Difference between revisions of "Dpal ldan shangs pa bka' brgyud kyi chos 'byung gser chos zhing gi sa bon"

From Shangpa Resource Center
Line 730: Line 730:

'''མདོར་ན།''' ཇོ་ནང་ཏཱ་ར་ནཱ་ཐས་'''མགོན་པོ་འདིའི་ཆོས་སྐོར་རྒྱས་ཤིང་ཟབ་ལ་བཅོས་ལྷད་དང་བྲལ་བ་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་ཅིང་ས་སྟེང་ཐམས་ཅད་ལ་ཁྱབ་པའི་ཕྲིན་ལས་ཀྱི་དཔལ་འབྱོར་རྒྱས་པ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པའི་ལུགས་འདི་ཁོ་ན་ཡིན་ ཞེས་དང་། མཁས་གྲུབ་རྗེས་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་རྒྱ་གར་དུ་ཞུས་ཏེ་འཁྱེར་བྱོན་པ་ལ་སོགས་པའི་ལུགས་གཞན་ཡང་སྣང་མོད་ཀྱང་། ད་ལྟ་དེ་དག་ནས་བརྒྱུད་པ་སོགས་བྱེད་པ་ཆེར་མི་སྣང་ཞིང་། ཤངས་པ་ནས་བརྒྱུད་པ་འདི་ཉིད་མཆོག་ཏུ་གནང་'''ཞེས་པ། ཞ་ལུ་བ་བློ་གསལ་བསྟན་སྐྱོང་གིས་ཆོས་སྐྱོང་མགོན་པོ་'''དེ་ལ་མཉམ་མེད་ཤངས་པ་བཀའ་བརྒྱུད་པ་འདིའི་ཕྱག་བཞེས་དང་། བོད་ཀྱི་ལྷ་མིན་འདྲེ་མིན་བསྟེན་པའི་ལུགས་མི་གཅིག །གྲུབ་ཐོབ་གཙང་བརྒྱུད་ཀྱི་སྲོལ་སྐྱོང་བ་ཁྱུང་པོ་རྣལ་འབྱོར་གྱི་ཆོས་ལུགས་ཡིན་'''ཞེས་གསུངས་པ་སོགས་སྔོན་བྱོན་མཁས་གྲུབ་རབ་དང་རིམ་པས་གསུང་དབྱངས་གཅིག་ཏུ་བསྒྲིལ་ནས་བསྔགས་པ་མཛད་པ་བཞིན། མཁས་གྲུབ་ཁྱུང་པོས་གདན་དྲངས་པའི་ཡེ་ཤེས་མགོན་པོའི་ཆོས་སྐོར་འདི་ཉིད་ནི་གདམས་པའི་གནད་ཟབ་ལ་མན་ངག་གི་ཁུངས་འཛོམས་པས་བརྒྱུད་པ་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ།

'''མདོར་ན།''' ཇོ་ནང་ཏཱ་ར་ནཱ་ཐས་'''མགོན་པོ་འདིའི་ཆོས་སྐོར་རྒྱས་ཤིང་ཟབ་ལ་བཅོས་ལྷད་དང་བྲལ་བ་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་ཅིང་ས་སྟེང་ཐམས་ཅད་ལ་ཁྱབ་པའི་ཕྲིན་ལས་ཀྱི་དཔལ་འབྱོར་རྒྱས་པ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པའི་ལུགས་འདི་ཁོ་ན་ཡིན་ ཞེས་དང་། མཁས་གྲུབ་རྗེས་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་རྒྱ་གར་དུ་ཞུས་ཏེ་འཁྱེར་བྱོན་པ་ལ་སོགས་པའི་ལུགས་གཞན་ཡང་སྣང་མོད་ཀྱང་། ད་ལྟ་དེ་དག་ནས་བརྒྱུད་པ་སོགས་བྱེད་པ་ཆེར་མི་སྣང་ཞིང་། ཤངས་པ་ནས་བརྒྱུད་པ་འདི་ཉིད་མཆོག་ཏུ་གནང་'''ཞེས་པ། ཞ་ལུ་བ་བློ་གསལ་བསྟན་སྐྱོང་གིས་ཆོས་སྐྱོང་མགོན་པོ་'''དེ་ལ་མཉམ་མེད་ཤངས་པ་བཀའ་བརྒྱུད་པ་འདིའི་ཕྱག་བཞེས་དང་། བོད་ཀྱི་ལྷ་མིན་འདྲེ་མིན་བསྟེན་པའི་ལུགས་མི་གཅིག །གྲུབ་ཐོབ་གཙང་བརྒྱུད་ཀྱི་སྲོལ་སྐྱོང་བ་ཁྱུང་པོ་རྣལ་འབྱོར་གྱི་ཆོས་ལུགས་ཡིན་'''ཞེས་གསུངས་པ་སོགས་སྔོན་བྱོན་མཁས་གྲུབ་རབ་དང་རིམ་པས་གསུང་དབྱངས་གཅིག་ཏུ་བསྒྲིལ་ནས་བསྔགས་པ་མཛད་པ་བཞིན། མཁས་གྲུབ་ཁྱུང་པོས་གདན་དྲངས་པའི་ཡེ་ཤེས་མགོན་པོའི་ཆོས་སྐོར་འདི་ཉིད་ནི་གདམས་པའི་གནད་ཟབ་ལ་མན་ངག་གི་ཁུངས་འཛོམས་པས་བརྒྱུད་པ་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ།

II.4.1.3
'''།གསུམ། ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་བརྒྱུད་ཚུལ།'''

II.4.1.3
'''།གསུམ། ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་བརྒྱུད་ཚུལ།'''

ཇི་སྐད་དུ་'''བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་ཝ་རི་དབང་ཕྱུག་ལ་གསོལ་བ་འདེབས་སོ། །མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་རཱ་ཧུ་ལ་ཆེན་པོ་ལ་གསོལ་བ་འདེབས་སོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས་སོ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསོལ་བ་འདེབས་སོ་'''ཞེས་པ་སོགས་ལས་གསལ་བ་ལྟར་ན། དེ་ཉིད་ཀྱི་སྒྲུབ་ཐབས་ཀྱི་བརྒྱུད་པའི་རྩ་བ་རྒྱལ་བ་རྡོ་རྗེ་འཆང་ལ་གཏུགས་ཤིང་། དེ་ནས་རིམ་བཞིན་དཔལ་ལྡན་ཤ་ཝ་རི་དབང་ཕྱུག་དང་མངའ་བདག་མེ་ཏྲི་གུཔྟ། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། རྟོགས་ལྡན་ཞང་སྒོམ་ཆོས་སེང་། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆོས་རྗེ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། མཁྱེན་ལྡན་ཤངས་པ་དཀར་པོ། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། ཆོས་རྗེ་ངག་དབང་འཕྲིན་ལས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་འཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། བཀའ་བརྒྱུད་འཕྲིན་ལས་རྣམ་རྒྱལ། པདྨ་ཉིན་བྱེད་དབང་པོ། རྒྱལ་སྲས་བློ་གྲོས་མཐའ་ཡས། མཁན་ཆེན་བཀྲ་ཤིས་འོད་ཟེར། གྲུབ་མཆོག་ནོར་བུ་དོན་གྲུབ། ཀརྨ་རང་བྱུང་ཀུན་ཁྱབ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་སོགས་ལ་བརྒྱུད་པ་ཡོངས་གྲགས་ཆེ་ཡང་། བླ་མ་བརྒྱུད་པའི་ལོ་རྒྱུས་ཉུང་ངུ་ཞེས་པའི་ནང་། མཁས་གྲུབ་ཤངས་སྟོན་ཡན་གོང་དང་མཚུངས་པ་ལ། མཁས་གྲུབ་ཤངས་སྟོན་གྱིས་ཆོས་རྗེ་མུས་ཆེན་དང་། དེས་དགེ་བཤེས་རྡོ་རྗེ་གཞོན་ནུ། དེས་ནམ་མཁའི་རྣལ་འབྱོར། དེས་མཁས་གྲུབ་དགེ་ལེགས་དཔལ་བཟང་། དེས་ཆོས་རྗེ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ། དེས་ཀུན་དགའ་དགེ་ལེགས་བཅས་ལ་བརྒྱུད་པ་ཞིག་ཀྱང་བཀོད་འདུག་ཤངས་པ་བཀའ་བརྒྱུད་ཀྱི་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་ནི་མཁས་གྲུབ་ཁྱུང་པོས་མངའ་བདག་མེ་ཏྲི་པ་དང༌། རཱ་ཧུ་ལ་གུཔྟ། པཎྜི་ཏ་རོལ་པའི་རྡོ་རྗེ་སོགས་ལས་མཐའ་ཡས་པ་གསན་ཞིང་། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་སོགས་སློབ་མ་རྣམས་ལ་མང་དུ་བསྩལ་བས་ཤངས་པའི་བརྒྱུད་འཛིན་ཀུན་གྱི་ཆོས་སྐྱོང་གཅིག་པུར་སོང་སྟབས་བཀའ་སྲོལ་མཐའ་ཀླས་པ་ཡོད་མོད། གཙོ་ཆེ་བ་ལ་སྟོད་པ་དཀོན་མཆོག་མཁར་ནས་བརྒྱུད་པ་སྟོད་ལུགས་སམ་གནས་རྙིང་ལུགས་དང་། དབོན་སྟོན་སྐྱེར་སྒང་པས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་དང་རྟོགས་ལྡན་ཞང་སྒོམ་ཆོས་སེང་གཉིས་ཀར་གསན་ནས་སངས་རྒྱས་གཉན་སྟོན་སོགས་ལ་བརྒྱུད་པ་སྨད་ལུགས་སམ་རི་གོང་ལུགས་སུ་གྲགས་པ་གཉིས་བྱུང༌། མགོན་པོ་སྟོད་ལུགས་པ་ལ་མགོན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐོར་མང་པོ་དང་། དབུ་ཞལ་ཉེར་གཅིག །རྒྱུད་ལེ་བརྒྱད་མ། ལེའུ་བཅུ་གཉིས་མ། མདོས་ཆོག་ལ་སོགས་པ་རྣམས་རྒྱ་གར་ནས་དར་མིན་ངེས་པར་དཀའ་ཡང་། བྱིན་རླབས་ཀྱི་སྒོ་ནི་རྒྱ་ཆེན་པོ་ཡོད་པར་སྣང་། དེའི་སྲོལ་འཛིན་རྣམས་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཁོ་ན་གཙོ་བོར་བྱེད་ཅིང་། ངེས་པ་དོན་གྱི་མཐུ་བོ་ཆེ་དང་མཐུ་ཆེན་དུ་རློམས་པ་ཡང་མང་དུ་བྱུང་། སྔར་གྱི་དུས་སུ་ལུགས་འདི་དར་རྒྱས་ཆེ་ཡང་། དེང༌སང་ཆོས་རྒྱུན་མ་ཆད་ཙམ་ལས་མེད། སྨད་ལུགས་པ་ལ་མགོན་པོ་སྐུ་མདོག་ནག་པོ་གཙོ་རྐྱང་དང་། ལྕམ་དྲལ། ལྷ་གསུམ། དྲེགས་པ་སྡེ་ལྔས་བསྐོར་བ། རྒྱན་ཅན་ལྷ་ལྔ། ལྷ་བཅུ་གསུམ་པ། ས་ར་ཧའི་ལུགས། སྟོད་ལུང་པའི་མགོན་པོ་ལྷ་དགུ་ལ་སོགས་ཡོད་ལ། གཞན་ཡང་ལྗང་གུ་དྲག་སྒྲུབ་དང་། སེར་པོ་དྲག་སྒྲུབ། ལྷ་མོའི་སྒོས་སྒྲུབ། འཁོར་གྱི་སྒོས་སྒྲུབ། རྟེན་བཞི། གནད་གསུམ་ལ་སོགས་པ་མཆོག་སྒྲུབ་དང་ལས་ཚོགས་ཤིན་ཏུ་མང་བ་ཡོད་དེ། ཁུངས་དང་ལྡན་པ་རྩོད་མེད་ཤ་སྟག་ཡིན། དེའི་སྲོལ་འཛིན་རྣམས་ནི་ཟབ་མོའི་ཆོས་ཀྱིས་རྒྱུད་གྲོལ་བས་རྣམ་ཐར་གཙང་མ་སྐྱོང་མཁན་ཤ་སྟག་ཡིན། སྟོད་སྨད་ཀྱི་ལུགས་གཉིས་ཀར་སྤྱི་མཐུན་དུ་ཡོད་པའི་མན་ངག་ནི། གནད་ལ་འབེབས་པ་ཕྱི་ནང་དང་། གྲིབ་སེལ་ཕྱི་ནང་། བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་སོགས་སོ།།

