Rang sems 'chi med rang grol gyi zin bris snying gi thig le

From Shangpa Resource Center








Resource ID SCv7p177
Title rang sems 'chi med rang grol gyi zin bris snying gi thig le
Topics Immortality
Sub-Topics Commentary
Author Jamyang Khyentsé Wangchuk
Associated Person Khyungpo Neljor
Gyeltsen Bum
Link BDRC W23922
Notes Author is uncertain. Commentary of the first part of sems 'chi med kyi rtsa ba.

༈ རང་སེམས་འཆི་མེད་རང་གྲོལ་གྱི་ཟིན་བྲིས་སྙིང་གི་ཐིག་ལེ་བཞུགས་སོ།

ན་མོ་གུ་རུ་ཤྲཱི་ཨ་མཱ་ར་ཛྙཱ་ན་མ་ཧཱ་ཡེ།
།དུས་གསུམ་སངས་རྒྱས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ། ཕ་བླ་མ་བློ་གསལ་རྒྱ་མཚོ་སྐུ་དྲིན་མཚུངས་པ་མ་མཆིས་པའི་ཞལ་སྔ་ནས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། །འདིར་བླ་མ་ཤངས་པ་གདུ་གུ་བའི་མན་ངག་ཐམས་ཅད་ཀྱི་སྙིང་པོ་རང་སེམས་འཆི་མེད་རང་གྲོལ་གྱི་དོན་ཉམས་སུ་ལེན་པའི་ཚུལ་ལ། འཆི་མེད་འདི་ཉིད་གདམས་པ་ཐམས་ཅད་ཀྱི་མཐར་ཐུག་ཡིན་པའི་རྒྱུ་མཚན་གྱིས་རྡོ་རྗེ་འཆང་ཆེན་པོའི་གསུང་ཡེ་ཤེས་ཀྱི་ཌཱ་ཀིས་ཡི་གེ་བཀོད་པའི་རྡོ་རྗེའི་ཚིག་རྐང་། མཁས་གྲུབ་ཁྱུང་པོའི་ཚིགས་གསལ་ནས་བཟུང་སྟེ། མཁས་བཙུན་སངས་རྒྱས་ཀྱི་བར་གྱི་བླ་མ་བརྒྱུད་པ་རིམ་བཞིན་གྱིས་ཡི་གེ་རེ་འབྱུང་བ་ཡིན་པ་ལས། འདིར་རྡོ་རྗེའི་ཚིག་རྐང་དོན་གསུམ་སྟེ། ཀླད་གཞུང་། འཇུག་གི་དོན་ནོ།
།དང་པོ་ལ་མཚནགྱི་དོན་དང་། འགྱུར་གྱི་ཕྱག་གཉིས།
དང་པོ་ལ། མཚན་དོན་དངོས་དང་། དེ་བཤད་པ་གཉིས་ཀྱི།
དང་པོ་ནི། །འཕགས་ཡུལ། རྒྱ་གར་སྐད་རིགས་བཞི་ལས། སཾ་ཀྲྀ་ཏའི་སྐད་དུ། ཤྲཱི་ཨ་མཱ་ར་ཛྙཱ་ན་མ་ཧཱ་ན་མཿ དེ་ཉིད་བོད་ཁ་བ་ཅན་པའི་སྐད་དུ་སྒྱུར་ན། ཤྲཱི་དཔལ། མ་ར་འཆི་བའི་བདུད་ཡིན་ལ། དེའི་གོང་དུ་ཨ་དགག་ཚིག་བཅུག་པས་འཆི་མེད། ཛྙཱ་ན་མ་ཧཱ། ཡེ་ཤེས་ཆེན་པོ། ནཱ་མ་ཞེས་བྱ་བའོ།
།གཉིས་པ་ནི། དཔལ་ནི། འཁོར་བའི་སེམས་ཅན་ཐམས་ཅད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་གཞིས་ཉམས་ཐག་ཅིང་། སྦྱང་གཞི་སྡུག་བསྔལ་ཐམས་ཅད་ཀྱི་གཙོ་བོའམ། ཅིག་ཤོས་ནི་འཆི་བ་ཡིན་ལ། རང་སེམས་བརྗོད་བྲལ་དུ་རྟོགས་པ་ན། འཆི་བྱ་འཆི་བྱེད་ཐམས་ཅད་བྲལ་བར་རང་ངོ་ཤེས་པས་འཆི་བའི་སྡུག་བསྔལ་ལས་སྐྱོབ་པའི་མགོན་ནམ། དཔལ་དུ་གྱུར་པའོ།
འཆི་མེད་ནི། ཐ་མལ་པ་རྣམས་ཀྱི་འཆི་བྱ་འཆི་བྱེད་ཀྱི་རྣམ་རྟོག་རང་བཞིན་མ་གྲུབ་པར་ངོ་མ་ཤེས་ཞིང་། བདེན་པར་ཞེན་པའི་འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་། འཆི་བ་འོད་གསལ་ཆོས་སྐུའི་ངང་དུསངས་རྒྱ་བར་མ་ནུས་པས། སླར་བར་དོ་དང་། སྐྱེ་བ་འཆི་བ་སོགས་སྡུག་བསྔལ་འཁོར་ཡུག་ལ་ལོངས་སྤྱོད་དགོས་པ་ཡིན་ལ། བླ་མ་དམ་པའི་གདམས་ངག་གིས་རང་སེམས་གསལ་སྟོད་ཟུང་འཇུག་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ངོཤེས། ཐག་བཅད། དེའི་རྒྱུན་བསྐྱངས་པ་ལ་བརྟེན་ནས། འཆི་མཁན། འཆི་བྱ། འཆི་བྱེད། འཆི་ཚུལ་ཐམས་ཅད་མ་གྲུབ་པའི་རང་ངོཤེས་པ་ལ་བརྟེན་ནས། རྣལ་འབྱོར་པ་དངོས་གྲུབ་ལེན་པའི་དུས། གཉིད། རྨི་ལམ། འཁྲིག་པ། འཆི་བའི་དུས་དང་བཞི་ལས། གཙོ་བོ་འཆི་བའི་དུས་དེ་ཉིད་དགེ་སྦྱོར་གྱི་གསལ་འདེབས་སུ་གྱུར་ཏེ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པའོ།
།ཡེ་ཤེས་ནི་དེ་ལྟ་བུའི་རང་སེམས་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ཤར་བ་དེ་ཡང་བློ་བུར་དུ་བཅོས་པ་ལྟ་བུ་མ་ཡིན་གྱི། ཡེ་གདོད་མ་ནས་རང་བཞིན་གྱིས་གྲུབ་པའི་ཤེས་པ་ཡིན་ལ།
ཆེན་པོ་ནི་ཡེ་ཤེས་དེའི་གོང་ན་དེ་ལས་ལྷག་པ་གཞན་མེད་པས་སོ།
།གཉིས་པ་ནི། ལོཙཱ་བས་འགྱུར་གྱི་ཐོག་མར་དེ་ལྟ་བུའི་ཡེ་ཤེས་ལ་ཕྱག་འཚལ་བ་སྟེ། དཔལ་འཆི་མེད་ཡེ་ཤེས་ལ་ཕྱག་འཚལ་ལོ། །ཞེས་པའོ།
།གཉིས་པ་གཞུང་གི་དོན་ལ། བརྒྱུད་པ་སྨོས་ཏེ་མདོར་བསྟན་པ། ཉམས་ལེན་གྱི་སྒོ་ནས་རྒྱས་པར་བཤད་པ། དོན་བསྡུས་ཏེ། མཇུག་བསྡུས་པའོ།
།དང་པོ་ནི། རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །ཞེས་པ་ནས། ཡེ་ཤེས་ལུས་ནི་རང་དགར་འབྱུང་། །ཅེས་པའི་བར་གྱིས་བསྟན་ཏེ། དེའང་ཡེ་ཤེས་ཀྱི་ཌཱ་ཀི་མས་སོ་སོ་སྐྱེ་བོའི་བླ་མ་ལྟ་བུ་བརྒྱུད་པ་གཞན་ལ་རགས་མ་ལས་པར་རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ་ཉིད་ལ། མངོན་སུམ་དུ་ཐོས་ཅེས་སྨོས་པས་ཁུང་བཙུན་པ་ཡིནལ་གང་ཐོས་ན།
