Tshogs rnams kyi zur 'debs kyi zhal shes shin tu gsang ba'i yig chung rnams

From Shangpa Resource Center








Resource ID Sup24
Title tshogs rnams kyi zur 'debs kyi zhal shes shin tu gsang ba'i yig chung rnams
Topics Chadrupa
Sub-Topics Various
Author Gelek Pelsang
Associated Person Dalaï Lama Gendün Gyamtso
Zangpo Gyeltsen
Sangyé Nyentön
Khyungpo Neljor
Sangyé Tönpa
Mokchokpa Rinchen Tsöndrü
Rahula
Könchok Khar
Künga Gyeltsen
Link BDRC W3CN18508 (v3p.186)

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལས། ཚོགས་རྣམས་ཀྱི་ཟུར་འདེབས་ཀྱི་ཞལ་ཤེས་ཤིན་ཏུ་གསང་བའི་ཡིག་ཆུང་རྣམས་བཞུགས་སོ།།

དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་ནི། །གང་འདུལ་ཐབས་ཀྱིས་གྲགས་པོའི་སྐུར་བསྟན་ནས། །བསྟན་པའི་དགྲ་བགེགས་མ་ལུས་ཚར་གཅོད་པའི། །མྱུར་མཛད་ནག་པོ་ཆེ་ལ་ཕྱག་འཚལ་ལོ།
།གཏོར་ཆེན་གྱི་མཎྜལ་དང་འགྲེལ་བའི་བསྐྱེད་ཆོག་ནི། ཧྲཱིཿཥྚཱིས་གསང་། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་ཀྱི་གནས་འདིར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུར་ཁྲོད་ཀྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཙན་དན་གྱི་ནགས་ཚལ་འཁྲིགས་པའི་དབུས་སུ་ཤིང་ཙན་དན་རྐང་གཅིག་པའི་དྲུང་དུ། ཨེ་ལས་སྐྱེས་པའི་ཆོས་འབྱུང་མཐིང་ནག་ཆེར་འབར་བ། རྩེ་མོ་ཕྲ་བ་ཐུར་དུ་ཟུགས་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ་ཡངས་ཤིང་རྒྱ་ཆེ་བའི་མཐིལ་དུ་ཀཾ་དམར་པོ་ཡོངས་སུ་གྱུར་པ་ལས། གསད་ཁང་ནག་པོ་གྲུ་གསུམ་པ་ཕྱི་ནག་ལ་ནང་རྩུབ་ཅི་དམར་བ། ནག་པོ་བདུད་ཀྱི་བཙོན་ཁང་། དམར་པོ་བཙན་གྱི་བཤའ་ར། མེ་དང་ཆུ་རླུང་འཁྲུག་པ། ཕྱི་ན་ཞེང་གི་མེ་འབར་བ། ནང་ན་གཏི་མུག་གི་མུན་པ་འཁྲིག་པ། ཟུར་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། སྟོང་ན་ང་རྒྱལ་གྱི་ཐོག་འབབ་པ། འོག་ན་ཕྲ་དོག་གི་རླུང་དམར་འཚུབ་པ། ནད་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ། རླུང་ནག་འཚུབ་མ་ཕྱི་ནང་མེད་པར་གཡོ་བ། མེ་རབ་ཏུ་འབར་བ། གཤིན་རྗེའི་གྲོང་ཁྱེར་དང་རིགས་དྲུག་གི་དུར་པ། བསོད་བསོད་རྒྱོབ་རྒྱོབ་ཀྱི་སྒྲ་ཆེན་པོ་སྒྲོག་པ། ཞབས་མནར་མེད་རྡོ་རྗེ་གདན་ལ་ཐུག་པ། ཤིན་ཏུ་ཡངས་པ་འཇིགས་སུ་རུང་བའི་ནང་དུ། དགྲ་དང་བགེགས་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ནྲི་དང་ཏྲི་ཡོངས་སུ་གྱུར་པ་ལས། དམ་ཉམས་པའི་དགྲ་བགེགས་ཐམས་ཅད་སྐྱ་བ་རིད་པ། ཧཾ་ས། མདངས་ཉམས་པ་ཡིད་མུག་པ། ཁ་ངུ་བ། སྐྲ་ཟེ་བ། ལག་པ་གཉིས་མྱ་ངན་གྱི་ཕྱག་རྒྱ་ཅན། རྐང་ལག་ཐམས་ཅད་ལྕགས་སྒྲོག་གི་བཅིངས་པ། མགོན་མེད་པ། ལྷ་དང་བྲལ་བ། འདར་ཕྲི་ལི་ལི། དབང་པོ་ཐམས་ཅད་ནག་ཀམ་ཀམ་པ་བསྐལ་པ་སྟོང་གི་བར་དུ་ཐར་དུས་མེད་པ། ལྕེ་བྲང་གི་རྒྱ་མདོར་སླེབ་པ། སྙིང་ཀར་ནྲི་དང་ཏྲི་ཛས་མཚན་པ། ཁ་ནས་ཁྲག་འཛག་ཅིང་སིད་སྒྲ་འབྱིན་པ། དྲི་ཆེན་དྲི་ཆུ་ལུད་པ་འཆོར་ཞིན། མཚན་མ་འཕྱང་བ། གཅེར་བུ་གོས་དང་བྲལ་བ། ན་བུན་རླུང་གི་སྐྱོད་པ་ལྟར་འདར་ཕྲིལ་ལི་ལི་སྤྱི་གཙུགས་སུ་གནས་པ།
༈ དེའི་སྟེང་པདྨ་ཅེས་སོགས་གཞུང་བཞིན་བསྐྱེད་ནས། སྤྱན་འདྲེན་གྱི་དམིགས་པ་ནི། རང་གི་ཐུགས་ཀའི་ཧཱུྃ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱི་ཤར་ལྷོ་བསིལ་བ་འཚལ་གྱི་དུར་ཁྲོད་ཤིང་ཙན་དན་རྐང་གཅིག་པའི་དྲུང་གི་ཡེ་ཤེས་མགོན་པོའི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ། འཁོར་གནོད་སྦྱིན་ལྷ་མོ་དང་བཅས་པ་སྤྱན་ཧྲིག་ཧྲིག་གཟིགས་པས། གནོད་སྦྱིན་བཞི་ལྷ་མོ་དང་བཅས་པ། དཔལ་མགོན་བདུན་བཅུ་རྩ་ལྔ་དམ་ཅན་རྒྱ་མཚོའི་དམག་ཚོགས་གཡས་སུ། གཡོན་དུ་དཔའ་མོ་རྒྱ་མཚོ་ཐམས་ཅད་ཀྱང་ཌ་མ་རུ་དང་གཡེར་ཁའི་སྒྲ་སིལ་ལི་ལི། ཁྲོལ་ལོ་ལོ། འུར་འུར་ཆེམ་ཆེམ་གར་མཛད་ཅིང་བྱོན་པར་བསམ་ནས་ཧཱུྃ་ཞེས་སོགས་ཀྱི་སྤྱན་དྲངས།
༈ ཧཱུྃ་དྲུག་གི་དམིགས་ནི། ངག་ཏུ་གཏོར་མའི་སྟེང་དུ་ཧཱུྃ་རེ་རེ་གནས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་དང་། མདུན་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་དང་གཏོར་ཆུང་གི་སྟེང་གི་ཧཱུྃ་གསུམ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དགྲ་བགེགས་ཐམས་ཅད་གནོད་སྦྱིན་ཀྵེ་ཊ་པ་ལ་སོགས་པའི་ལྕགས་ཀྱུ་ཅན་རྣམས་ཀྱི་སྙིང་ཁ་ནས་བཟུང་། གནོད་སྦྱིན་ཊཀྐི་རཱ་ཛཱ་ལ་སོགས་པའི་ཞགས་པ་ཅན་རྣམས་ཀྱིས་མགྲིན་པ་ནས་བཅིངས་ནས་གནས་གང་དུ་ཡོད་ཀྱང་རང་དབང་མེད་པར་བཀུག་པ་དང་། དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་ཀྱིས་ཐུགས་ཀ་ནས་བྱང་ཆུབ་ཀྱི་སེམས་ཀྱིས་རང་བཞིན་བདུད་རྩིའི་རྣམ་པ་ཅན་དཔག་ཏུ་མེད་པ་དང་། འཁོར་འདས་ཀྱི་བདེ་སྐྱིད་ལྷ་མིའི་དཔལ་འབྱོར། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་ཐམས་ཅད་བཀུག་ནས་དམ་ཚིག་གི་བདུད་རྩི་དབྱེར་མེད་དུ་གྱུར། ཧཱུྃ་བཀུག་པའི་དགྲ་བགེགས་བསྐྱེལ་ཏེ་འགྲེལ་བ་ལས་གཏི་མུག་ཤའི་རི་བོ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེང་རུས་པའི་དགྲ་ཁྱོད་ཀྱི་དཀྱིལ་མེར་མེར། མགོན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པ་དམར་པོའི་འོད་ཀྱི་སྦུ་གུས་སིབ་སིབ་གསོལ་བར་གྱུར། ཧཱུྃ་བཞི་བརྗོད། མགོན་པོའི་སྤྱི་གཙུག་ཏུ་ཧཱྃ་མཐིང་ནག་མེའི་འོད་ཟེར་རབ་ཏུ་འཕྲོ་བ། སྟོང་གསུམ་ཐམས་ཅད་འོད་ཟེར་གྱིས་གང་བ་གཅིག་ཏུ་གྱུར། ཧཱུྃ་ཧཱུྃ་དེ་ལས་འོད་ཟེར་དྲག་པོ་ཕྱོར་བཅུར་འཕྲོས་པས་དགྲ་བགེགས་བདུག་པ་ཅན་ཐམས་ཅད་ཚར་བཅད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས། དེ་དག་ཐམས་ཅད་ཤིན་ཏུ་འཕྲོས་པའི་གཤིན་རྗེ་གཤེད་ཀྱི་རྣམ་པར་སྤྱན་དྲངས་ནས་མགོན་པོའི་སྤྱི་གཙུག་གི་ཧཱུྃ་ལ་ཐིམ་པར་གྱུར། ཧཱུྃ་དེ་མགོན་པོ་འི་སྤྱི་གཙུག་ནས་ཞུགས་ཏེ། མགྲིན་པར་སླེབ་པ་ན་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཀྱི་དང་པོ་ན་བེ་ཅོན། གཉིས་པ་ན་རལ་གྲི། གསུམ་པ་ན་དགྲ་སྟ། གཡོན་གྱི་དང་པོས་སྡིགས་འཛུབ། གཉིས་པ་ན་མདུང་རྩེ་གསུམ་པ། གསུམ་པ་ན་བ་དན་དམར་པོ་བསྣམས་པ། ཡུམ་བེཏྟ་ལི་སྐུ་ལ་འཁྲིལ་བའི་ཞབས་བཞི་དོར་སྟབས་ཀྱི་ཚུལ་དུ་བསྒྲད་པ། སྤྱན་དགུ་དང་ཞལ་སྒྲད་ཅིང་རྣོ་རྡུག་གི་མཆེ་བ་ཟུར་གསུམ་གཙིགས་པ་སྤྱན་རྣམས་དུས་མཐའ་ཡི་མེ་ལྟར་འབར་བ། དབུ་སྐྲ་ཁམ་སེར་གྱེན་དུ་རྫེས་ཤིང་ཐོད་པ་སྐམ་པའོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། གླང་ཆེན་གྱི་ཀོ་རློན་དང་། ཞིང་ཆེན་གྱི་གཡང་གཞི་དང་། སྟགས་ལྤགས་ཀྱི་ཤམ་ཐིབས་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་བརྒྱན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བརྗིད་ཅིང་བརྔམ་པའི་སྟབས་ཀྱིས་བཞུགས་པར་གྱུར། ཧཱུྃ་ཕཊ། གཤིན་རྗེ་གཤེད་ཆེར་སོང་མགོན་པོ་ཡང་ཆེར་སོང་སྟེ། ས་དང་བར་སྣང་ཐམས་ཅད་གང་སྟེ་མགོན་པོ་དང་དབྱེར་མེད་དུ་འདྲེས་པ་ལས་འཇིག་རྟེན་གསུམ་ན་ང་ལས་ནུས་མཐུ་ཆེ་བ་མེད་མཉམ་པའི་ང་རྒྱལ་གྱིས། གཟི་བརྗིད་ཆེ་བ་མེད་པའི་སྲིད་པ་གསུམ་པོ་ཐམས་ཅད་ཟིལ་གྱིས་མནོན་པའི་མཐུ་སྟོབས་ནུས་པ་དང་ལྡན་པར་གྱུར།
༧ ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ལས་དྲུག་བཤད་པའི་སྐབས་སུ་ཁྱུང་པོའི་ཡིག་ཆུང་གི་དོན་མཁས་གྲུབ་ཐམས་ཅད་མཁྱེན་པས་ལེགས་པར་བཤད་པ་རྣམས་བློ་དམན་པ་དག་གི་བླང་བདེ་བའི་ཕྱི་ཅུང་ཟད་བརྗོད་ན།
ཧཱུྃ། དམ་ཉམས་དགྲ་བགེགས་སྒྲལ་བའི་རོ་སྐྲ་ལས། །བྱུང་བའི་རྡོ་རྗེ་ཞགས་པ་ནག་པོ་འདིས། །གདོན་བགེགས་འགུགས་ཤིང་འཆིང་ལ་རབ་སྔགས་པ། །མྱུར་མཛད་ནག་པོ་ཆེན་པོའི་ཕྱག་ཏུ་འབུལ། །ཞེས་ནས་བསྟན་པ་ཤིག་པའི་དགྲ་བགེགས་རྣམས། །བཅིངས་ནས་མྱུར་དུ་འགུགས་པའི་འཕྲིན་ལས་མཛོད། ཅེས་བསྐུལ། རང་དང་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཤིང་། མགོན་པོའི་ཕྱག་གཡོན་ཞགས་པ་འཛིན་པའི་སྡིག་འཛུབ་གྱིས་རྩེ་ལས་ཁྲོ་བོ་རབ་ཏུ་བརྔམ་ཤིང་རླུང་གི་ཤུགས་ཅན་ཕྱག་གཉིས་གྱིས་ཞགས་པ་འཛིན་པ་དཔག་ཏུ་མེད་པ་སྤྲོས་སྟེ་དམིགས་པའི་དགྲ་བགེགས་གང་ཡིན་པའི་གནས་སུ་སོང་ནས་འོད་ཟེར་གྱི་ལྕགས་ཀྱུ་སྙིང་ཀར་བཏབ། ཁྲོ་བོ་རྣམས་ཀྱི་མགྲིན་པ་ནས་ཞགས་པས་བཅིངས་ནས་སྒྲུབ་བྱ་གཅེར་བུ་གོས་དང་བྲལ་བ་དེ་སོད་གཅིག་རྒྱོབ་གཅིག་ལ་སོགས་པའི་དགྲ་དྲག་པོ་སྒྲོགས་ཤིང་ཐོགས་པ་མེད་པར་ཁྲིད་འོངས་ཏེ། གཏོར་ཆུང་རྣམས་ཀྱི་སྟེང་དུ་གཏོར་སྣོད་ནང་དུ་རང་ལ་རྒྱབ་བསྟན། མགོན་པོ་ལ་མདུན་བསྟན་ནས་འདར་ཧེ་ཧེད་འདུག་པར་གྱུར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཅེས་པ་ནས་བི་ན་ག་ཡ་ག་དགྲ་བགེགས། ཆཻ་མོ་ས་ཤ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་ཉེར་གཅིག་ཙམ་རེ་རོལ་མོའི་སྒྲ་དྲག་པོ་དང་བཅས་དམིགས་པ་བརྟན་པོས་ཁུག་པར་བསམ་མོ།
།ཧཱུྃ། བསྟན་དགྲ་དམ་ཉམས་དགྲལ་བའི་ཐོད་པ་ལས། །བྱུང་བའི་ཅང་ཏེའུ་སྟོང་གསུམ་གཡོ་བྱེད་པ། །དགྲ་བགེགས་མྱོས་ཤིང་འབོག་ལ་བསྔགས་པ་འདིས། ༴ །ཡིད་སྨྱོས་དྲན་པ་ཉམས་པའི་འཕྲིན་ལས་མཛོད། ཅེས་བསྐུལ་ནས། མགོན་པོའི་ཕྱག་གཡས་ཀྱིས་མཐའ་མས་ཌ་མ་རུ་དྲག་ཏུ་དཀྲོལ་བས་དགྲ་བགེགས་ཀྱི་ཡིད་སྨྱོས་དྲན་པ་ཉམས་མགོ་འཁོར་དབང་པོའི་སྒོ་ཐམས་ཅད་ནས་ཁྲག་གི་རྒྱུན་ན་ར་ར་བྱུང་བར་གྱུར། ཆཻ་མོ་སྒྲ་མ་ཀུ་རུ་མུརྩ་ཡ། ཅེས་ཉེར་གཅིག་འདྲེ།
ཧཱུྃ། གནམ་ལྕགས་ལས་གྲུབ་འཇིགས་རུང་རྩེ་གསུམ་འདི། །ཁྲག་དང་དུག་གི་ངར་བླུད་སྙིང་པོས་མཚན། །གནས་གསུམ་བསྣུན་ནས་བསོད་ལ་བསྔགས་པ་འདིས། ༴ །ཞེས་ནས་བསྟན་པ་ཤིག་པའི་དགྲ་བགེགས་འདིའི། །གནས་གསུམ་བསྣུན་ལ་བསོད་པའི་འཕྲིན་ལས་མཛོད། ཅེས་བསྐུལ་ནས། མགོན་པོ་ཁྲོས་འཁྲུག་བརྔམས་ནས་ཕྱག་གཡོན་གྱིས་རྩེ་གསུམ་འཛིན་པས་དགྲ་བགེགས་ཀྱི་གནས་གསུམ་དུ་བསྣུན་ནས་བསོད་པའི་འཕྲིན་ལས་མཛད་པར་གྱུར། ཆཻ་མོ་མཱ་རཱ་ཡ་ཧ་ན་ཧ་ན་ཅེས་སོགས།
ཧཱུྃ། གྲི་ལྕགས་ལས་བགྱིས་རྡོ་རྗེ་གྲི་གུག་འདི། །ཁྲག་དང་དུག་གི་ངར་བླུད་སྙིང་པོས་མཚན། །དམ་ཉམས་སྲོག་རྩ་གཅོད་ལ་བསྔགས་པ་འདིས། ༴ །སྲོག་རྩ་མྱུར་དུ་གཅོད་པའི་འཕྲིན་ལས་མཛོད། ཅེས་བསྐུལ་ནས། མགོན་པོའི་ཕྱག་གཡས་ཀྱིས་དང་པོའི་གྲི་གུག་གིས་བསྒྲུབ་བྱའི་བྲང་གཤགས་ཏེ་སྲོག་རྩ་རྦད་ཀྱི་བཅོད་པར་གྱུར། ཆཻ་མོ་མཱ་རཱ་ཡ་ཅེས་སོགས།
ཧཱུྃ། དམ་ཉམས་དགྲ་བགེགས་བསྒྲལ་བའི་མགོ་བོ་ཡི། །འཕྲེང་བ་རྒྱུ་སྐར་དོ་ཤལ་དང་མཚུངས་ཤོག །མངོན་སྤྱོད་རྩིས་ལ་འདེབས་པར་བྱེད་པ་ཡི། །ཁྲག་གི་རྒྱུན་འཛག་ཐོད་པའི་འཕྲེང་བ་འདིས། ༴ །མངོན་སྤྱོད་རྩིབས་ལ་བཏབ་ནས་ཤ་ཁྲག་རྣམས། །མྱུར་དུ་ཞལ་དུ་གསོལ་བའི་འཕྲིན་ལས་མཛོད། ཅེས་བསྐུལ་ནས། མགོན་པོའི་ཕྱག་གཡས་ཀྱི་བར་པའི་ཕྲེང་བ་འཛིན་པས་དགྲ་བགེགས་ཀྱི་དོན་སྙིང་ལྔ་ཕྱུང་ནས་ཞལ་དུ་དམར་རྩིར་རྩིར་གསོལ་བར་གྱུར། ཆཻ་མོ་མཱ་ར་ཡ་རྦད་རྦད་ཅེས་སོགས།
ཧཱུྃ། དམ་ཉམས་དགྲ་བགེགས་བསྒྲལ་བའི་ཐོད་ནང་དུ། །དགྲ་བགེགས་སྙིང་དང་སྙིང་ཁྲག་དྲོ་མེ་དང་། །གླང་ཆེན་ལ་སོགས་ཤ་ཁྲག་གིས་བཀང་སྟེ། །ཤ་ཁྲག་ཞལ་དུ་གསོལ་བའི་འཕྲིན་ལས་མཛོད། ཅེས་བསྐུལ་ནས། མགོན་པོའི་ཕྱག་གཡོན་གྱི་དང་པོའི་ཐོད་པའི་ནང་དུ་དགྲ་བགེགས་ཤ་ཁྲག་གིས་གང་བ་ཕྲེང་བ་འཛིན་པས་སིབ་སིབ་གསོལ་བར་གྱུར། མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་ཉེར་ཅིག་བརྗོད།
༧ དེ་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མ་གཡེལ་ཅིག་ཅེས་བརྗོད་ནས་གཏོར་སྔགས་ཀྱིས་དལ་བུས་ཉེར་ཅིག་འབུལ་ལོ།
ཧཱུྃ། ཁྱབ་བདག་རྡོ་རྗེ་འཆང་དབང་ཤ་ཝ་རི། །མཻ་ཏྲི་ར་ཧཱུ་ཁྱུང་པོ་རྣལ་འབྱོར་དང་། །རིན་ཆེན་བརྩོན་གྲུས་དབོན་སྟོན་སྐྱེར་སྒང་པ། །སྦས་པའི་རྣལ་འབྱོར་སངས་རྒྱས་སྟོན་པ་དང་། །མཁས་གྲུབ་ཤངས་སྟོན་མུས་ཆེན་རྒྱལ་མཚན་དཔལ། །རྡོ་རྗེ་གཞོན་ནུ་ནམ་མཁའི་རྣལ་འབྱོར་དང་། །རྒྱལ་བའི་དབང་པོ་ཀུན་མཁྱེན་གཙོང་ཁ་པ། །མཁས་གྲུབ་ཆོས་རྗེ་བཟང་པོ་རྒྱལ་མཚན་དང་། །ཀུན་དགའ་རྒྱལ་མཚན་དགེ་འདུན་རྒྱ་མཚོའི་དཔལ། །སྐུ་བཞིའི་བདག་ཉིད་ཆོས་ཀྱིས་རྒྱལ་མཚན་སོགས། །དངོས་རྒྱུད་བླ་མ་རྡོ་རྗེ་འཆང་རྣམས་ཀྱིས། །དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་ནས་ཀྱང་། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་བསྲུངས་ཤིག་ཅེས། །དཀོན་མཆོག་དབུ་འཕངས་ཁྱོད་ཀྱིས་བསྟོད་ཅིག་ཅེས། །རྣམ་དག་དགེ་འདུན་སྡེ་རྣམས་སྐྱོངས་ཤིག་ཅེས། །རྣལ་འབྱོར་བཅོལ་བའི་ལས་འདི་སྒྲུབས་ཤིག་ཅེས། །བཀའ་ལ་བཏགས་པ་ཡིན་ནོ་བཀའ་བཞིན་སྒྲུབས། །དམ་ཚིག་ཕྱག་རྒྱ་མིག་ལ་བསྟན་ནས་ཀྱང་། །སངས་རྒྱས་ཅེས་སོགས་འདྲེ། །རྡོ་རྗེ་ཐ་ཚིག་རྣ་བར་སྒྲགས་ནས་ཀྱང་། །སངས་རྒྱས་དང་༴ །རྡོ་རྗེའི་གནའ་ཆུ་ལྕེ་ལ་བཞག་ནས་ཀྱང་། །སངས་རྒྱས་༴ སྔོན་གྱི་ཁས་སླངས་དམ་ཚིག་མ་བསྙེལ་བར། ༴ཁྱོད་ཀྱིས་བསྲུངས། །ལྷ་ཁྱོད་བསྟེན་པའི་ཚེ་ན་སྙིང་མ་རིང་། །ནག་པོ་གཡབ་པའི་ཚེ་ན་སྤྱན་མ་ཏུལ། །དགྲ་ལ་བསྐུལ་བའི་ཚེ་ན་བང་མ་ཕུལ། །སྟོབས་ལྡན་མང་པའི་ཚེ་ན་རྩལ་མ་གཞན། །ནག་པོ་ལས་ལ་རྦད་དུས་མཐུ་མ་ཆུང་། །ཁུག་ཅིག་ཁུག་ཅིག་དམ་ཉམས་དགྲ་བོ་འདི། །བསོད་ཅིག་བསོད་ཅིག་བསྟན་དགྲ་སྡིག་ཅན་འདི། །ཟོ་ཤིག་ཟོ་ཤིག་བློ་སྙིང་ཤ་རུས་རྣམས། །མཐུང་ཅིག་མཐུང་ཅིག་སྙིང་ཁྲག་དྲོ་མོ་འདི། །གསོལ་ལོ་མཆོད་དོ་མྱུར་མཛད་མགོན་པོའི་ཚོགས། །སྒྲུབ་ཤིག་སྒྲུབ་ཤིག་ལས་འདི་མྱུར་དུ་སྒྲུབས།
ཅེས་ལས་དྲུག་དང་མནན་བསད་ཀྱིས་གཏོར་ཆུང་འབུལ་བའི་གོང་དུ་བརྗོད་པ་ཡིན་ནོ། །གཏོར་ཆེན་གྱིས་མཎྜལ་དང་འགྲེལ་བའི་བསྐྱེད་ཆོག་དང་བསྐུལ་འདི་རྣམས་ཐུགས་དམ་པ་རྣམས་ཀྱིས་བསྐུལ་བའི་ངོར། ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་འཁོར་རྒྱལ་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཕྲེང་དུ་སྦྱར་བའོ།

༒ མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་གཏོར་ཆེན་གྱི་ཟུར་འདེབས་བཞུགས་སོ།
བླ་མ་དང་མགོན་པོ་དབྱེར་མེད་པ་ཕྱག་འཚལ་ལོ། །གཏོར་ཆེན་གྱིས་ཟུར་འདེབས་ནི། དཀྱིལ་འཁོར་འཁོར་དང་འབྲེལ་བའི་གཏོར་མའི་བཤམས་ཚུལ་ནི། མཎྜལ་གྱི་ཁ་ཁྱེར་ལ། ཕྱོགས་བཞིར་གནོད་སྦྱིན་བཞི། འཚམས་བཞིར་ཤར་དུ་ལྷ་མོ་ཕྱག་བཞི་མ། ཤར་ལྷོར་དུས་མཚན་མ། ལྷོ་ནུབ་ཏུ་དཔལ་མགོན་བདུན་བཅུའི་གཏོར་མ་གྲུ་གསུམ་པ། ནུབ་བྱང་དམ་ཅན་རྒྱ་མཚོའི་གཏོར་མ་གྲུ་གསུམ་པ་གཉིས་ཀའང་ཐོག་གི་འདེའུ་ལྟར་བྱེད་པ་ཡིན་སྔགས་ཀྱི་རྒྱུན་དང་སྐང་བའི་རྒྱུན་མ་ཆག་པ་གལ་ཆེ། བསྐང་བའི་རྒྱུན་གྱི་འཁུ་ལྡོག་ཆུང་ཞིང་ལས་མྱུར་བའི་གནད་ཡོད། ཉིན་མཚན་ཐུན་དྲུག་གི་ཐུན་གྱི་འཇུག་ཏུ་ལས་དྲུག་གིས་དམིགས་པས་ལིང་ག་དང་། གཏོར་ཆུང་ལ་དགུག་གཞུག་དང་གཟུ་སྤངས་སོགས་ཚིག་རེ་རེ་ལ་ཕྱོགས་གཅིག་ཏུ་སྡེབས་པས་འདོན་ཆ་ལྟར་བྱའོ། །ཐུན་སྔ་མ་མ་བཞག་པར་ཕྱི་མ་མགོ་འཛུགས་ནང་མཆོད་ནས་བརྩམ་པ་ཡིན། སྔགས་ཐུན་པ་ཡང་སྔ་མ་དང་ཕྱི་མ་གཉིས་སྒྲིགས་ཏེ་བསྙེན་པ་དང་བསྐང་བའི་རྒྱུན་ཡང་དེ་ལྟར་བྱའོ།
༧ །ཐུན་ཐ་མར་གཏོར་ཆེན་ཕྱིར་འཁྱེར་རན་པ་ན་ཐུན་ཡོད་པ་རྣམས་ཀྱི་གཏོར་ཆུང་ཉེར་གཅིག་སོང་ཐུན་གཏོར་འབུལ་བ་སོགས་གོང་ལྟར་བྱའོ། །བསྟོད་བསྐུལ་དང་བཟློག་པ་ཟིན་པ་དང་བསྒྲུབ་པ་པོ་ཐམས་ཅད་ཕྱོགས་གཅིག་ཏུ་འཁོད་དེ་གཏོར་ཆེན་གྱི་ལྷ་ནམ་པར་གཏེག་ནས། གཏོར་ཆེན་དང་འཁོར་གྱིས་དགོས་གཏོར་ཐམས་ཅད་གསོ་བྲན་བྱིན་བརླབས་བྱས་ལ་རོལ་མོ་དབྱངས་དང་བཅས་པས། ས་བཅུའི་དབང་ཕྱུག་མགོན་པོ་ནི་ཞེས་པ་ནས་ད་བཅོལ་ལས་ཀྱི་རྟེན་དུ་འབུལ། ཞེས་པའི་བར་ངག་དལ་ཅིང་ང་རྒྱལ་ཤུགས་བརྟན་ནོས་ཡིད་ཆེས་གདུང་ཤུགས་དྲག་པོས་བྱ་བ་ཡིན་ནོ། །དེ་ནས་གཙོ་བོ་ལ་སྙིང་པོ་དང་རྩ་སྔགས་ཕྱེ་མར་བཟླས་པ་བརྒྱ་རྩའམ་སྐབས་དང་སྦྱར་བས་འབུལ། འཁོར་རྣམས་ལ་རང་རང་གི་སྔགས་དང་ཤ་ས་ན་སྦྱར་བ་ཉེར་ཅིག་རེ་ཙམ་གྱིས་འབུལ་ལོ། །དམྱི་པ་དྲག་པོ་བྱ་ཕྱི་ནང་གི་མཆོད། གཏོར་རྫོངས་གིས་རང་གི་དགྲ་བགེགས་སྒྲོལ་བ་ལ་བྲག་བསྲེས་པའི་ཕུད། ནད་པ་ལ་སྨན་ཕུད། རྒྱས་པ་ལ་སོགས་ལ་གསེར་སྐྱེམས་ཀྱིས་མཆོད་དོ། དེ་ནས་ས་བཅུའི་དབང་ཕྱུག་སྤྲུལ་པའི་སྐུ། ཞེས་སོགས་དྲག་པོས། ཁྱོད་ལ་ཞུ་ཞིང་གསོལ་བ་ནི། ཞེས་པ་ནས། བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད་ཅེས་པའི་བར་བརྔམས་བརྗིད་དང་ལྡན་པར་བྱ། དེ་ནས་སྒོ་དབྱེ་ལམ་ཕྱེ་སོང་བྱས་ལ་གཏོར་ཆེན་རྒྱང་རིང་དུ་སྐྱལ་ལོ། །ཆོས་སྐུ་ཡངས་པའི་ཕོ་བྲང་ནས། ས་བཅུའི་དབང་ཕྱུག་མགོན་པོ་ནི། ཞེས་སོགས་མཁའ་འགྲོ་འབུམ་བསྐུལ་དང་བཟློག་པ་བྱ། ལིང་ག་ཡོད་ན་སྦྱིན་སྲེགས་རྒྱས་བསྡུས་བསྐབས་དང་སྦྱར། བསྒྲུབ་པ་པོ་ཐམས་ཅད་གཙོ་བོ་རྐྱང་པས་ཀྱང་རུང་ངོ་། དེའི་རིང་སྔགས་ཐུན་པ་ནང་དུ་བར་མ་ཆད་པ་དགོས་ནང་དུ་སླེབ་དུས་དངོས་གྲུབ་ཞུ་བ་དང་སྔགས་རྒྱུན་བཞག །གཏོར་མ་གསར་པ་ཤིན་ཏུ་བཟང་བ་ཞིག་བཤམས་ནས་འབུལ། ཕྱི་ནང་གིས་མཆེད། གྲུབ་ན་བསྐང་པོ་རྒྱས་པ་ཞིག་བྱ། བསྟོད་པ་མངའ་གསོལ་བྱས་སྟེ་འཇུག་རྣམས་ཆོ་ག་ལྟར་བྱའོ།
༧ །གཏོར་ཆེན་གྱིས་བསྐབས་སུ་འཁོར་བཞིས་ལས་བྱེད་མི་ཉན་པའི་རྟགས་བྱུང་བ་ན། མགོན་པོའི་སྐུའི་གཟི་མདངས་བསྐྱེད་པ་ལ་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པ་ཞལ་གཡས་སྐར། གཡོན་དམར། དབུས་མཐིང་ནག །ཕྱག་དང་པོ་གཉིས་ཀྱིས་ཐོད་པ། བར་པ་གཉིས་རྡོར་དྲིལ། ཐ་མ་གཉིས་རལ་གྲི་དང་པདྨ། སྟག་གི་ཤམ་ཐབས། གླང་ཆེན་གྱི་བསྟོད་གཡོགས། སྦྲུལ་དང་རུས་པའི་རྒྱན་དྲུག་ཅན་ཐོད་པ་སྐམ་རློན་གྱིས་རྒྱན་པའོ།
༧ །སྐབས་དང་སྦྱར་ན་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཡོངས་སུ་རྫོགས་པའི། དཔའ་བོ་གཅིག་པ་གང་རུང་བྱས་ན་ལེགས། དེ་ལྟ་བུའི་སྐུའི་གཟི་མདངས་བསྐྱེད་པའི་རྗེས་སུ་མགོན་པོའི་མཆེ་བ་ཡ་སོ་གཉིས་ལ་ཡ་དང་ཀྵེ། མ་སོ་གཉིས་ལ་ཛཿབྷྱོཿབསམ་ལ་མགོན་པོའི་མཆེ་བ་བཞི་རྩིགས་ཤིང་སྤྱང་གསུམ་དྲག་ཏུ་གཟིར་བས་གནོད་སྦྱིན་བཞི་འདར་ཕྱི་ལི་རང་དབང་མེད་པར་ལས་བྱེད་པར་བསམ་མོ། །འདི་མེད་འོར་གྱིས་ལས་མི་བྱེད་གར་ཐཽད་བྱེད་མི་ཉན་ཤིན་ཏུ་མཉན་ནོ།
༧ །གཏོར་ཆེན་གྱིས་དུས་སུ་གཙོ་བོས་ལས་མི་བྱེད་པའི་ཉམས་བྱུང་བ་ན། གནད་དབབ་ཀྱི་བླ་མ་ལ་གསོལ་བ་གདབ། དམིགས་མན་ངག་བཞིན་བྱའོ། །དེ་ནས་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་དང་བསྔགས་འཕྲེང་ལས་འོད་ཟེར་འཕྲོས་རང་གི་ཞལ་ནས་མགོན་པོའི་ཞལ་དུ་ཞུགས་ཏེ་ཐུགས་ཀའི་ཧཱུྃ་དེ་བླང་སྟེ་་་་བ་ནས་བྱུང་རང་གི་ལྟེ་བ་ནས་ཞུགས། ཐུགས་ཀའི་ཧཱུྃ་ཡིག་ཞབས་ཀྱུ་ལ་ཐིམ་པར་བསམ་ནས་རྩ་སྔགས་བརྒྱ་རྩ་ཙམ་བཟླ།
༧ འཁུ་ལྡོག་བྱེད་པའི་རྟགས་བྱུང་ན་སྲོག་བཅིངས་བ་ནི། རང་གིས་ཐུགས་ཁར་ཧཱུྃ་ཡིག་གི་ཞབས་སུ་མགོན་པོའི་ས་བོན་ཧཱུྃ་ཡིག་མགོ་ཕྱིར་བསྟན་མནན་པ་དང་། དེའི་མཐར་མགོན་པོའི་སྙིང་པོ་མགོ་ཕྱིར་བསྟན་ཉལ་སྟབས་དང་། དེའི་སྟེང་དུ་ཡི་དམ་གྱི་སྙིང་པོ་གྱེན་དུ་ལངས་པ་དང་། ཕྱི་རོལ་དུ་ཨ་ལི་ཀ་ལི་གཉིས་སྒྲགས་ཀྱིས་བསྐོར་བར་བསམ་པ་ཡིན་ནོ། །སྔགས་སྟོང་ཙམ་བཟླ་རང་གི་ལ་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཚ་ཞིང་ཙུབ་པ་འཕྲོས་ཤིང་རང་གི་ཞལ་ནས་མགོན་པོའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་ཕོག་པས་མགོན་པོའི་སྐྲག་མདངས་མཐུ་སྟོབས་ནུས་པ་ཐམས་ཅད་དང་སྲོག་གི་ངོ་བོ་ཧཱུྃ་ཅེར་ཏེ་ལངས། མགོན་པོའི་ལྟེ་བ་ནས་རང་གིས་ལྟེར་ཞུགས་ཏེ་ཐུགས་ཀའི་ཧཱུྃ་ཡིག་གི་གདན་དུ་བྱས་པའི་རང་དབང་མེད་པར་ལས་བྱེད་པར་བསམ། དེས་མ་ཞི་ན་སྙིང་པོའི་འཇུག་ནས་ཡར་བཟློག་ནས་བརྒྱ་རྩ་བརྒྱད་བཟླས། དེ་ལས་མང་ན་མི་ཉན་རང་གི་སྤྱི་བོར་ཡི་དམ་གྱི་སྐུ་རྫོགས་པར་བསྒོམས། དེས་འཁུ་ལྡོག་འབྱུང་མི་སྲིད་ཅིང་ལས་རང་དབང་མེད་པར་བྱེད་དོ། །གཏོར་ཆེན་གྱི་བཟུར་འདེབས་འདི་ནི་མཁས་གྲུབ་རིན་པོ་ཆེའི་ཕྱག་ལེན་མངོན་གསུམ་དུ་མཐོང་ཞིང་། གསུང་རྒྱུན་ཞལ་ཤེས་ལག་འཁྲིད་དུ་བྱས་པ་འདི་ནུབ་ཀྱི་དོགས་པས་བཟང་པོ་རྒྱལ་མཚན་བདག་གིས་ཡི་གེར་བཀོད་པ་མཁའ་འགྲོ་ཆོས་སྐྱོངས་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ།

༈ བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།
།དེ་ཁོ་ན་ཉིད་ཀྱི་བརྟེན་གྱི་སྐབས་སུ། རང་ཉིད་ལྷག་པའི་ལྷ་ཡི་དམ་གང་རུང་དུ་གསལ་ནས། རང་གི་སྙིང་ཀར་གསལ་བའི་ཌ་ཀི་མ་གསལ། དེའི་ཐུགས་ཀར་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་མགོན་པོ་མཚོན་གང་ཙམ་གཅིག་གསལ་གཏབ་ནས་དེ་ལ་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པའོ།
༧ །སྲོག་འཁོར་ཆེན་མོའི་བྲི་ཐབས་ནི། རོ་རས་སམ་ཤོག་བུ་ལ་མགོན་པོའི་སྐུ་ལེགས་པར་བྲིས་ནས། ༡ ཐོག་མར་ལྟེ་བ་ལ་མི་སྤྱོད་པའི་སྐུ་སེར་བཞིའི་གང་བབས་བྲི་དེའི་ཐུགས་ཀར་ཧཱུྃ་བྲིའོ། ༢ དེའི་ཕྱི་མུ་ཁྱུད་གཉིས་པ་ལ་མི་སྤྱོད་པའི་མདུན་ནས་སྔགས་མགོ་ཙམ་སྟེ། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཊ་བྷིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊཿ བདག་བསྒྲུབ་པ་པོ་འདི་ཞེས་བྱ་བ་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་མཆོག་དང་མཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་པའམ་རིངས་རིག་པས་སྦྱར། དེས་གཞན་རྣམས་ཀྱི་སྔགས་ཀྱི་ཁ་བསྒྱུར་རིག་པས་མཚུངས། ༣ དེའི་ཕྱི་རོལ་མུ་ཁྱུད་ཡང་ས་གཅིག་བསྐོར་ནས་དེའི་ནང་བསྐོར་རྩིབས་བརྒྱད་ལེགས་པར་བྲིས། ཐོག་མར་མདུན་ནས་གསང་བའི་ཌ་ཀི་མ་དམར་མོ་གཡས་གྲི་གུག་གཡོན་ཐོད་ཁྲག །དེ་ནས་རྩིབས་རྣམས་གཡས་བསྐོར་དུ་རིམ་པ་བཞིན་དུ་ལྷ་མོ་ཕྱག་བཞི་མ་དང་ཕྱག་གཉིས་མ། ཀྵེ་ཊ་པ་ལ། དེའི་ཡུམ། ཛི་ན་མི་ཏྲ། ཊ་ཀི་རཱ་ཛཱ། ཏྲཀྴད་རྣམ་མགོ་ཕྱི་ལ་བསྟན་ནས་སྐུ་མདོག་ཕྱག་མཚན་རྣམས་གཞུང་བཞིན་བྲིའོ། །དེ་བརྒྱད་ཀྱི་ཐུགས་ཁར་ཙཀྲ་རྩིབས་དྲུག་ལ་སོ་སོའི་ས་བོནའམ་སོ་སོའི་སྔགས་ཁྱོན་དང་བསྟུན་ནས་བྲིའོ། ༤ །དེའི་ཕྱི་རོལ་གྱིས་མུ་ཁྱུད་ལ་བླ་མ་རྣམས་ཀྱི་མཚན་རྡོ་རྗེ་འཆང༌ནས་རང་གི་རྩ་བའི་བླ་མའི་བར་རམ་གང་འདོད་སྦྱར། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། བདག་ལ་བྱིན་གྱིས་བརླབས་ཏུ་གསོལ། དེས་གཞན་ལ་རིགས་འདྲེའོ། ༥ །དེའི་ཕྱི་རོལ་མུ་ཁྱུད་ལ་ལིང་ཙེ་བཅུའི་བཅད་ནས་ལིང་རྩེ་རེ་རེའི་ནང་དུ་ཌ་ཀི་མ་སྐུ་མདོག་དམར་མོ་གཡས་ཌ་མ་རུ་དང་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཡས་སྐུམ་གཡོན་རྐྱང་བ། ཐུགས་ཀར་ཧྲིཿ སྐུའི་གཡས་གཡོན་དུ་ཚེག་དྲག་རེ་བྲིའོ། ༦ །དེའི་ཕྱི་རོལ་མུ་ཁྱུད་ལ་ན་ར་ཀྲིཾ་ཀྲིཾ་ལ་འདོད་གསོལ་རིག་པས་སྦྱར། ཚར་མང་ཉུང་རིག་པས་དཔྱད། ༧ །དེའི་ཕྱི་རོལ་པདྨ་འདབ་མ་བཅུ་ལ་ཕྱོགས་སྐྱོངས་བཅུ་བཀོད། སྐུ་མདོག་ཕྱག་མཚན་བསྟོད་བསྐུལ་ལྟར་བྱའོ། ༨ །དེའི་ཕྱི་རོལ་མུ་ཁྱུད་ལ་ཨོཾ་ཨཀ་ན་ཡེ་སྭཱ་ཧཱ། ཅེས་སོགས་རིམ་པས་བྲིས་ནས་འདོད་གསོལ་སྦྱར། ༩ དེའི་ཕྱི་རོལ་མུ་ཁྱུད་ལ་མགོན་པོའི་ཕྱག་མཚན་དྲུག་གཡས་དང་གཡོན་རིམ་པ་བཞིན་ཏུ་བཀོད། ༡༠ དེའི་ཕྱི་རོལ་མུ་ཁྱུད་ལ་ཤ་ས་ན་ལ་འདོད་གསོལ་རིག་པས་སྦྱར། ༡༡ དེའི་ཕྱི་རོལ་མུ་ཁྱུད་ལ་ཕྱོགས་བཞིར་རྒྱལ་ཆེན་བཞིའི་སྐུ་སྤྱི་འགྲོ་ལྟར་བྲིས། རྒྱལ་ཆེན་རྣམས་ཀྱི་སྐུའི་བར་འཚམས་ལ་འོད་ཟེར་ནི་མེའི་རྣམ་པའི་་་་་་རིས་བྲིས་པའི་འཚམས་སུ་འཁོར་ལྔའམ་བདུན་གྱི་ཕྱག་མཚན་བཀོད་ནས་བྲིས། ༡༢ དེའི་ཕྱི་རོལ་མུ་ཁྱུད་ལ་ཡེ་དྷརྨ་འདོད་གསོལ་བཅས་བྲིའོ།
༧ །བརྡབ་ཆོག་ནི་ལྷའི་སྐུ་དང་སྔགས་ཀྱི་མགོ་གཏད་ཚུལ་སྔ་མ་ལས་བཟློག་སྟེ་བྲིའོ། །འདོད་གསོལ་ལས་དང་བསྟུན།
༧ བེ་བུམ་ནག་པོའི་ལིང་ག་བྲི་ཐབས་ནི། རོ་རས་འམ་དུག་ཤོག་ལ་ལིངྒ་མཚན་ཉིད་ཚང་བ་བྲིས་པའི་ལྟེར་་་་་། དེའི་མཐར་དགྲའོ་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ཨཾ་ཀུ་ཤ་ཛ་ཛའི་གང་བདེར་བྱའོ། །དེའི་ཕྱི་རོལ་མུ་ཁྱུད་ཡང་པ་ཅིག་བསྐོར་ནས། ཕྱེད་དགོས་པའི་རྩིབས་བཅུ་བཅུ་བཀོད་ནས་རྩིབས་རྣམས་པོ་འཐབ་པ་བྲི། སོ་བར་ལ་དགྲ་བོའི་འདི་ཞེས་བྱ་བ་མཱ་ར་ཡ་ཧཱུྃ་ཕཊ། རྩིབས་སོ་རེ་ལ་རྩ་སྔགས་འབྲུ་བཅུ་གཡས་བསྐོར་དོང་ཁ་ནང་ལྟ། དེའི་ནང་མའི་སྔགས་འབྲུ་བཅུ་རྩིབས་རེ་ལ་གཡོན་བསྐོར་མགོ་ཕྱིར་ལྟ་བྲིའོ། །དེའི་ཕྱི་རོལ་རྩིབས་ལྔ་མགོ་ནང་ལྟ་བྲིའོ། །རྩིབས་རྣམས་རིམ་པ་བཞིན་ལྷ་མོ་དང་གནོད་ནི་བཞིའི་སྔགས་ཀྱི་འཇུག་ཏུ་དགྲའོ་འདི་ཞེས་བྱ་བ་མཱ་ར་ཡ་ཧཱུྃ་ཕཊ། སྔགས་མགོ་ནང་བསྟན་བྲིའོ། །རུ་པའི་མགོའི་ཐད་དུ་སྔགས་མགོ་བསྟན་ལ་ཤ་ས་ན་སྤེལ་ཚིག་དང་བཅས་པ་བྲིའོ། །དེའི་ཕྱི་རོལ་ཛ་དང་ཁྲཾ་བྲིའོ།
༧ །གྲོང་ཁྱེར་དཀྲུག་པའི་འཁོར་ལོ་ནི། དུག་ཤོག་ལ་མུ་ཁྱུད་ཡང་ས་གཅིག་བསྐོར་ནས། དེ་ལ་རེ་མིག་དགུ་བཅད། དབུས་སུ་རྒྱལ་པོའི་རུ་པ། རེ་མིག་བརྒྱད་ལ་བློན་པོའི་གྲོས་བྱེད་པའི་འཁོར་རྣམས་རྒྱལ་པོ་ལ་མགོ་བཏད་ནས་བྲིའོ། །དེ་རྣམས་ཀྱི་སྙིང་ཁར་དགྲའོ་འདི་ཞེས་བྱ་བ་ཨ་ཀར་ཥཱ་ཡ་བྷེ་ཤ་ཞེས་སོགས་བྲིའོ། །མན་ངག་བཞིན་དུ་སྟེབ་ནས་གཏོར་ཆེན་ནང་དུ་འཇུག་གོ །ལིངྒ་འདི་རྣམས་ལ་ཁ་སྦྱོར་དབྱེ་བ་བྱེད་པ་གལ་ཆེའོ།
༧ །ལུས་ངག་ཡིད་གསུམ་དབབ་པའི་སྐབས་སུ་གཞན་གོ་སླ། མྱོས་བྱེད་ཁུ་བས་ཞེས་པ་ད་དུ་རའི་ཁུ་བ་ལ་བྱེད། མངར་གསུམ་ནི་ཀ་ར་བུ་རམ་སྦྲ་རྩི། ཟ་འོག་ནི་དགེ་སློང་སྡོམ་པ་ཉམས་པའི་དྲི་ཆེན།
༧ ཡང་རིགས་ཅིག་ལ་རྩིབས་ཉི་ཤུ་མི་བྱེད་པར། རུ་པའི་ལྟོ་བར་དབུས་སུ་ཟླུམ་པོ་ཡང་ས་ཅིག་བསྐོར། དེ་ཕྱི་རོལ་དུ་གྲི་གུག་བཞི་པོ་ཕྱི་ལ་བསྟན་ནས་ལྟེ་བར་ཧཱུྃ། སོ་ནང་དུ་བཛྲ་མཧཱ་ཀཱ་ལའི་དགྲ་བགེགས་མར་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེའི་ཕྱི་རོལ་རྩིབས་ལྔ་དང་ཤ་ས་ན་བཀོད་ལུགས་འདྲའོ། །རེ་ཞིག་རྫོགས་སོ།

༈ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་ལས། བསྲུང་བཟློག་བསད་གསུམ་གྱི་མན་ངག་ཞལ་གདམས་དང་བཅས་པ་བཞུགས་སོ།
གུ་རུ་མཧཱ་ཀ་ལ་ལ་ན་མོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་སྒོ་ནས་བསྲུང་བཟློག་བསད་གསུམ་གྱིས་སྒོ་ནས་ལས་ཁ་ཚར་དང་བཅས་བསྲུང་བའི་མན་ངག་ལས་མ་གསལ་བར་ངག་ནས་རྒྱུད་པ་རྣམས་ཕྱོགས་གཅིག་ཏུ་བྲི་བར་བྱ་བ་ནི། བསྲུང་བ་རྡོ་རྗེའི་ཆར་འབེབས་ལ། གུ་རུ་མཧཱ་ཀ་ལ་ས་པ་རི་ཝ་ར་བཛྲ་ས་མ་ཛཿན་མོ་གུ་རུ་བྷྱེ། ན་མོ་ཤྲིར་མཧཱ་ཀ་ལ་བྷྱེ། གུ་རུ་མཧཱ་ཀ་ལ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད་ལ་སྡོམ་པ་བཟུང་། བསོད་ནམས་ཀྱི་ཚོགས་བསགས་ནས་ཚོགས་ཞིང་ཡེ་ཤེས་པ་རྣམས་བདག་ལ་ཐིམ་པར་གྱུར། དེ་ནས་བསྲུང་འཁོར་དུ་བཤད་པ་ལྟར་བསྒོམས་ལ། རྡོ་རྗེ་ར་བའི་ཕྱིར་རོལ་གྱི་ཤར་དུ་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་གཡོན་ཕུག་འཛིན་པ། ལྷོར་མགོན་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་ནེའུ་ལེ་སྐུ་ལ་བརྟེན་ཅིང་གཡོན་ཐོད་ཁྲག་འཛིན་པ་དར་ནག་པོའི་འཇོར་བེར་གསོལ་བ། ནུབ་ཏུ་རེ་མ་ཏི་ནག་མོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་གཡོན་སྐྲ་དང་བཅས་པའི་ཐོད་ཁྲག་འཛིན་པ་གཅེར་མོ་ཁྲག་གིས་ཐིག་ལེས་རྒྱན་པ། བྱང་དུ་མགོན་པོ་གྲི་གུག་ཅན་གཡས་གྲི་གུག་གཡོན་ཐོད་པ་འཛིན་པ། བཞི་ཀའང་ཞལ་གདང་ཤིང་མཆེ་བ་རྩིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ་མི་མགོ་སྐམ་པོ་ལྔས་རྒྱན་པ། རློན་པ་ལྔ་བཅུ་ཡིས་དོ་ཤལ་ཅན། ཞབས་གཡས་སྐུམས་ཤིང་གཡོན་རྐྱངས་པའི་གར་སྟབས་ཅན། ཤར་ལྷོར་ཀྵེ་ཊ་པ་ལ་མཐིང་ནག་གཡས་སྒྱུ་མའི་ཞགས་པ་དང་གཡོན་སྡིག་འཛུབ་མེ་འབར་བ། བྱང་ཤར་དུ་ཏྲཀྵ་ཤད་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་རུ་མཚན་དམར་པོ་དང་གཡོན་ཐོད་ཁྲག་འཛིན་པ་རྟ་ནག་རྟིང་དཀར་ལ་ལྕིབས་པ། བཞི་ཀའང་མི་མགོ་སྐམ་པོ་ལྔས་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་ཅན་སྤྲུལ་པ་དུ་མ་འཕྲོ་ཞིང་། གནོད་སྦྱིན་དཔག་ཏུ་མེད་པས་བསྐོར་བའོ། །སྟེང་གི་ནིར་རྡོ་རྗེ་འཆང་ལ་རྒྱུད་པའི་བླ་མ་རྣམས་ཀྱི་བསྐོར་བ། ཤར་དུ་སྤྱན་རས་གཟིགས་མདྨ་འཛིན་པ། ལྷོར་ཚེ་དཔག་མེད་མགོན་པོ་སྐུ་མདོག་སེར་པོ་གཡས་ལྕགས་ཀྱུ་གཡོན་བུམ་པ་འཛིན་པ། ནུབ་ཏུ་རྣལ་འབྱོར་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ། བྱང་དུ་སྒྲོལ་མ་ལྗང་ཁུ་ཨུཏྤ་ལ་དང་མཆོག་སྦྱིན་ཕྱག་རྒྱ་མཛད་པ། བཞི་ཀའང་བཞེངས་པ་ཡུམ་གཉིས་ནུ་མ་འབུར་ཞིང་བཞད་པའི་ཉམས་དང་ལྡན་པ། ཡབ་གཉིས་ཁྲོ་ཞིང་འཛུམ་པའི་རྣམ་པ་ཅན། རང་འདྲའི་སྤྲུལ་པ་དུ་མ་འཕྲོ་བར་གྱུར། དེ་དག་གིས་ཞེས་པ་ནས་ཧཱུྃ་གིས་མཚན་པ་ཧཱུྃ་ལས་འོད་ཟེར་འཕྲོས་པས། བསྲུངས་བའི་འཁོར་ལོ་མགོན་པོའི་ཚོགས་དང་གན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ཁྲོ་བོ་དང་ཁྲོ་མོའི་རྣམ་པར་སྤྱན་དྲངས། ཨོཾ་ཤྲི་མཧཱ་ཀ་ལ་ས་པ་རི་ཝ་ར་ཨེ་ཧྱེ་ཁྲིཾ་ཉེར་གཅིག་གིས་སྤྱན་དྲངས་ལ་མཆོད། ཛཿཧཱུྃ་བཾ་ཧོཿ བསྙེན་པ་བྱ། དེ་ནས་དམིགས་པ་གསལ་གདབ་རང་གི་མདུན་རྒྱབ་རྣམས་སུ་ཡེ་ཤེས་པ་བཞུགས་པ་དང་བསྲུངས་བྱ་རྣམས་དུས་མཉམས་གཅིག་ཏུ་གནས་པར་བསམ་མོ། །ངག་ཏུ་ཨོཾ་བཛྲ་རཀྵ་ཧཱུྃ་རཀྵ་ཧཱུྃ། རྡོ་རྗེའི་ཕྱི་སྡམ་དང་བསྲུངས་འཁོར་བསྟེན་པར་བྱས། རྡོ་རྗེའི་ཆར་འབེབས་ཐུན་མོངས་བའི་ཞལ་ཤེས་སོ།
༧ །ཐུན་མོངས་མ་ཡིན་པ་ནི། རང་གི་སྙིང་ཀར་ཉི་མའི་དལ་གྱིས་སྟེང་དུ་རྟ་མཆོག་དམར་པོ་རྟ་སྐད་བཞད་པ་ཞལ་གཅིག་ཕྱག་གཉིས་གཡས་ཐོད་དབྱུག་གཡོན་ཞག་པ་འཛིན་པ་ཞབས་གཉིས་དོར་སྟབས་ཀྱི་བཞེངས་པ། སྐུ་ལས་འོད་ཟེར་འཕྲོ་བ། དེའི་ཐུགས་དཀར་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་སྡིག་འཛུབ་མཛད་པ། རྡོ་རྗེའི་དཀྱིལ་དཀྲུང་གིས་བཞུགས་པ། དེའི་ཐུགས་ཁར་ཐོད་པའི་གའུ། དེའི་ནང་དུ་རིན་པོ་ཆེའི་བུམ་པ། དེའི་ཐུགས་ཁར་འོད་དཔག་མེད། བུམ་པའི་ནང་དུ་རང་གི་རྣམ་པར་ཤེས་པ་ཁ་ཊཾ་རྩེ་གསུམ་གཅིག་ཏུ་བསམ། རྩ་བར་གང་བསྲུངས་བ་དེའི་མིང་ཡིག་དང་པོ་བསམ། ཐུན་མོངས་མ་ཡིན་པའི་ཞལ་ཤེས་སོ།
༈ ཤིན་ཏུ་ཅེས་པའི་མན་ངག་ནི། ཤེས་རབ་ཆེ་ན་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་གསལ་གདབ། བློས་མ་ཅོག་ངག་ཏུ་འདོན་མི་ནུས་ན་རང་ཡ་ང་བ་དང་། ཕ་རོལ་གྱི་རྦོད་སྟོང་ཡོད་པའི་རྟགས་བྱུང་ན་ཐོད་པ་ཁ་སྦྱོར་གྱིས་གུར་ཁང་གི་ནང་དུ་རང་གི་ལུད་པོ་འདི་ཁྲོ་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པར་བསམ། དེའི་ལྟེར་ཁ་ཊཾ་ག་སྔར་དང་འདྲ། མཚན་མོ་ཡིན་ན་གཉིད་ལོག་པར་ཁ་ཊཾ་གིས་རྩེ་དབུས་མའི་རྩེ་མོར་ཧཱུྃ་ཡིག་མཐིང་ག་གཅིག་བསམ་ལ་དེ་ལ་སེམས་འཛིན་ལ་གཉིས་ལོགས་གསུངས་པའི་ཞལ་ཤེས་མ་ལུས་པ་རྫོགས་སོ།
See bzlog pa stobs chen byugs bzlogs
༈ བཟློག་པ་སྟོབས་ཆེན་བར་ཤུག་བཟློག་གིས་ཞལ་ཤེས་ནི། རང་གིས་ངག་ཏུ་ཧཱུྃ་གི་སྒྲ་སྒྲོགས་ཏེ་མགོན་པོ་རྣམས་ཀྱིས་ཞལ་ཕྱིར་གཟིགས་ཕྱིང་གིས་ལྷ་ཐམས་ཅད་ཀྱིས་སྒྲ་འབྲུག་ལྟར་སྒྲོག་པར་བསམ། རྡོ་རྗེའི་ར་གཅིག་ཏུ་གནས་པའི་ནང་ཐམས་ཅད་བར་འཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར། བླ་བྲེས་ཀྱི་རྡོ་རྗེའི་ར་རྩེ་རྣམས་མཐུར་དུ་བསྟན། བར་གྱི་རྡོ་རྗེ་ཕྱེད་པའི་སྣེ་མོ་གྲི་གུག་གི་ཕྲེང་བས་འཁོར་ཡུག་ཏུ་འཁོར་བ་ལ། འཁོར་ལོའི་རྩེ་མོ་རེག་པ་ཙམ་གྱི་རྩིབས་བར་དུ་ཎི་ལྗང་ཁུ་ལས་བྱད་མ་ལུས་རིད་པ་སྐྲ་འཛིངས་པ་ལུས་ལ་ཤུ་བ་འཁོར་བ་མགོན་སྐྱབས་དང་བྲལ་བ་སྤྱི་བོ་ས་ལ་བརྩུགས་པར་བསམ། འཁོར་ལོ་མྱུར་ལ་དྲག་ཏུ་འཁོར་བས་ཁོའི་དུགས་གསུམ་གྱི་སྒྲིབ་པ་སྦྱངས་ནས་རྣམ་ཤེས་པདྨ་ཅན་དུ་འཕོ་ནས་ཤ་རུས་དམར་ཐཽར་སོང་བ་གཏོར་མར་གྱུར་པར་བསམ་ལ། བསྒྲལ་བའི་ལས་དྲུག་གི་དམིགས་པ་བྱེད། གཏོར་མ་དེ་མཚོན་ཆར་བསམ་ལ་ཁོ་ཡི་ལུས་ཀྱི་དབུས་སུ་སྲོག་གི་རྟེན་ཏིལ་དམར་གྱི་མར་མེ་ལྟ་བུ་དེ་ལ་རྒྱབ་པས་ནག་ཐུམ་གྱི་གཏང་བར་བསམ་ལ་གཏོར་ཆུང་བཏེག །དེང་དུས་མཉམ་དུ་བཀའ་བསྟོད་བརྒྱད་ལ་སོགས་པ་རྣམས་ཀྱི་ཤ་ཁྲག་ལྷག་མ་མེད་པར་གསོལ་བར་བསམ། རྣམས་ཤེས་སྤར་བ་གོ་དང་འདྲ། རླུང་ལས་ནི་འཁོར་ལོ་དཔེ་ཆུང་ལྟར་བྲིས་ལ་རབ་ཏུ་གནས་པའི་ཆོ་ག་བྱས་རང་གིས་ལོ་བདུད་སྟེང་དུ་འཁོར་ལོ་བསྐོར། ཨྀཐི།།
See bsad pa gnam lcags dug mda' nag po bzlog bsrung ba stobs bskye bzlog nyams pa kun gso
༈ གསད་པ་དུག་མདའ་ནག་པོའི་ཞལ་ཤེས་ནི། ཐུན་མོངས་བ་གོང་དང་འདྲ། ཐུན་མོངས་མ་ཡིན་པ་ནི། འཁོར་ལོའི་འོག་གི་རྭ་རྩེ་གྲི་གུག་གི་འཁོར་ལོ་སྙིང་དཀར་ནག་འཚམས་སུ་འཁོར་ཚུལ་འཁོར་ལོ་བསྐོར་བ་དེ་འདྲ་བས་སོ། །སྲོག་རྩ་རྦད་རྦད་བཅད་པར་བསམ་ལ་སྔགས་དྲག་ཏུ་བརྗོད། འཁོར་ལོ་དཔེའུ་ཆུང་ལྟར་བྲིས་ནས་གྲི་གུག་གི་སྟེང་དུ་འབྱུང་འཇུག་ཞལ་ལས་འབྱུང་བ་ལྟར་བཀོད་ལ་བཟློག་པའི་འཁོར་ལོའི་འཕགས་པོར་བསྐོར་འདི་ཡི་ཁ་ཚར་བྱད་མ་ཚོགས་སུ་ཟ་བ་སོགས་གན་དུ་ཡོད་དོ།
༧ །ཐུན་མོངས་མ་ཡིན་པའི་ཞལ་ཤེས་ནི། གྲུ་གསུམ་དངོ་གྲུས་པའི་ནང་དུ་ལིངྒ་སྔགས་ཀྱི་བསྐོར་བར་བྱད་མ་དགུག་བཞུགས་བྱས་ཏེ། ཤིང་སྐྱེར་ས་ལ་བྱས་ལ་གྲིག་གི་སྔགས་རིང་ཐུང་ཤམ་བུ་དང་བཅས་པ་བྲིས་ལ་སྙིང་ཁར་བཞུགས། དེའི་སྟེང་དུ་ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་མགོན་པོའི་སྔགས་རིང་ཐུང་རྣམས་གྲིག་གི་དུག་ཤོག་གི་གྲོ་ག་ལ་བྲིས་ལ་ཡིག་འབྲུ་རྣམས་མ་འབྲེལ་བ་བཏུབ་ཐུན་རྫས་རྣམས་དང་སྦྱར་ལ་ཆོས་སྲུང་བཀབ། དེའི་ཁར་གཡང་གཞི་སྡེབ་ཆོག་གི་འཁོར་ལོ་ཡོད་ན་བཀབ། མེད་ན་སྟེང་དུ་དྲག་གཏོར་བཞག་ལ་ཐུན་གཏོར་འབུལ། འདིས་བྱད་མ་སྔར་མེད་ཀྱང་ཕྱིས་འབྲས་ནས་མི་དང་མི་མིན་གང་གིས་བྲུབས་ཀྱང་རང་བྲུབ་ཐེ་མདེ་དེ་གདོན་མི་ཟའོ།
༧ །ཡང་བཟློག་བསྲུངས་བ་སྟོབས་སྐྱེད་ཀྱིས་ཞལ་གདམས་ལ། རང་གི་རྦད་པ་དེ་ཁའི་བཟློག་ན་བྱའི་གན་མི་དགོས་སོ། །བཟློག་པའི་རྟགས་བྱུང་ན་ལས་མཁན་དེའི་སྤྱི་བོར། གན་བཞུགས་དུ་གསལ། མགོན་པོའི་ཐུགས་ཁར་རང་གི་ཡི་དམ་དེ་ཤིན་ཏུ་འཕྲོས་པར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱུད་དེ་བཞིའི་ལྷ་ཚོགས་རྣམས་སྤྱན་དྲངས་པ་ཡི་དམ་དེ་ལ་བསྟིམ། ཁྲིཾ་ཉེར་གཅིག་གིས་ཡེ་ཤེས་པ་སྤྱན་དྲངས་ལ་མགོན་པོ་ལ་བསྟིམ། རིགས་ལྔ་དང་རྒྱུད་པའི་བླ་མ་རྣམས་སྤྱན་དྲངས་ལ་མཁའ་སྤྱོད་་་་་ས་ལ་བསྟིམ། དེ་ནས་གསོལ་གདབ་དམིགས་པ་ཤིན་ཏུ་གསལ་བས། མགོན་པོ་ལུས་ཀྱི་རྒྱབ་ཏུ་གོས་གྱོན་པ་ལྟ་བུར་གྱུར་ནས་སྔར་ལས་གཟི་བརྗིད་འབར་བ་བསམ། དུས་གཅིག་ཏུ་མཁའ་སྤྱོད་་་་་ས་ཁོའི་སྤྱི་བོར་སླེབ་པ་ན་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར་པ་བསམ། ཕྱག་མཚན་དཔག་ཏུ་མེད་པ་སྤྱན་དྲངས་ཁོའི་ཕྱག་མཚན་བསྟིམ། རང་ཡི་དམ་དུ་གསལ་བའི་ལྟེ་བ་མན་ཆད་བཀའ་སྡོད་གནས་པ་ལ། རང་གི་བཀའ་སྒོ་བ་ཉན་ཅིང་ཁོས་ཡར་ལ་ལྟ་མི་ནུས་པར་བསམ། སྔགས་བཟླས་ཚུལ་གཞུང་དུ་གསལ། རང་གི་ལྕེའི་སྟེང་དུ་ཨ་ལི་ཀ་ལིའི་འཕྲེང་བ་བསམ་ནས་ཉེར་གཅིག་བརྗོད་པས་ངག་བྱིན་གྱིས་སླབས། རྟེན་འབྲེལ་སྙིང་པོ་བདུན་གྱི་ངག་གི་ནུས་པ་བརྟེན་པར་བྱས། བདེན་པ་བརྡར་དམ་ཚིག་སྒྲགས་མ་ཉེས་པའི་དཔངས་གཟུགས། ཁོའི་ཉེས་པ་བརྗོད།
༧ ཐུན་མོངས་མ་ཡིན་པའི་ཞལ་ཤེས་ནི། སྔགས་མཁན་འཁུ་བཟློག་གི་རྟགས་མིན་པ་མི་བྱེད་པ་ནི། རང་ཡི་དམ་ཡེ་ཤེས་ཀྱི་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆེད་འོད་ཟེར་ཚ་ལ་རྩུབ་པ་འཕྲོ་བ་དང་བཅས་པ་ཡར་བྱུང། ཁོའི་སྣ་བུག་གཡས་སུ་མགོ་བོ་ཐུར་དུ་བསྟན་ནས་སོང་། སྙིང་ཁར་སླེབ་པ་དང་ཁོའི་ས་བོན་ལ་ཧཱུྃ་གིས་ཞབས་ཀྱུས་ལྕགས་ཀྱུ་གཏབ་པ་ལྟར་དྲངས་ཏེ་ཡར་བྱུང་ནས་སྣ་བུག་གཡོན་ནས་ཐོན། རང་གི་གཡས་ནས་བཞུགས་ནས་ཧཱུྃ་ལ་ཐིམ་པར་བསམ། དེ་ནི་སྲོག་འཕྲོག་པའོ།
༧ །ལས་མཁན་མྱང་བའི་ཞལ་ཤེས་ནི། རང་གི་ཐུགས་ཁ་ནས་འོད་ཟེར་ཁོ་ལ་ཕོག །ཁོ་འོད་དུ་ཞུ་བ་ལས་རང་གི་ས་བོན་དུ་བསྒོམ། ས་བོན་དེ་ཡོངས་སུ་གྱུར་པ་ལས་མགོན་པོར་བསམ། དེའི་ཞབས་འོག་ཏུ་ཁོ་མགོ་ལྟེབ་ནས་ཞབས་ཀྱི་མགོ་བོ་མནན་པར་བསམ། ཁོ་མ་བཟོད་ནས་སྲོག་སྙིང་ཕུལ། དེས་ལས་བྱེད་པར་ཁས་སླངས་པར་བསམ་ལ་གོང་གིས་སྟོབས་སྐྱེད་ཡང་ཡང་བྱས་ལ་དེ་ནས་ལས་ལ་སྦྱར། ཡང་བཟློག་མན་ངག་མ་ལུས་པ་རྫོགས་སོ།
༧ །སླར་བཟློག་ཉམས་པ་ཀུན་བསོའི་མན་ངག་ནི། གན་རྣམས་གཞུངས་དུ་གསལ། རྡོ་རྗེའི་ཡར་རྩེ་རྭ་ལྔ་རིག་ལྔར་བསམ། མར་རྩེ་རྭ་ལྔ་ཡུམ་ལྔར་བསམ། ཡི་དམ་དུ་གསལ་བའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབས་ལོགས་རྡོ་རྗེའི་རྭ་བ། ལྤགས་པ་རྡོ་རྗེའི་གུར་དང་བླ་བྲེས། བ་སྤུ་མདའི་དྲ་བ། སྐྲ་སེན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། ཐུན་མོང་གི་ལུས་ཀྱི་བསྲུང་འཁོར། ཐུན་མོང་མ་ཡིན་པའི་ལུས་ཀྱི་བསྲུང་འཁོར་ནི། གོ་ཆའི་ལྷ་བཀོད་ཅིང་། ཁྲོ་བཅུ་ལུས་ལ་བཀོད་ནས་ཡི་གེ་བརྒྱ་པ་བརྗོད་ལ་ཨ་ལི་ཀ་ལིའི་ཁྱབ་བྱང་ལྟ་བུ་ལ། འོད་ཟེར་རྒྱུན་ཐག་ལྟ་བུ་བྱས་པའི་གོ་ཁྲབ་ལུས་ལ་གྱོན་པར་བསམ། རླུང་གི་ལས་སྦྱོར་གོང་ལྟར་བྱའོ། །སླར་བཟློག་མན་ངག་མ་ལུས་པ་རྫོགས་སོ།
།འདི་ཡིས་མན་ངག་མ་ལུས་པ་མཁས་གྲུབ་རིན་པོ་ཆེའི་ཞལ་ལས་རྒྱུད་ཅིང་། བསོད་ནམས་མཚན་ཅན་གྱི་གསུངས་ལས་ཇི་ལྟར་བྱུང་བ་རྣམས་བརྗེད་ཀྱི་དོགས་ནས་ཡི་གེར་བྲིས་པའོ། །བསྟན་བསྲུངས་རྣམས་ལ་བཟོད་པར་གསོལ།
སངས་རྒྱས་མཉན་སྟོན་གྱི་ངག་སྐྲོལ་བའི་ལུགས་ལ། སྟོང་ཉིད་ཀྱི་ངང་ལས་རང་གི་ལྕེ་རལ་གྲི་སོར་བཞི་པར་བསྒོམ། དེའི་ཆང་ཟུང་ཀྱི་ནང་དུ་ཡིག་གེ་ཏྲཾ་ལྗང་ཁུ་གཅིག་བསམ། དེ་ལས་འོད་འཕྲོས་པའི་འཇིག་རྟེན་དང་འཇིག་རྟེན་ལས་བཟླས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ་ཨོཾ་ཏྲཾ་ཧྲིཿཀ་པ་ལ་རཀྵ་རཀྵ་སྭ་ཧཱ། ཉིན་རེ་ལ་ལན་བདུན་བདུན་བརྗོད་ན་ངག་ནུས་པ་དང་ལྡན་པར་འགྱུར་རོ། །སངས་རྒྱས་མཉན་སྟོན་ལུགས་ཀྱི་ངག་སྐྲོལ་ལོ།

༈ མཧཱ་ཀ་ལ་ལ་ན་མོ། བེ་བུམ་ནག་པོར་བག་ཟན་ལ་དྲག་པོ་ནག་པོས་ཁ་སྒྱུར་པའི་བྱ་རོག་གསུམ་གྱི་གཟུགས་གཏོར་མའི་ལོགས་གསུམ་ལ་གཙུགས་ཞེས་པའི་སྐབས་སུ། གཤིན་རྗེ་གཤེད་ཀྱི་སྒོ་ནས་གཟི་མདངས་བསྐྱེད་ལ། བདག་ཉིད་ཀྱི་ཐུགས་ཁའི་ས་བོན་ལས་འོད་ཟེར་རབ་ཏུ་འཕྲོས་པས་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཕོག །ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀའི་ཧཱུྃ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཧཱུྃ་གསུམ་རྒྱང་གི་མགོན་པོའི་སྤྱན་གསུམ་ཀྱི་སྒོས་རྒྱང་གིས་ཐོན་ནས་བག་ཟན་གྱིས་བྱ་རོགས་གསུམ་ལ་ཐིམ་པར་བསམ། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ལས་མགོན་པོའི་ཐུགས་ཀྱི་སྤྲུལ་པ་དམ་ཉམས་དགྲ་བགེགས་ཐམས་ཅད་བརླག་པར་བྱེད་པའི་བྱ་རོག་མཐིང་ནག་འབར་བའི་འཆུ་སྡེར་གྱི་དགྲ་བོའི་གློ་སྙིང་འབྱིན་ཞིང་བསྟན་དགྲ་ཐམས་ཅད་ཞེ་ལ་གནགས་ཏེ་དགྲ་བོའི་སྲོག་དབུགས་སྐད་གཅིག་ཉིད་ལ་བསྡུད་བཅིང་། མགོན་པོ་འཁོར་བཅས་ལ་གཡས་བསྐོར་དུ་དཀྱིལ་ལི་ལི་ལྡིང་བར་བསམ་ལ། སྙིང་པོ་དང་རྩ་སྔགས་ལ་སྤེལ་ཚིག་བཏགས་ལ་བཟླས་པར་བྱའོ། །ཨྀཐི།།
བསྲུང་བ། བཟློག་པ། བསད་པ། དགྲ་བོ་བཀུག་པ་སོགས་མན་ངག་ཞལ་ལས་ཤེས་སོ། །ས་མ་ཡ་གུ་ཧྱ། བསྟན་པ་བསྲུངས་ལ་ཉེ་བར་འཁོ་བའི་མན་ངག་ཕྲ་མོ་འདི་རྣམས་ལ་ཞལ་ལས་ཤེས་པར་བྱ་བའི་གནད་ཞིབ་ཅིང་མང་བར་གསུངས་པ་དག་བརྗེད་པས་འཇིགས་པ་དང་། ཁོ་བོ་དུས་ཀྱི་ཕོ་ཉས་ཁྱི་ར་པར་གྱུར་ན་མན་ངག་ཆེན་པོ་རྣམས་ཉམས་ཀྱི་དོགས་ནས། སྙན་རྒྱུད་ཡི་གེར་པ་ལ་ཆོས་བདག་མཁའ་འགྲོ་དང་། མགོན་པོ་འཁོར་བཅས་ལ་བཟོད་པར་གསོལ།

༈ ན་མོ་མཧཱ་ཀ་ལ་ཡེ། དཔལ་འབར་གྱི་དགྲ་བགེགས་གསད་པ་ནི། ལིངྒ་རྣམས་སྙུག་མ་ལ་མགོ་མཇུག་ལོག་ལ། དུར་ཁྲོད་ཀྱི་རས་ཀྱི་རས་ཀྱི་རས་ཀྱི་དཀྲིས་ལ་སྣུམ་ལ་སྒྲེས་པ་དེ་ཤན་པའི་གླིང་ནས་མེ་གླང་ལ་སྟག་ལོ་པའམ། ཕག་ལོ་པ་མི་གསད་མྱོང་བ་གཅིག་གིས་མེ་གླང་ལ་སྦར། དེ་ཤིན་ཏུ་ཚ་ཞིང་བསྲེགས་པར་བསམ་ལ་གཏོར་ཆེན་གྱི་མདུན་ངོས་སུ་ཟུག །དམིགས་པ་ནི་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་པས་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཕོག །ཐུགས་རྒྱུད་བསྐུལ་ཏེ་བདག་མདུན་གཉིས་ཀའི་ཐུགས་ཀ་ནས་མེ་ལྕེ་དྲག་ལ་རྩུབ་པ་འཁྱིལ་ཞིང་ཆད་པ་འབར་བའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་དགྲ་བགེགས་ཀྱི་ཉོན་མོངས་ཀྱི་གཟུགས་ཆུང་ཐུལ་གྱིས་བསྲེགས་པའི་ཞུན་བདུད་རྩིར་གྱུར་ནས། མགོན་པོ་འཁོར་བཅས་ཀྱི་གསོལ་བས་དགྲ་བགེགས་བྱད་མའི་མིང་ཙམ་ཡང་མ་ལུས་པར་བསམ་ལ། གཙོ་བོའི་སྙིང་པོ་དང་རྩ་སྔགས་ལ་སྤེལ་ཚིག་སྦྱར་ལ་དྲག་ཏུ་བཟླས་སོ། །སློབ་དཔོན་རིན་པོ་ཆེ་ཆོས་བསྟན་པའི་ཕྱག་དཔེ་ལས་བཙུན་པ་རིན་ཆེན་བཟང་གི་འོལ་ཁ་སྟག་རྩེའི་གཞིས་ཁ་ནས་བྲིས་སོ།

