Jamgön Kongtrül’s catalog of the Treasury of Precious Instructions

From Shangpa Resource Center
Revision as of 09:37, 18 March 2019 by Sengue (talk | contribs)

Excerpt from gdams ngag rin po che'i mdzod kyi dkar chag bkra shis grags pa'i rgya mtsho by Jamgön Kongtrül Lodrö Thayé

རྒྱལ་པས་ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཞེས་ལུང་བསྟན་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེ་ཉིད་ཐོག་མར་ཡབ་ཆོས་བོན་དང་རྙིང་མ་ལ་རིམ་གྱིས་ཞུགས་ཏེ་སོ་སོར་མཁས་ཤིང་ནུས་པ་བརྙེས་ཀྱང་བྱང་ཆུབ་སྤྱོད་པའི་སྨོན་ལམ་དུས་སུ་སོན་པའི་སྟོབས་ཀྱིས་དེ་ཙམ་གྱིས་ཐུགས་མ་ཚིམས་ཏེ་འཕགས་ཡུལ་དུ་བྱོན། རྡོ་རྗེ་གདན་པ་སོགས་རྩ་བའི་བླ་མ་རྣམ་བཞི་གཙོ་བོར་གྱུར་པའི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། ཁྱད་པར་རྡོ་རྗེ་འཆང་ལས་དངོས་སུ་ཆོས་གསན་ཅིང་དག་པའི་ས་གསུམ་ལ་བཞུགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་། སུ་ཁ་སིདྡྷི་དངོས་སུ་མཇལ་ཞིང་གདམས་པ་ཟབ་མོ་བསྩལ་བས་སྐུའི་གནས་ལྔར་རྒྱུད་སྡེ་ལྔ་དངོས་སུ་གྲུབ་པས་མཚོན། མདའ་བསྣུན་ཞབས་སོགས་མཆོག་གི་གྲུབ་ཆེན་རྣམས་དང་དབྱེར་མི་ཕྱེད་པའི་གྲུབ་བའི་དབང་ཕྱུག་ཆེན་པོར་གྱུར། གཙང་གཡས་རུ་ཤངས་ཀྱི་ཞང་ཞོང་དུ་གདན་ས་མཛད་པས་བླ་མ་ཤངས་པ་དང་། བརྒྱུད་འཛིན་རྣམས་ལའང་ཤངས་པ་བཀའ་བརྒྱུད་དུ་གྲགས།
དགུང་ལོ་བརྒྱ་དང་ལྔ་བཅུར་བཞུགས་ཤིང་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་མཛད་པས་བཤེས་གཉེན་ཁྲི་ཕྲག་བཅོ་བརྒྱད་ལ་སོགས་པའི་བུ་སློབ་རྣམས་ཀྱི་གཙོ་བོ་སྔ་བུ་ལྔ་དང་ཕྱི་བུ་དྲུག་པོ་རྣམས་ཡིན་ཅིང་། དེ་ལས་རྡོ་རྗེ་འཆང་གི་གསང་ཚིག་ཆིག་བརྒྱུད་ཀྱི་བཀའ་བབས་ནི་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་ཁོ་ན་ཡིན་ལ། དེ་ནས་རིམ་བཞིན་དབོན་སྟོན་སྐྱེར་སྒང་པསངས་རྒྱས་གཉན་སྟོནའགྲོ་མགོན་སྟོན་པའི་བར་དུ་བརྒྱུད། ཆིག་བརྒྱུད་རྡོ་རྗེའི་རྒྱ་རྡོ་རྗེ་འཆང་དང་ཡེ་ཤེས་ཌཱ་ཀིས་ལུང་བསྟན་པ་བཞིན་དུ་རིན་ཆེན་བདུན་པ་ཆོས་རྗེ་སྟོན་པས་བཀྲོལ་ཏེ་གྲུབ་ཐོབ་ཀྱི་སློབ་མས་ཛམྦུའི་གླིང་དང་གླིང་ཕྲན་པ་ཚུན་ཆད་ཁྱབ་པར་མཛད་པ་ལས། བརྒྱུད་