འཆི་མེད་ཡེ་ཤེས་རང་སྒྲ་འདི་སྐད་ཐོས་ཅེས་པས་གོང་དུ་བཤད་པ་ལྟ་བུའི་འཆི་མེད་ཡེ་ཤེས་སྟོན་པར་བྱེད་པའི་རང་སྒྲ་འདི་ལྟ་བུ་ཐོས་ཞེས་འཆད་པར་དམ་བཅའ་བ་ཡིན་གསུངས། འོ་ན་དེ་ལྟ་བུའི་གདམས་པ་འདི་ཡུལ་ཇི་ལྟ་བུ་ཞིག་ལ་སྟོན་སྙམ་ན།
གང་གི་དད་ལྡན་དབང་ཐོབ་དམཚིག་ཅན། །ཞེས་སྨོས་ཏེ། །དད་པ་མེད་པའི་མི་རྣམས་ལ་སོགས་གསུང་པ་ལྟར། བླ་མ་དང་གདམས་ངག་ལ་ཡིད་ཆེས་པའི་དད་པ་མེད་ན། འཛིན་པའི་ལྕགས་ཀྱུ་ཡོད་ཀྱང་བཟུང་བའི་ལུང་མེད་པ་ལྟ་བུར་སོང་ནས་བྱིན་རླབས་མི་འཇུག་ཅིང་། དེ་ལ་བརྟེན་ནས་ཉམས་རྟོགས་མི་སྐྱེ་བས། བླ་མ་དང་གདམས་ངག་ལ་ཁ་ཙམ་མ་ཡིན་པར་འགྱུར་མེད་ཀྱི་དད་པ་ཕྱིན་ཅི་མ་ལོག་པར་ཡོད་པར། དེ་ཙམ་དུ་མ་ཟད། འདི་ཉིད་སྤྱིར་རྡོ་རྗེ་ཐེག་པ། བྱེ་བྲག་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་དོན་བཅུད་ཕྱུང་བའི་ལམ་གྱི་སྙིང་པོ་ཡིན་པས། སྨིན་བྱེད་ཀྱི་དབང་བསྐུར་བ་རྫོགས་པར་ཐོབ་པ། དབང་དུས་སུ་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་ཤིང་སྲུང་སྡོམ་ལ་བརྩོན་པ་ཞིག་དགོས་ལ། དེ་གསུམ་དང་ལྡན་པ་ཙམ་གྱིས་རང་སེམས་གནས་ལུགས་ཕྱག་རྒྱ་ཆེན་པོ་རྗེན་པར་མི་རྟོགས་པའི་ཕྱིར།
བླ་མ་མཆོག་བརྟེན་འདི་དོན་རྟོགས་པར་གྱིས། །ཅེས་གསུངས་ཏེ། འདིའི་སྐབས་ཀྱི་བླ་མ་མཆོག་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྙན་བརྒྱུད་ཀྱི་གདམས་པ་ཕྱིན་ཅི་མ་ལོག་པར་ཐོབ་ཅིང་། རང་ཉིད་ཀྱི་ཉམས་སུ་བླངས་ཏེ་ཉམས་སུ་མྱོང་བ། རང་བཟོ་དང་བསྲེ་བསླད་མེད་པར་གཞན་ལ་སྟོན་ནུས་པ་དེ་ཙམ་ཞིག་ལ་ངོས་འཛིན། དེ་ལྟ་བུའི་བླ་མ་མཆོག་དེ་བསྟེན་ཚུལ་དུ་མའི་སྒོ་ནས་མཉེས་པར་བྱས་ཏེ། བརྒྱུད་པ་ཟམ་མ་ཆད་པའི་གདམས་པ་ཇི་ལྟར་བསྟན་པ་བཞིན་ཉམས་སུ་བླད་སྟེ། རང་སེམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གདོད་ནས་བཞུགས་པ་འདི་རྟོགས་པར་བྱེད་པའོ། །འོ་ན་གང་ཟག་དེས། ལམ་དེ་ལྟ་བུ་ཉམས་སུ་བླངས་པའི་འབྲས་བུ་དུས་ནམ་གྱི་ཚེ་ཐོབ་སྙམ་ན།
གང་གི་ཚེ་འདི་བློས་བཏང་ནས། །རྩེ་གཅིག་ཞག་བདུན་ལོ་ཟླ་ཡིས། །ཇི་ལྟར་ཉོན་མོངས་ལུས་འདི་ལ། །ཡེ་ཤེས་ལུས་འདིརང་དགར་འབྱུང་། །ཅེས་གསུངས་ཏེ། །སྒྲུབས་ཀྱང་འགྲུབ་པའི་ངེས་པ་མེད་ལ། གྲུབ་ཀྱང་སྒྱུར་ནས་འགྲོ་རྒྱུའི་ཚེ་འདིའི་བྱ་བ་བུན་ལོང་སྙིང་པོ་མེད་པ་ཐམས་བློས་ལིང་གི་དོར་ནས། བསམ་པ་རྩེ་གཅིག་ཏུ་ཉམས་སུ་བླངསན། དབང་པོ་རབ་ཞག་བདུན། འབྲིང་ཟླ་བ་གཅིག །ཐ་མའང་ལོ་གཅིག་ན་ངེས་པར་སངས་རྒྱ་ལ། ཤིན་ཏུ་ཐ་མ་ཉམས་སུ་ལེན་མ་ནུས་ཀྱང་། གདམས་པ་འདི་ཐོབ་ཕྱིན་ཆད། འཆི་ཁར་འཆི་བ་འོད་གསལ་རང་ངོ་ཤེས་ནས་ངེས་པར་སངས་རྒྱས་ཤིད། རྒྱུ་ཚུལ་ཡང་། ལས་དང་ཉོན་མོངས་པས་སྐྱེད་པས་རྣམ་སྨིན་གྱི་ལུས་བག་ཆགས་དང་བཅས་པ་དབྱིངས་སུ་དག་ནས། ཡེ་ཤེས་ཀྱི་སྐུ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྣང་སྟོང་དབྱེར་མེད་ནམ་མཁའི་འཇའ་ཚོན་ལྟ་བུ་རང་ཤར་དུ་བྱུང་ནས་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་བྱེད་པ་ཡིན་གསུངས།
།གཉིས་པ་རྒྱས་པར་བཤད་པ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས།
དང་པོ་ནི། ཚད་མེད་སེམས་བསྐྱེད་སྔོན་འགྲོ་བས། །ཅེས་པ་སྟེ། མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །ཅེས་པའི་བར་གྱིས་སྟོན། དེ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས།
དང་པོ་ནི། ཚད་མེད་སེམས་བསྐྱེད་སྔོན་འགྲོ་བས། །ཅེས་པ་སྟེ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕནཡོན་རྣམས་མདོར་བསྡུས་གསུང་། དེ་དག་གི་དོན་དྲན་བཞིན་པས། སྐྱབས་ཡུལ་ནམ་མཁའི་ཁམས་གང་བ་མཁའ་ཁྱབ་ཏུ་བཞུགས་པ་ལ་བློ་སྙིང་བྲང་གསུམ་གཏད་དེ། སྐྱབས་འགྲོ་ཉེར་གཅིག་ཙམ་གྱི་རྗེས་སུ། སེམས་བསྐྱེད་ཀྱི་ཚིག་ལན་གསུམ་བརྗོད། རང་ཐུན་མཚམས་ཀྱི་ལྷར་ལམ་གྱིས་གསལ་བའི་སྤྱི་བོའི་གཙུག་གམ། སྤྱི་བོའི་་་་་ཙམ་གྱི་མདུན་གྱི་ནམ་མཁར། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཟླ་བའི་གདན་ལ། དུས་གསུམ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་དམ་པ་དེ་ཉིད་སྐུའི་རྣམ་པར་ཇི་ལྟ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། དར་དང་ཟ་འོག་གི་ན་བཟས་ཀླུབས་པ། འོད་དང་འོད་ཟེར་གྱི་རང་བཞིན། བདག་ལ་དགྱེས་པའི་ཞལ་འཛུམ་བག་དང་བཅས་ཏེ་བཞུགས་པ། མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་སྩོལ་ནུས་ན། གསོལ་བ་བཏབ་ན་སྨོས་ཅི་དགོས་པ་ཞིག་སྒོམ་པར་བྱེད། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུས་གསུམ་དང་འབྲེལ་བའི་རྩ་བརྒྱུད་ཀྱི་བླ་མ། ཡི་དམ། སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོད་སྲུང་མ་མདོརན་སྐྱབས་གནས་དཀོན་མཆོག་ཐམས་ཅད་ནམ་མཁའི་ཁམས་གང་བར་སྤྱན་དྲངས་བླ་མ་དེ་ཉིད་ལ་སིབ་ཀྱིས་ཐིམ་པས་སྐྱབས་གནས་ཀུན་འདུས་བསམ།