༈ ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་དགེ་འདུན། གསང་སྔགས་྾ རིགས་སྔགས་྾ གཟུང་྾ ཕྱག་྾ སྙིང་པོ་྾ ཏིང་ངེ་འཛིན་རྣམས་ཀྱི། ཁྱད་པར་དུ་ཡང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་བཅས་པ་དང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་྾ བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་རྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། དཔལ་ལྡན་བླ་མ་དམ་པའི་སྐུ་དགྲ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་དགོན་ནས་སྡེ་དང་བཅས་པ་ལ་ཕོད་བརྩུགས་པ། དོ་བ་་་་བ་སྔ་དགྲ་ལག་ཏུ་བླངས་པ། ད་དགྲ་ཐད་དུ་ལོང་པ། ཕྱི་དགྲ་ཞེ་ལ་བསམ་པའི་དམ་ཉམས་པའི་དགྲ་བོ་འདི་མཐོ་སྲིད་པའི་རྩེ། དམའ་རྒྱ་མཚོའི་གཏིང་། ས་འོག་ས་སྟེང་ས་བླ། བསྲུང་པའི་གུར་ཁང་། ཉི་ཟླའི་སྣམ་ཕྲག །རིབ་ཀྱི་ཁོང་སེང་སྲིད་པ་གསུམ་གྱིས་གནས་གང་དུ་ཡོད་ཀྱང་། མགོན་སྐྱབས་བྱེད་པའི་ལྷ་དང་ཕྲལ་ནས་ཚེ་དང་བསོད་ནམས་ཀྱི་དབང་དུ་མ་གཏང་བར་སྐད་གཅིག་གི་རང་དབང་མེད་པར་འདི་ཁུག་གཅིག
See grib sel gnad dbab kyi gdams pa sangs rgyas gnyan ston yan chig rgyud gnad yig yid bzhin nor bu
༈ བླ་མ་མགོན་པོ་དབྱེར་མེད་འདུད། །མགོན་པོ་ཕྱག་དྲུག་འཁོར་བཅས་ཀྱི། །གྲིབ་སེལ་གནད་དབབ་བཤད་པར་བྱ། །ཞེས་གསུངས་པའི་གནད་ཀྱི་གདམས་པ་ནི། མདུན་དུ་མགོན་པོ་འཁོར་བཅས་བསྐྱེད་ལ་དེ་ལ་ཡེ་ཤེས་པ་བསྟིམ། དེའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་གིས་རྣམ་པ་ཅན་བསྒོམ། དེ་ལ་སངས་རྒྱས་བྱང་སེམས་རྒྱུད་པའི་བླ་མ་རྣམས་སྟིམ་ལ་ན་མོ་བུདྷ་ཡའི་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་མགོན་པོའི་སྐུ་ལུས་ཐམས་ཅད་ལ་ཁྱབ་པར་བསམ། དེ་ཡིས་ཉམས་གྲིབ་དག་ནས་སྐུ་འོད་དང་འོད་ཟེར་གྱི་རང་བཞིན་ནུས་པ་དང་མཐུ་སྟོབས་ཕུན་གསུམ་ཚོགས་པ་དང་ལྡན་པ་དགྱེས་པའི་ཉམས་དང་ལྡན་པར་བསམ། ཡང་གསོལ་བ་གཏག་པས་བླ་མའི་སྐུའི་འོད་ཟེར་རྣམས་བླ་མའི་སྐུ་ལུས་ནང་དུ་འདུས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་ཡེ་ཤེས་ཆེན་པོའི་ནུས་པ་དང་། ཐུགས་འོད་ཟེར་དཀར་པོའི་རྣམ་པར་འདུས་བླ་མའི་སྐུའི་ནང་དུ་འདུས་བདེ་བ་ཆེན་པོའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བའི་རྡོ་རྗེའི་རྩེ་ནས་བབས་པ་མགོན་པོའི་སྤྱི་གཙུགས་ནས་ཞུགས། སྐུའི་ཕྱི་ནང་ཐམས་ཅད་དཀྲུས་མགོན་པོ་འཁོར་བཅས་ཀྱིས་ཉམས་གྲིབ་དག་ཐུགས་བདེ་བ་ཆེན་པོའི་རང་བཞིན་སྐུའི་གཟི་བརྗིད་ཕུན་སུམ་ཚོགས་ནས་བདག་གི་འཕྲིན་ལས་གང་བཅོལ་ཉན་པར་བསམ། དེ་ནས་ཡང་ན་མོ་བུདྷ་ཡའི་གསོལ་བ་ལན་གསུམ་གཏབ་པ་ལས་ན་ར་ཀྲིཾ་ཀྲིཾ་རྩ་སྔགས་དང་བཅས་པ་བཟླས་པ་ལས། དེ་ནས་གསོལ་འདེབས་གསུམ་གཉིས་སྔགས་གསུམ་ཆ་བཟླས་ལ། མགོན་པོའི་དཔྲལ་བ་དང་། མགྲིན་པ་དང་། ཐུགས་ཁ་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་བསམ། རང་གི་གནས་གསུམ་དུ་ཡང་དེ་གསུམ་བསམ། མགོན་པོའི་ཡིག་གེ་གསུམ་ལས་ཡི་གེ་གསུམ་བརྒྱད་དང་བརྒྱད་དམ། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་མང་པོ་བྱུང་སྟེ་རང་ཉིད་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གནད་གདོན་སྡིག་སྒྲིབ་དག་པར་བསམ། སྐུ་གསུང་ཐུགས་ཀྱི་སྙིང་པོ་གསུམ་བཟླས་སོ། །དེ་ནས་མགོན་པོའི་ཡི་གེ་གསུམ་ཆད་ནས་རང་གི་གནས་གསུམ་དུ་ཐིམ། རང་གི་དཔྲལ་བའི་ཨོཾ་ལ་ཡི་གེ་བརྒྱ་པས་བསྐོར། དེ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་། ལུས་ཀྱི་ནང་ཐམས་ཅད་གང་། ལུས་ཀྱི་གནད་གདོན་སྡིག་སྒྲིབ་ཐམས་ཅད་དག་སྐུའི་ཉམས་ཆགས་བསྐོང་། དེ་ལྟར་བསྒོམ་ཞིང་ཡིག་བརྒྱ་བཟླས། མགྲིན་པའི་ཨཱཿལ་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་ཟེར་དམར་པོ་བྱུང་རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག་གསུངས་གི་དམ་ཚིག་ཉམས་ཆགས་བསྐོང་། ཐུགས་ཀའི་ཧཱུྃ་ལས་ཡིག་བརྒྱས་བསྐོར་བ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་ཀར་ཐིམ་ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་དམ་ཚིག་ཉམས་ཆགས་བསྐོང་། དེ་ལྟར་བསྒོམ་ནས་ཡིག་བརྒྱ་ནུས་ཚད་དུ་བཟླས་སོ། །དཔྲལ་བའི་ཡིག་བརྒྱ་དེ་ཨོཾ་ལ་ཐིམ། ཨོཾ་མགྲིན་པའི་ཡིག་བརྒྱ་ལ་ཐིམ། ཡིག་བརྒྱ་ཨཱཿལ་ཐིམ། ཨཱཿཐུགས་ཀའི་ཡིག་བརྒྱ་ལ་ཐིམ། དེ་དེའི་ཧཱུྃ་ལ་ཐིམ། ཧཱུྃ་འོད་ཀྱི་རང་བཞིན་དུ་གྱུར། ལུས་འོད་ཟེར་སྔོན་པོས་ཁེངས། དེ་ལ་ཨེན་ཙམ་སེམས་འཛིན། གདོན་རྣམས་འཇོམས་པར་བྱེད་དོ། །དེ་ནས་འདི་ཡང་སྟོང་པར་བསྒོམ་ལ་སྐྱེ་མེད་ཀྱི་ངང་ལས་ལྷའི་སྐུར་གསལ། འགག་མེད་ཀྱི་ངང་ལས་རང་བཞིན་ཕྱག་བརྒྱ་ཆེན་པོ་དེ་ལ་མཉམ་པར་བཞག་གོ །དེ་ཡི་མགོན་པོ་འཁོར་དང་བཅས་པ་ལ་ཉམ་གྲིབ་ཕོག་པ་དང་། དམ་ཉམས་ཀྱི་ཟས་ཟོས་པ་དག་ནས་ལས་ལ་མི་གཡེལ་དྲན་ཞིན་བཀའ་ཉན་ནོ། །གདོན་བགེགས་ཐམས་ཅད་ཀྱང་སྐད་ཅིག་ལ་འཇོམས། དཔལ་ལྡན་ཤ་བ་རི་པ་ནས་སངས་རྒྱས་མཉན་སྟོན་ཡན་ལ་འདི་ཆིག་རྒྱུད་ལས་མེད་འདི་ནི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་བཟླས་པ་དང་གཏོར་མ་མ་གྲུབ་ཀྱང་མགོན་པོ་འཁོར་བཅས་ཀྱི་བྲན་བཞིན་ལས་བྱེད་དོ།
ཁྱུང་པོའི་ཞལ་གདམས་བླ་མ་མགོན་པོའི་གནད་ཡིག་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདིས། སངས་རྒྱས་སྟོན་པས་རི་གོང་དཔལ་གྱི་རི་ཁྲོད་དུ་ཡི་གེར་བཀོད་པའོ། །གནད་འབེབས་འདི་ཕལ་ཆེ་བ་ལ་མི་གནང་ངོ་། །མང་ཐོས་དགེ་ལེགས་དཔལ་བཟང་གིས། མཁས་གྲུབ་གོང་མའི་མན་ངག་ལ། ལྷད་ཞུགས་གསལ་ནས་དག་པར་བྱས། ས་མ་བརྒྱ།
See mgon po snying zhugs 'pho ba dang bcas pa'i dmigs rim rgyun gyi rnal 'byor du bya ba'i tshul
༒ བླ་མ་མགོན་པོ་དབྱེར་མེད་ཀྱི་ཞལ་ཤེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདམས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཤིན་ཏུ་གསང་བའི་ཡིག་ཆུང་རྣམས་བཞུགས་སོ།
བླ་མ་མགོན་པོ་དབྱེར་མེད་ཀྱི་ཞལ་ཤེས་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་སེར་པོཅེས་པ་ནས་ངོ་བོར་གྱུར་པའི་སྐུ་ལས་འོད་འཕྲོས། ཞེས་པའི་བླ་མའི་སྐུ་ལས་འོད་ཟེར་དཀར་པོ་ཅིག་ཡར་འཕྲོས། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་ཐམས་ཅད་སྤྱན་དྲངས། རྩ་བའི་བླ་མ་དེ་ཉིད་ལ་ཐིམ་པས་བླ་མ་ཀུན་བསྡུས་སུ་བསམ། དེ་འདྲའི་བླ་མའི་སྐུ་ལས་འོད་ཟེར་སྣ་ལྔ་འཕྲོས། སྐུའི་དབྱིབས་རྒྱུད་འོག་ནས་ཐོན་མགོན་པོའི་སྟེང་ནས་བཞུགས་པས། མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འབར་འུར་འུར་སིལ་སིལ་གར་མཛད། མགོན་པོའི་ནུས་མཐུ་ལྷག་པར་རྒྱས། མགོན་པོ་ལས་འོད་ཟེར་སྣ་ལྔ་འཕྲོས་སྐུའི་དབྱིབས་རྒྱུད་སྤྱི་བོའི་ནས་ཐོན། བླ་མ་ལ་ཕོག་པས་བླ་མ་འོད་དང་བདེ་བའི་རང་བཞིན་དུ་མེར་མེར་དྲིལ་བུའི་སྒྲ་སྒྲོགས། གཉིས་ཀའང་རང་ལ་སྤྱན་ཧྲིག་ཧྲིག་གཟིགས་པར་བར་བསམ་ལ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་ཀྱུས་ལྟར་གསོལ་འདེབས་བྱེད། བྱིན་བརླབས་ཞུ་བ་དངོས་ནི། ན་མོ་བུདྷ་ཡ་ཞེས་སོགས་ངག་ཏུ་བརྗོད་པ་དང་དུས་མཉམ་དུ། དམིགས་པ་བླ་མའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་བྱུང་རང་ཉིད་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བགས་ཆགས་དང་བཅས་པ་དག །བླ་མའི་བྱིན་བརླབས་ཞུགས་པར་བསམ། མགོན་པོའི་ཐུགས་ཀ་ནས་མགོན་པོའི་སྐུ་ཆུང་ལ་ཡན་ལག་རག་པ་དཔག་ཏུ་མེད་པ་བྱུང་། རང་ལ་ཐིམ། ལ་ལས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞལ་དུ་དམར་རྩི་རི་གསོལ། ལ་ལས་རིགས་ཀྱི་བུ་ཁྱོད་ཀྱིས་འགལ་རྐྱེན་བར་ཆད་ཐམས་ཅད་ངས་སེལ་ཞིང་། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ་བོ་ཞེས་གསུང་ལྷང་ལྷང་བ་དང་། ལ་ལས་སྲོག་སྔགས་བརྗོད། དེ་དག་འོད་ཟེར་འཕྲོས་རང་ཉིད་ཀྱི་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་བྱིན་གྱིས་བརླབ་པར་བསམ། བྱིན་བརླབས་དེ་བསྟན་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརློབས་ཞིག །ཅེས་སོགས་བྱེད་དོ།
༈ གྲིབ་བསེལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། གནད་དབབ་དང་གསུམ། དང་པོ་ནི། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དཀར་པོ་ཞེས་པ་ནས་ལྷ་ཚོགས་སྤྱན་དྲངས་ཅེས་པའི་བར་ཏེ། དེ་ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྡོ་རྗེ་གསུམ་གྱིས་ལྷ་ཚོགས་རྣམ་སྣང༌འོད་དཔག་མེད་དམ་མི་བསྐྱོད་པ་སྟེ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས། ཡས་རིམ་ནས་འཁོད་པའི་ཐུགས་ཀ་གསུམ་དུ་ཡས་རིམ་ནས་ཟླ་གདན་གྱི་སྟེང་དུ་ཨོཾ་ཡིག་གིས་མཐར་ཡི་གེ་བརྒྱ་པའི་སྔགས་འཕྲེང་དཀར་པོ་དབུ་ཅན་མདུན་ངོས་ནས་ཙམ་སྟེ་གྱེན་ལ་བཞེངས་པའི་རྣམ་པ་ཅན་འཁོད་འོད་དཔག་མེད་ཀྱི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེར་ཨཱཿའི་མཐའ་བསྐོར་དུ་ཡིག་བརྒྱ་དམར་པོ། མི་བསྐྱོད་པའི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུྃ་ཡིག་གིས་མཐར་བསྐོར་དུ་ཡིག་བརྒྱ་སྔོན་པོའི་སྔགས་འཕྲེང་བཀོད། བླ་མའི་གནས་གསུམ་དུ་ཡང་ཟླ་ཉི་པད་གསུམ་གྱི་གདན་གྱི་སྟེང་དུ་ཡི་གེ་བརྒྱ་པའི་སྔགས་འཕྲེང་དཀར་དམར་མཐིང་གསུམ་བཀོད། དེ་ནས་ཡིག་བརྒྱ་འདྲེན་པའི་ཚེ་ཉེར་གཅིག་བཟླ་ན་བདུན་ཚན་གསུམ་དུ་བཅད་དེ། བདུན་ཚན་དང་པོ་ཐོག་མའི་ཡིག་བརྒྱ་རྣམ་སྣང་གི་ཐུགས་ཀའི་སྔགས་འཕྲེང་ལ་དམིགས། གཉིས་པ་འོད་དཔག་མེད། གསུམ་པ་མི་བསྐྱོད་པའི་ཐུགས་ཀའི་སྔགས་འཕྲེང་ལ་དམིགས། བཞི་པ་རྣམ་སྣང་གི་སྔགས་འཕྲེང་ལ་དམིགས་ནས་བཟླས་པས། དེ་ནས་སྔགས་འཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་སྟེ། བླ་མའི་སྤྱི་བོའི་ཟླ་གདན་གྱི་ས་བོན་གྱི་མཐའ་བསྐོར་དུ་འཁོད། དེ་ལས་འོད་ཟེར་དཀར་པོ་འཕྲོས་པས་རང་དང་བླ་མ་གཉིས་ཀྱི་བར་དུ་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་དག །ཚར་ལྔ་པ་ཟླ་བའི་ཚེ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་སྔགས་འཕྲེང་དམར་པོ་སྔར་བཞིན་ཆད། བླ་མའི་མགྲིན་པར་འཁོད་པ་ལས་འོད་ཟེར་འཕྲོས། རང་དང་བླ་མ་གཉིས་ཀྱི་བར་དུ་གསུངས་གིས་ཉམས་ཆགས་ཐམས་ཅད་དག །དྲུག་པ་བཟླས་བའི་ཚེ་མི་བསྐྱོད་པའི་ཐུགས་ཀའི་སྔགས་འཕྲེང་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་། བླ་མའི་ཐུགས་ཀའི་ས་བོན་གྱིས་མཐའ་བསྐོར་དུ་འཁོད་པ་ལས་འོད་ཟེར་སྔོན་པོ་འཕྲོས། རང་དང་བླ་མ་གཉིས་ཀྱི་བར་དུ་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག །བདུན་པ་བཟླ་བའི་ཚེ་དེ་གསུམ་ཀ་ལ་ཐུན་མོངས་དུ་དམིགས་ནས་བཟླས་པས་ཡིག་བརྒྱ་དཀར་དམར་མཐིང་གསུམ་རིལ་བུ་བྱུང་། བླ་མའི་དེ་གསུམ་སོ་སོ་ལ་ཐིམ་ཞིང་འོད་ཟེར་འཕྲོས་པས། བླ་མའི་སྐུའི་ནང་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་གང་། རང་དང་བླ་མ་གཉིས་ཀྱི་བར་དུ་སྐུངས་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་བསམ་ཞིང་། རྡོ་རྗེ་གསུམ་གྱི་ས་བོན་གསུམ་ཡང་བླ་མའི་ས་བོན་ལ་ཐིམ་པར་བསམ། དེ་ནས་མགོན་པོ་དང་རང་གི་གནས་གསུམ་དུ་ཡང་གདན་སོགས་སྔགས་འཕྲེང་འགོད་པ་སོགས་འདྲ་བ་ལ། ཁྱད་པར་རང་དང་མགོན་པོ་གཉིས་ཀྱི་བར་དུ་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་བྱེད་པའི་དམིགས་པ་དང་། རང་གི་ལུས་ངག་ཡིད་གསུམ་གྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པའི་དམིགས་པ་བྱེད་པ་མ་ཏོགས་གན་འདྲ།
༧ གཉིས་པ་གྲིབ་བསེལ་ཐུན་མོང་བ་ནི། བླ་མ་གསལ་མི་འདེབས་པར་མགོན་པོ་གནས་གསུམ་དུ་གདན་སོགས་སྔགས་འཕྲེང་དང་བཅས་པ་སྔར་དང་འདྲ། དེ་དག་ལ་དམིགས་ཡིག་བརྒྱ་བཟླས་པས་མགོན་པོའི་སྐུའི་ནང་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་གང་ནས་ཉི་མ་ཤར་བ་ལྟར་གང་། རང་དང་མགོན་པོ་གཉིས་ཀྱི་བར་དུ་སྐུ་གསུངས་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག །རང་ཡི་དམ་དུ་གསལ་བའི་གནས་གསུམ་དུ་ཡང་གདན་སོགས་སྔར་ལྟར་འགོད། དེ་ནས་ཡིག་བརྒྱ་བགྲངས་པས་མགོན་པོའི་སྤྱི་བོའི་ཡིག་བརྒྱ་བརྒྱང་སྟེ་བྱེན། རང་གི་སྤྱི་བོའི་སྟེང་དུ་ས་བོན་གྱིས་མཐའ་བསྐོར་དུ་འཁོད། དེ་བཞིན་དུ་མགྲིན་པ་དང་སྙིང་ཁ་གཉིས་ལ་ཡང་འདྲ་ཞིང་། རང་གི་ལུས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་གང་ནས་ཉི་མ་ཤར་བ་ལྟར་སོང་། རང་གི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པར་བསམ། ཐུན་བསྡུད་པ་དང་མཉམ་དུ་རང་གི་སྤྱི་བོའི་སྔགས་འཕྲེང་ལ་དམིགས་ནས་བཟླས་པས། སྔགས་སྔགས་འཕྲེང་ཨོཾ་ལ་ཐིམ། དེ་ནས་མགྲིན་པ་དང་། སྙིང་ཁ་ལ་ཡང་འདྲ་ཞིང་། དེ་ནས་མགོན་པོ་དང་རང་གི་ས་བོན་གསུམ་ལའང་དམིགས་སྟེ། ཨོཾ་ཨཱཿཧཱུྃ་ཅི་མང་བཟླས། དེ་ནས་མགོན་པོ་སྤྱི་བོའི་ཨོཾ་ཡིག་རང་གི་སྤྱི་བོའི་ཨོཾ་ཡིག་ལ་ཐིམ་པ་སོགས་རིགས་འདྲེ་ཞིང་། རང་གི་སྙིང་ཀའི་ཧཱུྃ་ཡིག་གིས་ཞབས་ཀྱུ་ཨུ་ནི་ཧ་ལ་ཐིམ་པ་སོགས་ཀྱི་བསྡུད་རིམ་བྱེད་ཅིང་མཐར་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་གོ།
༧ །མགོན་པོའི་གནད་དབབ་ནི། མགོན་པོའི་སྤྱི་བོར་བླ་མ་གྲིབ་བསེལ་ལྟར་བསྐྱེད། དེའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་བས་དེ་ཐམས་ཅད་དུ་སོང་བས་དེ་ཐམས་ཅད་འོད་ཟེར་གྱིས་མཆོད་པས་མཉེས་པར་བྱས། དེ་དག་གི་གཉིས་སུ་མེད་པའི་ཡེ་ཤེས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་བླ་མའི་སྤྱི་བོ་ནས་བཞུགས། ལུས་ཐམས་ཅད་གང་སྐུའི་དབྱིབས་རྒྱུད། སྐུའི་དམད་ནས་ཐོན་ཏེ་མགོན་པོའི་སྤྱི་བོ་ནས་ཞུགས། མགོན་པོའི་སྐུ་ལུས་ཐམས་ཅད་ཀྱང་འོད་ཟེར་གྱིས་གང་། དེ་གཉིས་དང་རང་གི་བར་དུ་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་བསམ་ཞིང་། ཡང་གོང་ལྟར་འོད་ཟེར་འཕྲོས་པས་མཉེས་པར་བྱས། དེ་དག་གི་གཉིས་སུ་མེད་པའི་ཡོན་ཏན་ཐམས་ཅད་བདུད་རྩི་དཀར་པོའི་རྣམ་པར་བྱོན་ནས་གན་འདྲ་བ་ལ་བླ་མའི་གསང་རྡོར་གྱི་ནང་ནས་བྱོན་པ་མ་ཏོགས་གན་གོང་དང་འདྲ་ཞིང་། རང་དང་དེ་གཉིས་ཀྱི་བར་དུ་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་བསམ།
༧ བརྟེན་བཞིའི་གནད་གསུམ་གྱི་ཞལ་ཤེས་ལ། དང་པོ་ཕྱི་བརྟེན་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་རྟ་གཡག་ལུག་སོགས་ལས། གཡག་ལ་མཚོན་ན་གཡག་རྒོད་ཡན་ལག་དང་ཕོ་བརྟགས་སོགས་མ་ཉམས་ཤིང་ཚང་བ། རྭ་སོགས་ཡིད་དུ་འོང་བ་ལ་ཤིང་རྟག་པའི་ཤུག་པ་ལྟ་བུ་ལ་བྱས་པའི་བྱང་བུ་སོར་བཞིའི་ཚད་ཤིན་ཏུ་འཇམ་པ་མགོ་འཇུག་མ་ལོག་པར་བྱས། གཡག་རྒོད་རྒྱན་དང་ལྡན་པ་འདི་ཉིད་མགོན་པོ་འཁོར་དང་བཅས་པ་ལ་བརྟེན་དུ་འཆའོ། །འབེན་དུ་འཇུགས་སོ། །བརྟེན་ལས་མ་འདའ་གཅིག །འབེན་ལ་མ་གཡོ་ཅིག་དགྲ་བགེགས་ཐུལ་གཅིག་ཞེས་དང་། ཕྱོགས་གཅིག་ལ་ཨོཾ་བཛྲ་མཧཱ་ཀ་ལའི་སྔགས་འཇུག་ཏུ་བདག་ཅག་འཁོར་དང་བཅས་པ་ལ་བསྲུང་གཅིག་སྭཱ་ཧཱ། ཞེས་བྲིས་ལ་ཆུ་སོགས་ཀྱི་བྱུགས། དམ་པར་གོས་ནག་གམ་ཕྱིང་ནག་གིས་སྟུམ་ལ་གཡག་རྒོད་ཀྱི་དཔུངས་པ་གཡས་ཕྱོགས་སུ་འདོགས་ཤིང་། དར་སྣ་ལྔའི་གཅོད་པཎ་ཀྱང་དེ་ཕྱོགས་སུ་འདོགས། སྣུམ་སྲོས་ནས་རྭ་དང་དམིགས་པ་ལ་བྱུང་། ནང་མཆོད་བླུད་ཕྱི་བརྟེན་གན་ལ་ཡང་འདྲའོ།
༧ གཉིས་པ་ནི་བྱང་བུ་དེ་ཉིད་མགོན་པོར་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་སོགས་ཀྱུས་ལྟར་བྱ། དེ་ཉིད་འོད་དུ་ཞུ་ནས་འདོགས་ཤིང་གཏོར་དབང་བསྐུར། ཕྱི་བརྟེན་དེ་དག་འཆའ་བའི་ཚེ་ཞལ་ཤེས་ལྟར་ཡུང་དཀར་དང་གུ་གུལ་གྱིས་གདུགས་ཅིང་བྲབས་སོ།
༧ །ནང་བརྟེན་འཆའ་བ་ལ་སྔར་ལྟར་གཉིས་ལས། དང་པོ་ནི་མཉེན་ལྕུག་དྲངས་ཤིང་རྒོད་ཆེན་སྒྲོ་ཡིས་བརྒྱན་ཞེས་པའི། མདའ་རྒྱུད་པའི་སྙུག་མ་དེ་ཉིད་མཉེན་གྱོང་གཉིས་ལས་མཉེན་པ། ལྕུག་ཅེས་པ་ཚིག་ཐག་རིང་བ། དྲང་ཞེས་པ་ཀྱོག་པོ་མིན་པ་ཟུར་གསུམ་ལ་རྒོད་ཀྱི་རྩེ་སྒྲོ་མ་ཉམས་པ་སྐྱོན་པའི་བར་ལ་ཚལ་གྱིས་བྱུང་། གྲིག་དང་སྣག་ཚ་བསྲེས་པའི་བཛྲ་མཧཱ་ཀཱ་ལ་འམ། ན་ར་ཀྲིཾ་ཀྲིཾ་གང་རུང་བྲིས། དར་ནག་གམ་གོས་ནག་ཁ་གང་ལ་གྲིག་དང་སྣག་ཚ་བསྲེས་པས་སྲོག་སྔགས་ཤ་ས་ན་སྤེལ་ཚིག་དང་བཅས་པ་བྲིས་ནས་འདོགས། གནམ་ལྕགས་ཞེས་པ་ཐོག་འདེའུ་འམ། མ་འབྱོར་ན་མི་གསད་པའི་གྲི་སོགས་ལ་མདེའུ་བྱེད་ཅིང་ཞལ་ལེས་ལྟར་གྱི་མེ་ཏོག་གི་རབ་གནས་བྱེད།
༧ གཉིས་པ་ནི་དེ་ལྟ་བུའི་མདའ་དེ་ཉིད་མགོན་པོ་དམ་ཚིག་པར་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་ནས་བཞུགས་པ་སོགས་ཀྱུས་ལྟར་བྱེད། བཟླས་པ་དང་གཏོར་མ་ཡང་དེ་ཉིད་ལ་འབུལ་ཞིང་བསྟོད་པ་སོགས་བྱེད། དེ་འོད་དུ་ཞུ་ནས་མདའི་རྣམ་པ་ཅན་ནུ་བྱས་པ་དེ་ཉིད་མགོན་ཁང་ངམ་རང་འདོད་པར་འཇོག །འགོའི་ཡུག་སོགས་མ་བྱུང་བ་བྱེད་དགོས་སོ།
༧ །གསང་བརྟེན་ལ་གཉིས་ལས། དང་པོ་ནི་དཔའ་བོ་སྟེ་སྐྱེས་པ་སྐྱེས་པ་ཤིན་ཏུ་རྒོད་པ་གཡུལ་དུ་དུས་གྲིར་གསད་པའི་སྙིང་རྒྱབ་ནས་སྟོན་པའི་རྩ་གསུམ་མ་ཉམས་པ་དེ་བྱེ་མས་རྒྱང་ནས་སྐམ། དེ་ནས་རོ་རས་དངོས་སམ་རོ་ལ་བསྐབ་ཙམ་བྱས་པའི་རས་ལེགས་པར་སོར་བཞི་ལ་མགོན་པོ་བསྐུ་བྲིས། དེའི་སྐུ་ལུས་ལ་བཛྲ་མཧཱ་ཀ་ལ་སོགས་བྲི། དེ་ལ་མཚན་ཀྱེ། དེ་ཉིད་དམ་ཚིག་པར་བསྐྱེད་པར་སོགས་བྱས། དེའི་གཡས་གཡོན་གཉིས་ནས་བྲེལ་ནས་རྩ་དབུ་མར་བཅུག །གཡས་གཡོན་གྱི་རྩ་གཉིས་ལ་གཅིག་ཏུ་རིན་པོ་ཆེ་གསེར་དངུལ་སོགས་ཀྱི་ཕྱེ་མ་དང་། གཅིག་ཏུ་བཟང་དྲུག་གི་ཕྱེ་མ་དང་། ཨོཾ་བཛྲ་མཧཱ་ཀ་ལ་སོགས་སྙིང་རྩེ་ངོས་ལ་སྔགས་དང་མགོན་པོའི་སྐུ་གཉིས་ཀའི་མགོ་བསྟན་ནས་འཇུག །རྩ་དེ་གསུམ་གྱིས་བུ་ག་རག་ཤ་མིག་མེད་ཀྱིས་དགག་དེ་ཉིད་གྱེན་ལ་སླངས་ནས་མགོན་ཁང་སོགས་སུ་འཇོག་གོ
༧ །གཉིས་པ་ནི་དེ་ཉིད་མགོན་པོར་བསྐྱེད་པ་སོགས་ཕྱི་བརྟེན་དང་འདྲ་ཞིང་དེ་ཉིད་ཞུ་བ་དང་མི་ཞུ་བ་གཉིས་ཡོད་པ་གང་ཐད་བྱའོ།
༧ །དེ་ཁོ་ན་ཉིད་ཀྱི་བརྟེན་ཡང་ཟེར། བླ་མ་མགོན་པོ་ཐུན་མོངས་མ་ཡིན་པ་ཡང་ཟེར། མགོན་པོའི་སྤྱི་གཙུག་ཏུ་བླ་མ་གྲིབ་སེལ་ལྟར་བསྐྱེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྩ་རྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས་དེ་ཉིད་ལ་སྟིམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་མགོན་པོ་ལ་སྟིམ། དེ་ནས་བླ་མ་འོད་དུ་ཞུ་ནས་མགོན་པོ་ལ་ཐིམ། མགོན་པོ་འོད་དུ་ཞུ་ནས་མེ་ལོང་ལ་ཧས་གཏབ་པ་བཞིན་དུ་སོང་བར་བསམ། དེའི་ངང་ལས་སྔར་ལས་ཀྱང་གཟི་བརྗིད་མཐུ་སྟོབས་ཆེ་བར་ཐོལ་གྱི་བཞེངས་པ་དེ་ཉིད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ངང་ལ་ཅི་ནུས་སུ་བཞག་པ་དེ་ཉིད་ཀྱིས་མགོན་པོ་མཉེས་པར་བསམ་པ་ནི་དེ་ཁོ་ན་ཉིད་ཀྱི་བརྟེན་ནམ། བླ་མ་མགོན་པོ་ཐུན་མོང་མིན་པ་ཡིན། མགོན་པོའི་གསེར་ཆོས་བཞིའི་ནང་གི་གཅིག་ཡིན་གསུངས།
༧ གནད་གསུམ་ནི་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུད་པ་ནི་སྔར་ལྟར་གཉིས་ལས། དང་པོ་ནི་མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དམར་པོ་ཅེས་སོགས་ཀྱུས་ལྟར་ལ། མགོན་པོའི་དཔྲལ་བའི་དབྱིངས་སུ་སིནྡྷུ་རའི་གདན་ཉི་གདན་ཉ་གལ་ལྟ་བུའི་སྟེང་དུ་ཧྲཱིཿ དམར་པོ་གཅིག་དབུས་དང་གཞན་བཅུ་གཉིས་མཐའ་བསྐོར་དུ་འཁོད་པ་ཡོངས་སུ་གྱུར་པ་ལས། གསང་བའི་མཁའ་འགྲོ་མ་དམར་མོ་བཅུ་གསུམ་དུ་གྱུར། བླ་མའི་སྐུ་ལས་འོད་ཟེར་དམར་ལ་སྨུག་པ་འཕྲོས་མགོན་པོ་དང་མཁའ་འགྲོ་མ་རྣམས་ལ་ཕོག་པས། མཐའ་བསྐོར་དུ་འཁོད་པའི་མཁའ་འགྲོ་མ་རྣམས་དབུས་ཀྱི་མཁའ་འགྲོ་མ་རྣམས་ལ་གཡས་བསྐོར་དུ་དམར་སྒོ་བོར་གར་མཛད་ཅིང་ཌ་མ་རུ་ཁྲོལ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས། མགོན་པོས་ཀྱང་དེ་ལྟ་བུ་མཛད་པ་དང་གཉིས་ཀ་ལས་འོད་ཟེར་དམར་ལ་སྨུག་པ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། བླ་མ་དབང་དུ་བསྡུད་ན་པཎྜི་ཏའི་ཐུགས་ཀར་འོད་ཟེར་གྱི་འདེབས། སློབ་མས་འཕོགས་ན་སྐལ་ལྡན་གྱི་སྐྱེ་བོ་དང་། འཁོར་གྱི་འཕོང་ན་རྒྱལ་པོ་དང་བློན་པོ་སོགས་དང་། ནོར་གྱི་འཕོང་ན་གང་གི་འཕོངས་པའི་ནོར་དེ་སོགས་ལ་འོད་ཟེར་གྱི་ལྕགས་ཀྱུས་གཏབ་ནས་རང་གི་མདུན་དུ་སྤྱན་དྲངས་ནས་རང་ཉིད་ལ་གུས་ཤིང་འདུད་པར་བྱེད་མཐར་རང་ཉིད་ལ་ཐིམ་པར་བསམ་མོ།
༧ །གཉིས་པ་ནི་དབུས་སུ་ཧྲཱིཿབཀོད་པ་ཡན་འདྲ་བ། བླ་མའི་ཐུགས་ཀ་ནས་ན་ར་ཀྲིཾ་ཀྲིཾ་གི་སྔགས་འཕྲེང་དམར་ན་ར་ར་བྱུང་ནས། དཔྲལ་བའི་སིནྡྷུ་རའི་མཐའ་བསྐོར་དུ་འཁོད་པ་ཚན་པ་བཅུ་གཉིས་སུ་བྱས་པ་མཁའ་འགྲོ་མ་གཅུ་གཉིས་སུ་སོང་བ་མ་ཏོགས་གན་འདྲ་ལ།
༧ གཤིན་རྗེ་གཤེད་ཀྱི་སྒོས་སྐུའི་གཟིད་བརྗིད་བསྐྱེད་པ་གཉིས་ལས། དང་པོ་ནི་མདུན་ཀྱི་མགོན་པོའི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ངོ་བོ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ་ལ་རྣམ་པ་ཧཱུྃ་ཡིག་གཅིག་གསལ་བཏབ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་བོའི་རྣམ་པར་སྤྱན་དྲངས་ནས་ཧཱུྃ་ཡིག་ལ་ཐིམ་པས་ཡི་དམ་ཞལ་ཕྱག་ཡོངས་རྫོགས་ལ་སོང་ནས། མགོན་པོ་གཟི་བརྗིད་དང་མཐུ་སྟོབས་ང་ལས་ཆེ་བ་མེད་ཨཾ་སྙམས་དུ་བསམ།
༧ གཉིས་པ་ནི་གན་འདྲ་བ་ལ་མགོན་པོའི་ཐུགས་ཀའི་ཧཱུྃ་ཡིག་དེ་ཉིད་མགོན་པོ་དང་ཡི་དམ་གཉིས་ཀའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་སྙམས་དུ་བསམ།
༧ གསུམ་པ་ནི་སྤྱི་བོའི་མི་བསྐྱོད་པ་ལ་བརྟེན་ནས་གཤེད་རྒྱུད་འཇམ་དུ་གཏོང་བའི་གནད་ལ་གཉིས་ལས། དང་པོ་ནི་མགོན་པོའི་སྤྱི་བོར་རིགས་བདག་མི་བསྐྱོད་པ་ཡོད་པ་དེའི་སྐུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཧཱུྃ་ཡིག་གི་རྣམ་པར་སྤྱན་དྲངས། བླ་མ་མི་བསྐྱོད་པའི་ཐུགས་ཀ་ནས་མར་ཞུགས་སྐུའི་དབྱིབས་རྒྱུད་དེ་གསང་རྡོར་ནས་ཐོན། མགོན་པོའི་སྤྱི་བོ་ནས་ཞུགས་དབུ་མའི་ནང་རྒྱུད་དེ་བགྲེངས་ལྟར་ན་རེ་ཡོད་པ་དམིགས། དེ་ཡང་གཏོག་པས་བཏགས་པ་ཙམ་མ་ཏོགས་རང་བཞིན་གྱིས་མཁས་གྲུབ་སྙམ་དུ་བསམ།
༧ གཉིས་པ་ནི་རང་ཡི་དམ་དུ་གསལ་བའི་སྤྱི་བོར་ཡོད་པའི་མི་བསྐྱོད་པའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཧཱུྃ་ཡིག་གི་རྣམ་པར་སྤྱན་དྲངས་ནས། རང་གི་སྤྱི་བོའི་རིགས་བདག་བླ་མ་མི་བསྐྱོད་པའི་སྤྱི་བོ་ནས་སྔར་བཞིན་ཞུགས། གསང་རྡོར་ནས་ཐོན་མགོན་པོའི་སྤྱི་བོ་ནས་ཞུགས་རྩ་དབུ་མའི་ནང་ན་མར་བགྲ་བགྲེངས་ལྟར་ན་རེ་ཡོད་པ་ལ་ཧཱུྃ་ཡིག་རྒྱུན་མ་ཆད་པ་བྱུང་། གཅིག་ལ་གཅིག་ཐིམ་པར་དཔེར་ན་ཆུ་ཐིག་གཅིག་ལ་གཅིག་ཐིམ་པ་ལྟར་བསམ་མོ།
༧ །གནད་དབབ་ལ་གཉིས་ལས་དང་པོ་ལ། བླ་མ་གནད་ལ་དབབ་པ། མཁའ་འགྲོ་གནད་ལ་དབབ་པ། མགོན་པོ་གནད་ལ་དབབ་པའོ། །དང་པོ་ནི་བླ་མ་སྐུ་མདོག་ཕྱག་མཚན་སོགས་དབང་བསྡུད་ཀྱི་སྐབས་བཞིན་བསྐྱེད། དེ་ལས་འོད་ཟེར་འཕྲོས་རྩ་རྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས་དེ་ཉིད་ལ་ཐིམ་པས་དེ་ཉིད་སྐུ་མདོག་དམར་སྨུག་ཏུ་གྱུར། དེ་ཉིད་ཁག་ཏེ་བཞེངས་མགོན་པོའི་སྤྱི་གཙུག་ཏུ་ཁྲབ་པ་སོགས་གར་མཛད་ཅིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གི་གཟིགས་པར་བསམ།
༧ མཁའ་འགྲོ་གནད་དབབ་ནི། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྐུལ་སྟེ། མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟེང་གི་མཁའ་འགྲོ་མ་ལ་ཐིམ་པས་དེ་དག་ཀྱང་གར་མཛད་ཅིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གི་གཟིགས་པར་བསམ།
༧ མགོན་པོ་གནད་དབབ་ནི། ཡང་བླ་མའི་སྐུ་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་མགོན་པོ་ལ་ཐིམ་པས་མགོན་པོ་ཡང་ཚོགས་བདག་གི་སྟེང་ན་གར་མཛད་ཅིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གི་གཟིགས་པར་བསམ།
༧ གཉིས་པ་ནི་རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་པོ་མེ་འོད་འཕྲོ་བ་དྲག་པོ་འཕྲོས། མགོན་པོའི་ཐུགས་ཀ་ལ་ཕོག་པས་གནད་ལ་ཕོག་པར་ལྟར་གྱུར་ནས་མགོན་པོ་དྲག་ཏུ་འཕྲོས་ཤིང་འཁྲུག་ཚོགས་བདག་གི་སྟེང་དུ་གར་མཛད་ཅིང་སྤྱན་གསུམ་འཁོར་རྣམས་ལ་ཧྲིག་གི་གཟིགས་པ་དང་། འཁོར་རྣམས་ཀྱང་མགོན་པོ་ཇི་ལྟར་བཞེད་པ་ཡིན་སྙམས་དུ་བསམ་པས་མགོན་པོའི་བཞེད་པ་གཟིགས་སྟེ། ཀྵེ་ཊ་པ་ལའི་སྤྲུལ་པ་ནམ་མཁའ་གང་བ་སྤྲོས་ཏེ་གནོད་བྱེད་ཀྱི་དགྲ་བོ་བཀུག་ནས་མདུན་དུ་ཁྲིད་པ་དེ་ཉིད་ཀྱི་ཁོག་པ་གཤགས་ནས་དོན་སྙིང་ལྔ་ཀ་མགོན་པོའི་ཐོད་པའི་ནང་དུ་བླུག །ཤ་རུས་ལྷག་མ་རྣམས་ཀྱི་འཁོར་རྣམས་ཚིམ་པར་བསམ་མོ། །དེ་དག་ཤ་ས་ཎ་འདྲེན་དུས་བྱེད།
༧ ཧཱུྃ་དྲུག་གི་གཏོར་མ་འབུལ་བའི་སྔོན་དུ་ཆོས་སྐྱོངས་རྣམས་སྙིང་ཆུ་བསྲེ་བ་ནི། རང་གང་བྱེད་ཀྱི་ཆོས་སྐྱོངས་ལ་གཏོར་མ་རིམ་པ་བཞིན་ཏུ་བཤམས། མགོན་པོའི་གཏོར་མའི་རྒྱབ་ཏུ་མགོན་པོ་བསྐྱེད། དེས་ཆོས་སྐྱོངས་གན་ལའང་དེ་བཞིན་བྱ། དེ་ནས་གཏོར་མ་འབུལ་བའི་ཚེ་ཐོག་མར་དཔལ་ལྡན་ལྷ་མོ་ལ་འབུལ་བསྟོད་པ་བྱེད། དེ་ནས་དཔལ་ལྡན་ལྷ་མོའི་འཁོར་རྣམས་འོད་དམར་པོ་ཞུ་ནས་དཔལ་ལྡན་མ་རང་ལ་ཐིམ། དེ་འོད་དུ་ཞུ་ཆོས་རྒྱལ་ལ་ཐིམ་ཆོས་རྒྱལ་ལ་གཏོར་མ་འབུལ་བསྟོད་བྱེད། ཆོས་རྒྱལ་གྱི་འཁོར་རྣམས་འོད་དམར་པོར་ཞུ་ནས་ཆོས་རྒྱལ་ལ་ཐིམ། ཆོས་རྒྱལ་འོད་དུ་ཞུ་ནས་མགོན་པོ་ལ་ཐིམ།
༧ མགོན་པོ་ལ་གཏོར་མ་འབུལ་ན་ཧཱུྃ་དྲུག་གི་གདམས་པ་ལ་བཞི། ཞི་བའི་ཧཱུྃ་དྲུག །རྒྱས་པའི། དབང་གི །དྲག་པོའི་ཧཱུྃ་དྲུག་གོ །དང་པོ་ནི་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་མགོན་པོའི་གཏོར་མ་བདུད་རྩི་དཀར་པོའི་རྣམ་པར་བསྐྱེད། དེ་ནས་ཧཱུྃ་ཞེས་བརྗོད་པ་དང་མཉམ་དུ་བདུད་རྩིའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་མགོ་གྱེན་ལ་བཞེངས་པའི་རྣམ་པ་ཅན་གཅིག་གསལ་གཏབ། ཧཱུྃ་གཉིས་པ་བརྗོད་པས་ཧཱུྃ་དེ་ལས་འོད་ཟེར་འཕྲོས། ཧཱུྃ་གསུམ་པ་བརྗོད་པ་དང་མཉམ་དུ་རྒྱ་མཚོ་སོགས་ན་གནས་པའི་བདུད་རྩི་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཧཱུྃ་བཞི་པ་བརྗོད་པས་མགོན་པོའི་སྐུ་ཚིམ། ལྔ་པ་བརྗོད་པས་གསུངས་ཚིམ། དྲུག་པ་བརྗོད་པས་ཐུགས་ཚིམ་པར་བསམ། ལུགས་གཅིག་ལ་གསུམ་ཡན་འདྲ་བ་ལ། བཞི་པ་བརྗོད་པས་ལྗགས་འོད་ཀྱི་སྦུ་གུས་ལྔ་པ་བརྗོད་པས་བཅུད་དྲངས། དྲུག་པ་བརྗོད་པས་ལྗགས་སྟེང་དུ་སླེབ་ནས་མཉེས་ཤིང་ཚིམ་པར་བསམ།
༧ རྒྱས་པའི་ཧཱུྃ་དྲུག་གདམས་པ་ནི། ཐོད་པའི་ནང་གི་བདུད་རྩི་ཁོག་སེར་པོ། དེའི་སྟེང་གི་ཧཱུྃ་ཡིག་ཀྱང་སེར་པོ་བྱེད་པ་མ་ཏོགས་གན་འདྲའོ།
༧ །དབང་ལ་བདུད་རྩི་ཁོག་དམར་པོ་ཧཱུྃ་ཡིག་དམར་པོ་བྱེད་པ་མ་ཏོགས་གན་འདྲ།
༧ དྲག་པོའི་ཧཱུྃ་དྲུག་གི་གདམས་པ་ནི། ཐོད་པའི་ནང་དུ་གཏོར་མ་ཤ་ཁྲག་གི་རྒྱ་མཚོར་བསམ། ཧཱུྃ་དང་པོ་བརྗོད་པ་དང་དུས་མཉམ་དུ་གཏོར་མའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་འོད་ཟེར་མེ་འོད་འཕྲོ་བ་གཅིག་བསམ། གཉིས་པ་བརྗོད་པས་འོད་ཟེར་ཕྱོགས་བཅུར་འཕྲོས། གསུམ་པ་བརྗོད་པས་རང་ལ་གནོད་བྱེད་ཀྱི་དགྲ་བགེགས་ཐམས་ཅད་ཁྲོ་བོ་གཤིན་རྗེ་གཤེད་ལག་ན་ལྕག་ཀྱུ་དང་ཞགས་པ་ཐོགས་པས་བཀུག་ནས་སྔར་གྱིས་གཏོར་མ་ལ་ཐིམ་པས་ཤ་ཁྲག་གི་རྒྱ་མཚོར་སོང་བར་བསམ། བཞི་པ་སོགས་འདྲའོ།
༧ །ཐལ་མོ་བརྡབ་པའི་ཞལ་ཤེས་ནི། བླ་མ་མགོན་པོ་དབྱེར་མེད་ལ་ཞེས་སོགས་བརྗོད་པའི་དུས་སུ། ལག་པ་གཡས་གཡོན་གཉིས་གནམ་ལྕགས་ཀྱི་འཁོར་ལོ་བསམ་ཞིང་། རང་ལ་གནོད་བྱེད་ཀྱི་དགྲ་བགེགས་ཐམས་ཅད་ཀུག་ནས་ལག་པ་གཉིས་ཀྱི་བར་མ་གཡོན་པའི་སྟེང་དུ་བཞག་ནས་ཐལ་མོ་གཉིས་གདབས་པས། ཤ་ཁྲག་གིས་རྒྱ་མཚོར་སོང་ནས་ལག་པ་གཉིས་ཐོད་པར་གྱུར་པའི་ནང་ན་ཡོད་པ་མགོན་པོ་འཁོར་བཅས་ཀྱིས་དེ་མ་ཐག་གསོལ་བར་བསམ་མོ།
༧ །མགོན་པོ་ཁྱི་ལྟར་འཁྱིད་པའི་གདམས་པ་ནི། གཏོར་མ་ཕུལ་བསྟོད་པ་སོགས་ཚང་བར་གྲུབ་ནས། མགོན་པོ་འཁོར་བཅས་རྣམས་འོདམ་དམར་པོ་ཞུ་ནས་རང་ལ་ཐིམ་པར་བསམ་པ་ནི་མགོན་པོ་ཁྱི་ལྟར་འཁྱིད་པའི་གདམས་པ་ཡང་ཟེར། རང་ཤ་རང་གི་མི་ཟ་བ་ཡང་ཟེར། རང་ཁྲག་རང་གི་མི་ཐུང་ཞིང་མགོན་པོའི་འཁུ་བཟློག་མི་ཡོང་ངོ་།
༧ །མགོན་པོ་གཅིག་ལ་གཏོར་མ་ཕུལ་བས་ཆོས་སྐྱོངས་གང་བརྟེན་པ་ཐམས་ཅད་ལ་གཏོར་མ་ཕུལ་བར་འགྲོ་བའི་གདམས་པ་ནི། མགོན་པོ་ཕྱག་དྲུག་པ་བསྐྱེད་ལ་དེ་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དེ་ལ་གཏོར་མ་འབུལ་ཡུལ་གྱི་ཆོས་སྐྱོངས་ཐམས་ཅད་སྤྱན་དྲངས་ལ་བསྟིམ། དེ་ལ་གཏོར་མ་ཕུལ་བས་ཆོས་སྐྱོངས་ཐམས་ཅད་ལ་གཏོར་མ་ཕུལ་བར་འགྲོ་བའི་ཞལ་ཤེས་སོ།
༧ །དགྲ་བོ་སྦགས་པ་ཡང་ཟེར། བྱ་ཤ་སྦགས་པ་ཡང་ཟེར་བའི་ཞལ་གདམས་ནི། མགོན་པོ་སྤྱི་བོའི་གཏོར་ཁང་ངམ། རྣལ་འབྱོར་པ་རང་ཉིད་ཀྱི་གཏོར་ཁང་ལ་དམ་ཚིག་མི་གཙང་བས་གཏོར་པོས་མི་བྱེད་ཁ་མེད་བྱུང་ན། གཏོར་མ་དེ་ཉིད་ནང་མཆོད་ལྟར་བྱིན་གྱིས་རླབས། དེ་ནས་དྲག་པོའི་ཧཱུྃ་དྲུག་གི་ཞལ་ཤེས་ལྟར་དགྲ་བོ་དེ་ཉིད་བཀུག་ནས་གཏོར་མའི་སྟེང་དུ་ཤ་ཁྲག་རུས་གསུམ་མེར་སྟེ་སོང་བས་མགོན་པོ་ཉིད་ཀྱི་ཤ་ལ་ང་ཉིད་རོལ་ཁྲག་ལ་ང་ཉིད་རོལ་རྒྱུ་ཡིན་སྙམས་དུ་དགོངས་ནས་ཧཱུྃ་ཕྱི་མ་གསུམ་གྱི་དམིགས་པ་གོང་དང་འདྲའོ།
༧ །འཁོན་ཟས་སུ་ཟ་བའི་གདམས་པ་ནི། རང་དང་དམ་ཚིག་མི་གཙང་བའི་མི་དང་གཏམ་སྒྲེས་དགོས་བྱུང་ནི་ལྷན་གཅིག་སྡོད་དགོས་བྱུང་ན་རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་མགོན་པོའི་སྐུ་མཚོན་གང་པ་གཅིག་ཆད་ནས་རང་གི་སྣ་བུག་གཡས་ནས་ཐོན་དགྲ་བོའི་སྣ་བུག་གཡོན་ནས་ཞུགས། དགྲ་བོའི་གློ་སྙིང་སོགས་ཅད་ནས་དགྲ་བོའི་སྣ་བུག་གཡས་ནས་འཐོན་རང་གི་སྣ་བུག་གཡོན་ནས་ཞུགས། མགོན་པ་རང་ཉིད་ཀྱིས་ཐོད་པའི་ནང་དུ་བླུག་ནས་ཞེས་པར་བསམ།
༧ དགྲ་བོའི་ཚོགས་སུ་རོལ་བ་ནི། དམ་ཚིག་མི་གཙང་བའི་ལག་ནས་ཟ་ལྟུང་སོགས་བྱེད་དགོས་བྱུང་ན། བཟའ་ལྟུང་དེ་ཉིད་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ་དགྲ་བོ་དེ་ཉིད་ཀྱང་བཟའ་ལྟུང་གི་སྟེང་དུ་བཀུག་ཤ་ཁྲག་རུས་པ་རྒྱ་མཚོར་མེར་གྱི་སོང་ནས་མགོན་པོས་ཞེས་པར་བསམ་མོ།
༧ །དགྲལ་བའི་ལས་དྲུག་གི་ཞལ་ཤེས་ནི། རང་ལ་གནོད་པར་བྱེད་པའི་དགྲ་བོ་དེ་ལུད་པ་སྐྲ་འཛིང་པ་སོགས་སུ་བསམ། དེ་ནས་མགོན་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། དགྲ་བོ་དེའི་སྙིང་ཁ་ནས་གཏབ་པས་དགྲ་བོ་དེ་གང་དུ་ཡང་འགུལ་བར་བྱེད་མི་ནུས་པར་བསམ་ཞིང་། དེ་ནས་མགོན་པོའི་ཕྱག་གཡོན་གྱི་སྡིག་འཛུབ་ཀྱིས་རྩེ་ལས་ཁྲོ་བོ་བཞགས་པ་དང་ལྕགས་ཀྱུ་འཛིན་པ་འཕྲོས་སྟེ། དགྲ་བོའི་སྙིང་ཁ་ནས་ལྕགས་ཀྱུས་གཟུང་། མགྲིན་པ་ནས་བཞགས་པས་བཅིངས་ནས་རང་དབང་མེད་པར་བཀུག །གཡས་ཀྱི་ཐ་མའི་ཌཱ་མ་དྲག་ཏུ་དཀྲོལ་བས་སྨྱོས་ཤིང་གན་རྒྱལ་དུ་སྒྱེལ། གཡོན་གྱི་གཉིས་པའི་རྩེ་གསུམ་་་་་སྙིང་ཁ། མགྲིན་པ། སྤྱི་བོ་གསུམ་དུ་ཟུག་པས་ཁ་ནས་ཁྲག་ལྷུག་ལྷུག་བྱུང་བར་བསམ། གཡས་ཀྱི་དང་པོ་གྲི་གུག་གི་ཁོག་པ་གཤེགས་ཏེ། གཡས་ཀྱི་བར་པ་འཕྲེང་བ་འཛིན་པས་གློ་སྙིང་སོགས་དོན་སྙིང་ལྔ་པོ་ཕྱུང་ནས་ཕྱག་གཡོན་གྱི་ཐོད་པར་བླུག་ཏེ་མགོན་པོས་ཞེས། ཤ་ཁྲག་ལྷག་མ་རྣམས་འཁོར་རྣམས་ཀྱི་ཧབ་ཐོབ་བྱས་ཏེ་གསོལ་བར་བསམ།
༧ མགོན་པོ་ནི་གཏེར་བསྲུང་གི་ཞལ་ཤེས་ནི། མགོན་པོའི་གཏོར་མའི་རྒྱབ་ཏུ་མགོན་པོའི་བྲིས་སྐུ་བགྲམ། དེའི་ཐུགས་ཀ་ནས་ཧཱུྃ་དཀར་པོ་གཅིག་བྱུང་ནས་གཏོར་མའི་དཀྱིལ་དུ་སོང་བ་ལས་འོད་ཟེར་འཕྲོས་པས་གཏོར་མ་བསྲུངས། གཏོར་མ་བྱིན་གྱིས་བརློབས་པ་ན་ཧཱུྃ་འོད་ཟེར་དང་བཅས་པ་མགོན་པོ་ལ་བསྡུ། རྒྱུན་གཏོར་བཞག་ཏུ་འཇོག་དགོས་པ་བྱུང་ན་ཡང་སྔར་གྱི་དམིགས་པ་དེ་བྱེད་དོ།
༧ །མགོན་པོའི་ལམ་བསྲུངས་ནི། རང་ཉིད་འགྲུལ་སོགས་བྱེད་པའི་ཚེ་འཇིགས་པ་ཆེན་པོ་ཡོད་པའི་སར་སང་འགྲོ་བའི་དོ་ནུབ་ནས་མགོན་པོ་ལ་གཏོར་མ་གང་འབྱོར་བཤམས་ནས། མགོན་པོའི་གཏོར་ཆོག་ལྟར་གཏོར་མ་ཕུལ་བསྟོད་པ་བྱས། མགོན་པོ་གཤེགས་གསོལ་བསྟིམ་པ་སོགས་གང་ཡང་མི་བྱེད་པར། སང་ཉིན་འགྲོ་དུས་འཇིགས་པ་ཡོད་དོགས་ཀྱི་ཕྱོགས་ཐམས་ཅད་མགོན་པོ་འཁོར་བཅས་ཀྱི་སྤྲུལ་པ་ས་བཞི་རི་ཀླུངས་ཐམས་ཅད་གང་བར་བསམ་ཞིང་། དེའི་ཞལ་ནས་ཨོཾ་བཛྲ་མཧཱ་ཀ་ལའི་སྔགས་དྲག་ཏུ་སྒྲོགས་པར་བསམ་ཞིང་། རང་ཉིད་བླ་མ་མགོན་པོ་ལ་ཞེས་སོགས་ཚིག་ཅད་འདྲེན་ནོ།
༧ །ཡང་ན་མགོན་པོ་འཁོར་བཅས་ནམ་མཁའ་གང་བ་རང་དང་ལྷན་གཅིག་བྱོན་པར་བསམ་པ་གང་རུང་བྱེད།
༧ ཡུང་དཀར་གྱི་ཞལ་ཤེས་ནི། རང་ཡི་དམ་དུ་གསལ་བའི་ཧཱུྃ་ཡིག་གསལ་གཏབ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཁྲོ་བོའི་རྣམ་པར་ནམ་མཁའི་ཁམས་གང་བ་སྤྱན་དྲངས་ནས་རང་གི་སྙིང་ཀའི་ཧཱུྃ་ལ་ཐིམ། ཡ་མ་རཱ་ཛཱ་དང་མགོན་པོའི་སྔགས་ངག་ཏུ་བརྗོད་པ་དུས་མཉམ་དུ་རང་ཉིད་ཡི་དམ་དུ་གསལ་བའི་མ་ཧེའི་ཞལ་ནས་ཁྲོ་བོ་དཔག་ཏུ་མེད་པ་འཁྲོས་ནས་ཡུང་དཀར་ལ་ཐིམ་པས་ཡུང་དཀར་ཐམས་ཅད་ཁྲོ་བོར་གྱུར་པར་བསམ་ཞིང་སྔགས་འདེབས་དེ་ཉིད་ཀྱི་བགེགས་བསྐྲོད་པ་ཡིན་ནོ།
༧ །གུ་གུལ་གྱི་ཞལ་ཤེས་ནི། རང་ཡི་དམ་དུ་གསལ་བའི་སྙིང་ཀར་ཧཱུྃ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས་ནས་ཧཱུྃ་ཡིག་ལ་ཐིམ། ཧ་ཞེས་བརྗོད།
༧ རབ་གནས་སྔོན་འགྲོའི་གུ་གུལ་གྱི་བསྙེན་པ་ལ། རང་ཡི་དམ་གཤིན་རྗེ་གཤེད་དམ་ཕྱག་རྡོར་མགོན་པོ་སོགས་སུ་བསྐྱེད། གུ་གུལ་མདུན་དུ་བཞག །རང་གི་ཐུགས་ཀའི་སོན་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་པར་སྤྱན་དྲངས། རང་གི་ཐུགས་ཀ་ནས་བྱུང་བའི་མཆོད་པའི་ཚོགས་ཀྱི་མཆོད། ཁྲོ་བོ་རྣམས་ཀྱི་ཐུགས་ཀ་ནས་རང་རང་གི་མཐུ་སྟོབས་དང་ནུས་པ་ཐམས་ཅད་རང་རང་གི་སྔགས་དང་ཧཱུྃ་ཡིག་དང་མེ་འོད་དང་ཀྱི་རྣམ་པར་བྱུང་སྟེ་གུ་གུལ་ལ་ཐིམ་པར་བསམ་ཞིང་། ཡི་དམ་དང་མགོན་པོའི་རྩ་སྔགས་དང་སུམྦྷ་ནི་ལ་སོགས་པ་མང་དུ་བཟླས་ཤིང་གུ་གུལ་ལ་ཧས་གདབ་ལ། དེ་ལྟར་བསྙེན་པ་བྱས་པའི་གུ་གུལ་དེ་བགེགས་སྐྲོད་དུས་སུ་སྲེག་པའི་དུ་བ་ཁྲོ་བོ་རྣམས་ཀྱི་མཐུ་སྟོབས་ཀྱི་རང་བཞིན་དུ་གྱུར་པས་བགེགས་མྱོས་ཚིག་བརྒྱལ་བསྐྲད་པར་བསམ།
༧ ན་མོ་མཧཱ་ཀ་ལ་ཡེ། ཞི་རྒྱས་དབང་དྲག་གི་དམིགས་པ་ཞལ་ལས་ཤེས་པར་བྱའོ་ཞེས་པའི་སྐབས་སུ། ཞི་བ་ལ་མགོན་པོ་སྐུ་མདོག་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོར་བསྒྱུར་ཞིང་ཕྱག་མཚན་སོགས་ནི་བསྒྱུར་མི་དགོས་པས་ལྷག་མ་རྣམས་མངོན་རྟོགས་བཞིན་ནོ། །དེ་ལ་དང་པོ་ནི་སངས་རྒྱས་བྱང་སེམས་ཐམས་ཅད་མདུན་གྱི་ནམ་མཁར་ཟླ་བའི་སྟེང་དུ་གནས་པ་རྣམས་ཀྱི་སོ་སོའི་ཁོག་དང་མཐུན་པའི་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ནས་རང་ལ་དབང་བསྐུར་བས། ལུས་ཐམས་ཅད་བདུད་རྩིའི་རང་བཞིན་གྱི་གང་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུའི་ཕྱི་རོལ་དུ་བྱུང་། ཞི་བ་ལ་སྡིག་སྒྲིབ་དག་པར་བསམ། རྒྱས་པ་ལ་རིན་པོ་ཆེའི་ཆར་ཕབ་ནས་ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་ཏུ་གོང་ནས་གོང་དུ་འཕེལ་བ་དང་། དབང་ལ་འཇིག་རྟེན་ལས་བཟླས་པའི་ལྷ་མི་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བསྡུས་ནས་བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཐིམ་པར་བསམ་མོ། །དེ་ལྟར་བསྙེན་པའི་གོང་དུ་བྱའོ། །ཞི་བ་ལ་བདག་མདུན་གཉིས་ཀའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་བསྐོར་དུ་སྔགས་འཕྲེང་ཀུ་མུ་ཏའི་འཕྲེང་བ་ལྟ་བུས་བསྐོར་བ། ཉི་མའི་འོད་ཟེར་ལྟ་བུ་ལས་རྒྱུད་པའི་མགོན་པོ་སྐུ་མདོག་དཀར་པོ་དཔག་ཏུ་མེད་པ་འཕྲོས་པས། བདག་གན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བྱས་ནས་མགོན་པོ་དེ་འོད་ཟེར་དང་བཅས་པ་སླར་བྱོན་ནས་རང་གི་བ་སྤུའི་བུ་ག་ནས་ནང་དུ་ཞུགས། ལུས་ཐམས་ཅད་མགོན་པོ་དང་སྔགས་འཕྲེང་རྣམས་ཀྱི་གང་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་མགོན་པོ་རྣམས་ཀྱི་བསྡུས་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིཿབྱིན་གྱིས་བརླབས་ནས་དངུལ་ཆུ་དང་སའི་མདོག་ལྟ་བུའི་བདུད་རྩིར་བྱིན་གྱིས་བརླབས་ནས་མགོན་པོ་རྣམས་ཀྱིས་ཞལ་དུ་གསོལ་བས་སྐུ་ཉམས་དང་ལྡན་པར་བྱས་ནས་ལྷན་བསྐྱེས་ཀྱི་རང་བཞིན་ཏུ་ཞུ་བ་རང་གི་ལུས་ངག་ཡིད་གསུམ་ཐིམ་པས། རང་གི་ལུས་སེམས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་བསྒོམས། འཆད་འགྱུར་གྱིས་སྲོག་སྔགས་ཤམས་བུ་དང་ཅས་པ་བཟླ་བར་བྱའོ།
༧ །རྒྱས་པ་ལ་ཏིང་ངེ་འཛིན་སེམས་དཔའི་མཐའ་བསྐོར་དུ་སྔགས་འཕྲེང་སེར་གཙོ་མའི་མདོག་ལྟ་བུ་ཁོག་སེར་པོས་བསྐོར་བ་ལས་འོད་ཟེར་རང་གི་་་་་ཐིག་གུ་སྦྲེལ་བ་ལྟ་བུ་ལ་འཁྱུད་པའི་མགོན་པོ་སེར་པོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་རྒྱས་པར་བྱས་ནས། མགོན་པོ་སེར་པོ་འོད་ཟེར་དང་བཅས་པ་སླར་བྱོན་ནས་རང་གི་ལུས་ལ་ཐིམ་པས་ཚེ་དང་བསོད་ནམས་སྙན་གྲགས་འབྱོར་པ་ཤེས་རབ་ལ་སོགས་པའི་ཡོན་ཏན་ཐམས་ཅད་རྒྱས་པར་བསམ་ལ་སྤེལ་ཚིག་ཅན་གྱི་སྔགས་བཟླའོ། །ས་བོན་གི་རྣམ་པ་ཐམས་ཅད་དུ་ཁོག་མི་འགྱུར་རོ།
༧ །དབང་ལ་ཏིང་ངེ་འཛིན་སེམས་དཔའི་མཐའ་བསྐོར་དུ་སྔགས་འཕྲེང་དམར་པོ་པདྨ་ར་གའི་མདོག་ལྟ་བུས་བསྐོར་བ་ལས། འོད་ཟེར་ལྕགས་ཀྱུ་དང་ཞགས་པས་མཚན་པ་དཔག་ཏུ་མེད་པ་འཕྲོས་པ་ལ་འཁྱུད་པའི་མགོན་པོ་སྐུ་མདོག་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་དམར་པོས་ཁྱབ་པས་ལྷ་མི་ཐམས་ཅད་ཀྱིས་སེམས་རང་དབང་མེད་པར་བསྐུལ་ན། རང་ལ་བདུད་རྩིའི་རྣམ་པ་ཅན་གྱི་དགོས་འདོད་ཐམས་ཅད་ཆར་བཞིན་ཏུ་བབས་པ་དང་། ཁྱད་པར་དུ་ཡུལ་གྱི་རྒྱལ་པོ་དང་ཁྱིམ་བདག་ལ་སོགས་པའི་འབྱོར་པ་ཐམས་ཅད་མགྲིན་པ་ནས་ཞགས་པས་བཅིངས་ལྕགས་ཀྱུས་སྙིང་ཁ་ནས་དྲངས་ཏེ་རང་གི་མདུན་དུ་ལྷག་པ་ལས་རང་གི་ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་འབྱོར་གཅིག་ཅེས་བཀའ་སྒོས་པས། དེ་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་དབྱུག་མ་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་བསྡུས་ནས་རང་གི་སྙིང་ཀར་ཐིམ། ཐུན་འཚམས་སུ་སྒྲུབ་བྱ་རྣམས་ཀྱང་འོད་དམར་པོའི་རང་བཞིན་དུ་གྱུར་ནས། རང་གི་སྙིང་ཀར་ཉི་ཟླ་གའུ་ཁ་སྦྱོར་གྱི་ནང་དུ་གནས་པར་གྱུར་པར་བསྒོམས། སྔགས་སྤེལ་ཚིག་དང་བཅས་པ་བཟླའོ།
༧ །རང་གི་དབང་དུ་དགྲ་བོ་བསྡུད་པའི་ཕྱིར་དབང་གི་དགུག་པར་འདོད་ན་ཐུན་རྒྱར་ཁྲུང་ནང་དུ་རྐང་གང་ལ་སོགས་པ་ཇི་ལྟར་འཚམས་པ་ཁོག་དམར་པོ་རྩང་གིས་བསྐོར་བ་ཡང་ས་གཅིག་གི་ནང་དུ་དགྲ་བོ་གཟུགས་ཅན་ཡིན་ན་སྙིང་ཀར་བཅུག་པའི་ལིངྒ་བག་ཟན་ལ་བཅོས་པའམ། གྲོ་ག་ཤོག་བུ་གང་རུང་ལ་བྲིས་པ་ལ་མགོན་པོའི་སྙིང་པོ་ཤམས་བུ་དང་བཅས་པས་བསྐོར། དགྲ་བོ་བསྐྱེད་པ་དང་དགུག་གཞུག་བྱས་ནས་ཁུག་རྟགས་མ་བྱུང་གི་བར་བྱའོ། །དེ་ནས་གོང་གི་ཐུན་ཁུང་དུ་གཞུག་ལ། རང་ཡི་དམ་གང་རུང་དང་ཐུན་ཁུང་གི་གཏིང་དུ་མགོན་པོ་སྐུ་མདོག་དམར་པོ་བསྐྱེད་ལ། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཕོག་པས་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ལྕགས་ཀྱུ་དང་ཞག་པ་ཐོགས་པའི་ལས་མགོན་དམར་པོ་དཔག་ཏུ་མེད་པ་སྤྲོས། སྒྲུབ་བྱ་གང་ཡིན་པ་དེའི་སྐེ་ནས་ཞགས་པས་བཅིངས། སྙིང་ཁ་ནས་ལྕགས་ཀྱུས་དྲངས་ཏེ་མདུན་དུ་བཀུག་ནས་འབྲུབ་ཁུང་གི་ལིང་ག་ལ་བསྟིམ་པས་འདར་ཕྲི་ལི་ལི་རང་ལ་ཤིན་ཏུ་གུས་པའི་བསྒོ་ནས་རང་གི་འདོད་པའི་དོན་ཐམས་ཅད་སྒྲུབ་བར་ཁས་སླངས་པར་བསམ་ལ། དགྲ་བོ་དངོས་སུ་ཁུགས་པའི་རྟགས་མ་བྱུང་གི་བར་བྱའོ། །མཐར་ལིང་ག་ལ་ཁྲུས་གསོལ་ནས་གཙང་པར་དོར་རོ།
༧ །ཞི་རྒྱས་སོགས་ལ་སོ་སོར་སྒྲུབ་པའི་མཆོད་པ་ཇི་ལྟར་བྱ་བ་ལ། ཞི་བའི་དུ་སུ་མགོན་པོ་འཁོར་བཅས་ཀྱི་གཏོར་མ་རྣམས་རྒྱུ་དཀར་པོ་ལས་བྱས་པའི་དབྱིབས་ཟླུམ་པོ་ཐེབ་ཀྱུ་ཅད་ཁམས་ནང་དུ་བརྟན་པས་བསྐོར། མཆོད་རྫས་སོགས་ཀྱང་ཞོ་འོ་མ་སོགས་པའི་དཀར་པོར་སྒྲུབ་པར་བྱའོ།
༧ །རྒྱས་པ་ལ་རྒྱུ་ཞོ་ཟན་ལས་བྱས་པའི་དབྱིབས་རིན་པོ་ཆེ་འདྲ་བ་ཐེབ་ཀྱུ་གོང་དང་འདྲ། མེ་ཏོག་སེར་པོ་སོགས་ཁོག་བསྒྱུར་ལ་བྱའོ།
༧ །དབང་ལ་གཏོར་མའི་རྒྱས་པ་དང་འདྲ་བ་ལས་སྣ་ཚོགས་པའི་ཤིང་ཏོག་དམར་པོ་དང་མེ་ཏོག་དམར་པོ་ལ་སོགས་པའི་མཆོད་རྫས་རྣམས་བསྒྲུབ་པར་བྱའོ། །དྲག་པོ་ལ་ཤ་ཆེན་གྱི་གཏོར་རྒྱན། རཀྟའི་མཆོད་ཡོན་དབང་པོའི་མེ་ཏོག །དུག་ཁྲག་ཡུང་དཀར་གུ་གུལ་ལ་སོགས་པ་སྦྱར་བའི་སྤྲོས། ཞུན་མར་གྱི་གནང་གསལ། ཁྲིག་དྲི་ཆབ། འབྲུ་ནག་གི་ཟན་ལས་བྱས་པའི་ཞལ་ཟས། མི་རྐང་གླིང་བུ། རྔ། གཡབ་དར་ལ་སོགས་པའི་ཐུན་མོངས་མིན་པའི་རྫས་རྣམས་དང་ཐུན་མོངས་དུ་སེར་དངུལ་གོས་དར། སྟགས་གཟིག །ཁྱི་ནག །དོམ་ནག །གཡག་རོག ལུག་ནག་སྤྱི་དཀར། གོ་མཚོན། རྔ་ཐུག་ལ་སོགས་པའི་རྫས་རྣམས་ཡོད་ན་མྱུར་དུ་འགྲུབ་པའི་བརྟེན་འགྲེལ་ཡོད་དོ། །ཞེས་དཔལ་ལྡན་བླ་མ་གསུངས་སོ།
༧ །སོ་སོའི་སྔགས་ཀྱི་ཤམས་བུ་མདོགས་ལུག་ནི། ཞི་བ་ལ་རྩ་སྔགས་ཀྱི་འཇུག་ཏུ་ནཱ་ག་ཛྭ་ལ་སརྦ་དུཥྚཾ་ཤ་ཏྲུཾ་ཤནྟིང་ཀུ་རུ་ཨོཾ།
༧ དབང་ལ་མཧཱ་ག་ན་སིདྡྷི་ཝ་ཤཾ་ཀུ་རུ་ཧོ། སྐྲད་པ་ལ་ཨུ་ཙི་ཏ་ཡ་ཕཊ།
༧ གསད་པ་ལ་སརྦ་བིགྷན་དུཥྚཾ་ཤ་ཏྲུཾ་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།
༧ ཐུན་མོངས་བའི་རྦད་པ་སོགས་ཞལ་ལས་ཤེས་ཞེས་པ་ནི། མགོན་པོ་འཁོར་བཅས་དམག་དཔུང་དང་བཅས་པ་དགྲ་བགེགས་ཐོག་ཏུ་རྦད་པ་དང་། རང་གི་དགྲ་གང་ཡིན་པའི་ཤ་ཁྲག་ཐམས་ཅད་མགོན་པོ་འཁོར་བཅས་ཀྱི་ཕྱག་གི་ཀ་པ་ལར་བླུག་ནས་ཞལ་དུ་དམར་རྩིར་རི་གསོལ་བས་དགྲ་བགེགས་ཐམས་ཅད་ཐལ་བའི་བརྡུལ་ཕྲན་བཞིན་ཏུ་བརླག་པར་བསམ།
༧ ཡང་ན་དཔལ་ཡེ་ཤེས་ཀྱི་མགོན་པོ་ས་གསུམ་འདར་ཞིང་གཡོ་བར་མཛད་པ། སྤྱན་གསུམ་ཉི་ཟླ་ལྟར་འབར་བའི་གདོང་ལྟར་ཚ་ཚ་རབ་ཏུ་འཕྲོ་ཞིང་ལྟས་པའི་མི་ཟོད་པ་མཛད་ཅིང་། ཞལ་ནས་ཤ་ས་ནའི་སྔགས་འབྲུག་སྟོང་འདིར་བ་ལྟར་སྒྲོག་པ། བགེགས་རྣམས་ཀྱིས་ཐོས་པས་སྙིང་ཚལ་པ་སྟོང་དུ་གས་པ་དང་། སྤྱན་གསུམ་འཁོར་རྣམས་ལ་དྲག་ཏུ་གཟིགས་པས་འཁོར་རྣམས་རང་དབང་མེད་པར་ལས་ལ་བསྐུལ་བའི་རྣམ་པ་ཅན་དུ་གྱུར་པར་བསམ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་དམར་ནག་ཐོག་མདུང་འཕངས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། མགོན་པོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྐུལ་ནས་སྔོན་རྒྱལ་བ་རྡོ་རྗེ་འཆང་གི་སྤྱན་སྔར་ཁས་སླངས་པ་བཞིན་དུ་བདག་སྒྲུབ་པ་པོ་ལ་མངོན་སྤྱོད་ཀྱི་འཕྲིན་ལས་རྣམས་མྱུར་དུ་བསྒྲུབ་པའི་ཕྱིར་དུ། དེ་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་སྔར་ལྟར་འཁོར་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ཀྱི་མགོན་པོའི་བཀའ་བསྒོ་བའི་འཕྲིན་ལས་སྒྲུབ་པའི་ཕྱིར་དུ་ཕྱོགས་བཅུར་སོང་བས་དགྲ་བགེགས་གང་ཡིན་པའི་སྙིང་ཁར་ཀྵེ་ཊ་པ་ལའི་ལྕགས་ཀྱུ་གཏབ། ཊཀྐི་རཱ་ཛཱས་མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་ལྷ་མོ་སོགས་འཁོར་ལྷག་མ་རྣམས་ཀྱིས་དྲག་པོས་སྡིག་བཞིན་པའི་དེད་ནས་མགོན་པོའི་མདུན་དུ་གན་རྒྱལ་བསྒྱེལ་ནས། གྲི་གུག་ཅན་རྣམས་ཀྱིས་བྲངས་བཤགས། རྩེ་གསུམ་ཅན་རྣམས་ཀྱི་གནས་གསུམ་བསྣུན། ཐོད་འཕྲེང་ཅན་རྣམས་ཀྱིས་སྙིང་གཏོན། ཐོད་པ་ཅན་རྣམས་ཀྱིས་ནང་དུ་བླུག་ནས་གཙོ་བོའི་ཞལ་དུ་བསྟབས། ལྷག་མ་རྣམས་ལྷ་མོ་གནོད་སྦྱིན་གཙང་རིགས་དམ་ཅན་རྒྱ་མཚོ་དང་བཅས་པ་རྣམས་ཀྱི་ཞལ་དུ་གསོལ་བར་བསམ།
༧ སྒྲུབ་དུས་ཕྱི་འབྲང་གི་བགེགས་བྱུང་ན་བསྐྲད་པ་དང་མནན་པའི་ཐབས་གཉིས་ལས། བསྐྲད་པ་ནི་རང་གཤིན་རྗེ་གཤེད་ལ་སོགས་པའི་ཐུགས་ཀ་ནས་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་དང་། མདུན་བསྐྱེད་སྒོམ་པའི་ཐུགས་ཁ་ནས་མགོན་མཚན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་སྤྲོས། སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་འབྱུང་པོ་ཐམས་ཅད་མཐའི་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་བསྐྲད་པར་བསམ་པ་ཡང་ཡང་བྱའོ། །སྔགས་བསྐྲད་པའི་སྤེལ་ཚིག་གཏགས་ལ་བཟླའོ།
༧ །དེས་ཀྱང་མ་ཐུབ་ན་མནན་པའི་ཐབས་གཉིས་ལས། རིབ་ཀྱི་ཞབས་སུ་མནན་པ་ནི། རང་དང་མགོན་པོ་གསལ་གཏབ་པའི་ཐུགས་ཀ་ནས་ཁྲོ་བོ་དང་ཁྲོ་མོའི་ཚོགས་དང་། དཔལ་མགོན་གྱི་ཚོགས་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པས། སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རང་གི་མདུན་དུ་བཀུག་ནས་དབང་ཆེན་གྱི་ས་གཞིའི་སྟེང་དུ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་སྟོང་གསུམ་གྱི་ཁྱོན་དང་མཉམ་པ་གཅིག་གིས་དབུགས་གཡོ་འགུལ་མེད་པར་གསེར་གྱི་ས་གཞི་དང་མཉམ་དུ་སྒྲགས། དེའི་སྟེང་དུ་རིབ་་་་་་་ཚངས་པའི་འཇིགས་རྟེན་དང་མཉམ་པ་གཅིག་བསྐྱེད། དེའི་སྟེང་དུ་རྣམ་སྣང༌བྱང་ཆུབ་མཆོག་གི་ཕྱག་བརྒྱ་ཅན་སྲིད་པའི་རྩེ་མོ་ལ་སླེབ་པ་གཅིག་གིས་མནན་པར་བསྒོམ་པར་བྱའོ།
༧ །གཉིས་པ་ལ་མནན་སྔགས་ཤམས་བུ་ཅན་གྱི་སྔགས་བཟླའོ། །དེས་ཀྱང་མ་ཐུབ་ན་འབྲུབ་ཁུངས་གི་ནང་དུ་མནན་པར་བསྒོམས་སྟེ། རང་དང་མདུན་བསྐྱེད་ཀྱིས་ཐུགས་ཀ་ནས་ཁྲོ་བོ་དང་ལས་མགོན་སྔར་ལྟར་སྤྲོས་པས་བགེགས་རྣམས་བཀུག་ནས་མདུན་དུ་ཧཱུྃ་རིང་པོ་ལས་གྲུབ་པའི་ཁྲོན་པ་འབྲུབ་ཁུང་གི་རྣམ་པ་ཅན་དུ་བཅུག་ནས། སྤྱི་བོར་བསྟོད་ཁྲོ་བོའི་བདུད་རྩི་འཁྱིལ་པ་སྨད་མདུང་རྩེ་གཅིག་པའི་རྣམ་པ་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བ་ཟུག་པས་ལུས་ངག་ཡིད་གསུམ་གཡོ་འགུལ་མེད་པར་བསམ།
༧ དེས་ཀྱང་མ་ཐུབ་ན་གསད་པའི་མན་ངག་བྱ་བ་ནི། བགེགས་རྣམས་སྔར་ལྟར་མདུན་དུ་བཀུག་ལ་ཁྲོ་བོའི་ཚོགས་རྣམས་ཀྱི་དགྲལ་བའི་ཤ་ཁྲག་རྣམས་མགོན་པོ་འཁོར་བཅས་ཁྲོས་འཁྲུག་བརྔམས་པའི་ཞལ་གྲུ་གསུམ་དམར་དང་ངེ་བ་གདངས་པའི་ནང་དུ་གཏབ་པས་དམར་སིབ་སིབ་གསོལ་བར་བསམ། སྙིང་པོ་དང་ཤ་ས་ན་ལ་གསད་སྔགས་གཏགས་ལ་བཟླས་གཏོར་མ་འབུལ་བའི་ཚེ། གཏོར་མ་རྣམས་བགེགས་རྣམས་ཀྱིས་ཤ་ཁྲག་ཏུ་མོས་ནས་སྔར་ལྟར་གསོལ་བར་བསམ། དེས་ནི་མི་ཐུབ་པ་མི་སྲིད་དོ།
༧ །བསྙེན་པའི་དུས་ཀྱི་སྔགས་འཁོར་གྱི་དམིགས་པ་ལ། བདག་གི་སྙིང་ཀར་ཉི་མའི་དལ་གྱི་སྟེང་དུ་ཧཱུྃ་མཐིང་ནག་གནས་པ་དང་། མགོན་པོའི་ཐུགས་ཀར་ཡང་ཧཱུྃ་མཐིང་ནག་གི་མཐའ་བསྐོར་དུ་སྔགས་ཀྱི་འཕྲེང་བས་བསྐོར་བ་གསལ་གཏབ། དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་འཕྲེང་འཕྲོས་རང་གི་ཞལ་དུ་བྱུང་། མགོན་པོའི་ཞལ་དུ་ཞུགས་ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་སྔགས་འཕྲེང་རིམ་གྱི་ཚུར་བྱོན་རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྔགས་འཁོར་འགལ་མེའི་འཁོར་ལོ་ལྟར་འཁོར་བ་ལ་འོད་ཟེར་དམར་པོ་དཔག་མེད་འཕྲོས་པས། མགོན་པོ་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་མགོན་པོ་འཁོར་བཅས་དབང་དུ་བསྡུས་པར་བསྒོམས་པ་བསྙེན་པའི་དུས་སུ་བྱེད་པ་ཡིན་ནོ་ཞེས་བླ་མ་ཁ་གཅིག་གསུངས་སོ།
༧ །ཁ་གཅིག་སྔགས་འཁོར་ཚུལ་སྔར་ལྟར་འདྲ་བ་ལ་འོད་ཟེར་དཀར་པོ་འཕྲོས་པས་རང་གི་སྡིག་སྒྲིབ་དག་ནས་ལུས་ཤེལ་གོང་ལྟར་དག་པར་བྱེད་པ་རྒྱུན་གྱིས་བསྙེན་པ་ལ་གལ་ཆེ་བ་ཡིན་གསུངས། གང་བྱས་ཀྱང་རྒྱུད་དེ་དང་མཐུན་གསུངས་སོ། །སྒྲུབས་དུས་སྔགས་འཁོར་སྔར་ལྟར་ལ་ལེའུ་བརྒྱད་པའི་དགོངས་པ་ལ་གང་རུང་བཀོད་པའི་འོད་ཟེར་ཁོག་སྣ་ཚོགས་འཕྲོ་བའི་རྩེར། མགོན་པོ་སྐུ་མདོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པར་བསམ། ཞི་རྒྱས་དབང་དྲག་གི་སྒོས་འགྲོ་བའི་དོན་བྱས་སླར་འདུས་སྔགས་འཕྲེང་ལ་ཐིམ་པས་སྤྲོ་བསྡུའི་མཛད་པ་ཅན་དུ་བསྒོམ་པ་ནི། ལས་བཞི་གང་ལ་སྦྱར་ཀྱང་སྔོན་དུ་དེ་མི་བྱེད་ཁ་མེད་ཡིན་གསུངས།
༧ ཡང་སྐབས་སུ་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀར་ཕོག་པས་གཉིས་སུ་མེད་པའི་ཡེ་ཤེས་བསྐུལ་ནས་རང་གི་གང་འདོད་པའི་འཕྲིན་ལས་སྒྲུབ་པར་ཁས་སླངས།
༧ ཡང་མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་རྣམས་ཀྱི་ཐུགས་ཀར་ཕོག་པས་བདག་བསྒྲུབ་པ་པོ་ལ་ལས་བཞིའི་རབ་གྱིས་སྒྲུབ་པའིརི་ཅི་སྒོས་པའི་ལས་རྣམས་བྲན་གྱི་ཚུལ་བཞིན་ངེས་པར་བྱེད་པར་བསྒོམས།
༧ ཡང་བསྙེན་སྒྲུབ་ཀྱི་སྐབས་སུ་སེམས་མི་བདེ་བ་ལ་སོགས་པ་བགེགས་བྱུང་ན་སེལ་བའི་ཐབས་ནི་མན་ངག་འདི་ལྟར་བྱ་སྟེ། སྤྱིར་འབྱུང་པོ་སོགས་ཀྱི་བར་ཆད་འོང་བ་དང་རང་གི་བསྙེན་སོགས་ལ་ལྟས་ངན་འབྱུང་བའི་སྟོབས་ཀྱིས་འབྱུང་བ་དང་གཉིས་སུ་ངེས་པའི་གང་བྱུང་ཡང་། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་འཇའ་འོད་ཀྱི་གུར་ནང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་དང་དབྱེར་མེད་ཀྱིས་རྣམ་པ་ལ་ཞལ་འཛུམ་བག་དང་ལྡན་པ། མཚན་ཐོས་པ་ཙམ་གྱིས་བསྡུལ་སེལ་ནུས་པ་གཅིག་བཞུགས་པའི་ཕྱི་རོལ་དུ་རྒྱུད་པའི་བླ་མ་རྣམས་ཀྱང་དེང་འདྲ་བ་ཞུགས་པས་བསྐོར་བ། དེ་ནས་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ཞེས་སོགས་གདུང་ཤུགས་དྲག་པོས་གསོལ་བ་གཏབ། བླ་མའི་ཐུགས་ཀ་ནས་འོད་ཟེར་དཀར་པོའི་བདུད་རྩིའི་རྒྱུན་ཞུ་བ་རང་གི་སྤྱི་བོ་ཚངས་བུག་ནས་རྩ་དབུ་མའི་ནང་དུ་ཞུགས་བགེགས་དང་སྡིག་སྒྲིབ་ཐམས་ཅད་དག །ལུས་ཀྱི་རྩ་ཐམས་ཅད་བདུད་རྩིས་གང་ལུས་སེམས་བདེ་བ་ཆེན་པོའི་རང་བཞིན་ཏུ་གྱུར། བུམ་པའི་དབང་ཐོབ། ཡང་སྔར་བཞིན་གསོལ་བ་གཏབ་པས། བླ་མའི་མགྲིན་པ་ནས་འོད་ཟེར་འཕྲོས་པ་སོགས་བྱས་ནས་ངག་གི་དྲི་མ་དག །གསང་བའི་དབང་ཐོབ། ཡང་གསོལ་བ་གཏབ་པས། ཐུགས་ཀ་ནས་འོད་ཟེར་སྔོན་པོ་སོགས་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡང་གསོལ་བ་གཏབ། བླ་མའི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་འཕྲོས་པས་དབང་བཞི་པ་ཐོབ། ཡང་གསོལ་བ་གཏབ་པས་བྱིན་བརླབས་རྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་ཀྱང་རྩ་དབུ་མའི་ནང་ནས་བྱོན་ཏེ་རང་གི་སེམས་དང་དབྱེར་མེད་དུ་འདྲེས་པར་བསམ་པ་རྒྱུན་དུ་བྱེད་པ་ནི་གེགས་སེལ་གྱིས་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་བླ་མས་གསུངས། མན་ངག་འདིང་ལྡན་ན་རྐྱེན་ཅི་བྱུང་ཡང་ཆོ་འཁྲུལ་གྱིས་རྣམས་པས་ཅི་མྱུར་བ་བཞིན་བཟང་པོ་གསུངས། དེས་མ་ཐུབ་ན་རང་ཡི་དམ་དུ་གསལ་བའི་རྩ་དབུ་མ་ཕྱི་དཀར་ལ་ནང་གསལ་བ་དང་། མགོན་པོ་ཡང་གསལ་བའི་ཐུགས་ཁར་སྔགས་འཕྲེང་དཀར་པོ་བསམ་ལ་བདུད་རྩི་ཀར་པོས་རྩ་རྣམས་གང་བར་བསྒོམས། ཞལ་ཤེས་ཤིན་ཏུ་ཟབ་པ་དམ་ཚིག་དང་ལྡན་པ་རེ་རེ་ཙམ་ལ་མ་ཏོགས་པ་ལ་གཏེར་ན་དམ་ཚིག་འགལ་གསུངས། མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་པོའི་མན་ངག་ཞལ་ཤེས་ཤིན་ཏུ་ཆེས་ཟབ་པ་ཡིན་ནོ།

