Phyag drug pa'i chos skor byung tshul
Resource ID | SCv1p717 |
---|---|
Title | dpal ye shes kyi mgon po phyag drug pa'i chos skor byung tshul dngos grub bdud rtsi'i char 'bebs |
Alt. title | ye shes kyi mgon po phyag drug pa'i chos skor gyi byung tshul mdo tsam brjod pa |
Topics | Chadrupa |
Sub-Topics | Story |
Author | Jetsün Taranatha |
Link | BDRC W23922 BDRC W22276 |
༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་བྱུང་ཚུལ་དངོས་གྲུབ་བདུད་རྩིའི་ཆར་འབེབས་བཞུགས་སོ།།
ཨོཾ་སྭ་སྟི། རྒྱལ་མཆོག་ཐུགས་རྗེའི་འོད་དཀར་ཕྲེང་བ་རྒྱས། །སྐལ་ལྡན་བློ་ཡི་ཀུ་མུད་ཁ་ཕྱེ་ལས། །ལེགས་བཤད་གེ་སར་རྒོད་པའི་རྡུལ་ཕྲེང་དག །བློ་ལྡན་གཙུག་གི་ནོར་བུར་ངལ་གསོ་བྱོས།
།འདིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ལ་སོགས་པའི་ཆོས་སྐོར་འདི་རྣམས་བྱུང་ཚུལ་གྱི་དབང་དུ་བྱས་ན། ཡེ་ཤེས་ཀྱི་མགོན་པོ་ཉིད་ཀྱིས་ཁྱད་པར་ཐུགས་བསྐྱེད་ཚུལ། སྒྲུབ་ཐབས་ཀྱི་ཆོས་སྐོར་འཕགས་ཡུལ་དུ་བྱུང་ཚུལ། དེ་ལས་བརྒྱུད་དེ་ཁ་བ་ཅན་དུ་དར་ཚུལ། ད་ལྟ་གྲགས་ཆེ་བའི་ཆོས་སྐོར་རྣམས་ཇི་ཙམ་ཡོད་པ་སྟེ་བཞི་ལས།
དང་པོ་ནི། སྔོན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས། དང་པོ་ཐུགས་བསྐྱེད་པ་ནས་བཟུང་། བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས། ས་བཅུ་པ་ཁྱད་པར་ཅན་བརྙེས། འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ། རྒྱལ་སྲས་ཐུ་བོ་རྣམས་ཀྱི་གྲལ་དུ་ཚུད་པའི་སྐབས་ཤིག་ཐུགས་བསྐྱེད་ཀྱི་དམ་བཅའ་འདི་ལྟ་བུ་མཛད་དོ།
།ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་འཇིག་རྟེན་གྱི་ཁམས་འཁོར་བའི་གནས་འདིར་བདག་གིས་སེམས་ཅན་གྱི་དོན་བྱས། སེམས་ཅན་ཐམས་ཅད་འཁོར་བ་ལས་བདག་གིས་བསྒྲལ་དགོས་པ་ལས་འཁོར་བའི་གནས་འདིར་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་འགོད་བར་དུ། བདག་སངས་རྒྱས་ཐོབ་པར་མི་བྱ། སེམས་ཅན་གཅིག་ཀྱང་མ་ལུས་པ་སངས་རྒྱས་ལ་བཀོད་ཟིན་པ་ན། དེའི་རྗེས་སུ་བདག་ཉིད་སངས་རྒྱས་ཐོབ་ན་ལེགས་ཀྱི། གཞན་དུ་ན་བདག་འཁོར་བ་ཉིད་དུ་གནས་ཏེ་སེམས་ཅན་གྱི་དོན་བྱའོ།
།གལ་ཏེ་བདག་དམ་བཅའ་འདི་ལས་འདས་པར་གྱུར་ན་ལུས་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག་ཅེས་དབུ་བསྙུང་མཛད། དེ་ནས་བརྩམས་ཏེ་རི་བོ་པོ་ཏ་ལར་བཞུགས་ནས་སྤྲུལ་པ་མཐའ་ཡས་པ་སྐད་ཅིག་རེ་རེ་ལ་ཡང་། སེམས་ཅན་དཔག་ཏུ་མེད་པ་ཅིག་ཅར་སྨིན་གྲོལ་དུ་མཛད་ན་གཞན་ལྟ་ཅི་སྨོས་ཚུལ་དེ་ལྟ་བུ་ལ་ལོ་གྲངས་ཀྱི་ཚད་བཟུང་བར་ག་ལ་ནུས། བསྐལ་པ་ཡང་ཇི་སྙེད་ཅིག་སོང་བ་ན། དུས་ལན་གཅིག་ད་ནི་སེམས་ཅན་མང་པོ་ཐར་གྲོལ་བྱུང་ལས་ཆེ་དགོངས་ཏེ་མངོན་ཤེས་ཀྱིས་གཟིགས་པས་སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད། ཉུང་དུ་མ་སོང་བར་མ་ཟད། ཡུལ་ཉེ་བ་ན་གནས་པའི་སེམས་ཅན་རྣམས་སྙིགས་མ་ལྔ་བདོ་བས་འདུལ་དཀའ་བར་གཟིགས་ཏེ། ད་ནི་བདག་གིས་སེམས་ཅན་གཅིག་གི་དོན་ཡང་མི་ནུས་ཞེས་སྔར་གྱི་ཐུགས་བསྐྱེད་པའི་དམ་བཅའ་དེ་བཏང་བའི་ཚུལ་མཛད་པས་སྐུ་ལུས་ཚལ་པ་སྟོང་དུ་གས་སྐད། འཕགས་པ་འཇིག་རྟེན་མགོན་པོ་ཉིད་དང་པོ་ཐུགས་བསྐྱེད་པ་ནས་བཟུང་ཏེ་རྟག་ཏུ་རྗེས་སུ་བཟུང་བའི་དགེ་བའི་བཤེས་གཉེན་ནི། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ཡིན་པས། དེའི་ཚེ་སངས་རྒྱས་འོད་དཔག་མེད་མངོན་སུམ་དུ་བྱོན་ནས། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟ་བུའི་སེམས་བསྐྱེད་པ་བཏང་བ་དེ་མ་ལེགས། ད་ནི་དམ་བཅའ་བཏང་བ་དེ་སླར་གསོ་བ་སོགས་ཀྱི་དོན་དུ། སྔར་གྱི་དེ་བས་རྒྱ་ཆེ་བའི་སེམས་བསྐྱེད་ཅིག་གིས་ཤིག་ཅེས་གསུངས་ཤིང་། སྐུ་ལུས་ཚལ་པ་སྟོང་དུ་གས་པ་དེ་དབུ་བཅུ་གཅིག་དང་། ཕྱག་སྟོང་ཕྲག་ཏུ་བྱིན་གྱིས་བརླབས་སོ།