དེ་ལ་མཆོད་པ་འབུལ་བ་ནི། རངཉིད་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་རྒྱུར་བྱས་པ་ལས་བྱུང་བའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་སྟོང་གསུམ་ཐམས་ཅད་འཛམ་བུ་ཆུ་བོའི་གསེར་གྱིས་ཕྱུར་བུར་བཀང་བ་ལྟོས་མེད་དུ་ལིང་གིས་ཕུལ། བླ་མ་དམ་པ་དེ་ཉིད་བརྒྱུད་པའི་བླ་མ་ཀུན་འདུས་སུ་གསལ་བས། གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཞེས་སོགས་བརྒྱུད་པའི་གསོལ་འདེབས་བྱས་པའི་རྗེས་སུ། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་པ་ལན་གཅིག་སྣ་དྲངས། བླ་མ་རིན་པོ་ཆེ་བདག་གི་སེམས་ཅན་ཐནས་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། རང་སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་མཛད་དུ་གསོལ། ཞེས་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་བརྒྱ་སྟོལ་ལ་སོགས་པ། ལུས་ཀྱི་བ་སྤུ་གཡོ་བ། མིག་ནས་འཆི་མ་འ་་་་་་་བློ་སྣ་བླ་མས་འཕྲོག་པ། ལུས་སེམས་ཚུགས་མི་ཐུབ་པ་སོགས་འགྱུར་བ་ཁྱད་པར་ཅན་ཞིག་མ་བྱུང་གི་བར་དུ་བཏབ། དེ་ཙམ་ནས་བླ་མ་དགེས་བཞིན་ཏུ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ་པས་ཆུ་ལ་ཆུ་དང་། མར་ལ་མར་བཞག་པ་བཞིན། བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་འདྲེས་སོང་སྙམ་པའི་ངང་དུ་རིག་པ་ཧྲིལ་གྱིས་སྒྲིམས་ནས་འཇོག །སེམས་བརྗོད་མེད་དུ་གནས་པ་ན། དེ་ཙམ་དུའང་མི་འཛིན་པར། ལུས་ངག་ཁོང་ཀློད་ནས། རང་བབས་སུ་ཆམ་མེ་འཇོག་པར་བྱེད། ཐུན་དེ་ལས་ལྡང་བར་འདོད་པ་ན། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། སོགས་དགེ་བའི་རྩ་བ་ཇི་ལྟ་བར་བསྔོས། ཐུན་མཚམས་ཐམས་ཅད་དུའང་གཤིས་སྐྱེ་མེད་སྟོང་ཉིད་དུ་ཆོམ་མེ། མདངས་འགག་མེད་མོས་གུས་ལམ་མེ་བའི་ངང་ནས། བླ་མའི་ཞབས་ཏོག་སོགས་སྤྱོད་ལམ་དགེ་བས་དུས་འདའ་བར་བྱ་གསུངས།
།གཉིས་པ་ཐུན་མོང་མིན་པའི་སྔོན་འགྲོ་ལ། ཁ་དོག་ལ། དབྱིབས་ལ། རྣམ་པ་ལ། དབྱེར་མེད་ལ། ངོ་བོ་རང་བཞིན་མཚན་ཉིད་ལ་བསླབ་པ་དང་ལྔ་ལས།
དང་པོ་ནི། ཆོ་ག་གསུམ་མམ་སྐད་ཅིག་གིས། རང་ལུས་ཡི་དམ་ཡབ་ཡུམ་གྱིས། །སྤྱི་གཙུག་ས་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅད་ཀུན། །དག་ཅིང་སྟོང་གསལ་ཉིད་སྦྱངས་པས། །སྣང་སྟོང་འཇའ་ཚོན་འོད་ཀྱི་སྐུ། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཅེས་གསུངས་པའི་དོན། ཡབ་ཀྱི་ཕྱི་སྦྱངས་བ་དང་ནང་སྦྱང་བ། ཡུམ་གྱི་ཕྱི་སྦྱོང་བ་དང་ནང་སྦྱོང་བ་རྣམས་ལས། དེའང་གང་སྦྱང་བའི་ཁྱད་པར་ནི། ཡི་དམ་གྱི་ལྷ་སྤྲོས་པ་ལ་དགའ་ན་ཆོ་ག་གསུམ་སྐྱེད་སོགས་བྱས་ཀྱང་རུང་མོད། བླ་མ་རྣམས་ཀྱིས་ཕྱག་ལེན་སྐད་ཅིག་གིས་སྐྱེད་པར་མཛད་པས།
དེའི་ཚུལ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་ཏུ་བཏང་སྟེ། བླ་མ་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་འོད་གསལ་སྟོང་ཉིད་དེའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན། རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་དང་མཉམ་པར་སྦྱོར་བ། སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཞིག་ཏུ་ལམ་གྱི་བསྒོམ་པའི། རལ་པའི་ཐོར་ཚུགས་ཀྱི་མདུན་ཚོགས་མའི་སྟེང་དུ་ཧཱུྃ་སྔོན་པོ་རང་གི་མཐེབ་སོར་གྱི་ཚད་ཙམ། སྔོ་བ་ལ་བལྟས་ན་བཻ་ཌཱུཪྻ་དྭངས་པའམ། སྟོན་གྱི་ནམ་མཁའ་དྭངས་པ་ལྟ་བུ། གསལ་བ་ཉི་མ་འབུམ་གྱི་འོད་ཅིག་ཅར་དུ་ཤར་བ་ལྟ་བུ་གསལ་སིང་ངེ་བ་ཞིག་སྒོམ་པར་བྱེད། དེ་ལ་མི་གནས་ན། དེའི་འོག །རང་གི་ཚོགས་མའི་ཐད། ཅུང་ཟད་མི་གསལ་བ་མུན་ནེ་ཡོད་པ་ལ་སེམས་བཟུང་། ཡང་ཧཱུྃ་ལ་བཟུང་། དེ་གཉིས་རེས་འཇོག་ཏུ་སྒོམ་པར་བྱེད།
