་མེད་ཡེངས་མེད་ཀྱི་ངང་དུ་ལ་བཟླ། འདིར་སྣང་འཁྲུལ་པའི་ཆོས་ཐམས་ཅད་ངོ་བོ་བདེན་པར་མ་གྲུབ་པ། རྣམ་པ་བདེ་སྡུག་སྣ་ཚོགས་སུ་འགྱུར་ཞིང་མི་རྟག་པའི་རང་བཞིན་ཅན། མཐར་ཐུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་བསྐྱེད་པའི་གཞིར་གྱུར་པ་འཁྲུལ་པའི་སྣང་བ་སྣ་ཚོགས་པ་དེ་དག་སྒྱུ་མ་དང་རྨི་ལམ་ལྟ་བུ་ཤེས་པའི་ངང་ནས་བདེན་ཞེན་གྱི་འཛིན་ཆགས་ཆུང་དུ་འགྲོ་བ་དང་། སྤྱིར་ཕྱི་ནང་གི་ཆོས་ཐམས་ཅད་གནས་སྐབས་ངན་སོང་དང་མཐར་ཐུག་འཁོར་བའི་སྡུག་བསྔལ་ལས་སྐྱབས་ནས། མཐོ་རིས་དང་ཐར་པའི་ལམ་ལ་བཀོད་ཐུབ་པའི་དོན་དུ་གདུལ་བྱའི་དབང་པོ་དང་མཐུན་པར་སངས་རྒྱས་ཀྱི་ཕྲིན་ལས་ལས་བྱུང་བ་ལགས་པས་ཀུན་ལ་དད་པ་བྱ། ཁྱད་པར་དུ་གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་ས་དགེ་བཀའ་རྙིང་གི་ཆོས་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཚང་ལ་མ་ནོར་བ། གྲུབ་ཐོབ་བརྒྱུད་པའི་བར་མ་ཆད། བྱིན་བརླབ་དབང་གི་རྒྱུན་མ་ནུབ། དོན་དམ་ཁྲིད་ཀྱི་གནད་མ་འཆུག། གནས་ལུགས་བལྟ་བའི་གཞི་མ་ནོར། འཁྲུལ་གྲོལ་སྒོམ་གྱི་ལམ་མ་གོལ། གདམས་ངག་བདུད་རྩིའི་བཅུད་མ་སྐམ་པ། སར་གནས་ཀྱི་སེམས་དཔའ་ཆེན་པོ་མཁས་དང་གྲུབ་པའི་དབང་ཕྱུག་རྣམས་ལས་བྱོན་པ་ཙམ་དུ་མ་ཟད། རྗེ་བཙུན་མི་ལ་རས་པ་ལ་སོགས་པའི་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་བགྲང་བ་ལས་འདས་པ་བྱོན། གདམས་ངག་གི་བེའུ་བུམ་རེ་རེས་ཀྱང་སངས་རྒྱས་ཀྱི་ས་ལ་སྐྱེལ་ཐུབ་པའི་ཆོས་ཟབ་མོ་ཁོ་ན་ལགས་པས་ཀུན་ལ་ཆགས་སྡང་ལོག་ལྟ་སྤངས་ཏེ་མོས་གུས་དང་དག་སྣང་སྦྱང་། ཚེ་རབས་སྔོན་ནས་འབྲེལ་བའི་རང་གང་ལ་མོས་པ་དེ་ལ་ཉམས་ལེན་མཐར་ཕྱིན་པ་བྱ་བ་ཅི་ནས་གལ་ཆེ། མདོར་ན། འཁོར་བ་སྡུག་བསྔལ་དུ་ཤེས་པའི་ངེས་འབྱུང་། དཀོན་མཆོག་གསུམ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ། བླ་མ་སངས་རྒྱས་སུ་ལྟ་བའི་མོས་གུས། ཁམས་གསུམ་ཕ་མར་ཤེས་པའི་སྙིང་རྗེ། ཚོགས་གཉིས་ཟུང་དུ་འཇུག་པའི་སྤྱོད་པ། སྣང་གྲགས་ལྷ་སྔགས་སུ་ཤེས་པའི་བསྐྱེད་རིམ། མ་བཅོས་གཉུག་མར་སྐྱོང་བའི་རྫོགས་རིམ། ཆེ་འདོད་ང་རྒྱལ་སྤོང་བའི་དགེ་བ། སྡིག་པ་དུག་ལྟར་འཛེམས་པའི་སྤྱོད་པ། ཕྱོགས་རིས་ཆགས་སྡང་སྤོང་བའི་དད་པ། གང་འབྲེལ་ཐར་ལམ་འགོད་པའི་འགྲོ་དོན་རྣམས་དང་མ་བྲལ་བ་བླ་མའི་རྣམ་ཐར་སྐྱོང་ན། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་དོན་ཡོད་པར་འགྱུར་ཞིང་། བླ་མའི་ཐུགས་དགོངས་རྫོགས་པ་དང་། ཕ་མའི་དྲིན་ལན་ཡང་འཁོར་ཏེ་རང་གཞན་དོན་གཉིས་མཐར་ཕྱིན་པར་འགྱུར་རོ་ཞེས་སོགས་ཕྱི་རབས་གདུལ་བྱ་རྣམས་ཀྱི་བཙས་སུ་ཉམས་ལེན་གྱི་གནད་རྣམས་དྲིལ་ཏེ་ཐུགས་