།དེར་དགོངས་པ། ད་སྔར་གྱི་དེ་བས་རྒྱ་ཆེ་བའི་སེམས་བསྐྱེད་ནི་ནམ་ཡང་མེད། དེའི་ཆ་ཤས་ཀྱང་བསྒྲུབ་པར་མ་ནུས། ཞེས་ཞག་བདུན་དུ་ཅི་བྱ་བརྟོལ་མེད་པ་ལས། དེའི་རྗེས་སུ་ད་ནི་སྙིགས་མ་ལྔ་བདོ་བའི་སེམས་ཅན་མ་རུངས་པ་རྣམས་དྲག་པོས་འདུལ་བ་དང་། ཆོས་བྱེད་རྣམས་ཀྱང་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས་བར་དོ་ལས་སྐྱོབས་པ་དང་། སྙིགས་དུས་སྐྱེ་བོ་རྣམས་ལ་དབུལ་འཕོངས་ཁོ་ན་སྡུག་བསྔལ་ཆེ་བས། དེའི་གཉེན་པོར་བསམ་པ་ཙམ་གྱིས་དགོས་འདོད་འབྱུང་བ་སྟེ། ཕྲིན་ལས་རྣམ་པ་གསུམ་གྱི་སྒོ་ནས་ཐུགས་བསྐྱེད་སྔ་མ་ལས་ལྷག་པའི་ཚུལ་དུ་དགོངས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་ཅིག་བྱུང་སྟེ། དེ་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོར་གྱུར་པ་ན། ཞིང་ཁམས་ཐམས་ཅད་དུ། ས་རྣམ་པ་དྲུག་ཏུ་གཡོས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་མགྲིན་གཅིག་ཏུ། རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟ་བུའི་སེམས་བསྐྱེད་པ་དེ་ལེགས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མས་འདི་ཉིད་ཀྱི་དབང་དང་ལྡན་པར་བྱའོ། །ཁྲོ་བོ་གཤིན་རྗེ་གཤེད་པོས་འདི་ཉིད་ཀྱི་མཐུ་དང་ལྡན་པར་བྱའོ། །གནོད་སྦྱིན་དང་། སྲིན་པོ་དང་། བདུད་དང་མ་མོའི་ཚོགས་ཀྱིས་འདི་ཉིད་ཀྱི་ཕྲིན་ལས་བསྒྲུབ་པར་བྱའོ། །ཞེས་གསུངས་ཤིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་ཁྲོ་བོ་ཆེན་པོར་དབང་བསྐུར་ཞིང་མངའ་གསོལ་ལོ། །དེ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བསྟན་པ་སྲུང་ཞིང་བཞུགས་པ་ལགས།
གཉིས་པ་ནི། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་གཤེགས་པ་ན། གར་མཁན་ཞིག་དད་པ་སྐྱེས་ཏེ། གླུ་དང་རོལ་མོས་མཆོད་པ་རྒྱ་ཆེར་ཕུལ་ནས་སྨོན་ལམ་བཏབ། དེ་དུས་ཕྱིས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱར་ཉེ་བ་ལོན་པ་ན། མིའི་སྐྱེ་བ་བརྙེས་ཤིང་། གྲུབ་པ་ཐོབ་པ་རི་ཁྲོད་མགོན་པོ་ཤ་བ་རི་པ་ཞེས་བྱ་བར་གྱུར་ཏེ། ལན་གཅིག་དུར་ཁྲོད་བསིལ་བའི་ཚལ་ན་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་ནང་གཅིག་ཐོ་རངས་ནམ་མཁར་ཌཱ་མ་རུའི་སྒྲ་འཁྲོལ་བ་ཞིག་བྱུང་བ་གཟིགས་པས། ཡེ་ཤེས་ཀྱི་མགོན་པོ་འདི་མངོན་སུམ་དུ་བྱོན་འདུག་སྟེ། མགོན་པོ་ཉིད་ཀྱི་སྲོག་སྔགས་སྒྲུབ་ཐབས་མཐའ་དག་གྲུབ་ཆེན་ཤ་བ་རི་པ་ལ་ཕུལ་ལོ། །དཔལ་ལྡན་ཤ་བ་རི་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང་སྐུ་ཚེ་ཉི་ཟླ་དང་མཉམ་པས། ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པ་ཡིན། གཞན་ཡང་འཕགས་པ་སྤྱན་རས་གཟིགས། རྡོ་རྗེ་རྣལ་འབྱོར་མ། འཕགས་མ་སྒྲོལ་མ། དཔལ་མགོན་པོ་དེ་ཉིད་བྱིན་གྱིས་བརླབ་པའི་ལྷ་བཞི་འབྲལ་བ་མེད་པ་བྱ་བ་ཡིན་ཏེ། ཤ་བ་རི་པ་ལ་ལྷ་གཞན་དེ་རྣམས་ཀྱིས་ཀྱང་རང་རང་སོ་སོའི་སྒྲུབ་ཐབས་གསུངས་སོ།
།དུས་སྐབས་དེ་ནས་ལོ་སྟོང་ཕྲག་ཙམ་ལོན་པའི་དུས་ཕྱིས་མངའ་བདག་མཻ་ཏྲཱི་གུཔྟ་ཏེ་བོད་སྐད་དུ་བྱམས་པ་སྦས་པ། གསང་མཚན་གཉིས་མེད་རྡོ་རྗེ་ཅེས་བྱ་བ་དེ་བི་ཀྲ་མ་ཤཱི་ལར་བཞུགས་དུས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ནས་ནུས་མཐུ་ཁྱད་པར་ཅན་བརྙེས་ཀྱང་། གནས་ལུགས་ཀྱི་དོན་མ་རྟོགས་ནས། ལྷག་པའི་ལྷ་ལ་གསོལ་བ་བཏབ་པས། ལྷོ་ཕྱོགས་དཔལ་གྱི་རི་ལ་སོངས་ཤིག །རི་ཁྲོད་མགོན་པོས་རྗེས་སུ་འཛིན་པར་འགྱུར་ཞེས་ལུང་བསྟན། དེ་ནས་དཔལ་གྱི་རི་ལ་བྱོན་ཏེ། གྲུབ་ཐོབ་ཤཱ་ཝ་རི་པ་ལ་ཟབ་མོའི་དོན་གྱི་ཕྱག་རྒྱ་ཆེན་པོའི་གདམས་པ་མཐའ་དག་གསན། གནས་ལུགས་ཀྱི་གཟིགས་པ་ནམ་མཁའ་དང་མཉམ་པར་གྱུར། ཟབ་དོན་གྱི་བསྟན་པ་སྤེལ་བར་བཀའི་གནང་བ་ཐོབ་བྱིན་གྱིས་བརླབ་པའི་ལྷ་བཞིའི་སྒྲུབ་ཐབས་བརྩམས། ཞག་ཉི་ཤུ་རྩ་གཅིག་སྒྲུབ་པས་ཆོས་སྐྱོང་བྲན་བཞིན་འཁོལ་བར་གྱུར་ཏེ། དཔག་ཚད་བརྒྱའི་ཕ་རོལ་ནས། བརྟན་གཡོའི་དངོས་པོ་ཆེན་པོ་བླངས་ཏེ། དབུལ་བ་སོགས་བཞེད་དོན་མཐའ་དག་སྒྲུབ་པ་ཞིག་གོ།
།ཡང་གཏམ་རྒྱུད་ཀྱི་རྣམ་གྲངས་གཞན་ནི་སྔོན་དགེ་བསྙེན་ཞི་བའི་གོ་ཆ་ལ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པ་དེ་རི་བོ་པོ་ཏ་ལར་ལན་གསུམ་བྱོན། འཕགས་པ་སྤྱན་རས་གཟིགས་དངོས་སུ་མཇལ། སྔ་ཕྱིར་ཕོ་བྲང་གཞལ་མེད་ཁང་གཞན་ཐམས་ཅད་མཇལ་ཞིང་བསྐོར། རྟེན་ཀུན་ལ་ཡང་ཕྱག་མཆོད་གྲུབ་པ་ལས། མཐའ་གཅིག་ན་ཁང་བཟང་ཤིན་ཏུ་ཆེ་བ་ནམ་ཡང་སྒོ་མི་འབྱེད་པ་ཞིག་འདུག་སྟེ། དཔའ་བོ་མཁའ་འགྲོ་རྣམས་ལ་འདི་སྒོ་འབྱེད་པར་ཞུ་ཞུས་པས། འདི་སྒོ་ཕྱེ་ན་འཇིག་རྟེན་གསུམ་པོ་ཐམས་ཅད་སྔངས་ཤིང་འཆི་བའམ། འཆི་བ་ལ་ཐུག་པར་འགྱུར་རོ་ཞེས་གསུངས་པས། ཡང་འཕགས་པ་སྤྱན་རས་གཟིགས་ཉིད། དྲན་ཅིང་གསོལ་བ་བཏབ་པས། སྤྲུལ་པའི་ཕོ་ཉ་ཞིག་མངག་སྟེ། འཕགས་པའི་བཀའ་གནང་བའི་སྟོབས་ཀྱིས་སེམས་ཅན་སུ་ལའང་གནོད་པ་མེད་པའི་ངང་ལས་སྒོ་ཕྱེ། དེར་ཡེ་ཤེས་མགོན་པོ་འདི་དང་མཇལ། གསོལ་བ་བཏབ་པས་རྒྱུད་བྱིན་གྱིས་བརླབ། འཛམ་བུའི་གླིང་དུ་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་ལ་འབྱོན་པ་ཞུ་ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས། དེ་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཤིང་ནྱ་གྲོ་དྷའི་ཕུག་ན་སྤྲུལ་པའི་སྐུ་ཞིག་རྟག་ཏུ་བཞུགས། ས་ར་ཧ་དང་ཤཱ་ཝ་རི་བས་སྒྲུབ་ཐབས་མཛད་ཅེས་གྲགས་ཏེ། འདི་ལོ་ཙཱ་བ་འགར་ཆོས་བཟང་གི་ལུགས་ཀྱི་གསུང་སྒྲོས་བྱུང་། པོ་ཏ་ལའི་ལམ་ཡིག་ཏུ་གྲགས་པའི་རྒྱུད་ལས་ཀྱང་པོ་ཏ་ལར་མགོན་པོ་འདི་བཞུགས་པར་བཤད་པ་དང་མཐུན་ནོ། །ཡང་འགའ་ཞིག་གི་བཞེད་པས་མགོན་པོ་འདི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་བཞུགས་པ། སློབ་དཔོན་ཀླུ་སྒྲུབ་དང་བྲམ་ཟེ་མཆོག་སྲེད་ཀྱིས་གདན་དྲངས་སོ་ཞེས་ཀྱང་བཞེད་དོ། །དེ་ཐམས་ཅད་ཀྱང་ཡུལ་དུས་གནས་སྐབས་སོ་སོ་ཡིན་པའི་ཕྱིར། ཐམས་ཅད་དོན་ལ་གནས་ཤིང་བདེན་པ་ཁོ་ནའོ།
།གསུམ་པ་ནི། སྤྱིར་ཆོས་སྐྱོང་འདིའི་སྐོར་བོད་དུ་བསྒྱུར་མཁན་ལོ་རྩྭ་བ་མང་དུ་བྱུང་སྟེ། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་པཎྜི་ཏ་མི་མཉམ་རྡོ་རྗེའི་ཁོལ་པོ་ལ་གསན་ནས། ཤ་བ་རིའི་གཞུང་ཆུང་བསྒྱུར། ལུགས་འདི་ལ་མགོན་རྐྱང་ཁོ་ནའི་བསྙེན་སྒྲུབ་ལས་གསུམ་གྱི་ཆོས་སྐོར་ཡིན་པར་གྲགས་སོ།
།གཉལ་སྟེང་པ་ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་ཞེས་བྱ་བས་པཎྜི་ཏ་ཤནྟ་ཨ་ཀ་ར་ལ་བརྟེན་ནས་བསྒྱུར་ཞེས་གྲགས་ཤིང་། འདིའི་སྒྲུབ་ཐབས་བོད་ཀྱི་ཡིག་རྙིང་ཅི་རིགས་པ་མཐོང་སྟེ། མཁའ་འགྲོ་དྲུག་སྐོར་དུ་གྲགས་པ་དེ་ཡིན་པར་འདུག །ཡང་ལོ་ཙཱ་བ་མགར་ཆོས་བཟང་གིས་པཎྜི་ཏ་ཨ་ཏ་ཡ་བཛྲ་ལ་གསན་ཏེ། ས་ར་ཧ་དང་ཤ་བ་རིའི་སྒྲུབ་ཐབས་སོགས་བསྒྱུར། འདི་ལའང་འཁྱུད་ཡུམ་ཡོད་མེད་གཉིས་ཡོད་ནའང་། འཁོར་མཁའ་འགྲོ་བཞི་བསྐོར་ཁོ་ན་ཡིན། ཁྱུང་པོའི་གདམས་ངག་དང་མཐུན་ཤས་ཆེ་བ་ཞིག་ཡོད། ཁ་ཅིག་ཨ་ཏ་ཡ་ཅེས་པ་ཡི་གེ་ནོར་བ་ཡིན། ཨ་དཱ་ཡ་བཛྲ་ཞེས་པ་གཉིས་མེད་རྡོ་རྗེ་མཻ་ཏྲཱི་པ་དང་དོན་གཅིག་ཟེར་བ་ནི་བློས་བཏགས་ཙམ་སྟེ། ཨ་དཱ་ཡ་ཞེས་ཀུན་ཏུ་སྦྱིན་པའམ་མཆོག་ཏུ་བྱམས་པའི་དོན་ཡིན་ནོ། །ཡི་གེ་ཏ་དང་ད་ནོར་སོ་ཙམ་བྱུང་སྲིད་ཀྱང་། ཡུལ་སྐད་ཀྱི་ཁྱད་པར་དག་ལས་འགལ་བ་ཡང་མེད་ཅིང་། སྤྱིར་ཡང་ཡིག་ནོར་དང་བསྡུ་ཡིག་ལ་དགག་སྒྲུབ་དགོས་ན་ཧ་ཅང་ཐལ་བར་འགྱུར་རོ། །མི་མཉམ་རྡོ་རྗེ་དང་། ཨ་དཱ་ཡ་བཛྲ་འདི་གཉིས་མཁས་གྲུབ་ཁྱུང་པོའི་ཡང་བླ་མ་ཡིན་ནོ། །དེ་ལྟ་ན་ཡང་ལུགས་དེ་དག་ལ་ནི་བསྙེན་སྒྲུབ་ལས་གསུམ་ཆ་ཚང་ཙམ་མདོར་བསྡུས་དེ་མ་གཏོགས་ཆོས་སྐོར་རྒྱས་པ་མེད་ལ། དེང་སང་ཆོས་རྒྱུན་ཡང་མི་བཞུགས་སོ། །དེས་ན་མགོན་པོ་འདིའི་ཆོས་སྐོར་རྒྱས་ཤིང་ཟབ་ལ་བཅོས་ལྷད་དང་བྲལ་བ་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་ཅིང་ས་སྟེང་ཐམས་ཅད་ཁྱབ་པའི་ཕྲིན་ལས་ཀྱི་དཔལ་འབྱོར་རྒྱས་པ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པའི་ལུགས་འདི་ཁོ་ན་ཡིན་ནོ།
།དེ་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེ་གདུང་རུས་ཁྱུང་པོ། འཁྲུངས་ཡུལ་སྙེ་མོ་ར་མང་། དང་པོར་བོན་ལ་མཁས་པར་མཛད། ཚོགས་པ་བདུན་བརྒྱ་ཙམ་འདུས། དེ་ནས་ཆོས་རྫོགས་ཆེན་ལ་ཞུགས་ཏེ། སློབ་མ་སུམ་བརྒྱ་ཙམ་འདུས། དེ་ནས་ཀོར་ནི་རུ་པ་བསྟེན་ཏེ། དགྱེས་རྡོར་དང་གཤིན་རྗེ་གཤེད་དང་། ཕྱག་ཆེན་གྱི་སྐོར་མཐའ་དག་གསན། དགུང་ལོ་ལྔ་བཅུ་ང་གཉིས་བཞེས་པ་ལ་བལ་ཡུལ་དུ་ཕེབས་ཏེ། དེ་ནས་ཀྱང་མི་ལོ་ལྔ་བཅུ་སྐོར་རྒྱ་བལ་བོད་གསུམ་དུ་འབྱོན་བཞུད་མཛད། བླ་མ་རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། མདོ་སྔགས་སྒྲ་ཚད་གཞུང་མན་ངག་ཐམས་ཅད་ཐུགས་སུ་ཆུད་པར་མཛད། ཐུན་མོང་གི་བླ་མ་རྡོ་རྗེ་གདན་པ་ཆེན་པོ་བསོད་ནམས་འབྱུང་གནས། མཻ་ཏྲཱི་པ། སྦས་པའི་རྣལ་འབྱོར་པ་རཱ་ཧུ་ལ་སྟེ་བཞི་དང་། ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་དང་། སུ་ཁ་སིདྡྷི་སྟེ་དྲུག་པོ་དེ་རྣམས་རྩ་བའི་བླ་མར་མཛད། དེ་ལ་རྒྱ་གར་དུ་ལན་བར་པ་ཕེབས་པའི་དུས། ཡེ་ཤེས་ཀྱི་མཁའ་འགྲོ་ཞལ་གཉིས་སོགས་མཁས་གྲུབ་དཔག་ཏུ་མེད་པའི་ཐུགས་བཅུད་ལོངས། སླར་བོད་དུ་ལྡོག་ཏུ་ཉེ་བའི་སྐབས་ཤིག་མངའ་བདག་མཻ་ཏྲཱི་པ་ལ་ཆོས་རྒྱགས་ཀྱི་ལྷག་མ་གསེར་མང་དུ་ཡོད་པ་ཕུལ་ཏེ། བདག་ཅག་བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་རྟགས་ཚན་ཆེ་བ་ཞིག་ཞུ་ཞུས་པས། མགོན་པོ་འདིའི་སྔོན་གྱི་ལོ་རྒྱུས་རྣམས་གསུངས་ཏེ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། འདི་དང་པོར་བསྟེན་པ་ཙམ་གྱིས་དགོས་འདོད་ཐམས་ཅད་འབྱུང་། བསམ་པ་ཙམ་གྱིས་བར་ཆད་སེལ་བ། དགྲ་ཐམས་ཅད་རྡུལ་དུ་རློག་པར་བྱེད་པ། གསོལ་བ་བཏབ་ན་མ་སྒྲུབ་