།དེ་ནས་ཡབ་ཀྱི་ཕྱི་སྦྱོང་བནི། །དཔེར་ན་ནམ་ལངས་པ་ན་རི་ཀླུང་ཀུན་གསལ་གྱིས་འབྱུང་ཡང་། ཉི་མ་ཤར་བ་རྣམས་ཆེས་གསལ་ལ། མ་ཤར་བཚོ་ཅུང་མུན་པ་ལྟར། རང་ཉིད་འཁོར་ལོ་བདེ་མཆོག་འོད་ཀྱི་རང་བཞི་ཤིན་ཏུ་གསལ་བར་ཡོད་ཀྱང་། ཧཱུྃ་དེས་ཆེས་ཆེར་གསལ་བའི་དབང་གིས་རང་ཉིད་ཅུང་ཟད་མུན་ནེ་བའི་རྣམ་པར་གནས་པའི་སྤྱི་བོའི་ཧཱུྃ་དེ་ལས་འོད་སྔོན་པོ་ཉི་མ་བྱེ་བའི་གཟི་འོད་དང་ལྡན་པ་ཞིག་བུན་ནུར་ནུར་བྱུང་། རང་གི་སྨིན་མཚམས་ཡན་ཆད་ཁྱབ་པས། རི་རྩེ་ལ་ཉི་མ་ཤར་བ་ལྟར། དེ་ཡན་ཆད་སྔོ་བ་དྭངས་པ། གསལ་བ་ཉི་མ་བྱེ་བའི་གཟི་འོད་དང་ལྡན་པ། དེ་མན་ཆད་ཅུང་མི་གསལ་བ་ལ་སེམས་བཟུང་། དེ་ནས་རིམས་བཞིན་འོད་དེས་ས་ལ་ལ་འཕྲོས། མགྲིན་པ་ཡན་ཆད། ཐུགས། སྐུ་སྐེད། ཕྱལ། བརླ་གཉིས། ངར་གདོང་། ཞབས་མགོ་ཡན་ཆད་སྔོ་བ། དྭངས་པ། གསལ་བ། ཉི་མ་བྱེ་བའི་འོད་དང་ལྡན་པར་བསམ། དེས་འོད་ཀྱི་འཇིགས་བྱེད། དུས་མཚན་དང་། པད་ཉི་རྣམས་ཤིན་ཏུ་གསལ་བ་འོད་ཀྱི་རང་བཞིན་བསམ། ཡང་ཞབས་མཐིལ་ནས་ཡར་རིམས་བཞིན་སྤྱི་བོའི་བར་དུ་གསལ་བཏབ། ཡང་ཧཱུྃ་ལས་འོད་འཕྲོས་སྤྱི་བོ་ནས་རིམས་བཞིན་ཞབས་ཀྱིས་བར་དུ་གསལ་འདེབས་པར་བྱེད།
།ཡབ་ཀྱི་ནང་སྦྱངས་བ་ནི། ཡང་སྤྱི་བོའི་ཧཱུྃ་ལས་འོད་སྔོན་པོ་ཉི་མ་བྱེ་བའི་གཟི་འོད་དང་ལྡན་པ་འཕྲོས། རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས། མགོ་བོའི་ནད་ཐམས་ཅད་ཁྱབ་པས་དེ་ན་ཡོད་པའི་རུས་པ། ཀླད་པ། ཤ་ཁྲག །ཆུ་སེར་ཐམས་ཅད་འོད་དེས་རེག་པ་ཙམ་གྱིས་འོད་དུ་ཡ་ལ་ལ་ཡལ་ནས་མགོ་བོའི་ནང་ཐམས་ཅད་འོད་སྔོན་པོ་གསལ་སིང་ངེ་བ། ཕྱིའི་པགས་པ་ཐམས་ཅད་ཀྱང་འོད་སྔོན་པོ་གསལ་སིང་ངེ་བ། ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཏུ་གྱུར། འོད་ཟེར་མར་བྱུང་། མགྲིན་པ། སྙིང་ཁ་ནས། རིམ་བཞིན་ལག་སོར་དང་རྐང་སོན་གྱི་བར། ཐ་ན་སྐྲ་དང་བ་སྤུའི་བུ་ག་ཚུན་ཁྱབ་པས། དེ་དག་ན་ཡོད་པའི་ཤ་རུས། དོན་སྙིང་། ནང་ཁྲོལ། ཁྲག་ཆུ་སེར། རྐང་མར་སོགས། མདོར་ན་ལུས་གདོས་བཅས་རྣམ་སྨིན་གྱི་ཕུང་པོའི་ཆ་ཤས་ཐམས་ཅད་འོད་དུ་ཡལ་ནས། རང་གི་ལུས་ཀྱི་ཕྱེ་ནང་ཐམས་ཅད་འོད་ཀྱི་རང་བཞིན་དྭངས་གསལ་རྙོགས་མེད། སྒྲིབ་ཐོགས་དང་བྲལ་བ། རྣམ་པ་གཟུགས་སུ་གྲུབ་ལ། རེག་པ་རྫས་སུ་མ་གྲུབ་པ། འཇའ་ཚོན་ཤར་བ་ལྟ་བུར་བསྒོམ་པར་བྱེད། དེ་ལེགས་པོ་ཞིག་བྱུང་བ་དང་།
ཡུམ་གྱི་ཕྱི་སྦྱངས་བ་ནི། ཡུམ་གྱི་སྤྱི་བོར་པཾ་ཡིག་དམར་པོ་འཐེབ་སོར་གྱི་ཚད་ཙམ་ཉི་མ་བྱེ་བའི་གཟི་འོད་དང་ལྡན་པ། དེ་ལས་འོད་དམར་པོ་ས་ལ་ལ་འཕྲོས། ཡུམ་གྱི་སྨིན་མཚམས་ཡན་ཆད་ཁྱབ་པས་འོད་ཀྱི་རང་བཞིན་དྭངས་གསལ་རྙོགས་མེད་དུ་གྱུར། དེ་ནས་རིམས་བཞིན་མགྲིན་པ། ཐུགས་ཀ །སྐྱ་སྐེད། ཕྱལ། བརླ་གཉིས། ཞབས་ངར། ཞབས་མགོའི་བར་སྦྱངས་པས། པདྨ་རཱ་གའམ། བྱེ་རུའི་ཕུང་པོ་རྔུལ་གྱིས་གཡོགས་པ་ལ་ཆུ་གཙང་མ་བྲན་པ་ལྟར། འོད་ཀྱི་གང་རེག་རྣམས་གསལ་ཞིང་། མ་རིག་པ་རྣམས་ཅུང་མུན་ནེའི་རྣམ་པར་སྒོམ།
།ནང་སྦྱངས་པ་ནི། ཡང་བཾ་ལས་འོད་འཕྲོས། ཡུམ་གྱི་ཚངས་བུག་ནས་ཞུགས། དབུའི་ནང་ཁེངས། ཀླད་པ། ཁྲག་ཆུ་སེར། ཤ་རུས་ཐམས་ཅད་འོད་དུ་ཡལ། དབུ་ཐམས་ཅད་འོད་དམར་པོའི་རང་བཞིན་ཕྱི་གསལ་ནང་། །གསལ་དུ་བསམ། རིམས་བཞིན་མགྲིན་པ་ནས་ཞབས་སོར་གྱི་བར་ཐམས་ཅད་ཁེངས་པས། གདོས་བཅས་ཀྱི་སྣང་བ་ཐམས་ཅད་སྤྱངས་ཏེ། །འོད་དམར་པོའི་རང་བཞིན་ཡུམ་གྱི་ཡབ་མ་སྒྲིབ་པར་ཡབ་ཀྱི་སྐུ་རྒྱབ་ཚུན་མདུན་ནས་མཐོང་བ། ཡབ་ཀྱིས་ཡུམ་མ་སྒྲིབ་པར་ཡབ་ཀྱི་སྐུ་རྒྱབ་ནས་བལྟས་ན་ཡུམ་གྱིས་རྒྱབ་ཚུན་མཐོང་བ་དྭངས་གསལ་འོད་ཀྱི་རང་བཞིན་ལ་སེམས་འཛིན་པ་ནི་ཁ་དོག་ལ་བསླབ་པ་ཡིན་གསུངས།
།གཉིས་པ་དབྱིབས་ལ་བསླབས་པ་ནི། ཞལ་ཕྱུག་ཅེས་པས་བསྟན་ནས། ཡང་ཧཱུྃ་གི་འོད་ཀྱིས་རང་འཁོར་ལོ་བདེ་མཆོག་འོད་ཀྱི་རང་བཞིན་དུ་གསལ་བ་དེའི་སྤྱི་བོར་རལ་པའི་ཅོད་པན་གནག་ཅིང་སྣུམ་ལ་སྔོ་ཞིང་དམར་མདངས་ཆགས་པ། སྤྱན་གསུམ་དབུས་ནག་པ། མཐའ་སྐྱ་བ། སྤྱན་རྩ་དམར་ཧྲིག་གེ་བ། ཤངས་ཀྱི་གཟེངས་མཐོ་བ། སྙན་ཤལ་ཕྲག་པར་སླེབ་པ། མགུལ་པ་ལ་རི་མོ་གསུམ་ཡོད་སྙམ་པ། སྐུ་ཚོ་སྐེམས་གཞོན་ནུ་བཅུ་དྲུག་ལོན་པ་ལྟ་བུ། ཕྱག་གཉིས་གཞོན་ཤ་ཆགས་ཤིང་ཕྱག་མཐིལ་དམར་མདངས་ཡོད་སྙམ་པ། ཞབས་གཡས་བརྐྱང་པས་དུས་མཚན་མའི་སྙིང་ག་དང་། གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བལྟབ་ནས་མནན་པ། ཡུམ་གྱི་དབུ་སྐྲ་ནག་པོ་མདུད་པ་སོགས་མེད་པའི་སིལ་བུའི་སྐུ་རྒྱབ་ཁེབས་པ། སྤྱན་གསུམ་དབུས་ནག་པ། མཐའ་སྐྱ་བ། སྤྱན་རྩ་དམར་ཤིག་གེ་བ། ཤངས་ཀྱི་གཟེངས་མཐོ་བ། ཕྱག་གཡས་ཡབ་ཀྱི་ཕྲག་གོང་ན་ཡར་ཤེད་སྐྱེད་ནས་སྐྱངས་པ། གཡོན་ཡབ་ཀྱི་མགུལ་ནས་འཁྱུད་པ། ཞབས་གཡོན་དང་ལྷན་ཅིག་ཏུ་བརྐྱངས་པ། གཡས་ཡབ་ཀྱི་བརླའི་སྟེང་དུ་བསྐལ་པར་བསྒོམ།