༒ མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་མཁའ་འགྲོ་འབུམ་བསྐུལ་ལ་སོགས་པའི་ཉེར་ཁོ་སྣ་ཚོགས་བཞུགས་སོ།
།ཆོས་སྐུ་ཡང་པའི་ཕོ་དྲང་ནས། །ས་བཅུའི་དབང་ཕྱུག་མགོན་པོ་ནི། །གནས་ལ་ངེས་པར་མ་འཆིས་ཀྱང་། །སེམས་ཅན་སོ་སོའི་གནང་ངོས་ལ། ཞེས་པ་ནས། །འཇིགས་པའི་གད་མོས་ས་གཞི་གཡོ། །དེ་ལྟའི་གནས་མཆོག་དམ་པ་ན།
།ཁྲོ་རྒྱལ་མཧཱ་ཀ་ལ་ཕྱག་དྲུག་པ། །སྐུ་ནི་རི་རྒྱལ་ལྷུན་པོ་ལྟ་བུར་བརྗིད། །ཙན་ལྡན་ནགས་ཚལ་སྡོང་པོའི་ཁྲོད་ན་ཞུགས། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་ལ། །དགྲ་བགེགས་འདུལ་ཕྱིར་བསྐལ་པའི་མེ་དཔུང་འབར། །ཕྱག་དྲུག་གཡས་ཀྱི་དང་པོའི་གྲི་གུག་གིས། །ཉོན་མོངས་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །བར་པས་ཐོད་པའི་འཕྲེང་བ་འཛིན་པ་ལས། །མི་བརྗེད་སེམས་ཅན་འདྲེན་པའི་མཁའ་འགྲོ་འབུམ། །ཐ་མས་ཅང་ཏེའུ་དྲག་ཏུ་འཁྲོལ་བ་ལས། །ཆོས་ཉིད་དགྲ་ཆེན་སྒྲོག་པའི་མཁའ་འགྲོ་འབུམ། །གཡོན་གྱིས་དང་པོས་ཐོད་ཁྲག་བསྣམས་པ་ནི། །དམ་ཉམས་ཁོང་ཁྲག་འདྲེན་པའི་མཁའ་འགྲོ་འབུམ། །བར་པས་མདུང་རྩེ་གསུམ་པ་བསྣམས་པས་ནས། །དུག་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །ཐ་མ་རྡོ་རྗེ་ཞགས་པ་བསྣམས་པ་ནས། །སེམས་ཅན་འཆིངས་ལས་སྒྲོལ་བའི་མཁའ་འགྲོ་འབུམ། །ཞལ་གདངས་མཆེ་བ་རྩིགས་ཤིང་བརྔམས་པ་ནི། །དམ་ཉམས་ཤ་ལ་རོལ་པའི་མཁའ་འགྲོ་འབུམ། །སྟག་གི་ལྤགས་པ་སྦྲུལ་གྱི་རྒྱན་པ་ནི། །བདུག་པའི་ཀླུ་ཚོགས་འདུལ་བའི་མཁའ་འགྲོ་འབུམ། །སྤྱན་གསུམ་དུས་མཐའི་མེ་ལྟར་འབར་བ་ནི། །ཁམས་གསུམ་དབང་དུ་བསྡུད་པའི་མཁའ་འགྲོ་འབུམ། །དཔྲལ་བར་སིན་དྷུ་ར་ཡིས་མཚན་པ་ནི། །མཁའ་འགྲོ་དབང་དུ་བསྡུད་པའི་མཁའ་འགྲོ་འབུམ། །སྤྱི་བོར་མི་སྐྱོད་རྒྱལ་པོས་མཚན་པ་ནི། །དབང་བཞི་ཡོངས་སུ་རྫོགས་པའི་མཁའ་འགྲོ་འབུམ།
།གན་ཡང་འཁོར་ན་གནས་པ་ཡིས། །ཤ་པ་མི་ཡི་གདོང་པ་ཅན། །ཁྲག་འཐུང་བྱའི་མཆུ་ཅན་དང་། །ཤ་པ་སྲིན་པོའི་ཚོགས་རྣམས་ཀྱི། །བདག་ལ་སྡང་བའི་དགྲ་བོ་འདི། །དཀོན་མཆོག་གསུམ་གྱིས་དབུ་འཕངས་སྨད། །བླ་མ་དམ་པའི་སྐུ་ལ་བསྡོས། །ཆོས་འཁོར་གཉན་པོ་འདི་ཡིས་ཤིག །བསྟན་པའི་དགྲ་བོར་གྱུར་པ་ནི། །ཡ་མ་རཱ་ཛཱའི་ཞལ་དུ་ཐོབ། ཅེས་པ་ནས།
ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །དགྲ་བོ་ལས་ངན་སྡིག་ཅན་འདི། །བུ་དང་ཆུང་མ་ཁྲོལ་ལ་ཤོག
།ཐོ་རང་སྒོ་ཁྱི་ཟུག་ཏུ་ཆུག །ནམ་གུང་རྟ་ཕོ་འཚེར་དུ་ཆུག །སྲོད་ལ་བྱ་ཕོ་སྒྲག་ཏུ་ཆུག །དུར་ཁྲོད་ཝ་མོ་རྒྱལ་དུ་ཆུག །བདུད་ཀྱི་སྒོ་གྲོ་བརྡུང་དུ་ཆུག །ཙན་གྱིས་ཞགས་པ་འདེབས་སུ་ཆུག །བསྟན་པའི་དགྲ་བོར་གྱུར་པ་ནི། །ཁྲམ་ལ་ཕབ་ཀྱི་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱི་ཤོ་ཁྱེར་གཅིག །ཉེས་ཅན་སྟེས་ལ་ཤོར་ར་རོ། །བཅོལ་ལོ་བསྟོད་དོ་མཐུ་མ་ཆུང་། །རྟགས་དང་མཚན་མ་མྱུར་དུ་སྟོན། ཅེས་པའོ།