པར་ཞལ་སྟོན་པ། བཟློག་པ་དང་། ནད་དམེ་མི་ཚུགས་པ། ཐུན་མོང་སྒྲུབ་པས་མཆོག་ཞོར་ལ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཆོས་སྐྱོང་འདི་སྦྱིན་པར་བྱའོ་ཞེས་གསུངས། ཏིང་ངེ་འཛིན་གྱི་དབང་ཟབ་མོས་སྒོ་ཕྱེ་ནས། ཆོས་སྐྱོང་འདིའི་གདམས་པ་རྫོགས་པར་གནང་ཞིང་མཐར་འདི་སྐད་ཅེས། སྤྱིར་དམ་ཚིག་མ་ཉམས་པ་དང་། སྒོས་སུ་འབྲུ་ནག་རྗེན་བཏགས་ཀྱི་གཏོར་མ་དང་། ཐུན་མོང་མ་ཡིན་པའི་སྤོས་སྦྱོར་སོགས་དམ་རྫས་རྣམས་ཚང་ཞིང་མ་ཆགས་པ། བྱ་ནག་ཁྱི་ནག་ལ་རྡོ་མི་བརྡེག་པ་དང་། ཡིད་ཆེས་པར་བྱེད་པ་སོགས་མགོན་པོའི་སྒོས་སུ་དམ་ཚིག་རྣམས་ལའང་གནས་པར་གྱིས། དེ་ལྟར་བྱས་ན་རི་ལ་སྡོད་པ་སོགས་གནས་སྐབས་ཐམས་ཅད་དུ་འཚོ་བའི་རྩོལ་བ་མི་དགོས། རང་ལ་གང་དགོས་ཚད་མགོན་པོ་རང་གིས་སྐྱེལ། ཞག་བཅུ་གསུམ་བསྒྲུབས་ན་ཁྱོད་ཉིད་འཁོར་དང་བཅས་པ་ཐམས་ཅད་ལ་ཞལ་མངོན་སུམ་སྟོན་པར་འགྱུར་རོ།
།ཞེས་ལུང་བསྟན་མཛད་དོ། །དེ་ནས་བོད་དུ་བྱོན། ཡང་སླད་ཀྱིས་རྒྱ་གར་དུ་ཕེབས་ཏེ་བླ་མ་རྣམས་ཀྱི་སྐུ་དྲིན་དྲན་པའི་ཚོགས་འཁོར་ཞུ་བ་དང་། གསེར་གྱི་མཎྜལ་བཟང་པོས་མཉེས་པར་མཛད། དེ་སྐབས་མངའ་བདག་མཻ་ཏྲཱི་པ་ནི་མི་བཞུགས། ཇོ་མོ་རྣལ་འབྱོར་གྱི་དབང་ཕྱུག་མ་གངྒ་དྷཱ་རིའི་དྲུང་དུ་གསེར་གྱི་མཎྜལ་ཕུལ་བས་ཀྱང་ཕྱག་ཆེན་དང་མགོན་པོ་ལ་དངོས་གྲུབ་འགྲུབ་པའི་ལྟས་ཁྱད་པར་ཅན་བརྙེས། དེ་རྗེས་སླར་བོད་ཡུལ་དུ་ཕེབས་ཤིང་འགྲོ་དོན་ཡང་རྒྱ་ཆེན་མཛད། བར་བར་དུ་སྒོམ་སྒྲུབ་ཀྱི་ཚུལ་ཡང་མང་དུ་བསྟེན། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་དགོངས་ནས། དགེ་བཤེས་པོ་ཏོ་བ་དང་། གླང་རི་ཐང་བ་ལའང་ཆོས་གསན། འཕན་ཡུལ་འཇོག་པོ་རི་ལ་གཅིག་རི་མཛད། དང་པོ་བླ་མ་མཻ་ཏྲཱི་པས་གསུང་ནས། འཚོ་བའི་རྩོལ་བ་མི་དགོས་མགོན་པོས་སྐྱེལ་གསུང་པ་དགོངས་ཏེ་འཚོ་བའི་རྩོལ་བ་ཡེ་མ་མཛད་པས། འཚོ་བ་ཆད་དེ། ནུབ་གཅིག་མགོན་པོའི་རྒྱུན་གཏོར་ཡང་མ་བྱུང་བས་ཕུག་པའི་སྒོར་ཐོན་ཏེ། ཀྵེ་ཏྲ་པཱ་ལ་སོགས་སོ་སོའི་ལས་མཁན་རྣམས་ཀྱི་མིང་ནས་བོས་ཏེ། དང་པོ་བླ་མ་མཻ་ཏྲཱི་པས་དེ་སྐད་གསུང་བ་ཡིན་ཏེ། ད་འདི་ན་ང་ལ་འཚོ་བ་ཙམ་ཡང་མེད་དོ།
།མགོན་པོ་རང་གི་རྒྱུན་གཏོར་ཡང་ཆད་ནས་མེད་དོ་ཞེས་གསུངས་སྐད་ཆེན་པོ་བཏང་ནས། དེའི་ནང་པར་རང་འབྲས་ཁུད་ཀྱི་ཚོངས་འདུས་ནས་འབུལ་སྐྱེལ་བ་ཤིན་ཏུ་ཚན་ཆེ་བ་བྱུང་། མར་ནས་དང་ཟས་གོས་སོགས་ཤིན་ཏུ་མང་སྟེ། དེ་ལ་བརྟེན་ནས་སློབ་མ་མང་པོ་བསྡུས་ནས་ཆོས་གསུངས། ཟླ་གཅིག་ཙམ་སོང་ནས་འཚོགས་པ་མང་ཆེས་ཏེ། འཇོག་པོར་མ་ཤོང་བས་ལུང་བའི་མདའ་འཆད་ཀ་ཞེས་བྱ་བར་དགོན་པ་བཏབ། རིམ་གྱིས་འཚོགས་པ་སྟོང་ཕྲག་གསུམ་ཙམ་འདུས། དེ་ནས་ལན་གཅིག་ལན་པའི་ནང་གི་སྤྱིལ་པོ་དགོན་པར་བཞུགས། ཟླ་སྟོད་གྲོ་མཚམས་བྱེད་ཅིང་ཆོས་བཤད། ཟླ་སྨད་ལ་མཚམས་མཛད་ཅིང་ཡོད་པ་ལས། མཚམས་ཀྱི་དུས་ཤིག་ནམ་ལངས་མ་ཐག་གཟིམས་ཁང་སྒོ་བརྡུང་བ་ཞིག་ཡོད་པས། ཉེ་གནས་ཀྱི་བལྟས་དུས་ཨ་ཙཱརྱ་ཞིག་བྱོན་འདུག་ནས་བླ་མ་དང་མཇལ་བར་ཞུ་གསུངས། དེ་ནས་ཡར་ལོན་མར་ལོན་མཛད་དེ་མཚམས་ཡོད་པས་མི་མཇལ་ཞུས་པས། ང་ཐག་རིང་པོ་ནས་འོང་བ་ཡིན་པས་ཅིས་ཀྱང་མཇལ་བ་ཞུ་གསུངས། དེ་ནས་ནང་དུ་གདན་དྲངས་སྨན་པ་བོས་ཏེ་བལྟ་བཅུག་པས། འདི་ཁྲག་ཏུ་འདུག་གཏར་བྱ་དགོས་ཟེར་བ་ལ། རྣལ་འབྱོར་པའི་གཏར་ཁ་དེས་མི་ཡོང་གསུང་སྟེ། རླུང་སྦྱོར་ཞིག་མཛད་པས། ཁྲུ་གང་ཙམ་གྱི་ནམ་མཁའ་ལ་འུ་རུ་རུ་བཞུགས་ཏེ་བ་སྤུའི་བུ་ག་ཐམས་ཅད་ནས་ནད་ཁྲག་རྣམས་ཕྱིར་བྱུང་། དེར་སེར་མ་ལོངས་གསུང་གིན་འདུག་པས་འབྲུ་མར་གྱི་བྱུགས་པ་འབུལ་བར་བརྩམས་པས། རྣལ་འབྱོར་བས་སྐུ་མཉེ་དེས་མི་ཡོང་གསུངས་ནས། ཡང་རླུང་སྦྱོར་གཞན་ཞིག་མཛད་དེ་སྔར་བཞིན་ནམ་མཁའ་ལ་འུ་རུ་རུ་འདུག་པ་ལ། བ་སྤུའི་བུ་ག་ནས་ཀུན་ད་ཞག་དང་བཅས་ཆིལ་གྱིས་བྱུང་། ཡང་རླུང་སྦྱོར་གཞན་ཞིག་མཛད་དེ། བ་སྤུའི་བུ་གར་སིབ་སིབ་ཐིམ་པས་སྐུ་བཀྲག་མདངས་དང་ལྡན་པར་གྱུར་ཏོ། །དེ་ངོ་མཚར་ཆེ་བར་མཁྱེན་ནས། ད་ནང་ག་ནས་ཕེབ་ཞུས་པས། ང་རྒྱ་གར་རྡོ་རྗེ་གདན་ནས་ཉི་མ་ཤར་མ་ཐག་ལ་འོངས་པ་ཡིན། བོད་རི་རོང་དོགས་པས་འདིར་སླེབ་དུས་ཉི་མ་མ་ཤར་བ་འདུག་གསུང་། མཚན་གང་ཡིན་དྲིས་པས། རཱ་ཧུ་ལ་གུཔྟ་བཛྲ་ཡིན་གསུང་སྟེ། གུ་ཎ་ས་ག་ར་དང་ནི། །རཏྣ་ཨ་ཀཱ་ར་དང་ཡང་། །ཨ་བྷི་ཛུ་ཏ་ཀ་ན་རེ། །བོད་དུ་སོང་དང་རྣལ་འབྱོར་པ། །གཅིག་ལ་ཕན་ཐོགས་འགྱུར་ཞེས་གསུངས། །འོངས་པས་ཁྱེད་དང་ཕྲད་པ་ཡིན། །ཞེས་སོགས་བླ་མ་ཉིད་ཀྱི་རྣམ་ཐར་རྒྱས་པར་གསུངས། དེ་ནས་མཁས་གྲུབ་ཁྱུང་པོ་དཔོན་སློབ་རྣམས་ཀྱིས་འབུལ་བ་ཚོགས་འཁོར་སོགས་ཞབས་ཏོག་རྒྱུན་མི་ཆད་པར་མཛད། འཚོགས་ཆོས་ཀྱང་མང་དུ་གསུངས། མཁས་གྲུབ་ཁྱུང་པོ་ཉིད་ཀྱིས་བླ་མ་རཱ་ཧུ་ལ་དེ་ལ་རྒྱུད་མན་ངག་གི་སྤྱི་ལ་གྲགས་པ་མཐའ་ཡས་པ་གསན། ཁྱད་པར་མགོན་པོ་འདིའི་ཆོས་སྐོར་ཤིན་ཏུ་རྒྱས་པར་གསན་ཏེ། སྔར་མངའ་བདག་མཻ་ཏྲཱི་པ་ལ་མི་བཞུགས་པའི་ཁྱད་པར་གྱི་གདམས་པ་ཡང་མང་དུ་བྱུང་། གནས་དེར་ཟླ་བ་བདུན་བཞུགས། དེ་ན་ཀླུང་ཤོད་དང་། རོང་དང་། འདམ་སོགས་ལ་ཡང་ཕེབས། གསུང་ལས། རླུང་ཤིང་རྟ་ཅན་དང་། རྡོ་རྗེ་རྣལ་འབྱོར་མ་རྨི་ལམ་དུ་ཞལ་བལྟ་བ་འདི་དང་། མགོན་པོ་ཤིང་ཕུང་ཅན་གྱི་གདམས་པ་སྟེ། གདམས་པ་གསུམ་པོ་འདི་སྟེར་བའི་ཡུལ། ཆོས་ཀྱི་སྣོད་དུ་གྱུར་པ་གཞན་ཡེ་མ་རྙེད་ནས་ཁྱོད་ལ་སྟེར་བའི་དོན་དུ་འོངས་པ་ཡིན་གསུངས་ནས་ནམ་མཁའ་ལ་འཕུར་ཏེ་བཞུད་ཀྱང་ཟེར། གར་གཤེགས་ཆ་མེད་དོ།
།དེ་ལྟར་མཁས་གྲུབ་ཁྱུང་པོ་དེ། རུས་མཚམས་དང་། འཕན་ཡུལ་དང་། དབུ་རུ་སྟོད་སོགས་ཡོངས་བསྡོམ་ལ་ལོ་ཉི་ཤུ་ལྷག་གཅིག་བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་གྱིས་ཡང་ཡང་བསྐུལ་ཏེ་གཡས་རུ་ཤངས་ཀྱི་ཕྱོགས་སུ་ཕེབས་ནས། ལོ་སུམ་ཅུའི་བར་དུ་འགྲོ་དོན་རྒྱ་ཆེར་མཛད། སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་ཅིག་ཅར་དུ་སྟོན་པ་དང་། བྲག་རི་ལ་ཐོགས་པ་མེད་པར་བཞུད་པ་དང་། སྤྲུལ་པའི་དམག་ཚོགས་བཀྱེ་བས་གནོད་པ་མེད་པར་ཕ་རོལ་གྱི་གཡུལ་ངོ་བཟློག་པ་དང་། བུམ་པའི་ནང་དུ་ཞག་བདུན་བཞུགས་པ་དང་། ནམ་མཁར་བཞུགས་ནས་ཚོགས་པ་ཁྲི་ཚོ་བརྒྱད་ལ་བྱམས་ཆོས་སྡེ་ལྔ་གསུང་པ་སོགས་རྣམ་པར་ཐར་པ་བློས་དཔག་པར་མི་ནུས་སོ།
།ལན་གཅིག་ཁམས་པའི་གྲྭ་པ་འཁྲུགས་པས་དམ་སེལ་གྱིས་སྐུ་གྲིབ་ཕོག་སྟེ་བག་ཙམ་བསྙུང་བ་ལ་མགོན་པོས་གཏོར་ཆེན་གྱིས་ཞེས་ལུང་བསྟན་བྱུང་བས། དཔོན་སློབ་བཞི་བཅུ་ཐམ་པས་གཏོར་ཆེན་སྒྲུབ་པས་ཞག་བཅུ་གསུམ་ན་ནང་རྟགས་བྱུང་སྟེ། གཏོར་མ་བཏང་བར་ཕེབས་པས། གཏོར་སྟེགས་ཀྱི་སྟེང་ན་མགོན་པོ་བར་ཆད་ཀུན་སེལ་ཉིད་སྐུ་མདོག་དཀར་པོ་ཞིག་བཞུགས་པ། དཔོན་སློབ་ཐམས་ཅད་ཀྱིས་གཟིགས། དེ་མ་ཁད་བསྙུང་བ་ཡང་དྭངས། སྔོན་མཻ་ཏྲཱི་པས་འཁོར་དང་བཅས་པ་ལ་ཞལ་སྟོན་པར་ལུང་སྟོན་པ་དེ་འདི་ཡིན་པར་གྲགས་སོ།
།མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེས་མགོན་པོ་འདིའི་གདམས་ངག་གནང་བའི་སློབ་མ་སྤྱིར་ནི་ཤིན་ཏུ་མང་བ་ཡོད་པར་སྣང་སྟེ། སློབ་དཔོན་ཆོས་ཀྱི་ཤེས་རབ་ལ་གནང་ངོ་བྱ་བ་གཅིག །ཕྱིས་ཞུ་སྟོན་ཧྲུལ་མའི་བར་གྱི་བརྒྱུད་པའི་ཡིག་ཆ་ཡང་འདུག་པས་མཚོན། འོན་ཀྱང་ད་ལྟའི་བར་དུ་ཆོས་རྒྱུན་མ་ཆད་ཅིང་གྲགས་ཆེ་བ་ནི་གསུམ་ཡིན་ཏེ། མཁན་ཆེན་ལ་སྟོད་པ་དཀོན་མཆོག་མཁར་དང་། མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཞང་སྒོམ་ཆོས་སེང་དང་། སྒྱུ་ལུས་རྨི་ལམ་གྱི་མངའ་བདག་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་སོ།
།དེ་ལ་མཁན་ཆེན་ལ་སྟོད་པ་ནི་མཚན་ཉིད་སློབ་དུས་འབྲེ་ཆེན་པོ་ཤེས་རབ་འབར་གྱི་སློབ་མ་ཡིན་པས་ཉན་སྟོན་སྐྱེགས་གནས་རྙིང་གི་གདན་སར་སྤྱན་འདྲེན་ནན་ཅན་མང་པོ་བྱུང་བ། ང་མི་ཆོས་ཐག་རིང་། མཚན་ཉིད་པའི་སྡེ་ཆེན་པོ་འདི་འཛིན་སྐྱོང་དཀའ། འོན་ཀྱང་བླ་མ་ལ་ཞུ་དགོངས་ཏེ། ཁྱུང་པོ་རྣལ་འབྱོར་པ་ལ་ཞུས་པས། ཁྱོད་རང་ཉམས་ང་མི་དགོས་པ་ཞིག་ངས་བྱིན་གྱིས་བརླབས་པས་དགོས་དོན་ཐམས་ཅད་མགོན་པོ་འདིས་བསྒྲུབ་པར་འདུག །བླ་མའི་གདན་ས་ཟུངས་ཤོག་གསུངས། དེར་ཁོང་གིས་ཞོང་ཞོང་ནས་ཉང་ལ་ཕེབས་པའི་ལམ། ཤངས་མདར་སླེབ་པ་ན། བླ་མའི་ཐུགས་དམ་མགོན་པོའི་བྲིས་སྐུ་གཅིག་ཀྱང་ཕྱི་བཞིན་དུ་འབྲངས་པའི་ཚུལ་གྱིས་བྱོན། དེ་ལ་འཕུར་ཐང་དུ་གྲགས། བླ་མས་བཀའ་མ་གནང་བར་ཁུར་དུ་མི་རུང་སྙམ། སླར་ཡང་ཞོང་ཞོང་དུ་ལོག་སྟེ། བླ་མ་ལ་ཞུས་པས་སྤྱན་དྲོངས་ལ་སོང་། ཁྱོད་ལ་སློབ་དཔོན་ཤེས་རབ་འབར་བ་ལས་ཀྱང་བསོད་ནམས་ཆེ་བར་འོང་གསུང་སྟེ། ཕྱིས་དེ་ཀ་བཞིན་བྱུང་། མཐུ་སྟོབས་ཀྱང་བསམ་གྱིས་མི་ཁྱབ་པ་མངའ་ལ་སྟོད་གཅུང་ཆོས་སྡིངས་སོགས་ལ་ཉང་གཉིས་སུ་དགོན་གནས་མང་དུ་བཏབ་བོ།
།འདི་ནས་བརྒྱུད་པ་ལ་མགོན་པོ་གནས་རྙིང་པའི་ལུགས་སམ། མགོན་པོ་སྟོད་ལུགས་པར་གྲགས་སོ།