།གསུམ་པ་རྣམ་པ་ལ་བསླབས་པ་ནི། །རྒྱན་དང་མེ་དཔུད་བཅས། གསལ་ལ་རྟོག་པ་མེད་པ་ཡིས། །ཟག་མེད་བདེ་སྟོང་ཆེན་པོར་ལྟོས། །ཅེས་གསུངས་ཏེ། ཡབ་ཀྱི་རལ་པའི་ཐོར་ཅོག་གི་རྩེ་མོར་ཡིད་བཞིན་གྱི་ནོར་བུ། གཡོན་ཕྱོགས་སུ་ཚེས་གཅིག་གི་ཟླ་བ། སྤྱི་བོར་རུས་པའི་འཁོར་ལོ། རལ་པའི་མདུན་དུ་སྣ་ཚོགས་རྡོ་རྗེ། དཔྲལ་བར་མི་རུས་ལ་བཅོས་པའི་ཐོད་སྐམ་ལྔ། རྩེ་མོར་རིན་པོ་ཆེའི་རྩེ་བྲན་ཅུང་ཟད་དང་བཅས་པ། སྙན་གོང་གཉིས་སུ་དར་འཕྱང་བུན་ནེ་བ། སྙན་གཉིས་སུ་རུས་པའི་འཁོར་ལོའི་རྣ་བརྒྱན། མགུལ་ལ་རུས་པའི་གཞུང་གསུམ་ལ་རུས་ཕྲེང་གི་སྦྲེལ་བའི་མགུལ་རྒྱན། སྙིང་གའི་ཐད་ཀྱི་རྒྱབ་མདུན་ཏུ་རུས་པའི་འཁོར་ལོ་རྩིབས་བརྒྱད་པ་སྟེ། དེའི་བར་རུས་ཕྲེང་གིས་སྦྲེལ་བའི་མཆོད་ཕྱིར་ཐོགས་པ། དཔུང་པ་གཉིས་དང་། འཁྲིག་མ་གཉིས། ཞབས་ཀྱི་བོལ་རྣམས་སུ་རུས་པའི་གཞུང་གསུམ་རེའི་བར་རུས་རུས་ཕྲེང་གི་སྦྲེལ་ཞིང་། མཐར་རུས་མདུད་དང་བཅས་པའི་གདུ་བུ་དྲུག །སྐེད་པ་ལ་རུས་པའི་གཞུང་ལྔ། དེ་དག་གི་བར་རུས་ཕྲེང་གི་སྦྲེལ་ཞིང་། ཟ་ར་ཚགས་འཕྱང་བའི་རིང་ཤོས་བོལ་གོང་དུ་སླེབས་པའི་རྩེ་ལ་གསེར་དངུལ་གྱི་དྲིལ་བུ་གཡེར་ཁ་སེལ་སིལ་སྒྲོག་པ་དང་བཅས་པའི་འོག་པགས། དེ་ཐམས་ཅད་ཀྱང་རེ་རེ་ནས་འོད་ཀྱི་རང་བཞིན་སྐར་ཆེན་ཤར་བ་ལྟ་བུ། སྟག་ལྤགས་རློན་པ་བཤུས་མ་ཐག་ཁྲག་འཛག་བཞིན་པའི་ཤམ་ཐབས་དང་བཅས་པ། ཕྱག་གཡས་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་དེའི་ཡུ་བ་བྱས་པའི་དངུལ་དཀར་གྱི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་གྱི་སྤྱི་བོར་རུས་པའི་འཁོར་ལོ་སོགས། མཆོད་ཕྱིར་ཐོགས་སྤངས་པ་མ་གཏོགས་ཡབ་དང་འདྲ་བ། ཕྱག་གཡས་པ་ཟངས་ཀྱི་གྲི་གུག་དང་། གཡོན་པས་ཟླ་བ་ལྟར་དཀར་བའི་ཐོད་པ་བདུད་རྩིའི་ཁྲག་གི་གང་བ་ཡབ་ལ་སྟོབས་པ་རྣམས། རེ་རེ་ནས་འོད་ཀྱི་རང་བཞིན་དྭངས་ཤིང་གསལ་བ་ཡབ་ཡུམ་གཉིས་ཀའི་བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་འུ་རུ་རུ་འབར་བ་དང་བཅས་པ་ལ་སེམས་འཛིན་པར་བྱེད།
བཞི་པ་དབྱེར་མེད་ལ་བསླབ་པནི། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །སེམསནི་སྣང་སྟོང་ལྷའི་སྐུ། །སེམས་དང་ལྷ་སྐུ། ཅེས་གསུངས་ཏེ། དེ་ལྟ་བུའི་ཁ་དོག །དབྱིབས་རྣམ་པ་དེ་ལྟ་བུ་དང་ལྡན་པའི་འཁོར་ལོ་བདེ་མཆོག་ཡབ་ཡུམ་ངེ་རང་སེམས་ལས་གཞན་ཞིག་མ་ཡིན་ཏེ། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུ་སྒྱུ་མ་ལྟ་བུ་དེར་མ་ཟད། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཉིད་དེ་དང་དེར་ཤར་བ་མ་གཏོགས། སེམས་ལས་ལོགས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། སེམས་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་རྣམ་སྨིན་གདོས་བཅས་ཀྱི་ལུས་འོད་ཀྱིས་སྦྱངས་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འདི་ཀ་རང་གི་སེམས། སེམས་གསལ་སྟོང་ཟུང་འཇུག་དེ་ཀ་མདངས་འགགས་མེད་ལྷ་སྐུར་ཤར་བ་ཡིན་པའི། སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་མེད་ལ། ལྷ་སྐུ་དེ་ཉིད་ལས་གཞན་པའི་སེམས་མེད། དེས་ན་ངོ་བོ་གང་དུ་ཡང་མ་གྲུབ་པའི་ཆ་ནི་སྟོང་ཉིད། མདངས་འགག་མེད་ལྷར་གསལ་བ་ནི་གསལ་དེ་ཉིད་དབྱེར་མེད་པ་ནི་གནས་ལུགས་ཕྱག་རྒྱ་ཆེན་པོའམ། །ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ལ།
དེའི་དཔེ་རྨི་ལམ་ཡུལ་དང་ཆུ་ཟླ་ལྟར། ཅེས་གསུངས་ཏེ། ཉམས་སུ་མྱོང་ལ་རང་བཞིན་མ་གྲུབ་པ་རྨི་ལམ་ལྟ་བུའི་དཔེ་ནི། རྨི་ལམ་དུ་དགྲ་གཉེན་ལ་སོགས་པའི་སྣང་བ་སྣ་ཚོགས་ཤར། ཤར་ཙམ་ཉིད་ན་ཕྱོགས་དེར་ཡོད་མ་མྱོང་ཡང་། འཁྲུལ་པའི་དབང་གིས་ཆགས་སྡང་བདེ་སྡུག་གིས་སྣང་བ་སྣ་ཚོགས་ལ་ལོངས་སྤྱོད་ཀྱང་། གཉིད་སད་པ་ན་ཡུལ་དེ་དག་གིས་ཚུར་ཡོང་པའམ། རང་གིས་ཕར་ཕྱིན་པ་ཅུང་ཟད་ཀྱང་མེད་ལ། ཡུལ་མ་གྲུབ་པས། དེ་ལ་ལྟོས་པའི་བདེ་སྡུག་ཅི་ཡང་གྲུབ་པ་མེད་པ་ལྟར། བླ་མའི་གདམས་ངག་གིས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་དེ་ལྟ་བུ་བསྒོམ་པས། རང་ཉིད་སྣང་ལ་རང་བཞིན་མ་གྲུབ་པའི་ཡི་དམ་གྱི་ལྷར་གསལ་སིང་ངེ་བློ་ཡུལ་དུ་འཆར་བ་ནི་ཉམས་སུ་མྱོང་བ་ཡིན་ལ། ལྷ་སྐུ་དེའི་ངོ་བོ་ལ་བལྟས་པའི་ཚེ་ན། གང་དུ་ཡང་མ་གྲུབ་པའི་སྟོང་པ་ཉིད་བརྗོད་པའི་ཡུལ་ཐམས་ཅད་དང་བྲལ་བའི་རྗེན་པའི་སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