༒ ཀྵེ་ཊ་པ་ལའི་སྒྲུབ་ཐབས་ཐན་འགྲེད་མན་ངག་ཞུགས་སོ།
།བླ་མ་བསྟན་བསྲུངས་འཁོར་བཅས་ལ། སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞབ་བླ་མ་རྨོག་ལྕོག་པའི་ཞལ་ནས། ངས་བླ་མ་དམ་པ་རྣམས་ལ་མོས་གུས་བྱས་ཤིང་། འཇིག་རྟེན་གྱི་བྱ་བ་སྤངས་ནས་ཉམས་སུ་བླངས་པས་ཆོས་སྐྱོངས་གིས་ཀྱང་ཞལ་ཚུར་འཛུམ་བྱུང་ཞིང་། བདག་གི་བླ་མ་ཤངས་པ་ལ་གདམས་པ་འགའ་ཉན་དགོས་བསམ་སྟེ་ལམ་དུ་ཞུགས་པའི་ནུ་མོ་ནམ་ཐོ་རང་ཁར་དགེ་སྦྱོར་བྱེད་ཀྱིན་ཡོད་ཙ་ན། ཉམ་གནང་ལ་རྣལ་འབྱོར་པ་རས་ཀྱི་ཨང་འགའ་རག་གྱོན་པ། སྤྱན་རྩ་དམར་བ་ཕྱག་གཡས་ཌ་མ་རུ་འཁྲོལ་བ་གཅིག་བྱུང་སྟེ། ངས་ཁྱེད་ཀྱི་བསྟན་པ་བསྲུངས་བར་བྱེད་པ་ཡིན། བླ་མ་ཤངས་པ་ལ་ངའི་སྒྲུབས་ཐབས་ཀྱང་ཡོད། ཁོང་གི་ཕྱག་ལེན་ཀྱང་མཛད་པས་དེ་ཞུས་གཅིག་གསུངས་ནས་མི་སྣང་བར་གྱུར་ཏེ། དེ་ནས་བདག་གི་བླ་མ་དང་འཇལ་ཆོས་བསྐོར་མང་པོ་ཞུས་པའི་ཐོག་མར་འདི་ཞུས་པ་ཡིན་ནེ། བདག་བླ་མའི་དྲུང་དུ་འོང་བསམ་པའི་ནམ་ཐོ་རངས་ཁར་ལྟས་འདི་ལྟ་བུ་བྱུང་ཞེས་སྔར་གྱི་ལོ་རྒྱུས་བཤད་ནས་ཆོས་སྐྱོངས་གི་སྒྲུབས་འདི་ཞུས་པས། བླ་མའི་ཞལ་ནས་ངའི་ཆོས་སྐྱོངས་འདིས་ཆོས་བྱེད་པ་ཁོ་ན་སྐྱོངས་ཤིང་བྱིན་གྱིས་རློབ་པས་ཆོས་སྐྱོངས་ཞ་མ་འདི་ཡིན། གན་རྣམས་འདིའི་ཐད་ནས་མགོན་རུལ་བྱ་བ་ཡིན། ད་ཁྱེད་བདག་པོར་འདུག་པས་མན་ངག་ཟབ་ཤོས་གཅིག་སྦྱིན་དགོས་གསུངས་ནས་གནང་ངོ་། །ཆོས་སྐྱོངས་གི་རྟེན་བཅའ་བ་དང་། གཏོར་མ་ནི་ལོགས་སུ་བསྟན། འདིའི་མན་ངག་ཉུང་འདུས་ལག་ལེན་ནི། སངས་རྒྱས་ཀྱི་བསྟན་པ་བསྲུངས་ན་ལྷ་དང་སྔགས་ནི་འདི་ཡིན་ནེ། རང་གཙོ་བོར་བསྒྲུབས་ལྟར་བསྐྱེད་པ་དང་། ལུས་དང་གྲིབ་མའི་ཚུལ་དུ་འཁོར་གཉིས་པོ་ཡང་བསྐྱེད་དོ། །དེ་ཡང་གཡས་སུ་ཀྵེ་ཊ་པ་ལ་གཡས་སྙིང་ཞགས་ཟུང་ཞིང་གཡོན་པས་སྤྲེའུ་ཁྲིད་པ། འཁོར་གནོད་སྦྱིན་དཔག་ཏུ་མེད་པས་བསྐོར་བ་བསམ། གཡོན་དུ་དུས་མཚན་མ་ནག་མོ་བྱའི་གདོངས་ཅན་གཡས་པས་རུ་མཚོན་དང་། གཡོན་ནད་ཀྱི་རྐྱལ་པ་བསྣམས་པ། འཁོར་བུད་མེད་ནག་མོ་ལྟེར་ཆགས་ཀྱི་ཚོགས་དཔག་མེད་ཀྱི་བསྐོར་བར་བསམ། བླ་མའི་ཞལ་ནས་འཁོར་འདི་གཉིས་ཀྱི་མིང་ཡང་གཞན་ལ་བརྗོད་དུ་མི་རུང་གསུངས། གཙོ་བོའི་བསྙེན་པ་ཐེང་ནས་ལས་ལ་སྦྱོར་ན། དུས་མཚན་མོའི་སྔགས་ནི། ཨོཾ་སྲུཾ་སྲུཾ་ཏུ་ལུ་བྷྱོ་ཅེས་སོ། ཀྵེ་ཊ་པ་ལའི་སྔགས་ནི། ཨོཾ་བཻ་ཤ་ཡ་བཻ་ཤ་ཡ། ཨ་བཻ་ཤ་ཡ། ཨ་བཻ་ཤ་ཡ། པྲ་ཏོ་ཀ་ཏོ། རཀྴ་ཙིཏྟ་ནི་ཤ་སྙིང་ལ་སྲིལ་སྲིལ། ཅེས་པའོ། །སྔགས་འདི་གཉིས་གན་ལ་ཡེ་རང་མེད་པའི་གསང་བར་བྱའོ། །དགྲ་ལ་བྱེད་རུང་། འདྲེ་ལ་བྱེད་རུང་། གང་ཡིན་པའི་གཟུགས་བྲིས་སྟེ་འབྲུབ་ཁུང་དུ་བཅུག་སྟེ་ཐ་མ་གཙང་སྣ་ཚོགས་པས་བསྐོར་ཏེ་བཞག །འབྲུབ་ཁུང་དེ་ལྕགས་ཀྱི་ཁང་པ་སྒོ་མེད་མཐའ་མེ་རིས་བསྐོར་བ་བསམ། དེ་ནས་གང་ཡིན་པ་དེ་མིང་ཡིག་དངོ་ལས་བསྐྱེད་ལ་ཡང་ཡང་གསལ་གཏབ། རང་གཙོ་བོར་བསྐྱེད་པའི་ཐུགས་ཁའི་ཧཱུྃ་ལས་ཀྵེ་ཊ་པཱ་ལ་གཡས་པས་ཞགས་པ་ཐོགས་པ་སྤྲོས་སྟེ། ཞགས་པས་གང་ལ་བྱ་བའི་སྙིང་ཁའི་འགུལ་པ་ནས་བཟུང་ཏེ་སྤྲེའུ་ལ་སྐྱོན་ནས། བདག་གི་མདུན་དུ་བཀུག་སྟེ། མདུན་གྱི་འབྲུབ་ཁུངས་དུ་གན་རྒྱལ་དུ་བསྒྱེལ་བ་དང་། གཙོ་བོའི་སྔགས་ལ་གཏོར་སྔགས་ཀྱི་གསང་སྔགས་མན་ཆད། འཁོར་གཉིས་ཀྱིས་སྔགས་ཀྱི་མགོར་གཙོ་བོའི་སྔགས་སྦྱར་ཏེ་བཟླས་པས། འཁོར་རྣམས་ཀྱི་དགྲ་བོ་དེ་དགྲལ་བར་བསམ་ཤིང་། ཉུང་ནག་ལ་སྔགས་བཟླས་ཤིང་བྲབས་པས་ཞག་ཉི་ཤུ་རྩ་ཅིག་ནས་དགྲ་ལ་ལྟས་ངན་སྣ་ཚོགས་འབྱུང་ཞིང་། ཟླ་བ་གཅིག་ནས་དགྲ་དེ་འགུམ་པར་འགྱུར་བས་འདི་ནི་ཤིན་ཏུ་གསང་བར་བྱའོ། །འདི་གར་ཐཽད་དུ་སྦྱིན་ན་རང་ལ་གནོད་པས་གཞན་ལ་མ་སྦྱིན། གལ་ཏེ་གནོད་ལྡན་གྱི་གང་ཟག་རེ་རེ་ཙམ་ལ་སྦྱིན་དགོས་པ་བྱུང་ན་གཏོར་དབང་ལེགས་པར་བྱས་ལ་སྦྱིན། སུམ་ལས་མང་ན་རང་ལ་གནོད་་་་་གསུངས། བླ་མ་ཤངས་པས་རེ་རེ་ཙམ་ལས་མི་གཏོར་བའི་བཀའ་རྒྱས་བཏབ་བོ། །བསྟན་བསྲུང་སྲོག་སྔགས་བླ་མ་ཤངས་པའི་བཀའ་བརྒྱ་མ་གན་ལ་མེད་པའི་གསང་བདག་གལ་ཆེའོ། །ཨྀཐི།།