ཇི་སྐད་དུ་'''བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་ཝ་རི་དབང་ཕྱུག་ལ་གསོལ་བ་འདེབས་སོ། །མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་རཱ་ཧུ་ལ་ཆེན་པོ་ལ་གསོལ་བ་འདེབས་སོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས་སོ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསོལ་བ་འདེབས་སོ་'''ཞེས་པ་སོགས་ལས་གསལ་བ་ལྟར་ན། དེ་ཉིད་ཀྱི་སྒྲུབ་ཐབས་ཀྱི་བརྒྱུད་པའི་རྩ་བ་རྒྱལ་བ་རྡོ་རྗེ་འཆང་ལ་གཏུགས་ཤིང་། དེ་ནས་རིམ་བཞིན་དཔལ་ལྡན་ཤ་ཝ་རི་དབང་ཕྱུག་དང་མངའ་བདག་མེ་ཏྲི་གུཔྟ། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། རྟོགས་ལྡན་ཞང་སྒོམ་ཆོས་སེང་། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆོས་རྗེ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། མཁྱེན་ལྡན་ཤངས་པ་དཀར་པོ། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། ཆོས་རྗེ་ངག་དབང་འཕྲིན་ལས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་འཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། བཀའ་བརྒྱུད་འཕྲིན་ལས་རྣམ་རྒྱལ། པདྨ་ཉིན་བྱེད་དབང་པོ། རྒྱལ་སྲས་བློ་གྲོས་མཐའ་ཡས། མཁན་ཆེན་བཀྲ་ཤིས་འོད་ཟེར། གྲུབ་མཆོག་ནོར་བུ་དོན་གྲུབ། ཀརྨ་རང་བྱུང་ཀུན་ཁྱབ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་སོགས་ལ་བརྒྱུད་པ་ཡོངས་གྲགས་ཆེ་ཡང་། '''བླ་མ་བརྒྱུད་པའི་ལོ་རྒྱུས་ཉུང་ངུ་'''ཞེས་པའི་ནང་། མཁས་གྲུབ་ཤངས་སྟོན་ཡན་གོང་དང་མཚུངས་པ་ལ། མཁས་གྲུབ་ཤངས་སྟོན་གྱིས་ཆོས་རྗེ་མུས་ཆེན་དང་། དེས་དགེ་བཤེས་རྡོ་རྗེ་གཞོན་ནུ། དེས་ནམ་མཁའི་རྣལ་འབྱོར། དེས་མཁས་གྲུབ་དགེ་ལེགས་དཔལ་བཟང་། དེས་ཆོས་རྗེ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ། དེས་ཀུན་དགའ་དགེ་ལེགས་བཅས་ལ་བརྒྱུད་པ་ཞིག་ཀྱང་བཀོད་འདུག་ཤངས་པ་བཀའ་བརྒྱུད་ཀྱི་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་ནི་མཁས་གྲུབ་ཁྱུང་པོས་མངའ་བདག་མེ་ཏྲི་པ་དང༌། རཱ་ཧུ་ལ་གུཔྟ། པཎྜི་ཏ་རོལ་པའི་རྡོ་རྗེ་སོགས་ལས་མཐའ་ཡས་པ་གསན་ཞིང་། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་སོགས་སློབ་མ་རྣམས་ལ་མང་དུ་བསྩལ་བས་ཤངས་པའི་བརྒྱུད་འཛིན་ཀུན་གྱི་ཆོས་སྐྱོང་གཅིག་པུར་སོང་སྟབས་བཀའ་སྲོལ་མཐའ་ཀླས་པ་ཡོད་མོད། གཙོ་ཆེ་བ་ལ་སྟོད་པ་དཀོན་མཆོག་མཁར་ནས་བརྒྱུད་པ་སྟོད་ལུགས་སམ་གནས་རྙིང་ལུགས་དང་། དབོན་སྟོན་སྐྱེར་སྒང་པས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་དང་རྟོགས་ལྡན་ཞང་སྒོམ་ཆོས་སེང་གཉིས་ཀར་གསན་ནས་སངས་རྒྱས་གཉན་སྟོན་སོགས་ལ་བརྒྱུད་པ་སྨད་ལུགས་སམ་རི་གོང་ལུགས་སུ་གྲགས་པ་གཉིས་བྱུང༌། མགོན་པོ་སྟོད་ལུགས་པ་ལ་མགོན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐོར་མང་པོ་དང་། དབུ་ཞལ་ཉེར་གཅིག །རྒྱུད་ལེ་བརྒྱད་མ། ལེའུ་བཅུ་གཉིས་མ། མདོས་ཆོག་ལ་སོགས་པ་རྣམས་རྒྱ་གར་ནས་དར་མིན་ངེས་པར་དཀའ་ཡང་། བྱིན་རླབས་ཀྱི་སྒོ་ནི་རྒྱ་ཆེན་པོ་ཡོད་པར་སྣང་། དེའི་སྲོལ་འཛིན་རྣམས་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཁོ་ན་གཙོ་བོར་བྱེད་ཅིང་། ངེས་པ་དོན་གྱི་མཐུ་བོ་ཆེ་དང་མཐུ་ཆེན་དུ་རློམས་པ་ཡང་མང་དུ་བྱུང་། སྔར་གྱི་དུས་སུ་ལུགས་འདི་དར་རྒྱས་ཆེ་ཡང་། དེང༌སང་ཆོས་རྒྱུན་མ་ཆད་ཙམ་ལས་མེད། སྨད་ལུགས་པ་ལ་མགོན་པོ་སྐུ་མདོག་ནག་པོ་གཙོ་རྐྱང་དང་། ལྕམ་དྲལ། ལྷ་གསུམ། དྲེགས་པ་སྡེ་ལྔས་བསྐོར་བ། རྒྱན་ཅན་ལྷ་ལྔ། ལྷ་བཅུ་གསུམ་པ། ས་ར་ཧའི་ལུགས། སྟོད་ལུང་པའི་མགོན་པོ་ལྷ་དགུ་ལ་སོགས་ཡོད་ལ། གཞན་ཡང་ལྗང་གུ་དྲག་སྒྲུབ་དང་། སེར་པོ་དྲག་སྒྲུབ། ལྷ་མོའི་སྒོས་སྒྲུབ། འཁོར་གྱི་སྒོས་སྒྲུབ། རྟེན་བཞི། གནད་གསུམ་ལ་སོགས་པ་མཆོག་སྒྲུབ་དང་ལས་ཚོགས་ཤིན་ཏུ་མང་བ་ཡོད་དེ། ཁུངས་དང་ལྡན་པ་རྩོད་མེད་ཤ་སྟག་ཡིན། དེའི་སྲོལ་འཛིན་རྣམས་ནི་ཟབ་མོའི་ཆོས་ཀྱིས་རྒྱུད་གྲོལ་བས་རྣམ་ཐར་གཙང་མ་སྐྱོང་མཁན་ཤ་སྟག་ཡིན། སྟོད་སྨད་ཀྱི་ལུགས་གཉིས་ཀར་སྤྱི་མཐུན་དུ་ཡོད་པའི་མན་ངག་ནི། གནད་ལ་འབེབས་པ་ཕྱི་ནང་དང་། གྲིབ་སེལ་ཕྱི་ནང་། བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་སོགས་སོ།

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ཉིད་སྒྲུབ་སླ་ཞིང་མཐུན་པའི་དངོས་གྲུབ་མྱུར་དུ་སྩོལ་བ། བཅོལ་བའི་འཕྲིན་ལས་འཕྲལ་དུ་སྒྲུབ་པ། བགེགས་ཀྱི་བར་ཆད་མ་ལུས་སེལ་བ། མི་ནོར་ཟས་གསུམ་ཀུན་ལ་ཕན་པ། སྒྲུབ་པ་པོ་ལ་བུ་བཞིན་གཟིགས་པ། དམ་ཚིག་ཅན་ལ་དངོས་གྲུབ་སྟེར་བ་སོགས་ཀྱི་ཡོན་ཏན་མཐའ་ཡས་པ་མངའ་བ་ལས། གཙོ་ཆེར་དྲག་པོ་མཐུ་སྒྲུབ་དང་ཞི་བ་ནོར་སྒྲུབ་གཉིས་ཀྱི་སྒོ་ནས་འཕྲིན་ལས་བསྒྲུབས་པའི་ལོ་རྒྱུས་མང་དུ་ཡོད་པ་སྟེ། རི་གོང་པ་ཆེན་པོས་ཚེས་བཅུའི་ཚོགས་འཁོར་གྱི་སྐབས་སུ་རང་གི་སློབ་མ་རྣམས་ལ་བཞེངས་པའི་རྡོ་རྗེའི་མགུར་དུ་ཆོས་སྐྱོང་ཡེ་ཤེས་མགོན་པོ་དང་། ལས་མགོན་ཀྵེ་ཏྲ་པཱ་ལ་ཡོད། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །བྲན་བཞིན་ཉན་པས་བློ་རེ་བདེ་ ཞེས་གསུངས་པ་ལྟར། སྔར་གྱི་དུས་སུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་བརྒྱུད་པའི་བླ་མ་མང་པོར་ཆོས་སྐྱོང་བའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་མགོན་པོ་འདིས་བྲན་བཞིན་དུ་སྤྲུལ་པ་སྣ་ཚོགས་སུ་བཀྱེ་ནས་དྲག་པོས་འདུལ་བ། བར་དོ་ལས་སྐྱོབ་པ། དགོས་འདོད་འབྱུང་བ་བཅས་རྣམ་པ་གསུམ་གྱི་སྒོ་ནས་འཕྲིན་ལས་ལན་མང་དུ་སྒྲུབ་པ་སྟེ། དབོན་སྟོན་སྐྱེར་སྒང་པ་ལྷ་ཕུ་ལྐུགས་ལུང་དུ་རྨོག་ལྕོག་པ་མཇལ་བར་ཕེབས་སྐབས་མགོན་པོའི་སྤྲུལ་པས་བསུ་བ་མཛད་པ་དང་། མྱང་ཆོས་འབྱུང་དུ་ཕྱག་དྲུག་ཡེ་ཤེས་མགོན་པོ་དངོས་སུ་བྱོན་ཞབས་གཅིག་གུར་ཅོག་རྩེ་ལ་བཞག་ནས་ཐུགས་ཟེམ་མི་འཚལ། དགོན་པ་གནས་སྙིང་འདི་ང་རང་གིས་བདག་གཉེར་བྱེད་གསུང་བ་ལ་སོགས་གནས་སྙིང་དགོན་པ་འདི་གཞན་སྤྱི་དང་གཏན་མི་འདྲ་སྟེ། ཡེ་ཤེས་མགོན་པོ་ཕྱག་དྲུག་པས་བདག་མཛད། མཁན་པོ་དབང་རིན་པ་དགུང་ལོ་བརྒྱད་ཅུ་སྐོར་ལ་དབུ་སྐྲ་ནག་པོར་སོང་བ་དང་ཟད་པར་ཏིང་ངེ་འཛིན་ལ་མངའ་བརྙེས་ཤིང་རླུང་སེམས་དབང་དུ་འདུས་ ཞེས་འཁོད་པ་སོགས་དེ་མིན་གྱི་ལོ་རྒྱུས་གཞན་ཡང་མང་དུ་མཆིས་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ།

།མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ཉིད་སྒྲུབ་སླ་ཞིང་མཐུན་པའི་དངོས་གྲུབ་མྱུར་དུ་སྩོལ་བ། བཅོལ་བའི་འཕྲིན་ལས་འཕྲལ་དུ་སྒྲུབ་པ། བགེགས་ཀྱི་བར་ཆད་མ་ལུས་སེལ་བ། མི་ནོར་ཟས་གསུམ་ཀུན་ལ་ཕན་པ། སྒྲུབ་པ་པོ་ལ་བུ་བཞིན་གཟིགས་པ། དམ་ཚིག་ཅན་ལ་དངོས་གྲུབ་སྟེར་བ་སོགས་ཀྱི་ཡོན་ཏན་མཐའ་ཡས་པ་མངའ་བ་ལས། གཙོ་ཆེར་དྲག་པོ་མཐུ་སྒྲུབ་དང་ཞི་བ་ནོར་སྒྲུབ་གཉིས་ཀྱི་སྒོ་ནས་འཕྲིན་ལས་བསྒྲུབས་པའི་ལོ་རྒྱུས་མང་དུ་ཡོད་པ་སྟེ། རི་གོང་པ་ཆེན་པོས་ཚེས་བཅུའི་ཚོགས་འཁོར་གྱི་སྐབས་སུ་རང་གི་སློབ་མ་རྣམས་ལ་བཞེངས་པའི་རྡོ་རྗེའི་མགུར་དུ་'''ཆོས་སྐྱོང་ཡེ་ཤེས་མགོན་པོ་དང་། ལས་མགོན་ཀྵེ་ཏྲ་པཱ་ལ་ཡོད། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །བྲན་བཞིན་ཉན་པས་བློ་རེ་བདེ་'''ཞེས་གསུངས་པ་ལྟར། སྔར་གྱི་དུས་སུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་བརྒྱུད་པའི་བླ་མ་མང་པོར་ཆོས་སྐྱོང་བའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་མགོན་པོ་འདིས་བྲན་བཞིན་དུ་སྤྲུལ་པ་སྣ་ཚོགས་སུ་བཀྱེ་ནས་དྲག་པོས་འདུལ་བ། བར་དོ་ལས་སྐྱོབ་པ། དགོས་འདོད་འབྱུང་བ་བཅས་རྣམ་པ་གསུམ་གྱི་སྒོ་ནས་འཕྲིན་ལས་ལན་མང་དུ་སྒྲུབ་པ་སྟེ། དབོན་སྟོན་སྐྱེར་སྒང་པ་ལྷ་ཕུ་ལྐུགས་ལུང་དུ་རྨོག་ལྕོག་པ་མཇལ་བར་ཕེབས་སྐབས་མགོན་པོའི་སྤྲུལ་པས་བསུ་བ་མཛད་པ་དང་། མྱང་ཆོས་འབྱུང་དུ་'''ཕྱག་དྲུག་ཡེ་ཤེས་མགོན་པོ་དངོས་སུ་བྱོན་ཞབས་གཅིག་གུར་ཅོག་རྩེ་ལ་བཞག་ནས་ཐུགས་ཟེམ་མི་འཚལ། དགོན་པ་གནས་སྙིང་འདི་ང་རང་གིས་བདག་གཉེར་བྱེད་གསུང་བ་ལ་སོགས་གནས་སྙིང་དགོན་པ་འདི་གཞན་སྤྱི་དང་གཏན་མི་འདྲ་སྟེ། ཡེ་ཤེས་མགོན་པོ་ཕྱག་དྲུག་པས་བདག་མཛད། མཁན་པོ་དབང་རིན་པ་དགུང་ལོ་བརྒྱད་ཅུ་སྐོར་ལ་དབུ་སྐྲ་ནག་པོར་སོང་བ་དང་ཟད་པར་ཏིང་ངེ་འཛིན་ལ་མངའ་བརྙེས་ཤིང་རླུང་སེམས་དབང་དུ་འདུས་'''ཞེས་འཁོད་པ་སོགས་དེ་མིན་གྱི་ལོ་རྒྱུས་གཞན་ཡང་མང་དུ་མཆིས་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ།

།གཞན་ཡང་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས་རྡོ་རྗེ་ནག་པོ་ཆེན་པོའི་དབང་ཆོག་དང༌། མགོན་དམར་དབང་གི་རྒྱལ་པོའི་རྗེས་གནང་གི་ཡི་གེ་ཆིག་བརྒྱུད་མ་ ཚེ་བདག་མགོན་པོའི་སྒོ་ནས་ཚེ་དབང་བྱེད་ཐབས་ཆིག་བརྒྱུད་བཀའ་རྒྱ་མ་རིན་ཆེན་བརྩོན་འགྲུས་ལ་གདམས་པའི་གསེར་ཆོས་ སྒྲུབ་ཐབས་དགོས་པ་ཀུན་འབྱུང་གདམས་ངག་གི་རྒྱལ་པོ་སོགས་ནི་ཆོས་དྲུག་ལྟར་གྱི་ཆིག་བརྒྱུད་བཀའ་རྒྱ་མའི་ཆོས་ཡིན་ལ། གཞན་རྣམས་ཀྱང་བཀའ་ཤིན་ཏུ་དོག་པར་འདུག་པ་ཡང་། མཁས་གྲུབ་ཤངས་སྟོན་གྱིས་ཐོག་མར་མགོན་པོའི་དབང་བཀའ་ཞུ་བ་ཕལ་ཆེ་བར་གནང་བ་དང་། ཕྱིས་བཀའ་དམ་པོ་མཛད་སྟབས་སློབ་མ་རྣམས་ཀྱིས་ཅི་ལགས་ཞུས་པས་མགོན་པོའི་འཁོར་ཡིན་པ་འདྲ། ཨ་ཙ་ར་བཞི་བྱུང་ནས་ཁྱོད་ཁོང་པའི་ཁྲག་ཐམས་ཅད་མི་ལ་སྟེར་བ་ཡིན་ནམ་ཟེར་བ་ཞིག་བྱུང་ ཞེས་གསུངས་ནས། ཆོས་གཤའ་མ་བྱེད་པ་འགའ་ཤས་ལ་བྱིན། ཞུ་བ་བྱུང་ཚད་ལ་མ་བྱིན་པ་ཡིན། དེས་ན་རྡོ་ནག་པོ་ཆེན་པོའི་དབང་གི་ཆོ་གའི་མཇུག་ཏུ་བླ་མ་རྭ་ཧུ་ལའི་གདམས་པ་ཁྱད་པར་ཅན། བདག་ཁྱུང་པོ་རྣལ་འབྱོར་གྱིས་ཉམས་སུ་མྱོང་བར་བྱས་པ་འདི། ཆིག་བརྒྱུད་བཀའ་རྒྱ་མ་ཤིན་ཏུ་ཟབ་པའི་ཆོས་ཡིན་པས། གསང་བ་གཅེས་ཤིང་། དཔེ་མ་འཆུགས་པ་གལ་ཆེའོ་'''ཞེས་དང་། མགོན་པོའི་ལས་ཚོགས་རྣམས་ཀྱི་ཟུར་འདེབས་ཞལ་ཤེས་ལས་དབང་དང་གདམས་པ་མ་ཐོབ་པར། དཔེ་སྟོན་རང་དགར་འཇུག་བྱེད་ན། །མགོན་པོ་གཏིང་ནས་འཁྲུགས་གྱུར་པས། །རང་སྲོག་རང་གིས་མ་གཅོད་ཅིག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས། །ལ་སྟོད་དཀོན་མཁར་དེ་ཉིད་ལ། །སྙན་བརྒྱུད་བཀའ་རྒྱས་གདམས་ནས་གནང་། །སུ་ལའང་དཔེ་ཙམ་མ་སྟོན་ཅིག་'''ཅེས་སོགས་འཁོད་པ་ལྟར། མགོན་པོའི་ཆོས་སྐོར་འདི་ཉིད་ཤངས་པའི་གདམས་པ་གཞན་འགའ་ཞིག་དང་འདྲ་བར་བཀའ་ཤིན་ཏུ་དོག་པར་འདུག་པས་ཁོ་བོར་རྨོངས་ཚོད་ཀྱིས་བརྗོད་པའི་སྤོབས་པ་མེད་སྟབས། ཞིབ་པར་མཁྱེན་འདོད་ན་དགོས་ངེས་ཀྱི་སྒྲིག་རིམ་བཞིན་ཤངས་ལུགས་ཀྱི་ཁུངས་བཙན་ཡིག་ཆ་སྟེ། རྒྱ་གཞུང་སྐོར་དཔལ་ལྡན་ཤ་ཝ་རི་པས་མཛད་པའི་བེའུ་བུམ་གྱི་དཀར་ཆག་ མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས་སོགས་དང་། བོད་གཞུང་ལ་མཚོན་ན། མཁས་གྲུབ་ཁྱུང་པོ་རང་གིས་མཛད་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཆིག་བརྒྱུད་བཀའ་རྒྱ་མ་དབང་ཆོག་དང་བཅས་པ་ཞེས་པ་དང་། ཁོང་གིས་བླ་མ་མཻ་ཏྲི་པ་ལ་གསེར་སྲང་བདུན་ཕུལ་ནས་ཞུས་པའི་མགོན་པོའི་གནད་འབེབས་དངོས་གྲུབ་ཀུན་འབྱུང་སོགས། དེ་མིན་མགོན་པོ་སྨད་ལུགས་ཀྱི་བེའུ་བུམ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བསྒྲིགས་པ་དར་ཁྱབ་ཆེ་བ་དེ་དང་། གྲུབ་ཆེན་ཆོས་འབྱུང་རིན་ཆེན་གྱིས་མཛད་པའི་ལེགས་ལྡན་ཕྱག་དྲུག་པའི་སྒྲུབ་མཆོད་རིན་ཆེན་ཕྲེང་བ་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སོགས་བཞུགས་པ་རྣམས་ལ་གཟིགས་པར་འཚལ།

།གཞན་ཡང་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས་'''རྡོ་རྗེ་ནག་པོ་ཆེན་པོའི་དབང་ཆོག་'''དང༌། '''མགོན་དམར་དབང་གི་རྒྱལ་པོའི་རྗེས་གནང་གི་ཡི་གེ་ཆིག་བརྒྱུད་མ། ཚེ་བདག་མགོན་པོའི་སྒོ་ནས་ཚེ་དབང་བྱེད་ཐབས་ཆིག་བརྒྱུད་བཀའ་རྒྱ་མ་རིན་ཆེན་བརྩོན་འགྲུས་ལ་གདམས་པའི་གསེར་ཆོས། སྒྲུབ་ཐབས་དགོས་པ་ཀུན་འབྱུང་གདམས་ངག་གི་རྒྱལ་པོ་'''སོགས་ནི་ཆོས་དྲུག་ལྟར་གྱི་ཆིག་བརྒྱུད་བཀའ་རྒྱ་མའི་ཆོས་ཡིན་ལ། གཞན་རྣམས་ཀྱང་བཀའ་ཤིན་ཏུ་དོག་པར་འདུག་པ་ཡང་། མཁས་གྲུབ་ཤངས་སྟོན་གྱིས་ཐོག་མར་མགོན་པོའི་དབང་བཀའ་ཞུ་བ་ཕལ་ཆེ་བར་གནང་བ་དང་། ཕྱིས་བཀའ་དམ་པོ་མཛད་སྟབས་སློབ་མ་རྣམས་ཀྱིས་ཅི་ལགས་ཞུས་པས་'''མགོན་པོའི་འཁོར་ཡིན་པ་འདྲ། ཨ་ཙ་ར་བཞི་བྱུང་ནས་ཁྱོད་ཁོང་པའི་ཁྲག་ཐམས་ཅད་མི་ལ་སྟེར་བ་ཡིན་ནམ་ཟེར་བ་ཞིག་བྱུང་'''ཞེས་གསུངས་ནས། ཆོས་གཤའ་མ་བྱེད་པ་འགའ་ཤས་ལ་བྱིན། ཞུ་བ་བྱུང་ཚད་ལ་མ་བྱིན་པ་ཡིན། དེས་ན་རྡོ་ནག་པོ་ཆེན་པོའི་དབང་གི་ཆོ་གའི་མཇུག་ཏུ་'''བླ་མ་རྭ་ཧུ་ལའི་གདམས་པ་ཁྱད་པར་ཅན། བདག་ཁྱུང་པོ་རྣལ་འབྱོར་གྱིས་ཉམས་སུ་མྱོང་བར་བྱས་པ་འདི། ཆིག་བརྒྱུད་བཀའ་རྒྱ་མ་ཤིན་ཏུ་ཟབ་པའི་ཆོས་ཡིན་པས། གསང་བ་གཅེས་ཤིང་། དཔེ་མ་འཆུགས་པ་གལ་ཆེའོ་'''ཞེས་དང་། མགོན་པོའི་ལས་ཚོགས་རྣམས་ཀྱི་ཟུར་འདེབས་ཞལ་ཤེས་ལས་'''དབང་དང་གདམས་པ་མ་ཐོབ་པར། དཔེ་སྟོན་རང་དགར་འཇུག་བྱེད་ན། །མགོན་པོ་གཏིང་ནས་འཁྲུགས་གྱུར་པས། །རང་སྲོག་རང་གིས་མ་གཅོད་ཅིག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས། །ལ་སྟོད་དཀོན་མཁར་དེ་ཉིད་ལ། །སྙན་བརྒྱུད་བཀའ་རྒྱས་གདམས་ནས་གནང་། །སུ་ལའང་དཔེ་ཙམ་མ་སྟོན་ཅིག་'''ཅེས་སོགས་འཁོད་པ་ལྟར། མགོན་པོའི་ཆོས་སྐོར་འདི་ཉིད་ཤངས་པའི་གདམས་པ་གཞན་འགའ་ཞིག་དང་འདྲ་བར་བཀའ་ཤིན་ཏུ་དོག་པར་འདུག་པས་ཁོ་བོར་རྨོངས་ཚོད་ཀྱིས་བརྗོད་པའི་སྤོབས་པ་མེད་སྟབས། ཞིབ་པར་མཁྱེན་འདོད་ན་དགོས་ངེས་ཀྱི་སྒྲིག་རིམ་བཞིན་ཤངས་ལུགས་ཀྱི་ཁུངས་བཙན་ཡིག་ཆ་སྟེ། རྒྱ་གཞུང་སྐོར་དཔལ་ལྡན་ཤ་ཝ་རི་པས་མཛད་པའི་'''བེའུ་བུམ་གྱི་དཀར་ཆག །མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས་'''སོགས་དང་། བོད་གཞུང་ལ་མཚོན་ན། མཁས་གྲུབ་ཁྱུང་པོ་རང་གིས་མཛད་པའི་'''ནག་པོ་ཆེན་པོའི་སྒྲུབ་ཐབས་ཆིག་བརྒྱུད་བཀའ་རྒྱ་མ་དབང་ཆོག་དང་བཅས་པ་'''ཞེས་པ་དང་། ཁོང་གིས་བླ་མ་མཻ་ཏྲི་པ་ལ་གསེར་སྲང་བདུན་ཕུལ་ནས་ཞུས་པའི་'''མགོན་པོའི་གནད་འབེབས་དངོས་གྲུབ་ཀུན་འབྱུང་'''སོགས། དེ་མིན་མགོན་པོ་སྨད་ལུགས་ཀྱི་བེའུ་བུམ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བསྒྲིགས་པ་དར་ཁྱབ་ཆེ་བ་དེ་དང་། གྲུབ་ཆེན་ཆོས་འབྱུང་རིན་ཆེན་གྱིས་མཛད་པའི་'''ལེགས་ལྡན་ཕྱག་དྲུག་པའི་སྒྲུབ་མཆོད་རིན་ཆེན་ཕྲེང་བ་'''ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་'''ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་'''སོགས་བཞུགས་པ་རྣམས་ལ་གཟིགས་པར་འཚལ།