་པ་ཡིན་ལ། དེ་བཞིན་དུ། སྣང་ལ་རང་བཞིན་མེད་པ་ཆུ་ཟླའི་དཔེ་ནི། ནམ་མཁའ་ཡོངས་སུ་དག་པ་ལ་ཟླ་བ་ཡོད་པ། བར་སྣང་སྒྲིབ་གཡོགས་མེད་པ། ཆུ་རྩང་རྙོག་པ་མེད་པ་རྣམས་འཛོམ་པའི་ཚེ། ཟླ་བའི་གཟུགས་ཆུ་ནང་དུ་ཐོགས་མེད་དུ་འཆར་ལ། ཤར་ཙམ་ཉིད་ན་ཁོ་རང་གི་ངོ་བོ་ཡོད་མ་མྱོང་བ་ཡིན་ཏེ། ཡོད་ན། ཟླ་བ་དེ་བཟུང་དུ་འདོད་པ་ལྟ་བུ་དགོས་ཀྱང་ལག་པས་རེག་ན་ཞིག་འགྲོ་ལ། མཐར་ཆུ་དེ་ཕོ་བའི་ཚེ། ཟླ་བ་དེ་གང་དུ་སོང་མི་རྙེད་པས། སྐྱེ་འགག་གནས་གསུམ་དང་བྲལ་བ། བྲལ་བཞིན་ཏུ་རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པའི་དབང་གིས་འགག་མེད་དུ་ཤར་བ་ལྟར། རད་སེམས་ལྷའི་སྐུར་བླ་མའི་མན་ངག་གིས་གསལ་བར་ཤར་ཀྱང་། དེ་ཁའི་ངོ་བོ་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་ཉིད་དུ་བཞུགས་པ་ལ་བཞུགས་པར་ངོ་ཤེས་པར་བྱས་ཐག་བཅད། དེའི་རྒྱུན་བསྐྱང་པས། སྣང་སྟོང་དབྱེར་མེད་ལྷ་སྐུ་ཕྱག་རྒྱ་ཆེན་པོ་མངོན་ཏུ་གྱུར་པ་ཡིན་པས། གོང་དུ་བཤད་པ་ལྟར་རྣམ་པ་ལ་བསླབ་པར་ཡན་བྱས་པའི་རྗེས་སུ། དེ་ལྟར་སྣང་བའི་ལྷ་སྐུ་འདི་ཉིད། ང་རང་གི་སེམས་ལྷར་སྣང་བ་མ་གཏོགས། སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཀྱང་མེད། སེམས་ཀྱི་ངོ་བོ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་སྙམ་དུ། ལྷ་སྐུ་དེ་བཀྲམ་པ་ལ་མི་ལྟ་བར། ངོ་བོའི་སྟེང་དུ་འཛིན་པར་མ་ཞུགས་པ་བྱས་ཏེ་འཇོག །ཐ་མལ་གྱི་རྣམ་རྟོག་གང་སྐྱེས་ཀྱང་དེའི་རྗེས་སུ་མི་འབྲང་བར། ཐོལ་སྐྱེས་རྦད་ཆོད་དུ་བྱས་ལ། རང་སེམས་ལྷ་སྐུར་ལྷམ་མེར་གསལ་བ་དེ་ཁའི་སྟེང་དུ་འཛིན་མེད་དུ་ཆམ་ཆམ་འཇོག་པར་བྱེད།
།ལྔ་པ་ངོ་བོ་རང་བཞིན་མཚན་ཉིད་ལ་བསླབ་པ་ནི། རང་བཞིན་ཟུང་འཇུག་ཆེན་པོ་ཡིན། །ངོ་བོ་བརྗོད་བྲལ་བློ་འདས་ཏེ། །དེ་ནི་དུས་གསུམ་སངས་རྒྱས་ཀྱི། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །ཅེས་གསུངས་ཏེ། ངོ་བོ་བརྗོད་བྲལ་བློ་འདས། རང་བཞིན་དབྱེར་མེད་མཐའ་བྲལ། མཚན་ཉིད་མ་འདྲེས་ཡོངས་རྫོགས་ཞེས་བྱ་བ་ཡིན་ཏེ།
དེའང་དང་པོ་ནི། དེ་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་དེའི་ངོ་བོ་ནི། མེད་ཅེས་བྱ་བ་ནི་མི་ནུས་ཏེ་མདངས་འགག་མེད་ལྷ་སྐུ་ཞལ་ཕྱག་གི་རྣམ་པར་གསལ་བའི་ཕྱིར། ཡོད་ཅེས་བརྗོད་མི་ནུས་ཏེ། དེའི་ངོ་བོ་གང་དུ་ཡང་མ་གྲུབ་ཅིང་། སྐྱེ་འགག་གནས་གསུམ་དང་བྲལ་བའི་ཕྱིར། དེས་ན་གཉིས་ཀ་ཡིན་ཞེས་པའམ། གཉིས་ཀ་མིན་ཞེས་པར་མི་ནུས་པས་ན་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ། དེ་ལྟར་གང་དུ་ཡང་མ་གྲུབ་ལ། ཅིར་ཡང་འཆར་བའི་དོན་གྱིས་བློའི་ཡུལ་ཐམས་ཅད་ལས་འདས་པའོ།
།གཉིས་པ་ནི། དེ་ལྟར་གང་དུ་ཡང་མ་གྲུབ་པའི་ཆ་ནས་སྟོང་པ། སྟོང་བཞིན་དུ་མདངས་འགག་མེད་ལྷ་སྐུར་གསལ་བ་མི་སྣང་བ་ཡིན་ལ། དེ་གཉིས་གཞི་ནས་ཡོད་པ་ལྟ་བུ་མིན་གྱི། སྣང་ཙམ་ནས་ཁོ་རང་གི་ངོ་བོ་འདིའོ་ཞེས་བརྗོད་མ་ཤེས་པ་སྟོང་པ། སྟོང་བཞིན་ཏུ་གསལ་ཆ་འགག་མེད་དུ་འཆར་བ་སྣང་བ། མདོར་ན་གསལ་བ་བཙལ་བས་མ་རྙེད་པ། སྟོང་པ་ཚོལ་མཁན་གསལ་བ། གསལ་བ་དང་སྟོང་པ་མེ་དང་མེའི་ཚ་བ་བཞིན་དུ་འབྱེད་མི་ཤེས་པ་ནི་སྣང་སྟོང་ངམ། གསལ་སྟོང་དབྱེར་མེད་ཡིན་ལ། གསལ་བས་སྟོང་པའི་མཐའ་དང་བྲལ། སྟོང་པའི་གསལ་བའི་མཐའ་དང་བྲལ་བ་ཡིན་གསུངས།
གསུམ་པ་ནི། མ་འདྲེས་པ་ནི། ཡུམ་གྱི་སྐུ་མདོག་བརྒྱན། ཕྱག་མཚན་ནས་བཟུང་སྟེ། སྤྱན་གྱི་དཀར་ནག་དང་། དབུ་སྐྲའི་ཉགམ་བ་སྤུ་རེ་རེ་ཚུན་ཆད་ནས་མ་འདྲེས་ལ་སོ་སོར་གསལ་བ། དཔེར་ན་འཇའ་ཚོན་ཁ་དོག་ལྔ་མ་འདྲེས་ལ་གསལ་བ་ལྟ་བུ།
ཡོངས་སུ་རྫོགས་པ་ནི། ཕྱིའི་མེ་རི་ཚུན་ཆད་ཀྱི་དབྱིབས། རྒྱན་ཆ་ལུགས་ཐམས་ཅད་རྫོགས་པའོ། །མདོར་ན་རང་སེམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྣང་ལ་རང་བཞིན་མེད་པ་དེ་ཀའི་ངང་དུ་གློད་ནས་འཇོག་པ་ཡིན་ལ། དེ་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའམ། །གནས་ལུགས་ཕྱག་རྒྱ་ཆེན་པོའམ། འཆི་མེད་རང་གྲོལ་ཞེས་བྱ་བའི་མིང་གིས་བཏགས་པའི་གསལ་སྟོད་ཟུང་འཇུག་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་དེའི་ངོ་བོ་ནི་འདས་མ་འོངས་ད་ལྟར་གྱི་སངས་རྒྱས་ཐམས་ཅད་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ཏེ། གཟིགས་བྱ་གཟིགས་བྱེད་གཟིགས་ཚུལ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། དེ་ཡང་མ་མཁྱེན་པར་མ་གཟིགས་པ་མ་ཡིན་གྱི། མཁྱེན་པས་ཆོས་རྣམས་མ་གཟིགས་ཕྱིར། །ཅེས་དང་། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཅེས་གསུངས་བ་ལྟར། །གཟིགས་བྱ་གཟིགས་བྱེད་དང་བྲལ་བར་མཁྱེན་ནས་མ་གཟིགས་པ་ཡིན་གསུངས་སོ།