འཛིན་གཙོ་བོ་གཙང་མ་ཤངས་སྟོནབསམ་སྡིངས་པ་གཞོན་ནུ་གྲུབའཇག་ཆེན་རྒྱལ་མཚན་འབུམ་སྟེ་མཁས་གྲུབ་རྣམ་པ་གསུམ་གྱིས་གདམས་ངག་ཡི་གེར་བཀོད། འཇག་བསམ་གཉིས་ཀྱི་གདན་ས་སློབ་བརྒྱུད་མཐའ་ཡས་པ་བྱུང་། གཙང་མ་ཤངས་སྟོན་སློབ་མ་ཁྱུང་པོ་ཚུལ་མགོན་སོགས་རིན་ཆེན་རྣམ་བདུན་ཕྱི་མར་གྲགས་པའི་སྐྱེས་ཆེན་ཁྱད་པར་ཅན་བྱོན།
གཞན་ཡང་ཆོས་རྗེ་སྟོན་པའི་དངོས་སློབ་གསེར་གླིང་པ་བཀྲ་ཤིས་དཔལ་ལས་གྱེས་པ་དང་། ལ་སྟོད་དཀོན་མཆོག་མཁར་གྱི་སློབ་བརྒྱུད་ལས་གྱེས་པ་སོགས་མཐའ་ཡས་ཤིང་། ཕྱིས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྟོད་བརྒྱུད་སྨད་བརྒྱུད་སོ་སོར་གསན་ནས་ཐུགས་ཉམས་སུ་བཞེས་པས་ཡེ་ཤེས་མཁའ་འགྲོ་དངོས་ཀྱིས་རྗེས་སུ་བཟུང་བའི་ཉེ་བརྒྱུད་རིམ་པ་གསུམ་བྱུང་བས་ད་ལྟའི་བར་རྒྱུན་བཞུགས་པ་དང་། རྗེ་བཙུན་གྲོལ་མཆོག་ཞབས་ཀྱིས་རིང་བརྒྱུད་རྣམ་གྲངས་ཉེར་བཞི་གསན། ཉེ་བརྒྱུད་ཌཱ་ཀིས་གདམས་པ་དངོས་སུ་སྩལ་བའི་ངོ་མཚར་ཤིན་ཏུ་ཉེ་བརྒྱུད་བཅས་པའི་བརྒྱུད་པའི་རྣམ་གྲངས་ཉེར་ལྔ་རྗེ་བཙུན་ཏཱ་ར་ནཱ་ཐའི་ཁྲིད་ཡིག་འདིར་འདུ་བ་ཡིན་ལ།
མཁས་གྲུབ་ཁྱུང་པོའ་ཁྱད་པར་གྱི་ཆོས་སྐྱོང་མྱུར་མཛད་ཡེ་ཤེས་མགོན་པོའ་ཆོས་སྐོར་ནི་སྔོན་དུས་སྟོད་ལུགས་པས་ཕལ་ཆེར་ལ་ཁྱབ། ཕྱིས་དུས་རི་གོང་ནས་བརྒྱུད་པའི་སྨད་ལུགས་པས་གྲུབ་མཐའ་ཕལ་མོ་ཆེར་ཁྱབ་ཅིང་ཁྱད་པར་རྗེ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱིས་ཆོས་སྐྱོང་གི་གཙོ་བོར་མཛད་པས་དབུས་གཙང་ཁམས་གསུམ་རྒྱ་སོག་ཡན་ཆད་དུ་མཆོད་བསྟོད་སྒྲུབ་ཕྲིན་གྱིས་ཁྱབ། །གསེར་ཆོས་རྩ་བ་རྣམས་ནི་རྐང་ཚུགས་པའི་ལུགས་འཛིན་དེང་སང་ཤིན་ཏུ་དཀོན་པར་སྣང་ངོ་།

སྤྱིར་མཐར་ཐུག་ལྔ་ལྡན་མཁས་གྲུབ་ཁྱུང་པོས་འཕགས་ཡུལ་གྱི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་རྫོགས་པར་བཞེས་པས་ཆོས་ཀྱི་སྒོ་མཐའ་ཡས་ཤིང་འགྲན་ཟླ་དང་བྲལ་བར་གྲགས་པས་ཕྱོགས་གཅིག་ཏུ་ཚད་བཟུང་གི་ངེས་པ་བྲལ་ཡང་། རིགས་བསྡུ་ན་བཤད་རྩོད་སྒྲུབ་པའི་ལམ་རིམ་སྟེ་བཀའ་སྲོལ་གསུམ་དུ་བྱོན་པའི་ཕྱི་མ་ལའང་། ནི་གུ་མའི་ཆོས་སྐོར། སུ་ཁ་སིདྡྷིའི་ཆོས་སྐོར། རྡོ་རྗེ་གདན་པའི་ཆོས་སྐོར། མཻ་ཏྲི་པའི་ཆོས་སྐོར། རཱ་ཧུ་ལའི་ཆོས་སྐོར་ཏེ་རྣམ་གྲངས་ལྔར་བཞུགས་པའི་གཙོ་བོ་ཡེ་ཤེས་ཌཱ་ཀི་ནི་གུཔྟའི