༒ བསྟན་ལ་སྡང་བའི་དམ་ཉམས་རྣམས། །མ་ཧཱ་ཀ་ལའི་ཆུ་འཕྲུལ་གྱིས། །ཤིན་ཏུ་འཇིགས་ཤིང་སྐྲག་པར་བྱེད། །དེས་ནི་རང་ལ་འདུད་པར་གྱུར། །དེ་བས་སྒྲུབ་ཚོད་ཟིན་པར་བྱ། མ་ཧཱ་ཀ་ལ་དཔོན་གཡོགས་གསུམ་གྱི་སྒོས་དགྲ་ལ་ཆུ་འཕྲུལ་གཏོང་བའི་ཐབས་ནི། གནས་དབེན་པར་དལ་གྲུ་བཞིའི་མཎྜལ་བཅས་ལ། དེའི་དབུས་སུ་འབྲུབ་ཁུངས་ཁྲུ་གང་པ་བྱ། ཟུར་གསུམ་དུ་མི་རྐང་གི་བསྐྱེད་པོ་གསུམ་གྱི་སྟེང་དུ་རབ་ཆད་ཐོད་པའི་ནང་དུ། རྟ་ནག །བྱ་ནག །ཁྱི་ནག་གི་ཁྲག་བླུག་ལ་དགྲའི་ལིངྒ་བྲིས་པས་ཁ་བཅད། རྐང་དང་ཐོད་པ་འདམ་པས་བྱུགས་ཏེ་མེས་མི་ཚིག་པར་བྱས། དེའི་གཡས་སུ་ཁྱི་དཀར་པོ་སྣ་དམར་གྱི་ཐོད་པ་ལ་དཔྲལ་བར་ར་ཁྲག་གིས་རྡོ་རྗེ་བརྒྱ་གྲམ་བྲིས་ལ་འབྲུབ་ཁུང་མཐོང་བའི་སར་བཞག །བག་ཟན་ལ་ཨ་ཙ་རའི་ཟུགས་བྱས་པའི་ལག་པ་གཡས་ཀྱིས་སྤྱང་ཀིའི་གཟུགས་ཟུང་བ། གཡོན་པས་སྤྲེའུའི་གཟུགས་བཟུང་བ། གཡོན་པས་སྤྲེའུའི་གཟུགས་བཟུང་བ་བྱས་ལ། ཁྱི་ཐོད་ཀྱིས་ནང་དུ་ཞག་གོ། །དེའི་མཐའ་བསྐོར་དུ་ལྟས་ངན་གཏོང་བའི་གཟུགས་གན་ཡང་བྱས་ལ་བཞག །ཨ་ཙ་རའི་གཟུགས་ཀྱི་སྙིང་ཁར་དགྲ་བོའི་མིང་བྱང་དང་། ནོར་གཏོར་ན་ནོར་འདི་ཞེས་བྱ་བ་ཆཻསོ་ཁྱེར་ཤོག །ཅེས་བྱ་བ་རོག་གི་ཁྲག་གི་བྲིས་ལ་བཞུག གཟུགས་དེ་རྣམས་ལ་བསྙེན་པའི་༼ནང་དུ་འཁོར་ལོའི་བརྟེན་ཏེ་༽དུས་སུ་དགུག་གཞུག་ཡང་ཡང་བྱ། བྱ་རོག་གི་རྒྱལ་མཚན་དང་། དེའི་དབང་པོ་ལྔ་དང་། དོན་སྙིང་དང་ཤ་ཁྲག་ལ་སོགས་པའི་གཏོར་མ་ཡང་བྱའོ།
།དེ་ནས་སྒྲུབ་པའི་དུས་སུ་ཡེ་ཤེས་མགོན་པོའི་མདུན་དུ་རྡོ་རྗེ་ལེགས་པ་བེར་ནག་དང་ཞྭ་ནག་གྱོན་པ། གསེར་སྒ་ཅན་སེང་གེ་ལ་གཞེན་པ་གཡས་རྡོ་རྗེ་འཛིན་པ། གཡོན་དར་འཕྱར་བ་ལྕགས་ཀྱི་ཅང་ཀི་འུར་བ་ཁྲིད་པ་གཅིག་བསྐྱེད། དེའི་སྔགས་ནི། ཨོཾ་བཛྲ་མཧཱ་ཀཱ་ལ། རྒྱུག་རྒྱུག །ཤྲིཾ་ཤྲིཾ། མ་ཧཱ་ཀཱ་ལ་ས་རྡུ་ས་མ་ཡ། ཝུར་ཝ་ཝུར་ཝ། རྒྱུག་དྲི་རྒྱུག་དྲི། མཧཱ་ཀཱ་ལ་གིཾ་ཀཱ་ར། ཏིཾ་ཤཾས་ཀུ་རུ། བན་ད་བན་ད། རྒྱུག་རྒྱུག །ཤྲིཾ་ཤྲིཾ། མ་ཧཱ་ཀཱ་ལ་བྷྱོ། བཛྲ་ས་རྡུ་ས་མ་ཡཱ་གིཾ་ཀ་ར། ར་ཙ་ཏྲི། ཏྲིཾ་ཏྲིཾ། ལིཾ་ལིཾ། རྦུད་རྦུད། རྒྱུག་རྒྱུག །ཤྲིཾ་ཤྲིཾ། ཤག་ཤག་ཤག །ཚལ་ཚལ། ར་རྩ་ཝུར་ཝུར། མྱག་མྱག །ཁཾ་ཤོད་རྦད་ཡཱ། ཞེས་བཟླས་ཞིང་ཁྲག་གི་གདུག །ཡུང་དཀར་དང་ཡུང་ནག་གི་ཐོད་པ་བཀང་སྟེ་ལིང་ག་ལ་བྲབ་པར་བྱའོ།
།དེ་ལ་རྟགས་ནི་ཁང་པ་ཚགས་པ་དང་། འཇིགས་པ་དང་ཁྱི་དང་སྤྲེའུ་དང་། ལྷ་ཁང་ཆུ་མདོང་། རླུང་འཚུབ་པ་དང་། ཁྱི་ཐོད་ལ་འོད་འབར་བ་དང་། ཨ་ཙ་ར་དང་བྱ་རོག་དང་། སྟག་ལ་དྲེད་གཞོན་པ་དང་། ཝ་ལ་སྤྲེའུ་གཞོན་པ་ལ་སོགས་པ་ ཆོས་འཕྲུལ་སྣ་ཚོགས་འབྱུང་ངོ་། །རི་མི་འཇིགས་པ་གལ་ཆེའོ། །རྟགས་བྱུང་ནས་དགྲ་ལ་གཏོང་བ་ཡིན་ནོ། །གཟུགས་སྙན་ཁ་ཕྱིར་བསྟན་ལ། རང་ལས་མགོནུ་བྷཻ་ལས། ཚོར་མ་ཅན་གྱི་མེ་ལ་ཐོད་པར་ཁྲག་སྣ་བསྐོལ་བའི་རླུངས་པ་ལ་ལིང་ག་བདུན་ཅིང་། ཁྱི་ཐོད་དང་ལིང་ག་ཐུན་གྱི་བྲབ་ཅིང་འབོད་རྦད་དྲིལ་བའི་སྔགས་འདི་བཟླས། ཨོཾ་བཛྲ་མཧཱ་མ་ཡ། རཀྴ་རཀྴ། ཁཾ་ཁཾ། རྦད་རྦད། ཤིག་ཤིག་བྷྱོ་བྷྱོ། ས་མ་ཡ་ཛཿཛཿ རྟུབ་རྟུབ། བར་བ། བར་བ་ཛཿཛཿ ངུར་ངུར། གྱིང་གྱིང་། སྟཾ་བྷ་ཡ་ནན་རྦད་ཡ། ཞེས་བཏགས་ཏེ་བཟླས་ནས་ཆང་བུ་དང་གཏོར་མ་གཏོང་། ཉེས་པའི་དཔངས་གཟུགས་བྱ། དམོད་ཅོལ་བརྡབ། འཕྲིན་ལས་བསྐུལ་ལོ། །མཧཱ་ཀཱ་ལ་དཔོན་གཡོག་གསུམ་གྱི་སྒོས་དགྲ་ལ་ཐན་འགྱེད་གཏོང་བའི་མན་ངག་རྣེ་མྱུར་ངར་དང་ལྡན་པ་འདི་སུ་ལ་ཡང་ཡོད་པ་མ་ཡིན་པའི་ཤིན་ཏུ་གསང་བར་བྱའོ།
།བདག་གི་ཉམས་སུ་བླངས་པ་ཡིན། །བསྟན་དགྲ་འཇིགས་པའི་མན་ངག་ནི། །དམ་ཚིག་ཅན་ལ་གཏེར་རྒྱུ་ཡིན། །དམ་མེད་རྣམས་ལ་གསང་བར་བྱ། ཁ་བསག་དང་གཡོ་སྒྱུ་ཅན་ལ་སྦྱིན་ན་ཀྵེ་ཏ་པཱ་ལ་ཁྱོད་ཀྱི་སྙིང་ཁྲག་དམར་པོར་ཕྱུང་ཞིག །ཨྀཐི།།

༒ ཤྲི་མཧཱ་ཀ་ལ་ན་མོ། མཧཱ་ཀ་ལའི་འཁོར་ལོའི་མན་ངག་ནི། མུ་ཁྱུད་བཞིའི་ལྟེ་བ་ལ་ལིང་ག་ལྕེ་ཕྱིར་ཕྱུང་ལ་དེའི་སྟེང་དུ་ཆཻ་མོ་མན་ཏྲ་གུ་ཡ་རྦད་བྷྱོ་ཐིཾ་ཐིཾ་ཁྲིཾ། ཞེས་པ་དང་། ཡན་ལག་བརྒྱད་ལ་གཟའ་བརྒྱད། དེའི་ཕྱིའི་རྩིབས་བཅུ་གཉིས་ནང་དུ་བསྟན་པ་ལ། ཁཾ་ཁཾ་༼འདམ་ནས་གཡས་བསྐོར་༽ལ་སོགས་པ་དྲུག་དང་རྦད་བྷྱོ་གཉིས་སྦྲེལ་བ་དང་། དེའི་ཕྱི་ལ་ཡུལ་རུས་དང་དབང་ཐང་མིང་བཞི་དང་བཅས་པ་བྲི། དེའི་ཕྱི་ལ་ཨོཾ་མཧཱ་དེ་བ་ཤི་རི་རལ་པ་ཅན་དགྲ་བོའི་སྲོག་ལ་ཁཾ་ཁཾ། ཚིག་ཚིག །ལཾ་ལཾ། རཾ་རཾ། བཾ་བཾ། ཡཾ་ཡཾ་རྦད་བྷྱོ་བྷྱོ། ཆཻ་མོ་མན་ཏྲ་གུ་ཡ་རྦད་བྷྱོ། ཐིཾ་ཐིཾ་ཁྲིཾ། ཞེས་པ་གཉིས་འོག་སྤྲད་ལ་བྲིས། དེའི་ཕྱི་རོལ་དུ་རལ་པ་ཅན་ཕུར་པ་དང་ཐོད་པ་ཐོགས་པ་བྲི། པད་ཁྱེར་ཁྲག་ར་དུག །ཕག་སྣ། བཙན་དུག །ཐང་ཁྲོམ་པ། རི་ཤོ་མ། དུག་སྣ་ཚོགས་བྱུགས། དུར་ཆད་ཀྱི་ས་ལ་རལ་པ་ཅན་གྱི་གཟུགས་བྱས་ལ། ཁྱིམ་བྱ་ནག་མོའི་སྒོང་ང་ལ་མགོ་བོ་བྱས་ལ་ཁ་མི་གཏད་དོ། །དེའི་ནང་དུ་འཁོར་ལོ་དུག་དང་ཁྲག་སྣས་བྲིས་ལ་གཞུག །ཝ་ཐོད་ཀྱི་སྣའི་ཕྱོགས་སུ་མགོ་བསྟན་ལ་ལམ་སྲང་དུ་མནན་ན་དགྲ་མནོན་པར་ངེས་སོ། །ཕག་ཐོད་དུ་མནན་ན་ཐམས་ཅད་སྤང་ཡང་། བྱ་ཕོའི་ཐོད་པར་ཁྱོ་ཤུགས་འབྱེད། བོང་བུའི་ཐོད་པར་ཉེ་བ་འབྱེད། སྤྲེའུའི་ཐོད་པར་ཐམས་ཅད་འབྱེད། བྲ་ཉེ་ལ་གཏོད། ཁྲོལ་བ་ཤིང་ཤིང་གི་ཕུར་བུ་སོར་བཞིའི་ནང་དུ་ཆཻ་མོ་བོར་བའི་སྔགས་ཞ་ཉེས་བྲིས་ལ་བཅུག་ལ་འཆང་ཁུང་གཡས་སུ་བཏགས་ནས་རལ་པ་ཅན་དུ་བསྒོམ་ན་གྲོལ་ལོ། །ཕུང་སེལ་བྱེད་ན་ཕག་ནག་པོ་ལ་མིས་གཞོན་པ་ལག་ན་གྲི་ཐོགས་པ་དང་། སྦྲུལ་དམར་པོ་མིས་གཞོན་པ་ལག་ན་མདུང་ཁྱེར་བ་གཉིས་འཐབ་པར་འདོད་ན་ཟུར་བསྟན། འབྲལ་བར་འདོད་ན་རྒྱབ་བསྟན། འཆི་བར་འདོད་ན་སྤྱིའུ་ཚུགས་སུ་ཐོད་པར་ལིང་གའི་གཡས་གཡོན་དུ་གཟུག་གོ། །ས་ནི་ཕུང་ཤུལ་དང་། མཛེ་ཕོ་དང་ཕྱི་བ་ལ་སོགས་པ་གང་རིག་རིགས་ལ་བྱའོ། །ཨྀཐི།།
འདི་སུ་ཐཽད་ལ་སྦྱིན་ན་ཀྵེ་ཏ་པ་ལ་ཡབ་ཡུམ་གྱིས་སྙིང་ཕྱུང་ཤིག་ས་མ་རྒྱ།

k+She tra pa la'i gtor ma'i las sbyor rA hu la las khyung po la gnang ba'i mgon po zhing skyong du sgrub pa'i man ngag
༈ མྱུར་མཛད་ཡེ་ཤེས་མགོན་པོ་ལ་ཕྱག་འཚལ་ལོ། །འདིར་བཀའ་སྡོད་ལ་བརྟེན་པའི་གཏོར་མའི་ལས་སྦྱོར་ནི། དེ་ལ་ལིང་གའ་ཤོག་བུའམ་དོམ་གྱི་སྙིང་ཤུགས་ལ་ལིང་ག་མཚན་ཉིད་ཚངས་བ་བྲི། དེ་ལ་ཟག་རྫས་བྱུགས། རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད་ཅིང་ཡེ་ཤེས་པ་གཞུག་བསྟོད་པ་དང་བསྙེན་པ་བྱེད་ཅིང་གཏོར་མ་འབུལ། འཕྲིན་ལས་བཅོལ། དེ་ནས་ལིང་ག་ཤིང་གི་རྩེ་མོར་སྐྱོན་ལ་དགུག་གཞུག་བརྒྱ་རྩ་བརྒྱད་ལ་སོགས་པ་བྱེད། གཏོར་ཆེན་ནས་བཤད་པའི་ཁ་སྦྱོར་དབྱེ་བ་བྱས་ལ་མ་ལྟེབ་པར་རྣེ་མིག་ནས་ཡུག་སྐྲ་བཤན་པས་ཕྱིན་ལོག་ཏུ་བཀལ་བའི་ཟུང་ཐག་དྲངས་ལ། སྐྱེར་པའམ་མི་གྲིར་ཤི་བའི་རུས་པ་ལ་གྲི་གུག་མཚོན་གང་པ་ཆུང་བ་གཅིག་བྱས་ལ་མདུན་ནས་དྲངས་ཏེ་སྣེ་མོ་ཕུར་པ་ལ་གཏོད་ལ། དེ་ཡི་དམ་མགོན་པོར་བསྐྱེད་ལིང་ག་དེ་རྡོ་རྗེས་མནན། དེ་ཆང་དང་གྲིག་བསྲེས་པ་ལ་ཀྵེ་ཊ་པ་ལའི་གཏོར་མ་ཟུར་གསུམ་གསུམ་བརྩེགས་སྟེང་དུ་ཤོས་བུ་ཟུར་གསུམ་པ་གཅིག་ཞག །བམ་རིམ་འོག་མ་ནུབ་ཙམ་ལ་མི་མགོའི་མཐེབ་ཀྱུས་བསྐོར་བ། འོག་མའི་དབུས་སུ་གྲུ་གསུམ་བྱས་ལ། ནང་རོ་གསོལ་གྱི་ནག་པོ་དང་ཕྱི་དུག་ཁྲག་གིས་དམར་ནག་བྱའོ། །དེའི་མཐིལ་དུ་སྔར་གྱི་ལིང་ག་ཕུག་ལ་བཞག །དེའི་སྟེང་ཐུན་རྫས་བག་ཙམ་གྱི་བཀང་། སྟེང་གི་གྲུ་གསུམ་གྱི་ལོགས་ལ་རྡོ་རྗེ་བརྒྱ་གྲམ་བྲིས་ལ་མར་ཀབ། དེའི་སྟེང་དུ་ཤོས་བུ་ཟུར་གསུམ་བཞག །སྙིང་ཁའི་གཟུང་ཐག་དེ་བང་རིམ་གོང་མའི་ཁར་སྟོན། དེ་ཤོས་བུའི་ཞབས་ཀྱི་མདུན་ངོས་སུ་དྲངས་ལ་ཕུར་པ་ལ་གཏད་དོ། །སྟེང་གི་ཤོས་བུ་ལ་མ་གཏོད་པར་བྱའོ། །གཏོར་མའི་ཟུར་དགྲ་ཕྱོགས་སུ་བསྟན། མི་གྲིར་ཤི་བའི་ཤའམ་ཤ་སྣས་རྒྱན་ལ་ལྕགས་ཀྱི་སྣོད་དུ་བཞག །སྲོགས་བུ་ནག་པོའི་ཁར་བཞག་ལ། དེ་ནས་ཀྵེ་ཊ་པ་ལའི་མངོན་རྟོགས་གཏོར་ཆེན་ནས་བཤད་པ་ལྟར་ཡུམ་སྤང་ལ་བསྐྱེད་ཅིང་གནས་གསུམ་ལ་ཡིག་འབྲུ་གསུམ་བསྐྱེད་ཅིང་ཀྵེ་ཊ་པ་ལ་ཨཏཱ་ཡ་ཛཿ ཞེས་པས་ཡེ་ཤེས་པ་བསྟིམ། དེའི་སྟེང་དུ་པད་ཉི་ཚོགས་བདག་གི་གདན་གྱིས་སྟེང་དུ་ཆོ་ག་གསུམ་གྱི་མགོན་པོ་བསྐྱེད། ཡེ་ཤེས་པ་གཞུག་དེའི་སྤྱི་བོར་མི་བསྐྱོད་པ་བསྐྱེད་ལ། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག །དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཧཱུྃ་ལ་ཐིམ། དེ་མགོན་པོའི་སྤྱི་བོ་ནས་བཞུགས་སྙིང་ཁར་སླེབ་ནས་རྡོ་རྗེ་འཇིགས་བྱེད་ཞལ་གསུམ་ཕྱག་དྲུག་པར་གྱུར་ནས་སྲིད་པ་གསུམ་ཟ་བར་ནུས་པའི་གཟི་བརྗིད་བསྐྱེད། མགོན་པོ་ཀྵེ་ཊ་པ་ལ་ལ་ཐིམ། ཀྵེ་ཊ་པ་ལ་གཟི་བརྗིད་ལྡན་པར་བྱས་ཏེ་གཏོར་ཆོག་ལྟར་གཏོར་མ་བྱིན་གྱིས་བརླབས་ཏེ། དགྲའོ་གང་ཡིན་པ་དེའི་ཤ་ཁྲག་རུས་གསུམ་ལྷག་མ་མ་ལུས་པ་གསོལ་བར་བསམ་ལ། གཏོར་ཆེན་ནས་བཤད་པའི་གཏོར་སྔགས་ལ་ཡུམ་སྤངས་ལ་བརྗོད། བསྟོད་ཅིང་འཕྲིན་ལས་བཅོལ། རང་དམ་ཚིག་པར་གནས་པ་ལ་སིལ་བ་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས་བསྟིམ། མདུན་ཀྱི་ཀྵེ་ཊ་པ་ལ་ཡང་མིག་ཡར་ལྟ་ཞིང་བཀའ་ཉན་པར་བསམ། རང་མགོན་པོ་མིག་ཐུར་དུ་ལྟ་ཞིང་བཀའ་སྒོ་བར་བསམ་མོ། །ཨོཾ་ཀྵེ་ཊ་པ་ལ་བིགྷན་ཧཱུྃ། ཨོཾ་མཧཱ་ཀ་ལ་ཡ་ཤ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཐུན་མོང་མ་ཡིན་པའི་ཞལ་ཤེས་ནི། ཐུན་གྱིས་མཐར་བྱ་ཞིང་། ལས་ལ་སྦྱོར་བ་ནི། ཕུར་བུ་ལ་ཟུང་ཐག་ཀྲོལ་ནས་ལག་པ་གཉིས་ཀྱི་བར་དུ་ཟུང་ཐག་སྒྲིལ་ཅིང་གྲི་གུག་འཁོར་བར་བྱས་པས། གྲི་གུག་གིས་ཁོའི་སྲོག་རྩ་རྦད་རྦད་བཅད་པར་བསམ། དེ་ནས་འཕྲལ་གཏོར་ཟུར་གསུམ་པ་ལ་ལིང་བརྐྱང་བཙུགས། ལིང་ག་དེ་ཚུར་བླངས་ཏེ་བསྲེགས། དེ་ལྟར་ཞག་གསུམ་སྒྲིམ་པས་རབ་ཀྵེ་ཊ་པ་ལས་དངོས་སུ་གློ་སྙིང་གཏེར་བ། འབྲིང་མི་ནག་པོས་ཤ་ཁྲག་བཟའ་འཐུང་བྱེད་པ། ཐ་མ་སྲོག་ཆགས་གསད་པ་སོགས་དངོས་སམ། ཉམ་སྣང་། རྨི་ལམ་དུ་འབྱུང་ཏེ། བྱུང་ན་དེ་ནས་སྲེགས་བུའི་ཁར་སྟེང་གི་ཤོས་བུ་གཏོར་མ་ཆེ་བ་དེ་དགྲ་ཕྱོགས་སུ་འཕངས་ལ་ཆོས་འབྱུང་གི་ལིང་ག་གཏོན། དེ་ནས་སླང་བའི་ནང་དུ་དུག་ཁྲག་གི་ཆོས་འབྱུང་བྲིས་ལ་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩིགས་པའི་ཟུར་དགྲ་ཕྱོགས་སུ་བསྟན། སྟག་ལོ་པའམ་ཕག་ལོ་པས་མེ་སྦར་ཏེ། མེའི་ནང་དུ་ཀྵེ་ཊ་པ་ལ་རྐང་ཐང་དུ་ཞབས་གཡས་བསྐུམས་གཡོན་རྐྱང་བ་བསྐྱེད་དེ། དེའི་སྙིང་ཁར་ཡེ་ཤེས་མགོན་པོ་བསྐྱེད་ཆེད་ལས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཡེ་ཤེས་པ་གཞུག །དེ་ནས་ལིང་ག་རྣམས་གྲི་ལྕགས་ལས་བྱས་པའི་གྲི་དུག་གི་གཏུབ་ཅིང་རང་གི་ལག་པ་གཡོན་པས་འབུལ། མེ་མ་ཤིའི་བར་དུ་མི་དགུལ་མི་རེག་ཅིང་། དེ་མ་ཐག་ཏུ་གཏོར་མ་གཅིག་བཤམས་ལ་གཏང་རག་གི་ཚུལ་དུ་འབུལ། གཏོར་མ་འཕངས་པ་དང་དུས་མཉམ་དུ་ལས་མགོན་སོང་ནས་དགྲ་བོ་དེ་བརྡུལ་དུ་བརླག་པར་བསམ། མགོན་པོ་རང་ཉིད་ལ་བསྟིམ། ཐལ་བ་དེ་སྦྲུལ་ནག་པོའི་ཐོད་པར་བླུག་ལ་སྔར་གྱི་ཟུང་ཐག་གི་སྡམ་ལ་དགྲ་བོའི་འགྲིམ་སྲང་དུ་མནན། ཁོས་འགོམ་ཞིང་ལས་མྱུར་བ་སྣང་གསུང་ངོ་། །ཐལ་བ་ལྷག་མ་ཆུ་དང་རླུང་ལ་འཆར་ལུས་ལ་མ་རེག་པ་གལ་ཆེའོ། །འདི་ཉིད་ཀྱིས་ལས་སྦྱོར་དུས་སུ་གཏོར་མའི་ནང་དུ་གཏོར་མའི་ཟས་ཕུད་ཞག་པ་གལ་ཆེ་ཞིང་། རང་ཉིད་བླ་མ་དང་མགོན་པོ་དབྱེར་མེད་དུ་བྱས་ནས་གསོལ་གཏབ་པ་གལ་ཆེའོ། །གཏོར་མའི་ནང་དུ་གྲི་ཁྲག་སྲེས་པ་དེ་ལས་མྱུར་བའི་གནད་ཤིན་ཏུ་ཆེའོ།
།འདི་ནི་ནི་མན་ངག་དང་བཅས་པ་ཕྱོགས་གཅིག་ཏུ་སྒྲིལ་བ་ཡིན་པས་སུ་ལ་ཡང་མ་སྟེར་ཞིག །རྣལ་འབྱོར་གྱི་དབང་ཕྱུག་ར་ཧུ་ལ་ཉིད་ཀྱིས་མགོན་པོ་ཞིང་སྐྱོངས་དུ་སྒྲུབ་པའི་མན་ངག་འདི་མཉམ་མེད་ཁྱུང་པོ་རྣལ་འབྱོར་ལ་གནང་ནས་རིམ་པར་རྒྱུད་པའོ།
།མང་ཐོས་དགེ་ལེགས་དཔལ་བཟང་གི །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །མཁས་པའི་དབང་པོ་ཉང་སྟོན་དབོན་པོས་གསེར་ཞོ་ལྔའི་མཎྜལ་ཕུལ་ནས་ཞུས། ཨྀཐི།།

༒ མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྫོགས་རིམ་རླུང་གིས་གཅིག་རླུང་ནི། །ཡེ་ཤེས་མགོན་པོའི་སྤྱི་གཙུག་ཏུ། །དབང་གི་རྒྱལ་པོ་བསྒོམ་བྱས་ཏེ། །འོད་ཟེར་གཟི་བརྗིད་ལྡན་པར་བསམ། །གཡེལ་བ་མེད་པར་གསོལ་བ་གདབ། །ཐུན་མོངས་དངོས་གྲུབ་སྣ་ཚོགས་དང་། །སངས་རྒྱས་ལོ་བཟླས་འགྲུབ་པར་འགྱུར། ཞེས་གསུངས་པས། རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་སྐད་གཅིག་གིས་མགོན་པོ་ཡབ་ཡུམ་བསྒོམ་ཞིང་། རླུང་ཁུག་པ་གསུམ་བཟུང་ཞིང་། མགོན་པོ་འཁོར་བཅས་རང་གི་མདུན་དུ་གསལ་གཏབ། མཆོད་དོ་གསོལ་འདེབས་བྱས་ནས་གསང་བའི་ཡི་གེ་བཅུ་གསུམ་ཡུམ་སྔགས་དང་བཅས་པ་བརྒྱ་རྩ་བརྒྱད་འདོན་ཞིང་སྔགས་དང་རླུང་ཁུག་པ་རེ་སྤྱད། དེ་ནས་རླུང་བཟུང་བ་ཙམ་གྱི་མགོན་པོ་འཁོར་བཅས་རྣམས་ཧཱུྃ་སྔོན་པོའི་རང་བཞིན་དུ་གྱུར་ནས་སྣ་བུག་གཡོན་ནས་རྔུབ་པས་ཐུགས་ཁར་ཐིམ་པར་བསམ། དེ་དམིགས་ཞིང་རླུང་བཅུག་ནས་གཅད་ན་ཞག་བདུན་ནས་འགྲུབ་པར་འགྱུར་རོ། །ཐུབ་ཟིན་ནས་མི་གཡེལ་བར་རྒྱུན་དུ་བརྟེན་པའི་ཟབ་འཁོར་དང་བཅས་པ་མདུན་དུ་བསྐྱེད་ནས་མཆོད་སྟོད་པར་མགོན་པོ་གཅིག་རྒྱུད་ལྟར་འབུལ། དེ་ནས་སྔགས་རྣམས་བརྗོད་པ་ཙམ་གྱིས་འོད་ཟེར་གྱིས་ཚུལ་དུ་མགོན་པོའི་ཞལ་ནས་རྒྱུད་ཅིང་འཁོར་ནས་བདག་གི་ཞལ་དུ་བཞུགས་ནས་ཐུགས་ཁར་གནས་སོ། དེ་ཡང་རླུང་རབ་ཏུ་འབར་བ་གཅིག་སྔགས་ཀྱི་བསྐོར་ནས་ཡོད་པར་དམིགས་སོ། །དེ་ལ་སྐྱེ་བར་གྱུར་ན་མགོན་པོའི་འཁོར་རྣམས་ཞུ་ནས་གཙོ་བ་ལ་ཐིམ། གཙོ་བོ་འོད་དུ་ཞུ་ནས་གྲི་གུག་འབར་བ་གཅིག་ཏུ་གྱུར་ནས་འོད་དུ་ཞུ་ཧཱུྃ་དུ་གྱུར། དེ་རང་གིས་ཐུགས་ཁའི་ཧཱུྃ་རབ་ཏུ་འབར་བ་ལ་ཐིམ། དེ་ནས་ནང་ནུབ་གསོལ་བ་དྲག་ཏུ་གཏབ་སྔགས་བརྒྱ་རྩ་རེ་མ་ཆག་པར་བཟླས་ན་ལུས་དང་གྲིབ་མ་བཞིན་ཏུ་མི་འབྲལ་བར་འགྱུར་རོ། །ཚེ་འདིའི་དབུགས་ཆད་ནས་བར་དོར་ཡང་དེང་རང་སེམས་མགོན་པོ་གསུམ་དབྱེར་མེད་དུ་འགྱུར་རོ། །རླུང་སེམས་མགོན་པོ་རླུང་དང་བསྲེས་ནས་བསྐྱེད་རྫོགས་ཟུག་ཏུ་སྒྲུབ་པའི་མན་ངག་ནི་སངས་རྒྱས་བསྙན་སྟོན་གྱིས་དྲུང་དུ་སངས་རྒྱས་སྟོན་པས་སེར་ཞྭ་བརྒྱ་རྩ་བརྒྱད་ཕུལ་ནས་ཡང་ཡང་གསོལ་བ་གཏབ་པས། མགོན་པོ་ཞག་བདུན་ནས་འགྲུབ་པའི་རླུང་སྒྲུབ་གཅིག་རྒྱུད་མ་འདི་གནང་བ་ཡིན་ནོ།

༒ ས་གདོན་བསྲུངས་བའི་མན་ངག་ནི། །བདུད་རྩི་སྨན་གྱིས་འདུལ་༼ཅོལ་ཞི་ཏུལ་མ་༽བ་དང་། །རྒྱལ་པོ་དགུ་དང་བཅུད་ཆེན་དགུ། །མཚོན་ཆ་གསུམ་ཏེ་ཉི་ཤུ་གཅིག །དེ་ཡིས་ས་བདག་ཐམས་ཅད་བསྲུངས།
དེ་ལ་རྒྱལ་པོ་དགུ་ནི། ཨ་རུ་ར། །༼གླད་རྩི་ཐུན་གཅིག་༽དྲིའི་རྒྱལ་པོ་མ་གི་ཏ། །སྤོས་ཀྱི་རྒྱལ་པོ་༼ཕོ་ཙོག་ཅིག་༽བྱ་རྒོད་སྤོས། །དུག་གི་རྒྱལ་པོ་༼སྲན་མ་ཙམ་༽འབྲི་ཚིལ་མ། །སྔོའི་རྒྱལ་པོ་༼ཚོམ་བུ་གཅིག་༽མིང་ཆེན་དང་། །ཆུའི་རྒྱལ་པོ་༼དགེ་སློང་མ་བྱིས་པའི་དྲི་ཆུ་༽ཨ་ཀྲོ་ཏ། མཚོན་གྱི་རྒྱལ་པོ་༼རི་མ་ཙམ་༽ལྡོང་རོས། དང༌ཤ་རྒྱལ་པོ་༼ཤ་ཆེན་ལྡོང་རོས་དང་མཉམ་པ་༽མཧཱ་མ་ཡ་དང་། འབྲུའི་རྒྱལ་པོ་༼ཚོམ་བུ་གཅིག་༽ཉུང་དཀར་པོ།
བཅུད་ཆེན་རྣམ་པ་དགུ་པ་ནི། ནུབ་པའི་བཅུད་གྱུར་བདུད་རྩི་༼མར་ཁུ་སྒོ་ང་གང་༽དང་། །སྨན་གྱི་བཅུད་༼མང་བ་དགའ་༽གྱུར་ཨ་མྲི་ཏ། །མུ་ཟི་སེར་པོ་སའི་བཅུད༼རི་མ་ཙམ༽། །བྲག་ཞུན་ནག་པོ་༼རུལ་མ་དགོས་༽རྡོ་རྗེའི་བཅུད། །དངུལ་ཆུ་དཀར་པོ་༼ཞོ་གང་གསུམ་༽རིན་ཆེན་བཅུད། །༼བདུན་༽རྨ་བྱའི་མདངས་ཕྲོག་དུག་གི་བཅུད། །སྦྲང༌རྩི་སྙོན་པ་༼སྒོ་ང་གང་༽མེ་ཏོག་བཅུད། །དོམ་ཁྲིས་སེར་པོ་༼ཐུན་གཅིག་༽ཤའི་བཅུད་། །ཀརྴ་པ་ནི་༼བདུན་༽རུས་པའི་བཅུད།
།མཚོན་ཆ་གསུམ་པོ་འདི་ལྟ་ཏེ། །ཆུ་དག་སྨན་གྱིས་༼ཐེ་མོ་ཙམ་གཅིག་༽མཚོན་ཆ་ཡིན། །སྒོ་ཀྱ་དྲིའི་༼གཅིག་སྒོགས་གསུམ་༽མཚོན་ཆ་ཡིན། །རྟེ་ལོ་ཤའི་༼ཐེ་མོ་ཙམ་གཅིག་༽མཚོན་ཆ་ཡིན།
།དེ་རྣམས་ལེགས་པར་སྦྱར་བ་ཡིས། །རིལ་བུ་སྲན་མ་ཙམ་བྱ་སྟེ། །ཁོངས་སུ་གཏང་ཏེ་བྱུགས་པ་ཡིས། །སྒོ་དགུ་པོ་དང་གནས་གསུམ་དུ། །བྱུགས་ན་ལྟས་སོགས་འབྱུང་བ་དང་། །རིགས་ཀྱི་གནད་དོང་རྐྱེན་གྱི་གནོད། །མ་ཞུགས་འཇུག་པར་མི་འགྱུར་རོ། །ཞུགས་པ་ལངས་པ་མི་འགྱུར་རོ། །ལངས་པ་མྱུར་དུ་ཞི་བར་འགྱུར། །ཡིད་བཞིན་ནོར་བུའི་གདམས་པ་འདི། །གུཔྟ་ལ་ནི་བཛྲ་ལ། །སེར་གྱི་མཎྜལ་ཕུལ་ནས་ཞུས། །ནོར་ལ་དགོས་པ་མི་བདོགས་ཀྱང་། །རྟེན་འབྲེལ་ཡིན་པས་ལེན་་་གསུངས། །བཞེས་ནས་ནམ་མཁའི་ཁམས་ལ་གཏོར། །བུ་ཁྱོད་སེར་ལ་མ་འཕངས་གསུངས། །ཤེས་ནས་ཁུང་པང་རང་ཆེ་འབྱིན། །་་་་ད་དེ་གན་ཕན་སེམས་མེད་ལ། །བུམ་ནང་མར་མེ་བཞིན་ཏུ་ནི། །གདམས་པའི་གནད་རྣམས་སྦ་བར་བགྱིས། །ཞེས་པའི་གསང་ཚིག་འདི་ཉིད་ནི། །གུཔྟ་ལ་ནི་བཛྲས་གསུངས་སོ།