།རྟོགས་ལྡན་ཞང་སྒོམ་ཆོས་སེང་ནི། མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ་ཡུན་རིང་དུ་བསྟེན། གསང་སྔགས་ཀྱི་གདམས་ངག་ཆེས་ཟབ་པ་ཕལ་ཆེར་ཐོབ། བླ་མའི་གསུང་གིས་བསྐུལ་ནས། གནམ་མཚོའི་དོ་ལ་ལོ་བདུན། བྱ་དུར་དང་ཐང་ལྷའི་མགུལ་སྒྲགས་པ་ལ་ལོ་ལྔ་བཞུགས། དེ་དུས་གནས་ལུགས་ཀྱི་དོན་མངོན་སུམ་རྟོགས། རླུང་སེམས་དབུ་མར་ཚུད། ཡི་དམ་དཔག་ཏུ་མེད་པ་ཞལ་གཟིགས། རྡོ་རྗེ་རྣལ་འབྱོར་མ་དང་མི་ལབ་པ་བཞིན་དུ་གྱུར། མགོན་པོ་འདི་ཆེད་དུ་མ་སྒྲུབ་པར་ཡང་འགྲུབ། གསང་སྤྱོད་རིགས་པའི་བརྟུལ་ཞུགས་ཀྱི་མཐུན་རྐྱེན་ཐམས་ཅད་མགོན་པོས་སྒྲུབ། ཕྱིས་གནས་རྩེ་ལྡེང་དུ་ལོ་མང་དུ་བཞུགས་ཏེ་གནས་དེ་ནས་མཁའ་སྤྱོད་དུ་གཤེགས། རྨོག་ལྕོག་པ་ཆེན་པོའི་རྣམ་ཐར་ནི་ཉི་མ་ཤར་བ་ལྟར་མཐའ་ཡས་པའི་མཛད་པ་ཅན་ཡིན་ལ། དམ་པ་འདིས་རྨོག་ལྕོག་གི་བྲག་ལ་ལོ་བཅུ་གཉིས་སུ་མི་ཟས་སྤྱན་གྱིས་མི་གཟིགས་པའི་བཀའ་སྤྱད་ཀྱི་སྒོ་ནས་སྒྲུབ་པ་མཛད་དེ། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཡིན་པ་ལས། སྒྲུབ་པ་ལོ་བདུན་བརྒྱད་སོང་བའི་སྐབས་ཤིག་ལྷ་བཞི་དྲིལ་སྒྲུབ་ལ་ཐུགས་སྣང་འགྲོ་བ་ཞིག་བྱུང་ནས། ཐུན་གྱིས་ཉམས་ལེན་མ་ཆགས་པར་མཛད་པས་ནུབ་གཅིག་བྲག་ལོག་ལ་མགོན་པོ་འཁོར་བཅས་མངོན་སུམ་དུ་བྱོན། མེ་དཔུང་དྲག་ཏུ་འབར་ཞིང་ཌཱ་མ་རུ་འཁྲོལ་འཁྲོལ་འདུག །དེ་གཟིགས་པས་ཐུགས་ཉམས་འུར་ཏེ། རྟགས་བསྟོད་དབྱངས་སུ་གྱེར་གྱིན་བསྐོར་བ་མཛད་པས། མགོན་པོ་ཡང་ཤིན་ཏུ་དགྱེས་སོ།
།དེ་ཕྱིན་ཆད་ཆོས་སྐྱོང་བྲན་དུ་འཁོར་ཞིང་མི་དང་མི་ལབ་པ་བཞིན་བཞུགས། འོན་ཀྱང་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་ཤིང་། འགྲོ་དྲུག་སེམས་ཅན་ལ་བྱམས་སྙིང་རྗེ་ཕྱོགས་མེད་དུ་ཤར་བས་དྲག་པོ་མངོན་སྤྱོད་ཀྱི་ལས་ནམ་ཡང་མ་དགོས་ཏེ། དམ་པ་འདི་ཕྲིན་ལས་རྒྱས་པའི་སྐབས་ཤིག་འབུལ་སྐྱེལ་ཚན་ཆེ་བ་གཅིག་ཉེ་འཁོར་ལྷ་ཕུ་ཡུལ་པ་འགས་བཅོམས་པ། དེར་གྲྭ་བ་རྣམས་སེར་དམག་བཤམ་མོ།
།མགོན་གཡག་གཅིག་ཡོད་པ་ཡང་མི་ངན་དེ་རྣམས་ཀྱི་གྲོང་ལྟག་ཏུ་སོང་ནས་རྭ་བརྡར་རྨིག་པ་བརྡེབ་ངར་སྐད་འབྱིན་པ་ན་མེ་སྒྲ་ལྷབ་ལྷབ་བྱུང་། དེར་དམ་པ་འདིའི་ཞལ་ནས། ལམ་སྣ་བླ་མ་རྗེ་ལ་ཞུས་པས་ལམ་རྒྱུས་མཁས་པའི་ཚད་ཞིག་བྱུང་། ཞེས་སོགས་མགུར་བཞེས་ཏེ། ང་ལས་སུ་ཆོས་བྱེད་པ་ལ། སྡིག་གཡོས་ཀྱི་དམག་དེ་མི་བྱེད། བསམ་ངན་གྱི་མཐུ་ཡང་མི་བཏང་གསུངས་ནས། བེམ་པོ་ཞིག་གསོལ་ཆོས་ཁུག་དེ་སྐུ་རྒྱབ་ཏུ་བསྣམས་ཏེ། དགོན་གནས་སྐྱུར། རི་ལ་བྲོས་ཏེ་བྱོན་པས། གྲྭ་པ་རྣམས་ཀྱིས་སེར་དམག་ཀྱང་བཤོལ། མགོན་གཡག་དེ་ཡང་ལོག་བྱུང་སྐད། འཕགས་མ་སྒྲོལ་མ་ཞལ་བསྟན་ནས། ཞེ་སྡང་མེ་དཔུང་ཆེན་པོ་དེ། །བྱམས་པའི་ཆབ་ཀྱིས་ལེགས་པར་ཞི། །ཤིན་ཏུ་དགྱེས་སོ་རྣལ་འབྱོར་པ། །ཞེས་ཆེད་དུ་བརྗོད་པ་གསུངས་ཏེ། དེས་འདིས་མཚོན་ནོ།
།དམ་པ་འདིའི་དྲུང་དུ་སྐྱེར་སྒང་པ་ཆེན་པོས་སྤྱིར་གདམས་པ་མཐའ་དག་དང་། །ཁྱད་པར་མགོན་པོའི་ཆོས་སྐོར་གསན་ཅིང་། བླ་མས་ཀྱང་མགོན་པོ་བྲན་དུ་འཁོར་བར་ལུང་བསྟན། སྐྱེར་སྒང་གི་གདན་ས་མཛད་ནས་འགྲོ་དོན་ཡང་འཕེལ་བར་མཛད་པའི་སྐབས་ཤིག །རྟོགས་ལྡན་ཞང་སྒོམ་ཆོས་སེང་མཇལ་བར་ཕེབས། མཁའ་འགྲོ་རྣམ་གསུམ་དང་ཨ་ཏ་ཡ་བཛྲ། མཻ་ཏྲཱི་པ་སོགས་ལས་བརྒྱུད་པའི་རྫོགས་རིམ་གྱི་གདམས་པ་ཟབ་མོ་མང་པོ་དང་། མགོན་པོའི་སྐོར་སྔར་རྗེ་རྨོག་ལྕོག་པ་ལ་མ་གསན་པ་མང་དུ་གསན། དེས་ན་སྐྱེར་སྒང་པ་ལ་ཁྱུང་པོའི་ཐུགས་སྲས་ཕྱི་མ་གཉིས་ཆར་གྱི་གདམས་ངག་རྣམས་གཅིག་ཏུ་འདུས་པ་ཡིན། དམ་པ་འདི་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ཡིན་པས་རྦད་བསྐུལ་མཛད་པ་སོགས་ཡེ་མེད་ཀྱང་དགོན་པ་ལ་ལྕགས་རི་བརྩིགས་པ་ཡུལ་པས་བཀག །དེ་རྣམས་རང་ཡུལ་པ་རྣམས་ནང་འཁྲུགས་ཤོར་མགོ་སྡུད་བྱེད་མཁན་དེ་གཉིས་འཐབ་གྲལ་དུ་ཤི་བ་སོགས་ཀྱི་རྟགས་མང་དུ་འབྱུང་བ་ཞིག་ཡིན་པར་སྣང་། དེའི་ཐུགས་སྲས་གཉན་སྟོན་ཆེན་པོ་རི་གོང་པ་ཡིན་ཏེ། སྐྱེར་སྒང་བཞུགས་པའི་སྐབས་ཐོ་རངས་ཁར་གཅིག་བླ་མའི་དྲུང་དུ་ཤོག་གསུང་པ་ལ་བྱོན་པས། སྐྱེར་སྒང་གཟིམས་ཁང་གི་ཐོག་ཁ་ལ་བསྐོར་བ་མཛད་ཅིང་འདུག །ཡ་གའི་ནགས་ཧྲང་ངེ་བ་ཡ་གི་ལ་ལྟོས་དང་གསུངས། གཟིགས་པས་དགོན་པའི་ལྟག་གི་རི་ལོག་ལ་མགོན་པོ་འདི་རྔམས་ཤིང་གཟི་བརྗིད་ཆེ་བར་བཞུགས་པ་ལ། གནོད་སྦྱིན་ཀྵེ་ཏྲ་པ་ལས་མི་སྙིང་དམར་ཙ་རེ་བ་གཉིས་འབུལ་གྱིན་འདུག་པས། འདི་ལྟར་གདའ་ཞུས་པས། དེ་ཙུག་ཡིན། མདང་ཆུ་བསྐོར་ལ་ངན་བྱེད་མཁན་ཞིག་བྱུང་བར་ཡོད་པར་འདུག །དེའི་སྙིང་ཡིན་པར་འདུག་གསུངས། ནམ་ལང་འཕྲལ་ལྟར་ཕྱིན་པས། ཆུ་བསྐོར་འགྱེལ་འདུག །མི་དེ་གཉིས་ཀྱང་འཕྲལ་དུ་ཤི། དེ་ལྟར་མ་སྒྲུབ་པར་ཞལ་གཟིགས་པ་ཡིན། ཕྱིས་ཡོལ་དུ་བཞུགས་དུས། འབྱུང་བ་འཁྲུགས་པའི་ཐོག་མདེལ་བཅུ་གསུམ་པང་དུ་བབས། སྒྱུ་མ་ལྟ་བུར་རྟོགས་པའི་ངང་ནས་སྐུ་ལུས་མེ་དཔུང་ཆེན་པོའི་དབུས་སུ་བཞུགས། ཐོག་ཁོ་རང་ཡང་མ་ཉམས། སྤུ་ཉག་གཅིག་ཀྱང་མ་ཚིག་པ་ལ་ཐོག་མདེལ་རྣམས་ཐུ་བར་བསྣམས་ཏེ་བྲག་གཡང་ལ་བྱོས། དུས་དེར་མགོན་པོ་འདི་ཡང་རོགས་ལ་སླེབ་འདུག་སྟེ། སྣང་བ་སྒྱུ་མ་ལྟ་བུར་ཤར་བའི་སྟོབས་ཀྱིས་བྱ་བ་གང་ཡང་འཆོལ་མ་དགོས་གསུངས། ང་ལ་ནི་དགྲ་དང་གཉན་ལ་ཁྱད་པར་མེད། ཆོས་སྐྱོང་ཁྱེད་རྣམས་ཀྱིས་གཞན་ལ་གནོད་པ་མ་བྱེད་ཅིག །སྒོས་སུ་མི་མ་སོད་ཅིག་ཅེས་གཏན་དུ་ངར་བཅག་པ་ཡིན། དེ་མིན་ཇི་སྙེད་ཅིག་འོང་བ་འདུག་གསུངས། འོན་ཀྱང་གཟོད་མང་ཚན་གྱི་མཚམས་བསྐྱེལ་བ་དང་། གྲྭ་པ་རྣམས་ལ་མི་མཚམས་པ་ཆེན་པོ་བྱུང་བ་དང་། ཆུ་འཐགས་ཀྱི་ལྟེ་བ་རྐུ་མཁན་དེ་མ་ཐག་ཏུ་ལྟག་པ་ཆག་སྟེ་ཤི་བ་དང་། ལུག་རྫིས་སྐུར་བ་བཏབ་བས་ཁྲག་སྐྱུགས་ཏེ་ཤི་བ་སོགས་བཀའ་ཤིན་ཏུ་གཉན་པའི་རྣམ་གྲངས་ལ་ཟད་པ་མེད། སྐབས་ཤིག་དཔལ་ལྡན་ལྷ་མོ་རེ་མ་ཏིའི་ཞལ་ནས། མགོན་པོའི་སྐུ་ཞིག་བཞེངས་ཤིག །སེམས་ཅན་གྱི་དོན་ཆེན་པོ་ཡོང་གསུང་པ་ལ། ང་བྱ་བཏང་གཅིག་གིས་དེ་འདྲ་བཞེངས་མི་ཐུབ་ལས་ཆེ་གསུངས་པས། ལྷ་མོའི་ཞལ་ནས། ཁྱོད་ཀྱིས་འཇིམ་པ་དམ་བྷེ་ཙམ་ཞིག་མི་འབྱོར་བ་འདུག་གམ་གསུང་། འོ་ན་ངས་སྐུ་བཞེངས་ཀྱི་ཁྱེད་རྣམས་ཀྱིས་མི་མ་སོད་ཅིག་གསུངས། དེ་ནས་ཞག་ཤས་སོང་བའི་ལན་གཅིག་ཉེ་བསྐོར་གྱི་གྲོགས་པོ་གཅིག་ནས་འཇིམ་པའི་ས་བླངས་ཏེ་ཚུར་ཕེབས་ཙ་ན། སྒོ་དྲུང་ན་ཨ་ཙ་ར་བཟོ་ཆ་ཁྱེར་བ་གཅིག་འདུག །དེ་ལ་གཏམ་བྱས་པས། འཇིམ་བཟོ་ལེགས་པོ་ཤེས་ཟེར་བས། རྟེན་འབྲེལ་འགྲིགས། ཡ་མཚན་ཆེ་དགོངས་ཏེ་ནང་དུ་སྤྱན་དྲངས་ཏེ་ཞག་གཉིས་གསུམ་རྒྱུ་ཚོགས་རྣམས་བསགས། ཚོན་རྩི་ཚུན་ཆད་འཛོམ་པར་བྱུང་བས་བཞེངས་པར་བརྩམས་པ་ལ། ནུབ་མོ་གྲལ་བཤོམས་བྱས་ནས་བཞག་པས་ནམ་ལངས་མ་ཐག་སྐུ་ཡོངས་རྫོགས་ཚོན་རྩི་དང་བཅས་པ་གྲུབ་འདུག །དེ་ན་རེ། ད་རབ་གནས་ཀྱི་གྲབས་རན་གསུང་པ་ལ། མགོན་པོའི་སྤྲུལ་པ་ཡིན་པར་མཁྱེན་ནས། རབ་གནས་ཀྱང་ཁྱེད་རང་གིས་མཛོད་གསུངས་པས། ཨ་ཙ་ར་ཡང་སྐུ་འདྲ་ལ་ཐིམ། དེ་ལྟར་ན་རང་བྱོན་མགོན་པོར་གྲགས་ཤིང་ཤིན་ཏུ་བྱིན་རླབས་ཆེ་བ། ད་ལྟའི་བར་དུ་ཡང་བཀའ་གཉན་ཅིང་རྟགས་མངོན་གྱུར་དུ་བཞུགས། མགོན་པོའི་སྐུ་བྱིན་རླབས་ཆེ་ཆེ་གཞན་ཀུན་ལྐོག་ཏུ་ཡིབ་པའི་ཚུལ་གྱིས་བཞུགས་ཀྱང་། འདི་ནི་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་འཁོར་བ་མཐའ་ཅན་དུ་བྱེད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་མཛད་པ་ཡིན་གསུངས་ནས་ད་ལྟའི་བར་དུ་སྐྱེ་བོ་ཐམས་ཅད་ཀྱི་ཕྱག་མཆོད་ཀྱི་ཡུལ་དུ་བཞུགས་སོ།
།དེ་ལྟ་བུའི་སངས་རྒྱས་གཉན་སྟོན་གྱི་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པ་ནི། འགྲོ་མགོན་སངས་རྒྱས་སྟོན་པ་ཡིན། དེ་ཡང་བླ་མ་གོང་མ་རྣམས་དང་མཚུངས་པར་ཤེས་བྱ་ཐམས་ཅད་ལ་ནི་མཁྱེན་པ་རྒྱས། མཁས་བཙུན་བཟང་པོའི་ཕུལ་དུ་གྱུར། འཇིག་རྟེན་ཆོས་བརྒྱད་ལ་ནི་ཐུགས་ལོག །འཁོར་འདས་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས། གནས་ལུགས་ཀྱི་དོན་རྟོགས་པ་ལ་ནི་འགྱུར་བ་མེད། བྱམས་སྙིང་རྗེ་ནི་མཁའ་ལྟར་ཁྱབ། ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་གཟིགས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནི་བྲན་བཞིན་དུ་འཁོལ། གཞན་ཕན་འགྲོ་དོན་ལྷུན་གྱིས་གྲུབ་པ་ཉིད་དོ།
།དེ་ལྟ་བུའི་བླ་མ་དམ་པ་དེ་ལ་ནི་ཚོགས་པ་ཁྲི་ཚོ་མང་པོ་འདུས་པས། ནུབ་ཕྱོགས་ཛ་ལནྡྷ་ར་དང་ཨོ་རྒྱན་ཚུན་ཆད་ནས་ཤར་ཕྱོགས་རྒྱ་ནག་གི་བར་དུ་བུ་སློབ་ཀྱིས་མ་ཁྱབ་པ་མེད་ཀྱང་། ཐུགས་སྲས་ཀྱི་གཙོ་བོ་གདན་ས་པ་སློབ་དཔོན་ཨའི་སེང་གེ་དང་། ཕྱོགས་མཐར་ཕྲིན་ལས་སྐྱོང་བ་འཇག་བསམ་གཉིས་ཀྱིས་རྐང་བཟུང་བའི་སྒྲུབ་བརྒྱུད་དཔལ་ལྡན་ཤངས་པའི་སྲོག་འཛིན་པ་རྣམས་ཀྱིས་མགོན་པོ་འདིའི་ཆོས་སྐོར་རྣམས་མ་ནོར་བ་ཐུགས་ཉམས་སུ་བཞེས་པས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུའི་གདམས་པ་འཆད་པ་དང་། ཉན་པ་དང་། ཉམས་སུ་ལེན་མཁན་རྣམས་ལ་མ་བསྒྲུབས་ཀྱང་མགོན་པོ་འདི་རང་ཤུགས་ཀྱིས་འགྲོ་བ་ཡིན། དེ་ལྟར་གཉན་སྟོན་ནས་བརྒྱུད་པའི་མགོན་པོ་རི་གོང་པའི་ལུགས་ལ་སྨད་ལུགས་པ་ཟེར་ཏེ་རི་གོང་གདན་ས་པ་ནས་བརྒྱུད་པ་འདི་ཕག་མོ་གྲུ་པ་སོགས་དབུས་སུ་དར་རྒྱས་ཆེན་པོ་བྱུང་འདུག །འཇག་པ་ལ་སྟོད་བརྒྱུད། སྨད་བརྒྱུད། བར་བརྒྱུད་གསུམ། བསམ་ལྡིང་པའི་ལུགས་ལ་ལྷོ་གཅོད་བརྒྱུད་པ་གཉིས་སོགས་བྱུང་ངོ་།
མགོན་པོ་སྟོད་ལུགས་པའི་སྲོལ་འཛིན་རྣམས་ལ་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཁོ་ན་གཙོ་བོར་བྱེད་ཅིང་། མཐུ་བོ་ཆེ་མང་དུ་བྱུང་ཡང་བྱུང་ལ། མཐུ་ཆེན་དུ་རློམ་པའི་རྔམ་བརྗིད་བྱེད་པ་ཡང་མང་དུ་བྱུང་ཞིང་། སྔོན་དུས་ལུགས་འདི་དར་རྒྱས་ཆེ། དེང་སང་ཆོས་རྒྱུན་མ་ཆད་ཙམ་ལས་མེད་དོ།