II.4.1.4
'''བཞི། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད།'''

II.4.1.4 The Master and Protector Inseparable
'''བཞི། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད།'''

II.4.2 -
'''གཉིས་པ། ཤངས་པའི་རྒྱུད་སྡེ་ཆེན་པོ་ལྔ་དང་སྒྱུ་མ་ལམ་རིམ།'''

སྤྱིར་ན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་མན་གྱི་ཤངས་པའི་ཆོས་བརྒྱུད་འཛིན་པ་རྣམས་ལ་བླ་མ་མགོན་པོ་དབྱེར་མེད་ཀྱི་གདམས་ངག་ཉམས་ལེན་གནང་སྲོལ་ཡོད་ཅེས་གཞུང་འགའ་ཞིག་ཏུ་གསུངས་ཀྱང་། དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པར་མགོན་པོ་ཕྱག་དྲུག་པ་འདི་ལ་'''ཡིད་ཆེས་པར་གྱིས་ལ་བླ་མ་དང་མགོན་པོ་དབྱེར་མེད་དུ་ལྟོས་'''ཞེས་དང་། ད་དུང་'''བླ་མ་དང་ནག་པོ་ཆེན་པོའི་སྒྲུབ་ཐབས་'''ལས་'''བླ་མ་མགོན་པོ་དབྱེར་མེད་འདི། མི་རབས་བདུན་ལས་མ་སྤེལ་ཅིག་'''ཅེས་འཁོད་པ་བཞིན་རིན་ཆེན་བདུན་བརྒྱུད་སྔ་མའི་སྐབས་མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་བའི་གདམས་པ་དེ་དག་མངའ་བདག་མཻ་ཏྲི་པ་ས་མཁས་གྲུབ་ཁྱུང་པོར་གསུངས་པ་དེའི་ཐོག་ནས་བླ་མ་མགོན་པོ་དབྱེར་མེད་ཀྱི་བཀའ་སྲོལ་དེ་མཁས་གྲུབ་ཁྱུང་པོའི་སྐུ་དུས་རང་དུ་ཡོད་པ་མཚོན།

དེ་ཡང་ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས་'''མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་བ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་བསྒོམ་བླ་མ་བསྒོམས། །ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་བསྒོམ་པ་བསོད་ནམས་ཆེ་'''ཞེས་པ་དང་། ཡེ་ཤེས་མངོན་འབྱུང་ལས་'''ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་ཀྱང་འབྲལ་མེད་གནས་'''ཞེས་གསུངས་པ་ལྟར། སྤྱིར་དྭགས་པོ་བཀའ་བརྒྱུད་དང་འདྲ་བར་ཤངས་པ་བཀའ་བརྒྱུད་པའི་ལུགས་སུ་རྩ་བའི་བླ་མས་མེ་ལ་ཆུ་དང་ཆུ་ལ་མེ་གསུངས་ཀྱང་དེ་ལ་ཐེ་ཚོམ་དང་ལོག་ལྟ་སྤུ་ཙམ་མི་བྱེད་པར་རྡོ་རྗེའི་གསུང་དུ་གོ་ན་རྟེན་འབྲེལ་འགྲིག་པར་གསུངས་པ་སྟེ། དཔེར་ན་སྔར་བླ་མ་བུར་སྒོམ་ནག་པོའི་ཕྱུགས་ཤུན་བྲག་རུམ་པས་འཁྱེར་བས། བླ་མས་ཆོས་རྗེ་རྨོག་ལྕོག་པར་'''ངས་ལས་སུ་ཆོས་བྱས། དོན་དུ་ལྷ་གཉེར་ནས་མི་ཚེ་ཆོས་ལ་བསྐྱལ་བ་ཡིན་ཏེ། ཕྱུགས་དུམ་དགྲས་ཁྱེར་ད་ང་ལ་མཐུ་ནི་མེད། རིན་ཆེན་བརྩོན་འགྲུས་ཁྱོད་ཀྱིས་སེར་བ་ཐོང་ཞིག་'''ཅེས་གསུངས་པ་བཞིན་ཆོས་རྗེ་རྨོག་ལྕོག་པས་ཀྱང་དབྱར་ཉི་ཁྲོས་ཀྱི་སེར་བ་གྱང་རིམ་གསུམ་ཙམ་ཕབ་པས་མི་ཕྱུགས་མང་པོ་ཤི། ལོ་ཏོག་གཅིག་ཀྱང་མ་ལྷག །བྲག་རུམ་པས་ཕྱུགས་རྣམས་ཚུར་གཏད། ཆོས་རྗེ་རྨོག་ལྕོག་པས་སེར་བས་མི་ཕྱུགས་མང་པོ་བསད་པ་དང༌། བྱིའུ་ཤི་བའི་རོ་ལུད་ཕུང་ཙམ་འདུག་པ་གཟིགས་ཏེ་འགྱོད་གདུང་སྐྱོ་ཤས་དྲག་པོས་རབ་ཏུ་མནར། འོན་ཏེ་བླ་མ་བུར་སྒོམ་ནག་པོས་'''ཁྱོད་ཀྱིས་བླ་མ་དང་བསྟན་པའི་ཆེད་དུ་བྱས་པས་སྡིག་པ་ཅི་ཡང་མི་ཡོང་བའི་སྟེང་དུ། ས་ལམ་མང་པོ་བགྲོད་པ་ཡིན་'''ཞེས་གསུངས། དེ་ལྟར་ལྷ་སྐུ་བསྒོམ་པ་བས་བླ་མ་བསྒོམ་པ་བསོད་ནམས་ཆེ་བ་དང་། ས་ལམ་གྱི་རིམ་པ་རྣམས་ཀྱང་བླ་མར་མོས་གུས་བྱེད་པ་ཁོ་ནར་བརྟེན་ནས་བགྲོད་དགོས་པ་ཡིན་པས་བླ་མ་རྩེ་གཅིག་ཏུ་སྒོམ་པ་དང་། དེ་ལ་མོས་གུས་རྩེ་གཅིག་ཏུ་བྱེད་པ་ནི་སངས་རྒྱས་འགྲུབ་པའི་མྱུར་ལམ་ཉག་གཅིག་ཡིན།

བླ་མགོན་དབྱེར་མེད་ཀྱི་གདམས་པ་འདི་ཉམས་སུ་ལེན་པར་ཐོག་མར་'''བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང་། དངོས་གྲུབ་མ་ལུས་སྩལ་དུ་གསོལ་'''ཞེས་མོས་གུས་དང་ལྡན་པའི་སྒོ་ནས་གསོལ་བ་དྲག་ཏུ་བཏབ་པར་བྱ་ལ། དེ་རྗེས་ཇོ་ནང་ཏཱ་ར་ནཱ་ཐས་'''ཕ་དྲིན་ཅན་རྩ་བའི་བླ་མ་དང༌། །མྱུར་མཛད་ཡེ་ཤེས་མགོན་པོ་གཉིས། །མཚན་ཐ་དད་དོན་ལ་ཁྱད་པར་མེད་'''ཅེས་གསུངས་པ་ལྟར། མགོན་པོ་ཉིད་བླ་མ། བླ་མ་ཉིད་མགོན་པོ། བླ་མ་མགོན་པོ་དབྱེར་མེད་དུ་བསྒོམ་པར་བྱ་ལ། རྗེ་བཙུན་རྨོག་ལྕོག་པ་སྐུ་མྱ་ངན་ལས་འདའ་ཁར་ཡང་'''འགྲོ་འཆག་ཉལ་འདུག་ཐམས་ཅད་དུ། །ཅིར་སྣང་བླ་མ་ལམ་དུ་ཁྱེར། །བཀའ་དྲིན་སོམས་ལ་གསོལ་བ་ཐོབ། །ང་དང་འབྲལ་བ་མེད་དོ་བུ་'''ཞེས་དང་། དཔལ་ཤ་ཝ་རི་པས་'''བླ་མ་མགོན་པོ་དབྱེར་མེད་འདི་མ་ཡེངས་པར་ཟླ་བ་བདུན་བསྒོམ་ན་དེ་ཉིད་དུ་སངས་རྒྱས་པར་བྱེད་ ཅེས་གསུངས་པ་སོགས་ལྟར། ཡེ་ཤེས་ལ་སྒྲིབ་པ་བྲལ་བ། ནུས་མཐུ་ལ་ཐོགས་པ་མེད་པ། ཐུགས་རྗེ་ལ་ཕྱི་བཤོལ་སྤངས་པ། བྱིན་རླབས་ལ་ཉེ་རྒྱང་མེད་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། རང་གི་དྲིན་ཆེན་རྩ་བའི་བླ་མའི་སྐུའི་རྣམ་འགྱུར། གསུང་གི་འདུ་བྱེད། ཐུགས་ཀྱི་འདས་མ་འོངས་པའི་རྣམ་མཁྱེན་གཉིས་དབྱེར་མེད་དུ་བསྒོམས་ཏེ། དུས་ཐུང་ནང་འཚང་རྒྱ་བར་བྱེད་པའི་ཚིག་བརྒྱུད་ཀྱི་གདམས་ངག་ཅིག་ཡིན་པས་'''རྗེས་གནང་དང་མན་ངག་མ་ཐོབ་པ་ལ་མི་བསྟན་ནོ་'''ཞེས་གསལ་བས་དེ་ཙམ་གྱིས་ཆོག་པར་བྱ་ལ་ཞིབ་པར་མཁྱེན་འདོད་ཚེ། ངེས་གཏན་གྱི་སྒྲིག་རིམ་བཞིན་ལུང་སྟོང་སྨྱོན་པས་གཙང་གི་རི་བོ་ཆེར་སྦྱར་བའི་'''བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད་ཡིག་'''ཅིག་བཞུགས་པ་སོགས་དེ་དག་ལས་ཤེས་པར་བྱའོ།

II.4.2 -
'''།གཉིས་པ། ཤངས་པའི་རྒྱུད་སྡེ་ཆེན་པོ་ལྔ་དང་སྒྱུ་མ་ལམ་རིམ།'''

II.4.2.1
'''གཅིག ཤངས་པའི་རྒྱུད་སྡེ་ཆེན་པོ་ལྔ།'''

II.4.2.1
'''གཅིག ཤངས་པའི་རྒྱུད་སྡེ་ཆེན་པོ་ལྔ།'''

II.4.2.2
'''གཉིས། ཤངས་པའི་སྒྱུ་མ་ལམ་རིམ།'''

II.4.2.2
'''གཉིས། ཤངས་པའི་སྒྱུ་མ་ལམ་རིམ།'''

Revision as of 09:30, 11 October 2022

Resource ID DT1
Title dpal ldan shangs pa bka' brgyud kyi chos 'byung gser chos zhing gi sa bon
Author Dorjé Tsewang
Link BDRC W1KG26279
Notes Published with the author's agreement.

༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་འབྱུང་གསེར་ཆོས་ཞིང་གི་ས་བོན།

དཀར་ཆག
འགོ་བརྗོད།
I ཨེ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐོར།
I.1 ལེའུ་དང་པོ། མཁས་གྲུབ་ཁྱུང་པོའི་སྐུ་དུས་ཀྱི་ལོ་རྒྱུས་དུས་སྐབས་དང་མཚན་གྱི་རྣམ་གྲངས་སོགས་ཀྱི་སྐོར།
I.1.1 དང་པོ། མཁས་གྲུབ་ཁྱུང་པོའི་སྐུ་དུས་ཀྱི་ལོ་རྒྱུས་དུས་སྐབས།
I.1.1.1 གཅིག །བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ།
I.1.1.2 གཉིས། འཕགས་བོད་ལོ་པཎ་དབར་རིག་གནས་སྦྱོང་སྤེལ་གྱི་འབྲེལ་བ་དམ་ཟབ་ཏུ་གྱུར་པ།
I.1.2 གཉིས་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་མཚན་གྱི་རྣམ་གྲངས།
I.1.2.1 གཅིག ཚུལ་ཁྲིམས་མགོན་པོ།
I.1.2.2 གཉིས། ཤངས་པ་གདུ་གུ་པ།
I.1.2.3 གསུམ། བླ་མ་ཞོང་ཞོང་པ།
I.1.2.4 བཞི། བླ་མ་ཤངས་པ།
I.1.2.5 ལྔ། ཁྱུང་པོ་ལོ་ཙཱ་བ།
I.1.2.6 དྲུག ཁྱུང་པོ་བརྩོན་འགྲུས་མགོན།
I.1.3 གསུམ་པ། མཁས་གྲུབ་ཁྱུང་པོའི་རིགས་རུས་ཀྱི་མཆེད་ཁུངས།
I.1.3.1 གཅིག མཁས་གྲུབ་ཁྱུང་པོའི་རིགས་རུས་ཀྱི་སྐོར།
I.1.3.2 གཉིས། མཁས་གྲུབ་ཁྱུང་པོ་དང་རྗེ་བཙུན་མི་ལའི་རིགས་རུས་དབར་གྱི་འབྲེལ་བ།
I.1.4 བཞི་པ། མཁས་གྲུབ་ཁྱུང་པོའི་འཁྲུངས་འདས་དང་འཁྲུངས་ཡུལ་སྐོར།
I.1.4.1 །གཅིག འཁྲུངས་འདས་ལོ་ཚིགས།
I.1.4.2 གཉིས་པ། འཁྲུངས་ཡུལ་འཚོལ་ཞིབ།

I.2 ལེའུ་གཉིས་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་ཚེ་གང་པོའི་འཕེལ་རིམ་ཆེན་པོ་གསུམ།
I.2.1 དང་པོ། ཐོག་མར་བོན་གྱི་བསྟན་པ་ལ་ཞུགས་པའི་སྐོར།
I.2.1.1 གཅིག བོན་ལ་སྦྱངས་པ་མཐར་ཕྱིན་མཛད་པ།
I.2.1.2 གཉིས། བུ་སློབ་བསྐྱངས་ནས་བོན་གྱི་བསྟན་པ་སྤེལ་བ།
I.2.2 གཉིས་པ། བར་དུ་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་ལ་ཞུགས་པའི་སྐོར།
I.2.2.1 གཅིག གསང་སྔགས་རྙིང་མའི་ཆོས་སྒོར་ཞུགས་པ།
I.2.2.2 གཉིས། སྐོར་ནི་རཱུ་པ་ལས་ཕྱག་ཆེན་གྱི་གདམས་པ་གསན་པ།
I.2.3 གསུམ་པ། མཐའ་མར་འཕགས་ཡུལ་དུ་ཕེབས་ནས་སློབ་གཉེར་གནང་བའི་སྐོར།
I.2.3.1 གཅིག འཕགས་ཡུལ་དུ་ཕེབས་པའི་རྒྱུ་རྐྱེན།
I.2.3.2 གཉིས། འཕགས་ཡུལ་དུ་ཕེབས་པའི་ཐེངས་གྲངས་དང་སློབ་གཉེར་ཇི་ལྟར་མཛད་ཚུལ།
I.2.3.3 གསུམ། ལམ་བར་གྱི་འཇིགས་པ་དང་ངལ་དུབ།

I.3 ལེའུ་གསུམ་པ། མཁས་གྲུབ་ཁྱུང་པོར་བཀའ་དྲིན་ཆེ་བའི་འཕགས་བོད་བླ་མ་འགའ་ཞིག་གི་སྐོར།
I.3.1 དང་པོ། ཁྱད་འཕགས་ཀྱི་མཁའ་འགྲོ་མ་རྣམ་གཉིས།
I.3.1.1 གཅིག ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མ།
I.3.1.2 གཉིས། ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི།
I.3.2 གཉིས་པ། རྩ་བའི་བླ་མ་རྣམ་པ་བཞི།
I.3.2.1 གཅིག བླ་མ་རྡོ་རྗེ་གདན་པ།
I.3.2.2 གཉིས། རྒྱལ་སྲས་མཻ་ཏྲི་གུཔྟ།
I.3.2.3 གསུམ། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ།
I.3.2.4 བཞི། སྦས་པའི་རྣལ་འབྱོར་པ།
I.3.3 གསུམ་པ། མཁས་གྲུབ་ཁྱུང་པོས་བསྟེན་གནང་བའི་བོད་ཀྱི་བླ་མའི་སྐོར།
I.3.3.1 གཅིག སློབ་དཔོན་གཡུང་དྲུང་རྒྱལ།
I.3.3.2 གཉིས། བླ་མ་འབྱུང་གནས་སེང་གེ
I.3.3.3 གསུམ། བླ་མ་འཛིམས་ལོ་ཙཱ་བ།
I.3.3.4 བཞི། དགེ་བཤེས་གླང་རི་ཐང་པ།
I.3.4 བཞི་པ། ཞར་བྱུང་བླ་མ་བརྒྱ་དང་ལྔ་བཅུའི་སྐོར།

I.4 ལེའུ་བཞི་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་འབྲེལ་བའི་དགོན་སྡེ་དང་སྒྲུབ་གནས་ཀྱི་སྐོར།
I.4.1 དང་པོ། བོད་དུ་སློབ་གཉེར་གནང་རིང་གི་དགོན་གནས་སྐོར།
I.4.1.1 གཅིག བོན་ལ་སློབ་གཉེར་གནང་སའི་དགོན་གནས།
I.4.1.2 གཉིས། རྙིང་མ་པར་སློབ་གཉེར་གནང་སའི་དགོན་གནས།
I.4.1.3 གསུམ། བོད་དུ་ཕྱག་ཆེན་གསན་སའི་དགོན་གནས་ཤོ་མ་ར།
I.4.2 གཉིས་པ། མཁས་གྲུབ་ཁྱུང་པོའི་སྒྲུབ་གནས་ཀྱི་སྐོར།
I.4.2.1 གཅིག སྔར་དཀོན་སྒང་མགོན་པོའི་སྒྲུབ་ཕུག
I.4.2.2 གཉིས། ལན་པའི་སྤྱིལ་བུ།
I.4.2.3 གསུམ། རྭ་སྟོད་མགོན་པོ་རིའི་སྒྲུབ་ཁང་།
I.4.2.4 བཞི། ཐོབ་རྒྱལ་བདེ་ཆེན་རི་ཁྲོད།
I.4.2.5 ལྔ། སྒྲུབ་གནས་སྲིན་མོ།
I.4.2.6 དྲུག ཡི་དམ་གྱི་གནས་ལྕོག་པོ་རྩེ།
I.4.3 གསུམ་པ། ཕྱག་བཏབ་པའི་དགོན་གནས་ཐོག་མ་འཕན་ཡུལ་འཆད་ཁ་དགོན།
I.4.4 བཞི་པ། ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་ཞོང་ཞོང་རྡོ་རྗེ་གདན།
I.4.4.1 གཅིག མཁས་གྲུབ་ཁྱུང་པོས་ཕྱག་བཏབ་པའི་སྐོར།
I.4.4.2 གཉིས། བར་དུ་དར་རྒུད་ཇི་ལྟར་བྱུང་ཚུལ་སྐོར།
I.4.4.3 གསུམ། གྲྭ་སློབ་ཀྱི་འཐབ་སྦྱོར་དང་ཞོང་ཞོང་གི་ཉམས་རྒུད།
I.4.4.4 བཞི། དགོན་སྡེའི་ཆོ་ག་ཕྱག་ལེན་སྐོར།
I.4.5 ལྔ་པ། ཞར་བྱུང་དགོན་གནས་བརྒྱ་རྩ་བརྒྱད་ཀྱི་སྐོར།

I.5 ལེའུ་ལྔ་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་བརྩམས་ཆོས་དང་སྐུ་ཕྲེང་སྐོར་སོགས་ཀྱི་དོགས་དཔྱོད།
I.5.1 དང་པོ། མཁས་གྲུབ་ཁྱུང་པོའི་བརྩམས་ཆོས་སྐོར།
I.5.1.1 གཅིག གདམས་ངག་དང་སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར།
I.5.1.2 གཉིས། ཁྱུང་པོའི་མགུར་ཆེན་བརྒྱད་དང་ཤངས་པའི་མགུར་གྱི་སྐོར།
I.5.2 གཉིས་པ། མཁས་གྲུབ་ཁྱུང་པོའི་སྐུའི་ཉེར་སྤྱད་སོགས་ཀྱི་སྐོར།
I.5.2.1 གཅིག དབུ་ཐོད་གླིང་འཁུན་མ།
I.5.2.2 གཉིས། ཞལ་དཀར་ཡུ་རིང་མ།
I.5.2.3 གསུམ། ཐང་སྐུ་ཤངས་ལོ་མ།
I.5.2.4 བཞི། ཚོང་འདུས་གྲྭ་ཚང་དང་མཁས་གྲུབ་ཁྱུང་པོའི་ཐུགས་ཀའི་སྐོར།
I.5.2.5 ལྔ། མཁས་གྲུབ་ཁྱུང་པོའི་དབུ་ཞྭའི་སྐོར།
I.5.2.6 དྲུག སྐུ་རྟེན་གཞན་འགའ་ཞིག་གི་སྐོར།
I.5.2.7 བདུན། མཁས་གྲུབ་ཁྱུང་པོའི་སྐུ་བརྙན་གྱི་སྐོར།
I.5.3 གསུམ་པ། ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་སྐུ་ཕྲེང་སྐོར་གྱི་དོགས་དཔྱོད།
I.5.3.1 གཅིག ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ།
I.5.3.2 གཉིས། ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ།
I.5.4 བཞི་པ། མཁས་གྲུབ་ཁྱུང་པོས་ཕེབས་མྱོང་བའི་བོད་ཁུལ་གྱི་ས་ཆ་འགའ་ཞིག

II ཝཾ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བར་གྱི་འཕེལ་རིམ་དང་མཐའ་མའི་དར་རྒུད་སྐོར།
II.1 ལེའུ་དང་པོ། དྭགས་ཤངས་བསྟན་པའི་བྱུང་ཚུལ་སོགས་ཀྱི་སྐོར།
II.1.1 དང་པོ། དྭགས་པོ་བཀའ་བརྒྱུད་ཀྱི་སྐོར།
II.1.2 གཉིས་པ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་སྐོར།
II.1.3 གསུམ་པ། དྭགས་པོ་བཀའ་བརྒྱུད་པའི་ལྟ་སྒོམ་རྣམ་གཞག་སྐོར།
II.1.3.1 གཅིག གྲོལ་ལམ་ཕྱག་རྒྱ་ཆེན་པོའི་སྐོར།
II.1.3.2 གཉིས། ཐབས་ལམ་ནཱ་རོ་ཆོས་དྲུག་གི་སྐོར།
II.1.3.3 གསུམ། བཀའ་བརྒྱུད་པའི་ནང་གསེས་བྱེ་བྲག་པ་འགའི་ཁྱད་ཆོས་སྐོར།
II.1.4 བཞི་པ། ཤངས་པ་བཀའ་བརྒྱུད་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ།
II.1.5 ལྔ་པ། ཤངས་ཆོས་དང་བོད་དར་ནང་བསྟན་ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་པའི་དབར་གྱི་འབྲེལ་བ།
II.1.5.1 གཅིག དྭགས་ཤངས་གཉིས་ཀྱི་བརྒྱུད་འཛིན་པའི་སྐོར།
II.1.5.2 གཉིས། ཤངས་ཆོས་དང་རྙིང་མ་པའི་བརྒྱུད་འཛིན་གྱི་སྐོར།
II.1.5.3 གསུམ། ཤངས་ཆོས་དང་ས་སྐྱ་པའི་བརྒྱུད་འཛིན་གྱི་སྐོར།
II.1.5.4 བཞི། ཤངས་ཆོས་དང་ཇོ་ནང་པའི་བརྒྱུད་འཛིན་གྱི་སྐོར།
II.1.5.5 ལྔ། ཤངས་ཆོས་དང་བཀའ་གདམས་གསར་རྙིང་གི་བརྒྱུད་འཛིན་པའི་སྐོར།
II.1.5.6 དྲུག ཤངས་ཆོས་དང་ཞི་བྱེད་པའི་བརྒྱུད་འཛིན་གྱི་སྐོར།