Included in mgon po snying zhugs kyi gdams pa 'pho ba dang bcas pa
༒ རྒྱལ་བ་ཀུན་གྱི་ཐུགས་རྗེ་ཅིག་བསྡུས་པའི། །སྤྱན་རས་གཟིགས་དབང་མྱུར་མཛད་ཕྱག་དྲུག་པ། །བླ་མ་མགོན་པོ་དབྱེར་མེད་གུས་བཏུད་ནས། །ཐུན་མོངས་མིན་པའི་ཞལ་གདམ་བྲི་བར་བྱ།
།རྒྱུ་རྐྱེན་བརྟེན་འགྲེལ་ཕུན་གསུམ་ཚོགས་པ་ལ་བརྟེན་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཐུན་མོངས་མ་ཡིན་པའི་མན་ངག་ཞལ་ཤེས་སྙན་རྒྱུད་ལྷ་རང་ཤར་ཕྱག་བརྒྱ་ཆེན་པོ་བསྒོམ་པ་འདི་ལ་དོན་གྱི་གཙོ་བོ་རྣམ་པ་བཞི་ཏེ། རྩ་དང་ལྷ་དང་གསལ་གཏབ་པ། བྱིན་རླབས་ཞུ་བ། ང་རྒྱལ་བྱེད་པ། ལས་ལ་སྦྱར་བ་དང་བཞི་ལས།
དང་པོ་ནི། རྩ་དབུ་མ་སྦོམ་ཕྲ་སྦ་ལྕགས་ཙམ་ར་དུང་ཁ་སྤུབ་དས་དང་འདྲ་བ་ཡས་སྣ་ཚང་བུག་ཏུ་ཟུག་བཅིངས། མརྣ་སྙིང་ཁ་བུད་པ་ན་བུམ་སྐུ་ཁེབས་པ་སྙིང་པདྨ་བུམ་སྐུའི་དབྱིབས་ཅན་དམར་པོ། ཏོག་བླ་མ་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། བུམ་སྐུའི་ཕྱི་མགོན་པོའི་སྙིང་པོ་དང་ཤ་ས་ནས་གྲུ་གུ་ལྟར་དཀྲིས་པ་ལས་ཡེ་ཤེས་ཀྱི་མེ་འབར་བ། བུམ་སྐུའི་ནང་དུ་ཕ་ལས་ཐོབ་པའི་ཁཾ་དཀར་པོའི་སྟེང་དང་མ་ལས་ཐོབ་པའི་ཁཾ་དམར་པོའི་འོག་ཁཾ་དཀར་དམར་གྱིས་དབུས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལྡེར་ཟོ་ལྟར་འོད་ཟེར་མ་ཡིན་པ་བྲིས་པ་ལྟར་ཙལ་ཙལ་མ་ཡིན་པ། སྔར་མེད་གསར་དུ་བསྐྱེད་པ་མ་ཡིན་ཅིང་སྔར་ཡོད་གསལ་གཏབ་པའི་ཚུལ་དུ་ནི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་ཅིག་ཕྱག་དྲུག་པ་ཞེས་པ་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་སྔོན་པོ་དངུལ་ཆུའི་མདོག་ལྟར་དང་པའི་ན་ད་ལས་འོད་ཟེར་ལྔ་འཕྲོ་བ། ཞབས་ཀྱུ་ལས་བྱང་སེམས་དཀར་ལ་དམར་བའི་མདང་ཆགས་པ་མཐིག་ལ་ཁད་ལ་མ་འཐིག་ཙམ་ཞིག་བསྒོམས་པ་དེ་ནི་གསལ་སྣང་སྒྲུབ་པའོ།
།གཉིས་པ་ནི། རང་གི་སྤྱི་བོར་པཾ་ལས་པདྨ་དང་རཾ་ལས་ཞེས་པ་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར་ཞེས་པའི་བར་གཞུང་བཞིན་བསྐྱེད་ལ་གནས་གསུམ་བྱིན་བརླབས་བྱ། །མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་གསེར་པོ་ཉི་མ་འབུམ་གྱི་མདངས་དང་ལྡན་པ་ཕྱག་གཡས་ཡིད་བཞིན་གྱིས་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཐུགས་ཀར་བསྣམས་པ་གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་བསྐུར་བརྟེན་པ་ཞབས་རྡོ་རྗེ་དཀྱིལ་དཀྲུང་གི་བཞུགས་ཤིང་། མཚན་པོ་གཉིས་དང་སྤེ་བྱད་བརྒྱད་བཅུས་བརྒྱན་པ་འོད་དང་འོད་ཟེར་གྱིས་རང་བཞིན་ཅན་ཞིག་དངོས་སུ་ཡལ་ཡལ་ཕྲོམ་ཕྲོམ་འཕྲོ་བ་ཡིད་ལ་དྲན་པ་ཙམ་གྱིས་ཕྱིར་མི་འདོག་པའི་ས་ཐོབ་པ། གསོལ་བ་གཏབ་པ་ཙམ་གྱི་བྱིན་རླབས་འབྱུང་བ་སྨོས་མི་དགོས་པ་ཅིག་གསལ་གཏབ། དེའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་སེར་པོ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཤིང་ན་མོ་བུདྷ་ཡའི་མཐུན་མོངས་མ་ཡིན་པའི་རྒྱུད་པའི་བླ་མ་རྣམས་སྤྱན་དྲངས་སྤྱི་བོའི་བླ་མ་ལ་ཐིམ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། བླ་མའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་འགལ་རྐྱེན་ཐམས་ཅད་ངས་སེལ། ཁྱད་པར་དུ་ཡང་བླ་མ་དང་མགོན་པོ་དབྱེར་མེད་དུ་འགྲུབ་པ་དང་རྣམས་མཁྱེན་རྫོགས་པའི་སངས་རྒྱས་ཀྱིས་གོ་འཕངས་ཚེ་འདི་ཉིད་ལ་ཐོབ་པར་བྱ་ཞེས་གསུངས་ལྷང་ལྷང་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བསེར་པོ་འཕྲོས་ཤིང་། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཀའི་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པ་རྣམས་རྩེ་མོ་ཅིག་ཏུ་དྲིལ་བའི་འོད་ཟེར་གྱིས་བསིལ་བ་ཚལ་གྱི་མགོན་པོ་དངོས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་སྤྱན་དྲངས།
ཧཱུྃ་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། ཞེས་པ་ནས་དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ་ཨེ་ཧྱེ་ཁྲིཾ་རིང་པོ་ཉེར་ཅིག་གིས་སྤྱན་དྲངས་བསིལ་བ་འཚལ་གྱི་མགོན་པོ་དེ་ཉིད་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་འུར་འུར་ཆེམ་ཆེམ་སྐད་ཅིག་གི་བཞེངས་ཏེ་ཐོག་པ་མེད་པར་བྱོན་ནས་རང་སྤྱི་བོའི་མགོན་པོའི་ལ་ཐིམ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། མགོན་པོའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་འགལ་རྐྱེན་ཐམས་ཅད་ངས་སེལ་ཞེས་གསུངས་ལྷང་མཛད་པས། འགལ་རྐྱེན་སྟེང་གདོན་བཟའ་དང་རྒྱུ་དཀར་འོག་གདོན་ཀླུ་དང་ས་བདག །བར་གདོན་བཙན་དང་རྒྱལ་པོ། འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ་ནད་གདོན་སྡིག་སྒྲིབ་ཐམས་ཅད་གྲི་གུག་གིས་བཅད་མེ་ལྕེས་བསྲེགས་ཤ་ཁྲག་རུས་གསུམ་གྱི་རྣམ་པར་ཞལ་དུ་དམར་ཆི་ལི་གསོལ་བར་བསམ། དེ་ནས་བླ་མ་ལ་ཕྱི་མེ་ཏོག་དང་ནང་ཤ་ལྔ་དང་བདུད་རྩི་ལྔ་གསང་བ་གཉིས་སུ་མེད་པའི་ཚོགས་འཁོར་གསེར་གྱི་མཎྜལ་དང་བཅས་སྟེ་ཕུལ་ལ་ས་གཞི་སྤོས་ཀྱི་ཞེས་སོགས་བརྗོད། བླ་མ་རིན་པོ་ཆེ་བདག་གི་བླ་མ་དང་མགོན་པོ་དབྱེར་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སེར་པོ་ཅིག་འཕྲོས་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཕོག་པས་མདང་དང་འོད་ཟེར་ཐམས་ཅད་ལྗང་ནག་ཏུ་ཡལ་ཏེ་བྱུང་བས་བླ་མ་མགོན་པོ་དབྱེར་མེད། བླ་མའི་ཐུགས་དང་མགོན་པོའི་མཐུ་ཐོབས་དབྱེར་མེད་པས་བླ་མ་མགོན་པོ་དབྱེར་མེད། བླ་མའི་བྱིན་བརླབས་དང་མགོན་པོའི་ནུས་པ་དབྱེར་མེད་པས་བླ་མ་མགོན་པོ་དབྱེར་མེད། བླ་མའི་ཆོས་སྐུ་དང་མགོན་པོའི་ཆོས་སྐུ་དབྱེར་མེད་པས་བླ་མ་མགོན་པོ་དབྱེར་མེད་དུ་བསམ། སླར་ཡང་མགོན་པོ་ལ་མཎྜལ་དང་མཆོད་པ་སྔར་བཞིན་ཕུལ་ནས། མྱུར་མཛད་ཡེ་ཤེས་ཀྱིས་མགོན་པོ་བདག་གི་མགོན་པོ་དང་བླ་མ་དབྱེར་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་གཏབ་པས་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཅིག་ཡར་འཕྲོས་བླ་མའི་ཐུགས་ཀའི་ཧཱུྃ་ལ་ཕོག་མདངས་དང་འོད་ཟེར་ཐམས་ཅད་ལྗང་སེར་དུ་ཡལ་ཏེ་བྱུང་བས་མགོན་པོ་བླ་མ་དབྱེར་མེད། མགོན་པོའི་མཐུ་ཐོབས་དང་བླ་མའི་ཐུགས་རྗེ་དབྱེར་མེད་པས་མགོན་པོ་བླ་མ་དབྱེར་མེད། མགོན་པོའི་ནུས་པ་དང་བླ་མའི་བྱིན་བརླབས་དབྱེར་མེད་པ་མགོན་པོ་དབྱེར་མེད། མགོན་པོ་བླ་མ་དབྱེར་མེད། མགོན་པོའི་ཐུགས་ཆོས་ཀྱི་སྐུ་དང་བླ་མའི་ཐུགས་ཆོས་སྐུ་གཉིས་དབྱེར་མེད་པས་མགོན་པོ་བླ་མ་དབྱེར་མེད་དུ་གྱུར། སླར་ཡང་བླ་མའི་སྐུ་ལས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག་པས་མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འབར་འུར་འུར་སིལ་སིལ་གར་མཛད་ཅིང་། མགོན་པོའི་སྐུ་ལས་འོད་ཟེར་འཕྲོས་བླ་མ་ལ་ཕོག་པས་བླ་མ་འོད་དང་བདེ་བའི་རང་བཞིན་དུ་མེར་མེར་དྲིལ་བུའི་སྒྲ་སྒྲོག་བླ་མ་ཉིད་མགོན་པོ་མགོན་པོ་ཉིད་བླ་མ་བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པར་གྱུར་པར་བསམ་ནས་གསོལ་བ་འདེབས་པ་ནི་གཞུངས་བཞིན། མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། ཞེས་པའི་བར་བྱས་ལ་དེ་ནས་བྱིན་བརླབས་བཞུ་བར་མོས་ནས་སྤྱི་བོའི་བླ་མ་དང་མགོན་པོར་མུས་གུས་དྲག་པོས། བླ་མ་མགོན་པོ་དབྱེར་མེད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྦྲིབ་པ་མི་མངའ་བ་ཞེས་ནས་ཁྱེད་རྣམས་ཀྱིས་སྐུའི་སྒོ་ནས་བྱིན་གྱིས་བརླབས་ཏུ་གསོལ། ལུས་ཀྱིས་སྡིག་སྒྲིབ་དག་པར་བྱིན་གྱིས་བརླབས་ཏུ་གསོལ། བུམ་པའི་དབང་བསྐུར་དུ་གསོལ། འབྲས་བུ་སྤྲུལ་སྐུ་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་གཏབ་པས། བླ་མ་དང་མགོན་པོའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དང་མགོན་པོའི་སྐུ་ཆུང་ལ་ཡན་ལག་རག་པ་དཀར་པོ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་དཔག་ཏུ་མེད་པ་གར་གཏབ་ལིང་ལིང་བྱོན་བྱུང་བ་དེ་རང་གི་དཔྲལ་བའི་ཨོཾ་དཀར་པོ་ལ་སིབ་སིབ་ཐིམ་པས་སྐུའི་བྱིན་བརླབས་བཞུགས། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། འབྲས་བུ་སྤྲུལ་པའི་སྐུ་འགྲུབ།
ཡང་བླ་མ་མགོན་པོ་དབྱེར་མེད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་ཞེས་པ་ནས་ཁྱེད་རྣམས་ཀྱི་གསུངས་གི་སྒོ་ནས༴ ངག་གི༴ བསང་བའི་དབང་༴ འབྲས་བུ་ལོངས་སྤྱོད༴ ཞེས་གསོལ་བ་གཏབ་པས་བླ་མ་དང་མགོན་པོའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དང་མགོན་པོའི་སྐུ་ཡན་ལག་ཆུང་ལ་རག་པ་དམར་པོ་ཧཱུྃ་ཕཊ་ཞེས་པ་ནས། རང་གི་དཔྲལ་བའི་ཨཱཿདམར་པོ་ལ་སིབ་སིབ་ཐིམ་པས་གསུང་གི་བྱིན་བརླབས་བཞུགས། ངག་གི༴ །གསང་བའི༴ འབྲས་བུ་ལོངས་སྤྱོད་རྫོགས༴
ཡང་སྔར་བཞིན་གསོལ་བ་གཏབ་རྗེས་ཁྱེད་རྣམས་ཀྱི་ཐུགས་ཀྱི་སྒོ་ནས༴ ཡིད་ཀྱི༴ ཤེས་རབ་ཡེ་ཤེས་༴ འབྲས་བུ་ཆོས་སྐུ༴ ཞེས་གསོལ་བ་གཏབ་པས་བླ་མ་དང་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དང་མགོན་པོའི་སྐུ་ཆུང་ལ་ཡན་ལག་རག་པ་སྔོན་པོ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་དཔག་ཏུ་མེད་པ་གར་གཏབ་ལིང་ལིང་བྱོན་བྱུང་བ་དེ་རང་གི་ཐུགས་ཀའི་ཧཱུྃ་སྔོན་པོ་ལ་སིབ་སིབ་ཐིམ་པས་ཐུགས་ཀྱི༴ ཡིད་ཀྱི༴ །ཤེས་རབ༴ འབྲས་བུ་ཆོས་ཀྱི་སྐུ༴
ཡང་སྔར་བཞིན་གསོལ་བ་གཏབ་རྗེས་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་བརླབས་ཏུ་གསོལ། ཐོགས་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱིས་སྡིག་སྒྲིབ་བགས་ཆགས་དང་བཅས་པ་ཐམས་ཅད་དག་པར་བྱིན་གྱིས་བརླབས་ཏུ་གསོལ། དབང་བཞི་བསྐུར་དུ་གསོལ། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བྱིན་གྱི་བརླབས་ཏུ་གསོལ། ཞེས་གསོལ་བ་གཏབ་པས་བླ་མ་དང་མགོན་པོའི་གནས་གསུམ་གྱིས་ཡི་གེ་གསུམ་ལས་འོད་ཟེར་དང་། མགོན་པོའི་སྐུ་ཆུང་ལ་ཡན་ལག་རག་པ་དཀར་དམར་མཐིང་གསུམ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱོན་བྱུང་བ་དེ་རྣམས། རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་སྐུ་གསུང་ཐུགས་འཕྲིན་ལས་དང་བཅས་པའི་བྱིན་བརླབས་ཞུགས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་ཐོབ་འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ།
དེ་ནས་ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་དམིགས་ནས་ན་མོ་བུདྡྷ་ཡའི་གསོལ་བ་ལན་གསུམ་གཏབ་ཅིང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་པ་ནས་འདུག་པ་འདི་ཉིད་དུ་བདག་གི་སྙིང་དབུས་པདྨའི་ཟེའུ་འབྲུ་ལ་བསྟན་པར་བཞུགས་ནས་མཆོག་མཐུན་མོངྶ་གིས་དངོས་གྲུབ་མ་ལུས་པར་སྩལ་དུ་གསོལ་ཞེས་བརྗོད་པ་དང་སྙམས་དུ་སྤྱི་བོའི་མགོན་པོའི་གདན་གྱིས་ཚོགས་བདག་མེད་པར་བྱས་ནས་མགོན་པོ་དང་བླ་མ་རྩ་དབུ་མའི་ནང་ནས་མར་བཞུགས་སྙིང་ཁའི་བུམ་སྐུའི་ནང་གི་མགོན་པོ་ལ་ཐིམ། བླ་མ་བུམ་སྐུའི་རྟོག་གི་རྡོ་རྗེ་ལ་ཐིམ་པས་སྙིང་ཁའི་མགོན་པོ་འོད་དང་འོད་ཟེར་གྱི་རང་བཞིན་ཆེར་འབར་བས་འོད་ཟེར་སྔོན་པོ་དཔག་མེད་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང་བས་དངུལ་ཆུས་གསེར་ཟོས་པ་བཞིན་དུ་ཐ་མལ་གྱིས་ལུས་འོད་དུ་སྦྱངས་པས་ལུས་རག་པ་མགོན་པོའི་སྐུར་གྱུར་པ་ནི་རང་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞེས་པ་ནས་མེ་དཔུངས་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཁར་ཧཱུྃ། བུམ་སྐུའི་ཐུགས་ཁའི་ཧཱུྃ་དང་དབྱེར་མེད་པའི་ན་ད་ལས་འོད་ཟེར་ལྔ་འཕྲོ་ཞིང་ཞབས་ཀྱུ་ལས་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ་འཐིག་ལ་ཁད་ལ་མ་འཐིག་ཙམ་ཞིག་བསལ་གཏབ།
གསུམ་པ་ནི། དི་ལ་སེམས་གཏད་ནས་མགོན་པོ་དངོས་ཡིན་པར་འདུག་ང་སྤངས་པའི་ཕ་རོལ་ན་མགོན་པོ་མེད། མགོན་པོ་སྤངས་པའི་ཕ་རོལ་ན་ང་མེད་ད་ལྟ་ཁམས་གསུམ་ན་ང་ལས་མཐུ་སྟོབས་ཆེ་བ་མེད་སྙམས་སུ་བསྒོམས་པ། སྣང་བའི་ངོས་ནས་སྟོང་སྟོང་པའི་ངོས་ནས་སྣང་བ་སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུ་གང་སྣང་སྟོང་པ་སྟོང་པ་བདེ་བ་བདེ་ལྷ་སྐུ་རང་ཤར་ཕྱག་རྒྱ་ཆེན་པོ། སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ་བདེ་ལ་བཞེན་པ་མེད་པ་སྣང་བ་ཟུགས་སུ་གྲུབ་པ་རིག་པ་ཟུགས་སུ་མ་གྲུབ་པ། བར་སྣང་འཇའ་མཚོན་ཆུ་ནང་ཟླ་བ་མེ་ལོང་ནང་གི་གཟུགས་སྙན་ལྟར་གསལ་གཏབ།
དེ་ནས་བུམ་སྐུའི་ནང་གི་ཉི་མའི་དལ་གྱིས་དབུས་སུ་ཧཱུྃ་གི་མཐར་བཛྲ་མཧཱ་ཀཱ་ཀྵིཾ་ཀྵེ་ཊ་བིགྷན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭ་ཧཱ་ཞེས་པའི་སྔགས་མཐིང་ནག་གྱེན་དུ་འགྲེང་ཞིང་ཁ་ནང་དུ་བསྟན་པ་གཡས་བསྐོར་དུ་འཁོར་བ་རང་སྒྲ་སྒྲོག་པའི་ཡིག་གེ་རྣམས་ཀྱི་དབུ་ལས་ཡེ་ཤེས་ཀྱི་མེ་འོད་འཕྲོ་ཞིང་། མགོན་པོའི་སྐུ་ལས་འཕྲོས་པའི་མི་རྣམས་ཀྱི་རང་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པར་བཞིན་མེད་པར་སོང་ཞིང་། ཧཱུྃ་གི་ཞབས་ཀྱུའི་ཐིག་ལེ་དང་སྔགས་ཀྱི་ཡི་གེ་རྣམས་ལས་འོད་ཟེར་ལྔ་འཕྲོས་པས་རང་གི་ལུས་གང་བཞིན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས་མགོན་པོའི་སྐུར་གྱུར་བདེ་བའི་རྒྱུད་གང་གཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེས་ཞིང་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོག་པར་བསམ་ནས་བཟླས་པ་བྱ་བ་ནི་ཐུན་མོངས་མ་ཡིན་པའི་བཟླས་པའོ།
།བཞི་པ་ལ་དང་པོ་སྦྱངས་བའི་རིམ་པ་ནི། ལུས་རག་པ་མགོན་པོའི་སྤྱི་བོར་རྗེ་བཙུན་མཁའ་སྤྱོད་མ་དཀར་མོ་ཞལ་ཅིག་ཕྱག་གཉིས་མ་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐོད་པ་བདུད་རྩིས་གང་བ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཞལ་དུ་སྟོབས་པ། མཆན་ཁུངས་ན་ཁ་ཊཾ་ཁ་ཡོད་པ་གཅེར་མོ་སྐྲ་གྲོལ་བ་ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། གཞོན་ནུ་ལང་འཚོ་དར་ལ་བབས་པ་ཞལ་ཁྲོ་འཛུམ་གྱིས་ཉམས་དང་ལྡན་པ་མཆེ་བ་ཅུང་ཟད་རྩིགས་པ། སྤྱན་གསུམ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ནམ་མཁའ་གང་བ་ལ་ཧྲིག་གེ་གཟིགས་པ། ཞབས་གཉིས་རྒྱབ་ངོས་ཀྱི་ཕྲག་པ་ལ་བཀལ་བའི་ཕྱག་གཡས་གཡོན་གྱི་འཁྲིགས་མ་ལ་ཞབས་ཀྱི་བོལ་གཉིས་བཀལ་བས། གསང་གནས་དམར་ཧུ་རེའི་ཡོད་པའི་ཁ་ཚངས་བུག་དང་འབྱར་བ་ཡེ་ཤེས་ཀྱི་མེ་དཀར་པོ་འབར་བའི་དབུས་ན་འཕར་ལ་ཁད་ལ་མ་འཕར་ཙམ་མཛད་ནས་བཞུགས་པ། དེའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧྲཱི་དཀར་པོ་རིང་ཆ་ཚེགས་དྲག་དང་བཅས་པ། ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་མཁའ་སྤྱོད་མ་ལ་མ་རྒྱུད་ཀྱིས་ལྷ་ཚོགས་ཀྱི་བསྐོར་བ་ན་ར་ཀྲིཾ་ཀྲིཾ་གི་སྤྱན་དྲངས་སྤྱི་བོའི་མཁའ་སྤྱོད་མ་ལ་ཐིམ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། རྗེ་བཙུན་མཁའ་སྤྱོད་མའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་འགལ་རྐྱེན་ཐམས་ཅད་ངས་སེལ་ཁྱད་པར་དུ་ཡང་འཕོ་བའི་རྣལ་འབྱོར་འབྱོང་པ་དང་དག་པ་མཁའ་སྤྱོད་ཀྱི་གནས་སུ་དྲངས་ཀྱི་ཅེས་གསུང་ལྷང་ལྷང་བྱོན་བྱུང་བར་བསམ། དེ་ནས་མཁའ་སྤྱོད་མ་ལ་ཕྱི་མེ་ཏོག་དང་བདུག་སྤོས་ནང་ཤ་ལྔ་དང་བདུད་རྩི་ལྔ་གསང་བ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་གསེར་གྱིས་མཎྜལ་དང་བཅས་པ་ཕུལ་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདག་གི་འཕོ་བའི་རྣལ་འབྱོར་འབྱོངས་པར་བྱིན་གྱིས་བརླབས་ཏུ་གསོལ། བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་དྲངས་དུ་གསོལ། ཞེས་གསོལ་བ་གཏབ་པས། ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཀར་མདའ་སྟོང་བ་ལྟར་འགྱོག་པར་བྱུང་བ་གསང་གནས་ནས་ཐོན་ཚངས་བུག་ནས་ཞུགས། དབུ་མའི་ནང་ནས་མར་སོང་བའི་འོད་ཟེར་བུམ་སྐུ་ལ་ཕོག་པས་བུམ་སྐུ་ཁ་བྱེ་བ་དང་མཉམ་དུ་ཐིག་ལེ་དཀར་དམར་ཡང་ཁ་ཤིག་གེ་བྱེ་ནས་འོད་ཟེར་གྱི་ལྕགས་ཀྱུ་དེ་མགོན་པོའི་ཐུགས་ཀར་གཏབ་པ་དང་མཉམ་དུ་རྐང་པའི་སོར་མོ་བསྐུམ་ཞིང་འོག་སྒོ་ཚུམ་པས་འོག་སྒོ་ནས་རླུང་གྱེན་དུ་འོང་ནས་སྙིང་ཀར་སླེབ་པ་ན། མགོན་པོའི་ཐུགས་ཀ་ནས་རིགས་འདྲ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་འོད་ཟེར་གྱི་ལྕགས་ཀྱུས་འདྲེན་པ་དང་མཉམ་དུ་ངག་ཏུ་ཧིག་ཅེས་དྲག་ཏུ་བརྗོད་པས། ཚངས་བུག་ནས་བརྒྱངས་ཏེ་ཐོན་མཁའ་སྤྱོད་མའི་གསང་གནས་སུ་བཞུགས་ཐུགས་ཀའི་ཧྲཱིཿལ་ཐིམ་པ་དང་མཉམ་དུ་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་པའི་ངང་དུ་སྙམ་པར་འཇོག །དེའི་ངང་ནས་རང་གི་སེམས་མགོན་པོའི་རྣམ་པར་ཐུགས་ཁ་ནས་བྱོན་པ་གསང་གནས་ནས་ཐོན་ཚངས་བུག་ནས་དབུ་མའི་ནང་དུ་མར་བཞུགས་བུམ་སྐུ་ཡང་སྔར་ལྟར་འདུས་པར་བསམ་ཞིང་ཚངས་བུག་ཡང་ཁ་འགྲིག་པར་མོས་ཏེ་དེ་འདྲ་བ་ཡང་ནས་ཡང་དུ་སྦྱང་བར་བྱའོ།
།དངོས་གཞི་ལས་སྦྱོར་གྱི་དུས་ཀྱི་ཁྱད་པར་ནི། གསལ་བ་གཏབ་དུས་སུ་བདག་གིས་གསོལ་བ་ཐེབས་པར་བྱིན་གྱིས་བརླབས་ཏུ་གསོལ། ཅེས་དང་། འོད་ཟེར་ལྕགས་ཀྱུ་ལྟ་བུ་བུམ་སྐུའི་མགོན་པོའི་ཐུགས་ཀར་གཏབ་ཏེ་དྲངས་པས་རིགས་འདྲ་ཆད་པར་མི་བྱེད་པར་མགོན་པོ་དངོས་ཡར་ཐོག་པ་མེད་པ་བྱོན། སྔར་བཞིན་ཧྲཱིཿལ་ཐིམ་པ་དང་མཉམས་དུ་གསང་གནས་ཁ་ཅུ་གསུམ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་ནང་གི་མཁའ་སྤྱོད་དུ་འཕོ་བར་བྱ་ཞིང་། ཕལ་ཆེར་གྱི་མཁའ་སྤྱོད་མ་ནམ་མཁའ་ལ་འཕུར་ཏེ་ཕྱིས་མཁའ་སྤྱོད་དུ་འཕོ་བར་བྱའོ། ཨྀཐི།

བུམ་དཀར་པོའི་གདམས་པའི་སྙིང་པོ་མཆོག །བླ་མ་མགོན་པོ་རང་ཉིད་མགོན་པོ་རུ། །དབྱེར་མེད་སྒྲུབ་པའི་ཟབ་ལམ་རྨད་བྱུང་བ། །ཆོས་བྱེད་རྣམས་ཀྱང་བར་དོའི་འཇིགས་པ་ལས། །ཐར་པ་དཀར་བ་གཟིགས་ནས་ཐུགས་བསྐྱེད་པའི། །བར་དོའི་མགོན་པོར་གྲགས་པའི་གདམས་པ་མཆོག །ལས་སྦྱོར་འཕོ་བའི་མན་ངག་འདི་དག་ནི། །སྙན་ནས་སྙན་དུ་རྒྱུད་པ་མ་ཏོགས་པར། །སྔོན་ཆད་ཡི་གེར་བྲིས་པ་གཏན་མེད་ཀྱིས། །རྗེད་པས་འཇིགས་ཏེ་གསོལ་བ་ལེགས་གཏབ་ཏེ། །བླ་མས་རྗེས་ཟུང་ཀུན་དགའ་བདེ་ལེགས་ཀྱིས། །ལྷན་སྐྱེས་བདེ་ཆེན་ཆོས་ཀྱི་ཕྲེང་དུ། །ཡི་གེ་བྲིས་ལ་བླ་མ་མགོན་པོ་ཡིས། །ཟོད་པར་ཞེས་ལ་སྒྲིབ་པར་མ་གྱུར་ཅིག །དབང་དང་གདམ་པ་མ་ཐོབ་པར། །དེས་སྟོན་རང་དཀར་འཇུག་བྱེད་ན། །མགོན་པོ་གཏིང་ནས་འཁྲུགས་གྱུར་པས། །རང་སྲོག་རང་གི་མ་སྤྱོད་ཅིག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི། །ལ་སྟོད་དཀོན་དཀར་དེ་ཉིད་ལ། །སྙན་རྒྱུད་བཀའ་རྒྱས་གདམས་ནས་གནང་། །པུ་ལའང་དཔེ་ཙམ་སྟོན་ཅིག སརྦ་མངྒལཾ།