།སྨད་ལུགས་པ་ཤངས་པ་བཀའ་བརྒྱུད་པའི་སྐྱེས་ཆེན་རྣམས་ནི། ཆོས་སྐྱོང་ཚུལ་བཞིན་བསྟེན་པར་མཛད་མོད། དེས་ཟབ་མོ་ཆོས་ཀྱིས་རྒྱུད་གྲོལ་བས། སྣང་བ་སྒྱུ་མ་ལྟ་བུ་དང་། རང་ཤར་ཕྱག་རྒྱ་ཆེན་པོའི་ཡོ་ལང་ཙམ་མ་ཡིན་པར་ཐུགས་ལ་རིག་པའི་ཕྱིར། ཁུག་ཤོག་བསོད་ཤོག་རྒྱོབ་ཤོག་གི་བཟླས་བརྗོད་དང་། གཞན་ལ་གནོད་སེམས་ཀྱིས་དུས་འདའ་བར་བྱེད་པའི་ཕྱག་སྲོལ་ནི་མེད། སེམས་ཀྱི་མདུད་པ་རང་གྲོལ་ཤིགས་སེ་པའི་ངང་ནས་ཕྲིན་ལས་རྣམ་བཞི་འབད་མེད་དུ་འགྲུབ་པ་ཞིག་ནི་ཡིན་པར་སྣང་ངོ་། །མགོན་པོ་རི་གོང་པའི་ལུགས་འདི་ཕྱི་དུས་ཤིན་ཏུ་དར་རྒྱས་ཆེ། ཆོས་བརྒྱུད་ཀྱི་སྡེ་གཞན་དུ་དར་བ་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་འཇག་ཆེན་བྱམས་པ་དཔལ་ལ་གསན། རིག་པའི་དབང་ཕྱུག་དགེ་ལེགས་དཔལ་བས་འཇག་པའི་སློབ་བརྒྱུད་མུས་ཆེན་ནམ་མཁའི་རྣལ་འབྱོར་པ་ལ་ཞུས་པ་ཡིན། དེ་ལ་བརྟེན་ནས་ཀྱང་མགོན་པོ་འདི་ལ་མཆོད་མཁན་ཕྱོགས་ཐམས་ཅད་དུ་ཁྱབ་བོ།
།རི་གོང་གདན་ས་པ་ནས་བརྒྱུད་པའི་བཀའ་སྲོལ་ལ་མཁས་གྲུབ་ཆོས་བཟང་ཉི་མ་བྱ་བ་བྱོན་པ་ལ་འཕགས་ཆེན་བསོད་ནམས་དར་བ་དང་འཕགས་པ་རི་བ་སོགས་ཀྱིས་ཞུས་ཏེ། འཕགས་པ་སྡེ་བཞིར་དར་བ་སོགས་ཐོར་བུ་ཐོར་བུ་དར་བ་ནི་ཤིན་ཏུ་མང་སྟེ་སྨོས་ཀྱིས་མི་ལོང་ངོ་།
།བཞི་པ་ནི། མགོན་པོ་འདིའི་ཆོས་སྐོར་ལ་རྣམ་གྲངས་མང་ཡང་། དྲག་པོ་མཐུ་སྒྲུབ་དང་། ཞི་བ་ནོར་སྒྲུབ་གཉིས་སུ་འདུས།
དང་པོ་ལ་སྒྲུབ་ཐབས་མི་འདྲ་བའི་ཁྱད་པར་ནི། མགོན་པོ་སྐུ་མདོག་ནག་པོ་ལ་གཙོ་རྐྱང་དང་། ལྕམ་དྲལ་དང་། ལྷ་གསུམ་དང་། དྲེགས་པ་སྡེ་ལྔས་བསྐོར་བ་དང་། རྒྱན་ཅན་ལྷ་ལྔ་དང་། ལྷ་བཅུ་གསུམ་པ་དང་། ས་ར་ཧའི་ལུགས་དང་། སྟོད་ལུང་པའི་མགོན་པོ་ལྷ་དགུ་ལ་སོགས་པ་ཡོད། གཞན་ཡང་ལྗང་གུ་དྲག་སྒྲུབ་དང་། སེར་པོ་དྲག་སྒྲུབ་དང་། ལྷ་མོའི་སྒོས་སྒྲུབ་དང་། འཁོར་གྱི་སྒོས་སྒྲུབ་དང་། རྟེན་བཞི། གནད་གསུམ་ལ་སོགས་པ་མཆོག་སྒྲུབ་དང་ལས་ཚོགས་ཤིན་ཏུ་མང་བ་ཡོད་དེ། ཁུངས་དང་ལྡན་པ་རྩོད་མེད་ཤ་སྟག་ཡིན། སྟོད་ལུགས་ཀྱི་མགོན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐོར་མང་པོ་དང་། དབུ་ཞལ་ཉེར་གཅིག་དང་། རྒྱུད་ལེ་བརྒྱད་མ་དང་། ལེའུ་བཅུ་གཉིས་མ་དང་། མདོས་ཆོག་ལ་སོགས་པ་རྣམས་རྒྱ་གར་ནས་ངེས་པ་དཀའ་ཡང་། བྱིན་རླབས་ཀྱི་སྒོ་ནི་ཆེན་པོ་ཡོད་པར་སྣང་ངོ་།
།གཉིས་པ་ནི། མགོན་དཀར་ཡིད་བཞིན་ནོར་བུ་དང་། མགོན་པོ་གཟི་ལྡན་དང་། མགོན་པོ་མཆིན་ཁ་དང་། མགོན་སེར་ཞལ་བརྒྱད་པ་དང་། མགོན་སེར་ནོར་སྒྲུབ་དང་། མགོན་དམར་དབང་གི་རྒྱལ་པོ་དང་། མགོན་དམར་ཚེ་སྒྲུབ་དང་། མགོན་ལྗང་ཚེ་བདག་ལ་སོགས་པ་མང་པོ་དག་ཡིན་ནོ།
།གཉིས་ཀ་ལ་དགོས་པའི་མན་ངག་ནི། གནད་ལ་དབབས་པ་ཕྱི་ནང་དང་། གྲིབ་སེལ་ཕྱི་ནང་དང་། བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་སོགས་ཡིན་ནོ།
།གཞན་ཡང་ལྷ་བཞིའི་དྲིལ་སྒྲུབ་དང་། མཁའ་སྤྱོད་སུམ་ཕྲུགས་སོགས་ཀྱང་ཡེ་ཤེས་མགོན་པོ་འདི་དང་འབྲེལ་བའི་ཟབ་ཆོས་ཁྱད་པར་ཅན་ཡིན་ནོ།
།དེ་ལྟར་ན་འདི་ཟུར་ཙམ་སྨོས་ཀྱི། རྒྱས་པར་བླ་མ་དམ་པས་སྟོན་པར་འགྱུར་རོ། །འདིར་སྨྲས་པ།
བརྗོད་བྲལ་ཡེ་ཤེས་མཆོག་དེ་སྙིང་རྗེ་ཆེར། །རྟག་ཏུ་ཤར་བའི་རང་རྩལ་འགགས་མེད་ལས། །དུས་གསུམ་ཆད་པ་མེད་པའི་ཕྲིན་ལས་ཅན། །མྱུར་མཛད་སྤྱན་རས་གཟིགས་ཀྱིས་དགེ་ལེགས་སྩོལ།
།ཅེས་པ་ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་བྱུང་ཚུལ་མདོ་ཙམ་འདི་ཡང་། ས་སྐྱོང་མིའི་དབང་པོ་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའི་བཀས་བསྐུལ་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའམ་མིང་གཞན་ཀུན་དགའ་སྙིང་པོས་སྨྲས་པའོ།
།སརྦ་དཱ་ཀ་ལྱཱ་ཎཱ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ།། །།
ཨོཾ་སྭ་སྟི། གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལས། །རྒྱལ་མཚན་ཏོག་ལྟར་མངོན་པར་རབ་མཐོ་བ། །དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ཅེས་གྲགས་པས། །བརྒྱུད་པ་གསེར་གྱི་ཕྲེང་བ་འཛིན་པ་ཡི། །ངོ་མཚར་རྣམ་ཐར་དྲི་ཟའི་རྒྱུད་མང་དང་། །ཕྱག་དྲུག་མགོན་པོའི་ལོ་རྒྱུས་འབྱུང་ཁུངས་བཅས། །དཔེ་ཚན་ཉེར་ལྔའི་འཕྲུལ་གྱི་སྤར་ཆུང་འདི། །ཡང་ཁྲོད་འཇམ་མགོན་རྗེ་ཡི་གདན་ས་རུ། །རྡོར་སློབ་མིང་འཛིན་ཀརྨ་སྒྲུབ་བརྒྱུད་དང་། །ཉེ་གནས་ཀར་ལུ་གཉིས་ཀྱི་ལྷག་བསམ་གྱིས། །སྒྲུབ་པའི་དགེ་དེས་འགྲོ་ཀུན་སངས་རྒྱས་ཤིང་། །ཤངས་བརྒྱུད་བསྟན་པ་དར་རྒྱས་ཡུན་གནས་ཤོག །སརྦ་དཱ་མངྒ་ལཾ་བྷ་ཝ་ཏུ། །