།གཉིས་པ་དངོས་ལ། འཆི་མེད་རྡོ་རྗེའི་ཚིགས་རྐང་བཞི་ནི། དེ་ལ་ན་རྒྱུ་འཆི་རྒྱུ་དང་། །འཁོར་བ་མྱང་འདས་མ་གྲུབ་ཅིང་། །འཕོ་བྱ་འཕོ་བྱེད་བྲལ་བས་ན། །དེ་ཕྱིར་འཆི་མེད་རང་གྲོལ་ལོ། །ཅེས་པའི་ཤྭ་ལོ་ཀ་གཅིག་པོ་འདི་ཡིན་ལ། །དེའི་ཚིག་རྐང་དང་པོ་གཉིས་ཀྱིས་རྒྱུས་པར་བཤད། ཕྱི་མ་གཉིས་ཀྱིས་མདོར་བསྟན་པ་ཡིན་གསུང་། དེའང་རང་སེམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རྟོགས་པ་དེའི་ངོ་བོར། ན་རྒྱུ་མ་གྲུབ་སྟེ། ལུས་ནའམ། སེམས་ན། ལུས་ནི་བེམ་པོ་རོ་ལྟ་བུ་ན་བྱ་ན་བྱེད་དང་བྲལ། སེམས་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཕྱིར། ན་བྱ། ན་བྱེད། ན་མཁན། ན་ཚུལ་ཐམས་ཅད་ཅུང་ཟད་ཀྱང་གྲུབ་པ་མེད་དེ། རྣམ་སྨིན་གདོས་བཅས་ཀྱི་ལུས་ནི་འོད་ཀྱིས་སྦྱངས་ནས་མེད། སེམས་ནི་ལྷ་སྐུ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་ཤར་བ་འདི་ཡིན། སེམས་ལས་མ་གརྟོགས་པའི་ཆོས་ནི་གང་ཡང་མ་གྲུབ་པ་མེད་པས། ན་བའི་མཁན་པོ་མ་གྲུབ། དེ་མ་གྲུབ་པས། ན་བར་བྱ་བ་རང་ཉིད་མ་གྲུབ། དེ་ལ་ལྟོས་པས་ན་བར་བྱེད་པོ་མ་གྲུབ། དེས་ན་ན་བའི་ཚུལ་ཟུག་གཟེར་ལ་སོགས་པ་ཅུང་ཟད་ཀྱང་གྲུབ་པ་མེད་དོ། །དེ་ཐམས་ཅད་སེམས་ཁོ་ན་འཁྲུལ་པའི་དབང་གིས་རྣམ་པ་དེ་དང་དེར་ཤར་བ་ཙམ་ཡིན་ལ། འདིར་དེ་ལྟར་འཆར་བ་པོའི་སེམས་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གྲུབ་པའི་ཕྱིར། དེ་བཞིན་ཏུ། འཆི་རྒྱུ་ཡང་མ་གྲུབ་སྟེ། འཆི་བ་ཞེས་བྱ་བ་སེམས་རྣམ་རྟོག་གི་བསླད་པའི་སྐྱེ་འགག་བྱེད་པར་སྣང་བ་ཙམ་ཡིན་ལ། སེམས་དེ་ཉིད་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཚེ། དེ་ནི་ངོ་བོ་ལ། འཆི་བྱ། འཆི་བྱེད། འཆི་མཁན། འཆི་ཚུལ་རྣམས་རྡུལ་ཙམ་ཡང་མ་གྲུབ་པའི་ཕྱིར། དེ་ཙམ་དུ་མ་ཟད་འཁོར་བ་ཞེས་བྱ་བ་ཡང་། རང་སེམས་ལས་ཉོན་གྱིས་བསླད་པའི་འཁྲུལ་པ་རྒྱ་འབྱམས་ལ་འཁོར་བ་ཞེས་བཏགས་པ་ཙམ་མ་གཏོགས། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར། འཁྱམས་རྒྱུའི་འཁོར་བ་མ་གྲུབ། །དེ་མ་གྲུབ་པས་དེ་ལས་ཐར་པའི་ཐོབ་བྱ་མྱང་འདས་ཀྱང་མ་གྲུབ་སྟེ། སངས་རྒྱས་ཞེས་བྱ་བ་རང་སེམས་བརྗོད་བྲལ་གྱི་ངོ་བོ་ལམ་གྱིས་སྦྱངས་པའི་དག་སྣང་ལ་བཏགས་པ་ཙམ་ཡིན་གྱི། དེ་ལས་གཞན་དུ་གྲུབ་པའི་ཚེན། དེའི་ཁོག་པར་འཇུག་པའམ། དེ་དང་བསྲེས་པས་འདྲེས་ཐུབ་པ་ཞིག་མི་ཡོང་བས། སངས་རྒྱས་ཐོབ་པའི་ཐབས་མེད་ལ། སངས་རྒྱས་རང་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་ངོ་རྗེན་པར་ཤེས་པ་ནི་གཞི་དུས་ཀྱི་སངས་རྒྱས་ངོས་ཟིན་པ། དེའི་རྒྱུན་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་མ་ཡེངས་པར་སྐྱོང་བ་ནི་ལམ་དུས་ཀྱི་སངས་རྒྱས། དེ་ཉིད་གོམ་གོམ་པས་ཐ་མལ་གྱི་འཁྲུལ་སྣང་རྣམས་ཇེ་མི་གསལ། ཇེ་ནུབ་ཏུ་གྱུར། དག་པའི་སྣང་བ་ཇེ་གསལ་ཇེ་བརྟན་དུ་གྱུར་ནས་འབྲས་དུས་ཀྱི་སངས་རྒྱས་མངོན་དུ་བྱེད་པ་ཡིན་གསུངས། མདོར་ན། ལུས་ལན་ཚ། སེམས་ལ་འཆི་བར་སྣང་བ་ལ་སོགས་པའི་སྡུག་བསྔལ། དེས་མཚོན་པའི་ཆགས་སྡང་གི་རྟོག་པ་དྲག་པོ་སྲན་མེ་བཟོད་པ་སོགས་བཟང་ངན་གྱི་རྟོག་པ་ཕྲ་རགས་གངཤར་ཀྱང་དེའི་རྗེས་སུ་མི་འབྲང་བར། རྟོག་པ་གང་ཤར་དེ་རིགས་སེམས་ཡིན། །སེམས་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ཐག་བཅད། རྣམ་པ་ལམ་གྱིས་གསལ་བ་དང་། དེ་ཁའི་ཐོག་ཏུ་འཛིན་པ་མ་ཞུགས་པར་ཆོམ་ཆོམ་འཇོག །དེས་མཚོན། མིག་གི་ཡུལ་དུ་གཟུགས་ཆེ་བ་རི་རབ་ཁང་ཁྱིམ་ལྟ་བུ་ནས། ཆུང་བ་གྲོག་བུར་ཡན་གང་མཐོང་ཀྱང་། སྣང་བ་དེ་རིགས་སེམས་དེར་སྣང་བ་མ་གཏོགས། སེམས་ལས་གཞན་དུ་གྲུབ་པ་མེད་པར་ཐག་བཅད། སེམས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་འཛིན་མེད་དུ་འཇོག །མདོརན་ལམ་འདི་ལ་མཉམ་རྗེས་ཀྱི་ཁྱད་པར། ལངས་མ་ལངས་ཙམ་མ་གཏོགས་ཡེ་མེད་པས། དུས་དང་རྣམ་པ་ཐམས་ཅད་དུ་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རང་ཐོག་ཏུ་འཛིན་པ་མ་ཞུགས་པར་སྐྱོང་བ་ཡིན་གསུངས།