II.2 ལེའུ་གཉིས་པ། ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་བླ་རབས་རྣམས་ཀྱི་སྐོར།
II.2.1 དང་པོ། རིང་བརྒྱུད།
II.2.1.1 གཅིག རིན་ཆེན་བདུན་བརྒྱུད་སྔ་མའི་སྐོར།
༡ རྒྱལ་བ་རྡོ་རྗེ་འཆང་།
ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ
མཁས་གྲུབ་ཁྱུང་པོ་རྣལ་འབྱོར
རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས
དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ
རི་གོང་པ་སངས་རྒྱས་གཉན་སྟོན
འགྲོ་མགོན་སངས་རྒྱས་སྟོན་པ
II.2.1.2 གཉིས། མཁས་གྲུབ་ཁྱུང་པོའི་དངོས་སློབ་ཀྱི་སྐོར།
II.2.1.3 གསུམ། རིན་ཆེན་བདུན་བརྒྱུད་ཕྱི་མའི་སྐོར།
མཁས་གྲུབ་གཙང་མ་ཤངས་སྟོན
ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ
རས་ཆེན་སངས་རྒྱས་སེང་གེ
ཤངས་དཀར་བ་རིན་ཆེན་རྒྱལ་མཚན།
མཉམ་མེད་སངས་རྒྱས་དཔལ་བཟང་
གྲུབ་ཆེན་ནམ་མཁའ་རྒྱལ་མཚན
རྒྱ་སྒོམ་ལེགས་པ་རྒྱལ་མཚན
II.2.2 གཉིས་པ། ཉེ་བརྒྱུད།
II.2.2.1 གཅིག གྲུབ་ཐོབ་ཐང་སྟོང་རྒྱལ་པོ།
II.2.2.2 གཉིས། དཀའ་བཅུ་པ་བློ་གྲོས་རྒྱལ་མཚན
II.2.3 གསུམ་པ། ཤིན་ཏུ་ཉེ་བརྒྱུད།
II.2.3.1 གཅིག དཔལ་ལྡན་ཀུན་དགའ་གྲོལ་མཆོག
II.2.3.2 གཉིས། བྲག་སྟོད་པ་ལྷ་དབང་གྲགས་པ
II.2.3.3 གསུམ། རྗེ་བཙུན་ཏཱ་ར་ནཱ་ཐ
II.2.4 བཞི་པ། འཇག་བསམ་བརྒྱུད་པའི་བླ་མ་སྐོར་ཅིག
II.2.4.1 གཅིག མཁས་བཙུན་རྒྱལ་མཚན་འབུམ
II.2.4.2 གཉིས། འཇག་ཆེན་བྱམས་པ་དཔལ
II.2.4.3 གསུམ། མུས་ཆེན་རྒྱལ་མཚན་དཔལ་བཟང་
II.2.4.4 བཞི། མུས་ཆེན་ནམ་མཁའི་རྣལ་འབྱོར
II.2.4.5 ལྔ། སྒྲུབ་ཆེན་རིན་རྫོང་པ་དབང་ཕྱུག་རྒྱལ་མཚན
II.2.4.6 དྲུག བསམ་སྡིངས་པ་གཞོན་ནུ་གྲུབ
II.2.4.7 བདུན། ཤངས་པ་གསེར་གླིང་པ་བཀྲ་ཤིས་དཔལ
II.2.5 ལྔ་པ། ཉེ་དུས་ཀྱི་ཤངས་ཆོས་འཛིན་པའི་བླ་མ་གཙོ་ཆེན་འགའ་ཞིག
II.2.5.1 གཅིག ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ
II.2.5.2 གཉིས། ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་སྐོར།
II.2.5.3 གསུམ། ཀརྨ་རང་བྱུང་ཀུན་ཁྱབ་ཡབ་སྲས་རྣམ་གཉིས་ཀྱི་སྐོར།

II.3 ལེའུ་གསུམ་པ། ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐོར་གསེར་ཆོས་རྣམ་པ་ལྔའི་སྐོར།
II.3.1 དང་པོ། གསེར་ཆོས་རྣམ་ལྔའི་སྒྲ་དོན་སྤྱི་བཤད།
II.3.2 གཉིས་པ། རྩ་བ་ནི་གུ་ཆོས་དྲུག
II.3.2.1 གཅིག ནི་གུ་ཆོས་དྲུག་གི་སྔོན་འགྲོ་བཤད་པ།
II.3.2.2 གཉིས། ནི་གུ་ཆོས་དྲུག་དངོས་བཤད་པ།
༡ གཏུམ་མོ་བདེ་དྲོད་རང་འབར།
༢ སྒྱུ་ལུས་ཆགས་སྡང་རང་གྲོལ།
༣ རྨི་ལམ་ཉིང་འཕྲུལ་རང་དག
༤ འོད་གསལ་གཏི་མུག་རང་སངས།
༥ འཕོ་བ་མ་བསྒོམས་སངས་རྒྱས།
༦ བར་དོ་རྒྱལ་བ་ལོངས་སྐུ།
II.3.2.3 གསུམ། ནི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན།
II.3.2.4 བཞི། ནི་གུ་ཆོས་དྲུག་དང་ནཱ་རོ་ཆོས་དྲུག
II.3.3 གསུམ་པ། སྡོང་པོ་ཕྱག་རྒྱ་ཆེན་པོ།
II.3.3.1 གཅིག ཕྱག་རྒྱ་ཆེན་པོ་གའུ་མ།
II.3.3.2 གཉིས། མཁས་གྲུབ་ཁྱུང་པོའི་གའུའི་སྐོར།
II.3.4 བཞི་པ། ཡལ་ག་ལམ་ཁྱེར་རྣམ་གསུམ།
II.3.5 ལྔ་པ། མེ་ཏོག་མཁའ་སྤྱོད་དཀར་དམར།
II.3.6 དྲུག་པ། འབྲས་བུ་འཆི་མེད་འཆུག་མེད།

II.4 ལེའུ་བཞི་པ། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་གཞན་རྣམས་དང་གདམས་པའི་ཁྱད་ཆོས་ཀྱི་སྐོར།
II.4.1 དང་པོ། ཡེ་ཤེས་མགོན་པོའི་ཆོས་སྐོར།
II.4.1.1 གཅིག ཡེ་ཤེས་མགོན་པོའི་སྐོར།
II.4.1.2 གཉིས། ཡེ་ཤེས་མགོན་པོའི་ཆོས་སྐོར་གྱི་འབྱུང་ཁུངས།
II.4.1.3 གསུམ། ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་བརྒྱུད་ཚུལ།
II.4.1.4 བཞི། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད།
II.4.2 གཉིས་པ། ཤངས་པའི་རྒྱུད་སྡེ་ཆེན་པོ་ལྔ་དང་སྒྱུ་མ་ལམ་རིམ།
II.4.2.1 གཅིག ཤངས་པའི་རྒྱུད་སྡེ་ཆེན་པོ་ལྔ།
II.4.2.2 གཉིས། ཤངས་པའི་སྒྱུ་མ་ལམ་རིམ།
II.4.3 གསུམ་པ། སྒྱུ་ལུས་དྲུག་ལྡན་དང་རྩ་རླུང་གི་སྐོར།
II.4.3.1 གཅིག ཁྱུང་པོའི་ལུགས་ཀྱི་སྒྱུ་ལུས་དྲུག་ལྡན།
II.4.3.2 གཉིས། རླུང་བུམ་པ་ཅན་དང་ཤིང་རྟ་ཅན།
II.4.4 བཞི་པ། ཤངས་པའི་ཐུགས་དམ་དྲུག་དང་སུ་ཁ་ཆོས་དྲུག་སོགས་ཀྱི་སྐོར།
II.4.4.1 གཅིག བླ་མ་ཤངས་པའི་ཐུགས་དམ་དྲུག
II.4.4.2 གཉིས། སུ་ཁ་ཆོས་དྲུག་སོགས།
II.4.4.3 གསུམ། བླ་མ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས།
II.4.4.4 བཞི། བླ་མ་ཤངས་པའི་དོན་དམ་ཕན་མེད་གནོད་མེད།
II.4.5 ལྔ་པ། ཤངས་པའི་བླ་མ་གཞན་གྱི་ཐུན་མིན་གདམས་པའི་སྐོར།
II.4.5.1 གཅིག སྐྱེར་སྒང་ལུགས་ཀྱི་རྟ་མགྲིན།
II.4.5.2 གཉིས། ཤངས་ལུགས་ཀྱི་རྗེ་བཙུན་མ་ཐོད་པ་རྒྱན།
II.4.6 དྲུག་པ། ཤངས་ལུགས་གདམས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས།
II.4.6.1 གཅིག བརྒྱུད་ཐག་ཉེ་ལ་བརྒྱུད་འཛིན་ཁྱད་དུ་འཕགས་པ།
II.4.6.2 གཉིས། བཀའ་རྒྱ་དོག་ལ་སོ་སྐྱེའི་བཅོས་ཀྱིས་མ་བསླད་པ།
II.4.6.3 གསུམ། མན་ངག་ཟབ་ལ་གདམས་ངག་སྒོ་སྐྱེལ་དུ་བྱོན་པ།

II.5 ལེའུ་ལྔ་པ། ཤངས་པ་བཀའ་བརྒྱུད་ཀྱི་དགོན་གནས་གཞན་གྱི་སྐོར།
II.5.1 དང་པོ། མཁས་གྲུབ་ཁྱུང་པོའི་སྐུ་དུས་ཀྱི་དགོན་གནས།
II.5.1.1 གཅིག ཁྱུང་རི་སྒྲུབ་ཁང་
II.5.1.2 གཉིས། སྔགས་ཁྱུང་དགོན
II.5.1.3 གསུམ། གནས་རྙིང་དགོན
II.5.2 གཉིས་པ། རིན་ཆེན་བདུན་བརྒྱུད་སྔ་མས་བཏབ་པའི་དགོན་གནས་གཞན།
II.5.2.1 གཅིག ལྷ་ཕུ་རྨོག་ལྕོག་དགོན
II.5.2.2 གཉིས། སྐུགས་ལུང་དགོན
II.5.2.3 གསུམ། སྐྱེར་སྒང་དགོན
II.5.2.4 བཞི། ཡོལ་རི་གོང་དགོན
II.5.2.5 ལྔ། ཡོལ་ཕུ་བྲག་རྩ་དགོན
II.5.3 གསུམ་པ། རིན་ཆེན་བདུན་བརྒྱུད་ཕྱི་མས་བཏབ་པའི་དགོན་གནས།
II.5.3.1 གཅིག འཇག་ཆུང་དགོན
II.5.3.2 གཉིས། འཇག་ཆེན་དགོན
II.5.3.3 གསུམ། པ་སྣམ་བསམ་སྡིངས་དགོན
II.5.4 བཞི་པ། ཤངས་ཆོས་འཛིན་པ་གཞན་གྱིས་བཏབ་པའི་དགོན་གནས།
II.5.4.1 གཅིག ས་རྡོ་རྗེ་གདན
II.5.4.2 གཉིས། རྟ་ནག་རི་མཁར་དགོན
II.5.4.3 གསུམ། མཉེས་ཐང་རྨོག་ལྕོག་དགོན
II.5.4.4 བཞི། ལྕགས་ཟམ་ཆུ་བོ་རི་དགོན
II.5.4.5 ལྔ། བོང་ཤོད་རི་བོ་ཆེ
II.5.4.6 དྲུག ལྕགས་ཟམ་མོ་བྲག