་ཆོས་སྐོར་ལའང་ཤངས་པ་བཀའ་བརྒྱུད་པ་རྣམས་ཀྱིས་རྒྱས་པ་རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། བསྡུས་པ་ལུས་གསུམ་གྱི་གདམས་པ། ཤིན་ཏུ་བསྡུས་པ་སེམས་འཆི་མེད་རང་གྲོལ་ཁོ་ནར་བསྡུ་བ་སོགས་ཡོད་ཀྱང་། གཅིག་བརྒྱུད་རྡོ་རྗེའི་རྒྱ་ལྡན་གྱི་བཀའ་སྲོལ་ཡོངས་གྲགས་སུ་ཤངས་པའི་གསེར་ཆོས་རྣམ་ལྔ་ཞེས། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་བཅས་རྡོ་རྗེ་འཆང་དང་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་ཚིག་རྐང་ལ་གདམས་ངག་དམིགས་པའི་ཐེམས་ཡིག་ཏུ་བཏབ་པས་དམིགས་རྐང་དང་གསོལ་འདེབས་ཙམ་ཡང་གང་ཟག་གི་བློས་བཅོས་བསྒྱུར་བསྲེ་བསླད་བྱར་མེད་པ་གསེར་ཞུན་མ་ལྟ་བུའི་ཐོག་མ་ཆོས་དྲུག་ནི།
The Six Yogas
རྡོ་རྗེའི་ཚིག་རྐང་ལས། དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་འཚང་རྒྱ་འགྱུར། །ཅེས་གསུངས་པ་ལྟར་རྒྱུད་ཆེན་རིན་ཆེན་རྒྱ་མཚོ་ལས་གསུངས་པའི་རྒྱུད་སྡེ་ལྔའམ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་སོ་སོའ་བྱིན་རླབས་ཀྱི་བཀའ་ནོས་པས་སྨིན་ཅིང་ཐུན་མོང་གི་སྔོན་འགྲོ་ལེགས་པར་འབྱངས་པའི་གང་ཟག་གིས་ཉམས་སུ་བླང་བྱའི་དང་པོ། དག་བྱེད་ཨའི་སྟོང་རས་རྒྱུད་སྦྱང་། དེ་ནས་ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིད་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས་བཞི་པོ་རྩ་བར་བྱས་ནས་གནས་སྐབས་བཞིའི་འཁྲུལ་པའི་དྲི་མ་བསལ། འཕོ་བ་མ་བསྒོམས་འཚང་རྒྱ། བར་དོ་རྒྱལ་བ་ལོངས་སྐུ་གཉིས་བརྩོན་འགྲུས་དང་དབང་པོ་དམན་པའི་སྒོམ་རིམ་གྱི་ཆ་ལག་ཏུ་བཏང་བས་མཆོག་འབྲིང་དམན་པའི་རིམ་པས་བར་དོ་གསུམ་ལ་རྣམ་པར་གྲོལ་བར་འགྱུར་རོ།
Mahamudra
།ཕྱག་ཆེན་ནི། ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གདམས་པའི་རྡོ་རྗེའི་ཚིག་རྐང་རྣམས་མཁས་གྲུབ་ཁྱུང་པོས་ཤིན་ཏུ་ཐུགས་བརྩིགས་ཆེ་བས་ཤོག་དྲིལ་བལ་པོའ་གྭའུ་སྙིང་འདྲ་བ་ཞིག་གི་ནང་དུ་བཅུག་ནས་མགུལ་བར་འཆང་བས་ཕྱག་ཆེན་གྭའུ་མར་གྲགས་པ་ནི། སྔོན་འགྲོ་རང་བབས་གསུམ་གྱིས་ཞི་གནས་དང་ལྷག་མཐོང་བསྐྱེད། དངོས་གཞི་རྡོ་རྗེའི་ཡེ་ཤེས་འབེབས་པས་རྐུ་ཐབས་སུ་ངོ་སྤྲད་ཅིང་སྐྱོན་བཞི་རང་སར་གྲོལ་བའི་སྒོ་ནས་སེམས་ཉིད་ཀྱི་གདར་ཤ་བཅད། རྗེས་སྐུ་གསུམ་རང་ཤར་གྱི་ངང་བསྐྱང་ཞིང་ཐུན་མོང་མ་ཡིན་པའི་བོགས་འདོན་དང་གེགས་སེལ་བརྟེན་པས་མདོ་རྒྱུད་ཐམས་ཅད་ཀྱི་བསྟན་བྱའི་སྙིང་པོ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། ཕྱག་རྒྱ་ཆེན་པོ་སྐུ་བཞི་རང་གྲོལ་མངོན་ཏུ་འགྱུར་བ་དང་།