།གཉིས་པ། མདོར་བསྟན་གྱི་དོན་ནི། །དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ཐག་ཆོད་པའི་གང་ཟག་དེ་འཆི་བའི་ཚེ་འཆི་བྱ་འཆི་བྱེད་འཆི་མཁན་ཐམས་ཅད་བརྗོད་བྲལ་དུ་ཤེས་པས། འཕོ་བྱ་འཕོ་བྱེད་ཐམས་ཅད་བྲལ་ཏེ་འཆི་བ་འོད་གསལ་ཆོས་སྐུར་སངས་རྒྱ་ངེས་པ་ཡིན་ལ། དེར་ནི་འཆི་མེད་རང་གྲོལ་ཞེས་བྱ་སྟེ། རང་སེམས་བརྗོད་བྲལ་ཟུང་འཇུག་ཏུ་བཞུགས་པ་ལ་བཞུགས་པར་ངོ་ཤེས་པས་གྲོལ་བ། དཔེར་ན་སྦྲུལ་མདུད་པ་རང་གྲོལ་བའམ། ཐག་ཁྲལ་ཐག་ཁྲར་ངོ་ཤེས་པས་སྦྲུལ་འཛིན་རང་གྲོལ་བ་བཞིན་ཏུ། ཁོ་རང་གིས་ཁོ་རང་ངོ་ཤེས་པས་གྲོལ་བ་ཡིན་གསུདངོ་།
།གསུམ་པ་རྗེས་ལ། རང་སེམས་འཆི་མེད་རང་གྲོལ་དུ་མ་གཏོགས་པའི་སྐྱོན་དང་། རྟོགས་པའི་ཕན་ཡོན་གཉེས་ལས།
དང་པོ་ནི། དེ་ལྟར་མ་རྟོགས་རྣལ་འབྱོར་པས། །བསྐལ་པར་སྒྲུབ་ཀྱང་འགྲུབ་མི་འགྱུར། །ལོག་པའི་ལམ་ཞུགས་ཁོན་ཟད། །ཅེས་གསུངས་ཏེ། །རང་སེམས་ལྷ་སྐུར་ཤར་བའི་གསལ་སྟོང་ཟུང་འཇུག་དེ་ལྟར་དུ་མ་གཏོགས་པར། དུག་གསུམ་གྱི་ཀུན་ནས་སླངས་པའི་བསྐྱེད་རིམས་རྫོགས་རིམས་གང་སྒོམས་ཀྱང་། རྣམ་པ་ལྷ་དེ་དང་དེ་ལ་ངོ་བོ་ངན་སོང་སྡུག་བསྔལ་མྱོང་དགོས་པ་ཁོ་ན་འབྱུང་ཞིང་། དུག་གསུམ་གྱིས་ཀུན་ནས་མ་སླངས་ཀྱང་། བསྐྱེད་རིམས་སྐྱོང་པས་ལྷའི་གནས་ཅི་རིགས་པ་དང་། རྫོགས་རིམས་ཕྱག་ཆེན་སོགས་ཇི་ཙམ་སྒོམས་ཀྱང་གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་སོགས་པར་སྐྱེ་བ་ལས། སངས་རྒྱས་ཀྱི་གོ་འཕངས་མི་ཐོབ་སྟེ། ལམ་གྱི་གནད་འཆུགས་པའི་ཕྱིར། བསྐལ་པར་འབད་ཀྱང་ངལ་བ་དོན་མེད་ཅིང་འབྲས་བུ་ལོག་པར་འབྱིན་པ་ཁོ་ན་ཡིན་གསུང་།
།གཉིས་པ་རྟོགས་པའི་ཕན་ཡོན་ནི། །གང་གིས་མཚམས་མེད་ལྔ་རྫོགས་ཀྱང་། །ཅེས་པ་ནས། གསུམ་ལའོ། །ཅེས་པའི་བར་གྱིས་བསྟན་ཏེ། དེ་དག་གི་དོནནི་ཁུངས་བཙུན་པའི་ཡི་གེ་དང་འདྲ་བར་གསུང་ལ། རེག་པས་སངས་རྒྱ་བའི་རྒྱུ་མཚན། རང་གི་ཡི་གེ་ཙམ་ཡང་མི་ཤེས་པ་ཞིག་ལ་གཞན་གྱིས་ཆོ་ག་མཛད་ཅིང་ལྡན་པས་སྒྲུབ་པའི་སྲུང་བ་སོགས་བཏགས་པས་བར་ཆད་དེ་དང་དེ་སྲུང་ཞིང་། མཐུན་རྐྱེན་འགྲུབ་པར་མངོན་སུམ་གྱིས་གྲུབ་ལ། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མན་ངག་ལ་ཕན་ཡོན་དེ་ཙམ་ཡོད་ན་རྒྱལ་བའི་ཐུགས་ཀྱི་བཅུད་ཕྱུང་བའི་མཆོག་གི་དངོས་གྲུབ་སྒྲུབ་པའི་མན་ངག་ལ་ཕན་ཡོན་ཅི་ཕྱིར་མི་འབྱུང་། །དེས་ན་གསེར་ལ་སོགས་པའི་གླེགས་བམ་ཆུང་ངུ་བྲིས་ཏེ་ལུས་ལ་འཆང་བ་གནད་ཡིན་གསུང་། མདོར་ན་རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ་ནི་བསྐྱེད་རྫོགས་དབྱེར་མེད་ཀྱི་ཉམས་ལེན་གཅིག་པུ་འདི་ཡིན་པས་འབད་པས་ཉམས་སུ་ལེན་པར་བྱའོ་གསུང་། །མི་རབས་བདུན་ནས་གསུམ་ལའོ། །ཞེས་པའི་དོན་འདི་ལ། བླ་མ་ཁ་ཅིག་གི་བཞེད་པས་བདུན་ནམ་གསུམ་ཞེས། བདུན་ནི་བརྒྱུད་པ་རིན་ཆེན་བདུན་ནམ། གསུམ་ནི་རྙིང་མ་པ་བཞེད་པ་ལྟར།
རྡོ་རྗེ་འཆང་རྒྱལ་བ་དགོངས་པ། ཌཱ་ཀྐི་མས་རིག་འཛིན་བརྡ། ཁྱུང་པོ་ཡན་གང་ཟག་སྙན་བརྒྱུད་དུ་བཞེད་པ་དང་། འཇག་ཆེན་ཀུན་དགའི་བཞེད་པས། བདུན་ནས་ཞེས་པ་བརྒྱུད་པ་རིན་ཆེན་བདུན། དེ་ནས་ཤངས་སྟོན་མཁས་བཙུན་པའཇག་ཆེན་བྱམས་པ་བྱོན་ནས། འཇག་ཆེན་བྱམས་པ་བརྒྱུད་པ་བདུན་རྫོགས་པའི་གསུམ་པ་ཡིན་ཞིང་། ཁྱུད་པོའི་རྣམ་འཕྲུལ་ཡིན་པ་ལྟར། འཇག་ཆེན་ལུང་བསྟན་ལྟར་བཞེད་མོད། འཇག་སམ་སྤྱི་པའི་བཞེད་པས་བརྒྱུད་པ་བདུན་གྱི་བར་ཆིག་བརྒྱུད་ཁོ་ན་ཡིན་ལ། དེ་ནས་རབ་བླ་མ་ལ་ཆོས་སྐུའི་ངེས་ཤེས་སྐྱེས་པ། འབྲིང་གདམས་ངག་ལ་ཡིད་ཆེས་པ། ཐ་མ་ཉམས་ལེན་རྩེ་གཅིག་ཏུ་ནུས་པ་གསུམ་པོ་གང་རུང་ལ་བྱིན་པས་ཆོག་པར་བཤད་པར་བཞེད་ལ། མཁས་བཙུན་པའི་ཁྲིད་ཡིག་ཏུ། མི་རབས་བདུན་སོང་ནས་བརྒྱུད་པ་གསུམ་པ་ཡིན་ནོ། །ཅེས་པའང་དེའི་དོན་ཡིན་ནོ་གསུང་། མཇུག་གི་སྒོ་ནས་དོན་བསྡུ་བ་ནི། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་མན་ཆད་དེ་གོ་སླའོ།
།མཆོག་གི་བླ་མའི་ཐུགས་བཅུད་ཡིན་བཞིན་ནོར། །ཙིཏྟའི་གའུ་དམ་པོར་མི་འཆང་བར། །ཡི་གེའི་ངལ་བས་གཡེངས་པའི་སྙིང་མེད་པོ། །ཁྱོད་ལ་སངས་རྒྱའི་དུས་ནི་ནམ་ཞིག་ཡོང་། །འོན་ཀྱང་བརྗེད་ངས་ཆོམ་རྐུན་སྲུང་བ་དྲང་། །འཁྲུལ་མེད་བླ་མའི་གསུང་ལ་ཆེས་ཐུས་པས། །གང་ཟིན་བརྗེད་ཐོར་བགྱིས་པའི་དགེ་བ་འདིས། །རང་སེམས་འཆི་མེད་རང་གྲོལ་མྱུར་རྟོགས་ཤོག
།དེ་སྐད་རྒྱལ་བ་ཀུན་དངོས་ཐམས་ཅད་མཁྱེན། །ཚར་ཆེན་སྐུ་དྲིན་མཉམ་མེད་ཞབས་པདྨོ། །སྤྱི་བོར་བསྟན་པའི་སྐལ་བཟང་མཁྱེན་བརྩེའི་མིང་། །དཱ་རི་དྲ་དེས་མྱུག་གི་ཆོས་སྡེར་བྲིས། །འདིས་ཀྱང་ཕ་བླ་མའི་སྙན་བརྒྱུད་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུརཅིག །མངྒ་ལཾ། །ཨྀཐི།།