II.6 ལེའུ་དྲུག་པ། ཤངས་པ་བཀའ་བརྒྱུད་ཀྱི་ཉམས་རྒུད་དང་ད་ལྟའི་གནས་བབས།
II.6.1 དང་པོ། ཉམས་རྒུད་དུ་སོང་བའི་རྒྱུ་རྐྱེན།
II.6.1.1 གཅིག ཕྱི་རྐྱེན།
༡ ཆོས་བརྒྱུད་གཞན་གྱི་ཆོས་སྲིད་དབང་ཆ་བཙན་པ།
༢ དགོན་གནས་རྣམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ།
II.6.1.2 གཉིས། ནང་རྐྱེན།
༡ གདམས་པ་སྤེལ་བའི་བཀའ་རྒྱ་དོག་པ།
༢ ལྟ་བ་འབུར་ཐོན་གྱི་གཞུང་ཆེན་དཀོན་པ།
༣ གཞུང་འཆད་ཉན་གྱི་སྲོལ་རྒྱ་ཆུང་བ།
༤ སྲིད་དབང་ལ་བརྟེན་ནས་ཆོས་བརྒྱུད་སྤེལ་མེད་པ།
༥ ཆོས་བརྒྱུད་ནང་ཁུལ་གྱི་སྒྲིག་འཛུགས་གཅིག་སྒྲིལ་མེད་པ།
༦ བརྒྱུད་འཛིན་པའི་གྲས་སུ་སྦས་པའི་རྣལ་འབྱོར་མང་བ།
II.6.2 གཉིས་པ། ཤངས་པ་བཀའ་བརྒྱུད་ཀྱི་ད་ཡོད་དགོན་སྡེའི་ཉམས་ལེན་སྐོར།
II.6.2.1 གཅིག ཞོང་ཞོང་རྡོ་རྗེ་གདན་གྱི་ཉམས་ལེན་སྐོར།
II.6.2.2 གཉིས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་།
II.6.3 གསུམ་པ། རྒྱལ་ནང་གི་ད་ཡོད་ཤངས་ཆོས་སྒྲུབ་སྡེའི་ཉམས་ལེན་སྐོར།
II.6.3.1 གཅིག ཙཱ་འདྲའི་སྒྲུབ་སྡེ་ཀུན་བཟང་བདེ་ཆེན་གླིང་
II.6.3.2 གཉིས། ཚབ་ཚའི་སྒྲུབ་སྡེ་བསམ་གྲུབ་ཆོས་རྫོང་གླིང་།
II.6.3.3 གསུམ། ཀརྨ་ལྷ་སྟེང་གི་སྒྲུབ་སྡེ་འཆེ་མེད་དགའ་ཚལ
II.6.3.4 བཞི། མཛོ་རྫིའི་སྒྲུབ་སྡེ་ཀུན་བཟང་དགྱེས་པའི་དགའ་ཚལ་གླིང་
II.6.3.5 ལྔ། བན་རྒན་སྒྲུབ་སྡེ་བསམ་གཏན་ཆོས་རྫོང་གླིང་
II.6.3.6 དྲུག མཚོ་ཁའི་སྒྲུབ་སྡེ་ཀུན་བཟང་འགྲོ་ཕན་བྱང་ཆུབ་བདེ་ཆེན་འོད་གསལ་གླིང་
II.6.3.7 བདུན། སྒ་སྟོད་བན་ཆེན་སྒྲུབ་སྡེ་ཀུན་བདེ་གླིང་
II.6.3.8 བརྒྱད། འདམ་དཀར་བཙུན་མའི་སྒྲུབ་སྡེ་དཔལ་ལྡན་ཤངས་པའི་གསེར་ཆོས་གླིང་
II.6.3.9 དགུ། རྟགས་འཕེལ་སྒྲུབ་སྡེ་བདེ་ཆེན་ཆོས་རྫོང་དར་རྒྱས་གླིང་
II.6.3.10 བཅུ། རབ་འབྱོར་སྒྲུབ་སྡེ་བཀྲ་ཤིས་ཆོས་རྫོང་གླིང་
II.6.4 བཞི་པ། ཤངས་ཆོས་དང་འབྲེལ་བའི་ཁམས་ཁུལ་དགོན་སྡེ་གཞན་འགའ་ཞིག
II.6.4.1 གཅིག འཛམ་ཐང་དགོན་དགོན་ལག་དང་བཅས་པའི་སྐོར།
II.6.4.2 གཉིས། ཇ་པ་དགོན
II.6.4.3 གསུམ། དགོན་སྡེ་གཞན་འགའ་ཞིག་གི་སྐོར།
II.6.5 ལྔ་པ། ནང་ས་དང་རྒྱལ་ཕྱིའི་ཤངས་ཆོས་ཉམས་ལེན་གྱི་སྐོར།
II.6.5.1 གཅིག ནང་སའི་ཁུལ་གྱི་ཤངས་ཆོས་ཉམས་ལེན་སྐོར།
II.6.5.2 གཉིས། ཤངས་པ་བཀའ་བརྒྱུད་ཀྱི་རྒྱལ་ཕྱིའི་གནས་བབས།
II.6.6 དྲུག་པ། ཤངས་པ་བཀའ་བརྒྱུད་ཀྱི་མ་འོངས་འཕེལ་ཕྱོགས་སྐོར།
II.6.6.1 གཅིག དབང་ལུང་ཁྲིད་གསུམ་གྱི་རྒྱུན་ལྷག་མ་མ་ཉམས་པ་བྱ་རྒྱུ།
II.6.6.2 གཉིས། ཤངས་ཆོས་འཛིན་པའི་བརྒྱུད་པ་ཚད་ལྡན་དུ་གཏོང་རྒྱུ།

མཇུག་བྱང་།
ཟུར་བཀོད་དང་པོ། ཟུར་བལྟའི་དཔྱད་གཞིའི་ཡིག་ཆ།
ཟུར་བཀོད་གཉིས་པ། ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ་བཞུགས་སོ།
ཟུར་བཀོད་གསུམ་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་མཛད་རྣམ་ལོ་ཚིགས་དང་མཛད་རྣམ་ཚིགས་བཅད་མ།
ཟུར་བཀོད་བཞི་པ། ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་མཚན་ཐོ།
ཟུར་བཀོད་ལྔ་པ། རྒྱལ་ནང་གི་ཤངས་པ་བཀའ་བརྒྱུད་ཀྱི་ད་ཡོད་སྒྲུབ་སྡེ་སྐོར་ཅིག་གི་གནས་བབས་རེའུ་མིག
ཟུར་བཀོད་དྲུག་པ། རྒྱལ་ནང་དུ་གནས་པའི་ཤངས་པ་བཀའ་བརྒྱུད་ཀྱི་འབྲེལ་ཡོད་དགོན་གནས་དང་སྒྲུབ་སྡེའི་ས་བཀྲ།
བཀའ་དྲིན་ཞུ་མཆིད།

Preface
འགོ་བརྗོད།
དེ་ཡང་རབ་དཀར་གངས་རིའི་མུ་ཁྱུད་ཀྱིས་བསྐོར་ཞིང་ས་ཆེན་གོ་ལའི་སྤྱི་གཙུག་ཏུ་ཆགས་པའི་བསིལ་ལྡན་ཁ་བའི་ལྗོངས་འདིར་བློ་རིག་རྣམ་དཔྱོད་བཀྲ་བའི་མེས་པོ་ཚོས་ལོ་རྒྱུས་ཀྱི་དལ་འབབ་རིང་མོའི་ཁྲོད་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་ཆོས་སྲིད་རིག་གནས་ཀྱི་ས་བོན་འགྲོ་བ་འཇིག་རྟེན་གྱི་ཞིང་ས་རུ་བཏབ་སྟེ། སྲིད་གསུམ་སྐྱེ་རྒུའི་ནང་སེམས་ཀྱི་མྱོང་རྟོགས་གོང་འཕེལ་གཏོང་རྒྱུར་སྨན་པའི་ལོ་ལེགས་ཀྱི་འཛུམ་མདངས་རྒྱས་བཞིན་པ་ནི་ཀུན་གྱི་མཐོང་ཆོས་སུ་འགྱུར་བ་ཞིག་རེད། མིག་སྔར་ཏང་ཀྲུང་དབྱང་གི་ཡང་དག་པའི་མཛད་ཕྱོགས་སྲིད་ཇུས་འོག་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་དེ་དག་ལ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཚ་རླབས་ཤིག་འཕྱུར་དང་འཕྱུར་མུས་ཡིན། ལྷག་པར་དུ་བོད་ཀྱི་རིག་གནས་ཕལ་མོ་ཆེའི་ཕུང་པོ་ཉག་གཅིག་ཏུ་འགྱུར་བའི་བོད་དར་ནང་བསྟན་ཆོས་ལུགས་འདི་ཉིད་ལ་གཙིགས་ཆེན་མཛད་སྟབས་རང་རང་ལུགས་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཚང་མར་མེ་ཏོག་མཉམ་བཞད་ཀྱི་སྐལ་བཟང་ཐོབ་ཡོད་ལ། ཕྱི་ནང་གི་བོད་རིག་པའི་མཁས་དབང་མང་དག་ཅིག་བོད་ཀྱི་རིག་གནས་སྤྱིའི་ཆ་ལག་གལ་ཆེན་དུ་འགྱུར་བའི་ཆོས་བརྒྱུད་དེ་དག་ལ་ཞིབ་འཇུག་བྱེད་པའི་ལས་ལ་གཞོལ་མུས་ལགས།
འོན་ཀྱང་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཁྲོད་ཤངས་པ་བཀའ་བརྒྱུད་ལ་ཞིབ་འཇུག་བྱེད་པར་གཅིག་ནས་དཔྱད་གཞིའི་ཡིག་ཆ་དཀོན་པ་དང་། གཉིས་ནས་ཆོས་སྐོར་ཟབ་པས་རྟོགས་དཀའ་བ་སོགས་ཀྱིས་རྐྱེན་པས། ཆོས་བརྒྱུད་འདིར་རྣག་ཐོག་ཙག་འཁེལ་གྱིས་ཞིབ་འཇུག་ཆ་ཚང་བ་བྱས་པ་ནི་ཧ་ལམ་ཉིན་མོའི་སྐར་མ་ལྟར་ཡིན་ཡང་། ད་ལན་འདིར་རྩོམ་པ་པོས་མི་ལོ་བཞི་ལྷག་ཙམ་གྱི་དུས་ཡུན་སྤྱད་དེ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་འབྱུང་གསེར་ཆོས་ཞིང་གི་ས་བོན་ཞེས་པ་འདི་ཉིད་རྩོམ་འབྲི་གནང་བའི་ནང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བྱུང་འཕེལ་དང་། ཐུན་མོང་མ་ཡིན་པའི་ཆོས་སྐོར། འབྲེལ་ཡོད་ཀྱི་དགོན་གནས། ཆོས་བརྒྱུད་འདིའི་ད་ལྟའི་གནས་བབས་སོགས་ལ་རྒྱལ་ཕྱི་རྒྱལ་ནང་གི་མཁས་དབང་མང་པོའི་ལུང་ཁུངས་རྒྱབ་རྟེན་དུ་བཅོལ་ཏེ་ཅུང་ཆ་ཚང་ལ་གནད་དུ་ཕིགས་པའི་དཔྱད་པ་བྱས་འདུག །རྩོམ་པ་པོ་རང་ཉིད་ཞིབ་འཇུག་གི་སློབ་གཉེར་བྱེད་པའི་རིང་དུས་དང་རྣམ་པ་ཀུན་ཏུ་ཕྱི་ནང་གི་རིག་པའི་གནས་ལ་སྦྱངས་པ་ཆེ་བ་དང་། གང་བརྩམས་པའི་ལས་རྣམས་མི་ལྡོག་པའི་སེམས་ཀྱིས་མཐའ་སྐྱོང་བྱེད་པ། ཁྱད་པར་དུ་རང་གིས་སྦྱངས་པའི་ལོ་རྒྱུས་རིག་གནས་ཀྱི་ཤེས་བྱ་རྣམས་ཐོས་པའི་གོ་ཡུལ་ཙམ་ལ་མ་བཞག་པར། སྙིང་སྟོབས་ཀྱི་གོ་ཆས་སྤྲས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་མང་པོར་ཕྱིན་ནས་ས་ཡུལ་དངོས་ལ་རྟོག་ཞིབ་དང་དཔྱད་གཞི་འཚོལ་བསྡུ་སོགས་ལན་མང་གནང་། མདོར་ན་ཁོང་ནི་རང་མི་རིགས་ཀྱི་རིག་གནས་ལ་རང་ཉིད་ཀྱི་འབད་པ་ཁོ་ནས་སྲི་ཞུ་སྒྲུབ་མཁན་གྱི་ཕུལ་བྱུང་གི་གཞོན་སྐྱེས་ཤིག་རེད།
དཔེ་དེབ་འདིར་ལེགས་ཆ་དུ་མ་ལྡན་ཡོད་པ་སྟེ། གཅིག་ནས་ཤངས་པ་བཀའ་བརྒྱུད་ཀྱི་ལོ་རྒྱུས་རིག་གནས་དཔྱད་ཡིག་དཀོན་རིགས་དུ་མ་བཀོད་འདུག་པ་དེ་དག་གིས་སྒྲུབ་བྱ་ཤངས་པའི་ཆོས་སྐོར་དང་ལོ་རྒྱུས་སོགས་ཁུངས་ཕེར་ནུས་པ་དང་། གཉིས་ནས་ཕྱིས་ཀྱི་ཞིབ་འཇུག་ལ་མཁོ་བའི་རིན་ཐང་ཅན་གྱི་དཔྱད་ཡིག་མང་དག་ཅིག་བཀོད་པ། གསུམ་ནས་ཤངས་པའི་འབྲེལ་ཡོད་ཀྱི་དགོན་གནས་དང་སྒྲུབ་སྡེ་རྣམས་ལོ་རྒྱུས་དཔྱད་ཡིག་ཁོ་ནའི་ལུང་ཁུངས་ལ་སྐྱབས་མ་བཅོལ་བར། རྩོམ་པ་པོ་རང་ཉིད་ཀྱིས་དཀའ་སྡུག་དུ་མ་ཁྱད་དུ་བསད་ནས་ཤངས་པའི་བརྒྱུད་འཛིན་པ་ཚོའི་སྔར་སོང་གི་ཞབས་རྗེས་འཚོལ་ཕྱིར་མདོ་དབུས་ཁམས་གསུམ་གྱི་རི་ལུང་ཁུག་ཀྱོག་མང་དག་ཅིག་ཏུ་དངོས་སུ་རྟོག་ཞིབ་ལན་མང་གནང་ནས། ཁ་ཐོར་དུ་གནས་པའི་ཤངས་པའི་དགོན་གནས་དང་ཤུལ་རོ་ཅི་རྙེད་པར་གཞི་དང་ཟུང་འབྲེལ་གྱིས་དཔེ་དེབ་ཐོག་བཀོད་པས་ཤངས་པ་བཀའ་བརྒྱུད་ཀྱི་གནས་བབས་གསལ་བར་མཚོན་འདུག་པ་སོགས་སོ།
།དེ་ལྟར་ཆོས་བརྒྱུད་འདིའི་ལོ་རྒྱུས་རིག་གནས་རྣམས་ལ་དཔྱད་ཞིང་འདི་ལྟར་བྱེད་ཐུབ་པ་ནི་ན་གཞོན་ཞིབ་འཇུག་པ་ཞིག་གི་དཀའ་སྤྱད་ཕུལ་དུ་ཕྱིན་པའི་འབྲས་བཟང་ཉག་གཅིག་ཡིན་ལ། དཔེ་དེབ་འདིས་རྒྱལ་ནང་ཙམ་ཟད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་གར་སྟེགས་ཐོག་ཏུ་ཡང་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་སྤྱི་ལ་ཞིབ་འཇུག་བྱེད་པར་ལེགས་སྐྱེས་གལ་ཆེན་ཞིག་ཕུལ་ཡོད། དཔེ་དེབ་འདི་བལྟ་ཀློག་བྱེད་པ་བརྒྱུད་ཤངས་པ་བཀའ་བརྒྱུད་མིང་གི་ལྷག་མ་ཙམ་དུ་གྱུར་བར་སྙམ་པའི་ཀློག་པ་པོ་དུ་མ་ཞིག་ལ། ཤངས་པའི་རིག་གནས་དང་གནས་བབས་སོགས་མཛུབ་མོས་རི་སྟོན་གྱིས་ཚུལ་དུ་བརྗོད་འདུག་པས། དཔྱད་ཞིབ་ཀྱི་རིན་ཐང་ལྡན་པའི་དཔེ་དེབ་འདི་ཉིད་བདེ་བླག་ང་དཔེ་སྐྲུན་བྱ་ཐུབ་རྒྱུའི་རེ་སྨོན་དང་བཅས།
ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་སྤྱི་ལོ༢༠༡༣ལོའི་ཟླ་བ༧པའི་ཚེས༣ཉིན།