Integration
སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་བླ་མ་ཡི་དམ་སྒྱུ་མ་གསུམ་གྱི་རང་བཞིན་གནད་དང་ལྡན་པས་ལམ་དུ་ཁྱེར་བས་ལོ་ཟླ་ཙམ་གྱིས་གསལ་སྟོང་བདེ་ཆེན་སྐུ་གསུམ་རང་ཤར་དུ་འབྱུང་བ་དང་།
The Kechari
བཅོམ་ལྡན་འདས་མ་རྡོ་རྗེ་བཙུན་མོ་ཉི་ཟླའི་མདངས་འཛིན་ཁྱད་འཕགས་གསོལ་འདེབས་དང་དམིགས་པའི་གནད་ཀྱིས་བསྐུལ་ཞིང་འཁོར་ལོའ་གནས་བཞིར་ཆགས་གྲོལ་སོ་སོ་ལ་བརྟེན་པའི་བདེ་སྟོང་གི་ཙཎྜ་ལཱི་སྦར་བས་རྟེན་དེ་ཉིད་ཀྱིས་ཟུང་འཇུག་ཆེན་པོའ་མཁའ་ལ་སྤྱོད་པར་འགྱུར་བ་དང་།
Immortality
འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་བཅུ་རྩ་གཉིས་ཀྱིས་ལུས་ཐར་པའི་ལམ་དུ་གཟུང་། རང་སེམས་གདོད་མ་ནས་མ་སྐྱེས་པས་འཆི་མེད་རང་གྲོལ་ཆེན་པོར་གྲུབ། རྣམ་སྨིན་ཕུང་པོ་བེམ་པོའ་ཚོགས་པ་སྐྱེ་འཆིའི་གདགས་གཞིས་སྟོང་། དོན་ཏུ་ལུས་ཀྱང་སེམས་སྣང་ཙམ་ལས་བྱུང་ཞིང་སེམས་སྐྱེ་འཆི་མེད་པར་རྟོགས་པའི་གདིང་ཐོབ་པ་ན་ལུས་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འཁྲུལ་སྣང་གིས་འཆུགས་པ་མེད་པའི་དབྱིངས་སུ་བསྡམས་པ་སྟེ། གདམས་ངག་སྣ་རེས་ཀྱང་ཚེ་འདི་ལ་ཟུང་འཇུག་གི་སྐུ་བརྙེས་ཤིང་། ཐོས་པ་ཙམ་གྱིས་ཀྱང་བར་དོ་རྒྱལ་བ་ལོངས་སྐུར་འཚང་རྒྱ་བ་སོགས་གསུངས་ཏེ། རྡོ་རྗེའི་ཚིག་རྐང་ལས། ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདིའམ་བར་མ་དོར། །བདེ་སྟོང་དབྱེར་མེད་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ། །ཞེས་གསུངས་པ་ལྟར་རོ།
---
།ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷིའི་ཆོས་སྐོར་ལས་ཤིན་ཏུ་ཟབ་པའི་ཐབས་ལམ་ཆོས་དྲུག་དང་ཕྱག་ཆེན་དག་པ་ཡེ་ཤེས་གཉིས་ཙམ་བཞུགས་པར་སྣང་བ་དང་། གྲུབ་ཆེན་རཱ་ཧུ་ལའི་གདམས་ངག་ལྷ་བཞི་དྲིལ་སྒྲུབ། མཻ་ཏྲི་པའི་ཟབ་ཆོས་མྱུར་མཛད་ཡེ་ཤེས་མགོན་པོ་རྣམས་ཀྱང་ཉམས་མྱོང་བྱིན་རླབས་ཀྱི་རྒྱུན་ལྡན་འབའ་ཞིག་ཏུ་སྣང་ངོ་།

Work in progress