བརྩེ་བ་ཆེན་པོས་གདམས་པར་མཛད་དོ། །མདོར་ན་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་བླ་མ་འདི་ཉིད་ཀྱི་རིས་སུ་མ་མཆིས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཀརྨ་བཀའ་བརྒྱུད་དང་། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་འཕགས་བོད་འབྲས་འབྲུག་གིས་གཙོས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་རྣམས་སུ་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་དང་། ཆོས་ཚོགས་དང་། སྒྲུབ་སྡེ་ཆེས་མང་པོ་གསར་འཛུགས་མཛད་པ་སོགས་ཀྱིས་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་བཅུར་སྤེལ་ཞིང༌། ཤིན་ཏུ་ཉག་ཕྲར་གྱུར་པའི་སྨིན་གྲོལ་གདམས་པའི་རྒྱུན་རྣམས་ཀྱི་སྲོག་མཐུད་པར་མཛད་པ་ལ། ཐུགས་བསྐྱེད་དང་ཕྲིན་ལས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་ལ། བརྒྱུད་འཛིན་གྱི་སློབ་ཚོགས་ཀྱང་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་རྣམས་ཀྱིས་དབུས་བསྟན་པ་འཛིན་པའི་རིས་མེད་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་ནམ་མཁའི་སྐར་ཚོགས་ལྟ་བུར་བཞུགས་པ་དང་། གཞན་ཡང་འཛམ་གླིང་ས་ཆེན་ཀུན་ཏུ་སྐལ་ལྡན་གྱི་སྐྱེ་བོ་ཕོ་མོ་གྲངས་དང་མུ་མེད་པ་ཞིག་འབྲེལ་ཚད་དོན་ལྡན་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་པོ་ལ་སྦྱོར་བར་མཛད་དེ། མཐར་གདུལ་བྱ་གཞན་གྱི་དོན་དུ་དགོངས་པས། རྗེ་ཉིད་དགུངས་གྲངས་བརྒྱད་ཅུ་རྩ་ལྔ་པ། ཕྱི་ལོ་༡༩༨༩ཕྱི་ཟླ་ལྔ་པའི་ཚེས་བཅུ་ཉིན་གདན་ས་ཆེན་པོ་བསམ་གྲུབ་དར་རྒྱས་གླིང་གི་གཟིམ་སྤྱིལ་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ།
།དེ་ལྟར་བཀྲིན་གསུམ་ལྡན་གྱི་རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་སྙིང་པོ་ཙམ་ཞིག་འབྲི་རྒྱུ་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་འདིའང་། གཙོ་བོ་རྗེ་ཉིད་ཀྱི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་དང་། གཞན་ཡང་། ཕྱི་ལོ་༡༩༩༡ལོར་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གུས་པར་བོང་བ་གསེར་གཟིགས་ཀྱིས་དུས་འཁོར་རྣམ་བཤད་གཅེས་བཏུས་དང་། སྐྱབས་རྗེ་བླ་མ་རིན་པོ་ཆེའི་རྣམ་ཐར་འབྲི་དགོས་གལ་པོ་ཆེ་ཚུལ་གྱི་ཕྱག་བྲིས་སྔ་ཕྱི་སྤྱི་ཕེབས་ཀྱི་སྐལ་བཟང་བྱུང་བ་མ་ཟད། རྣམ་ཐར་དུ་འགོད་རྒྱུའི་གལ་ཆེའི་རྩ་ཐོ་མང་པོ་ཞིག་ཀྱང་ཆེད་དུ་བཀྲིན་སྩལ་བ་རྣམས་དང་། ལྷག་པར་སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་རྗེ་བླ་མའི་རྣམ་ཐར་རེག་ཟིག་ཏུ་བཏབ་པ་རྣམས་ལ་གཞིར་བཟུང་སྟེ་བྲིས་པ་ལགས་སོ།