Introduction
གླེང་གཞི།
དེ་ཡང་བསིལ་ལྡན་ཁ་བའི་ལྗོངས་འདིར་བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ་དང་། སྒྲུབ་རྒྱུད་ཀྱི་རིང་ལུགས་འཛིན་པའི་ཤིང་རྟ་ཆེན་པོ་བརྒྱད་དེ་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་དུ་གྲགས་པའི་བཀའ་སྲོལ་ཟབ་དགུ་མཆིས་པ་ལས། ཁྱབ་བདག་དྲུག་པ་རྒྱལ་བ་རྡོ་རྗེ་འཆང་ལས་ཡེ་ཤེས་ཀྱི་ཌཱ་ཀི་རྣམ་གཉིས་ཀྱིས་གཙོས་འཕགས་ཡུལ་གྱི་པཎ་གྲུབ་བརྒྱ་དང་ལྔ་བཅུའི་གསང་སྔགས་གདམས་པའི་སྙིང་བཅུད་ཐམས་ཅད་བོད་ཡུལ་དབུས་ཀྱི་གྲུབ་ཆེན་མཁས་གྲུབ་ཁྱུང་པོས་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བརྒྱུད་པ་ལ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས། ཆོས་བརྒྱུད་འདིར་རིན་ཆེན་རྣམ་བདུན་སྔ་ཕྱི་གཉིས་སོགས་རིང་བརྒྱུད་དང་། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད་བཅས་བརྒྱུད་པ་གསུམ་ལ་ས་ལམ་རྟོགས་པའི་ཡང་རྩེར་སོན་པའི་གྲུབ་ཐོབ་ས་ཆེན་པོའི་རྡུལ་དང་མཉམ་པ་བྱོན་ཡང་། འཕེལ་འགྲིབ་ཀྱི་ཁུག་པ་དུ་མ་ཞིག་བརྒྱུད་མཐར་གདམས་ངག་གི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཕལ་མོ་ཆེ་ལ་ཁའི་ཉི་མ་བཞིན་ས་ཆེན་གོ་ལ་འདི་ནས་ནུབ་ལ་ཉེ་བའི་མཚམས་སུ། རྒྱལ་བའི་ལུང་གིས་ཟིན་པའི་རིས་མེད་བསྟན་པའི་གསལ་བྱེད་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཞེས་སྙན་པའི་བ་དན་སྲིད་གསུམ་ལ་མངོན་པར་གཡོ་བ་དེ་ཉིད་ཀྱིས་མདོ་ཁམས་སུ་གནས་པའི་བཀའ་བརྒྱུད་ཀྱི་གདན་ས་ཆེན་མོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་རྒྱལ་བསྟན་ཀུན་གྱི་གསུང་རབ་བསྡུ་བསྒྲིགས་དང་ལྗགས་རྩོམ་རི་བོའི་གཏོས་དང་མཉམ་པ་ཕྱི་རབས་ཀྱི་སྐལ་ལྡན་རྣམས་ལ་འཇོག་པར་མཛད་ཅིང་། ཁྱད་པར་དུ་ཤངས་པའི་ཆོས་སྐོར་ལྷག་ལུས་ཅི་རིགས་ཀྱི་དཔེ་རྒྱུན་ཕྱོགས་བསྒྲིགས་དང་། གསེར་ཆོས་རྣམ་ལྔས་གཙོ་བོར་གྱུར་པའི་ཆོས་སྐོར་རྣམས་ཉམས་སུ་ལེན་སའི་བསྟི་གནས་སྒྲུབ་སྡེ་གསར་བཞེངས་ཀྱིས་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་མེ་རོ་སླར་གསོ་བར་མཛད། དུས་ཕྱིས་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་དང༌། སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ། གང་དེའི་ཐུགས་སྲས་དམ་པ་བདག་ཅག་རྣམས་ཀྱི་འདྲེན་མཆོག་འཁོར་ལོའི་མགོན་པོ་འབོ་དཀར་ངེས་དོན་ཆོས་ཀྱི་བློ་གྲོས་སོགས་ཀྱིས་འཕགས་བོད་ཙམ་མིན་པར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་ཤངས་པའི་སྒྲུབ་སྡེ་གསར་སྐྲུན་གྱིས་གདམས་ངག་ཉམས་ལེན་དང་། ཆོས་བརྒྱུད་དར་འཕེལ་འགྲོ་བའི་ཚ་རླབས་འཇམ་གླིང་ཁྱོན་ལ་འཕྱུར་བཞིན་ཡོད། ད་ལན་བོད་ཀྱི་རིག་པ་སྨྲ་བ་ཚོའི་ཁྲོད་དུ་ཆོས་བརྒྱུད་འདིའི་ཆགས་གནས་འཇིག་སྟོང་གི་ལོ་རྒྱུས་དང་། ཆོས་སྐོར་རིག་གནས་སོགས་གསལ་བར་མཚོན་པའི་དཔེ་དེབ་ཅིག་བྱུང་ན་ཅི་མ་རུང་སྙམ་པའི་དུས་འདིར། ལྷག་བསམ་དང་སྙིང་སྟོབས་ཀྱིས་རབ་ཏུ་ཕྱུག་པའི་ན་གཞོན་ཞིབ་འཇུག་པ་རྡོ་རྗེ་ཚེ་དབང་ལགས་ཀྱིས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་འབྱུང་གསེར་ཆོས་ཞིང་གི་ས་བོན་ཞེས་པ་འདི་ཉིད་རྩོམ་འབྲི་གནང་བར། གདམས་ངག་བརྒྱུད་འཛིན་དང་བྱུང་འཕེལ་གྱི་གོ་རིམ་མ་འཆོལ་བར་ཞིབ་ཚགས་ལ་གནད་བསྡུས་པ། སྔར་གྱི་དཔེ་རྒྱུན་དཀོན་རིགས་མང་པོའི་མ་ཕྱི་འཚོལ་བསྡུ་དང་དཀར་ཆག་ཁ་གསལ་བཀོད་པ། ལྷག་པར་དུ་ལོ་མང་རིང་མདོ་དབུས་ཁམས་གསུམ་དུ་གནས་པའི་ཤངས་པའི་འབྲེལ་ཡོད་ཀྱི་དགོན་སྡེ་དགོན་ཤུལ་དང་། དབེན་ཁྲོད་སྒྲུབ་སྡེ་སོགས་ཅི་རིགས་ལ་རྟོག་ཞིབ་བྱེད་པར་དངོས་སུ་ཕེབས་ནས་ཆོས་བརྒྱུད་འདིའི་གནའ་དེང་གི་འཕེལ་འགྲིབ་དག་ཁ་གསལ་ཞིང་གོ་བདེ་བའི་ཚིག་སྦྱོར་དང་། གནད་བསྡུས་ཤིང་ཁུངས་ཕེར་བའི་ས་ཁྲ་དང་པར་རིས་སོགས་ཐབས་ལམ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་མཚོན་པར་བྱས་འདུག་པས། རྒྱལ་ཕྱི་རྒྱལ་ནང་དུ་ཤངས་ཆོས་ཞིབ་འཇུག་གི་ཟིན་ཐོ་གསར་པ་ཞིག་གཏོད་པ་འདིས་ད་ལྟའི་ཀློག་པ་པོ་དང་མ་འོངས་ཞིབ་འཇུག་པ་རྣམས་ལ་རིན་ཆེན་ནོར་དང་གཉིས་སུ་མེད་པའི་དཔྱད་གཞི་སྤུས་ལེགས་ཤིག་མཁོ་འདོན་གནང་འདུག་ཙ་ན། དཔྱོད་ལྡན་གྱི་ཀློག་པ་པོ་ཚོས་དཔེ་དེབ་འདི་བརྒྱུད་ནས་ཤངས་པ་བཀའ་བརྒྱུད་ཀྱི་ལོ་རྒྱུས་རིག་གནས་རྣམས་རྒྱུས་མངའ་དང་། སློབ་སྦྱོང་ཞིབ་འཇུག་གནང་རྒྱུའི་རེ་བ་སོར་བཅུ་སྙིང་ཁར་སྦྱར་ནས་ཞུ་རྒྱུ་དང་བཅས་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ།
སྒྲུབ་དཔོན་ཡར་རྒྱས་ཀྱིས་སྤྱི་ལོ༢༠༡༣ལོའི་སྤྱི་ཟླ༡པོའི་ཚེས༢༥ཉིན་བྲིས་པ་དགེ

I - The teachings of Khyungpo Neljor
ཨེ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐོར།

I.1 - The life and names of Khyungpo Neljor
ལེའུ་དང་པོ། མཁས་གྲུབ་ཁྱུང་པོའི་སྐུ་དུས་ཀྱི་ལོ་རྒྱུས་དུས་སྐབས་དང་མཚན་གྱི་རྣམ་གྲངས་སོགས་ཀྱི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་རྒྱལ་བའི་ལུང་གིས་ཡོངས་སུ་ཟིན་ཅིང་། སྐྱེ་སྲིད་ཀྱི་གནས་སྐབས་ཕལ་མོ་ཆེར་ལུང་དང་རྟོགས་པའི་ཡོན་ཏན་ཀུན་ལ་མངའ་བརྙེས་པའི་སྐྱེས་ཆེན་ཞིག་ཡིན་ཏེ། བླ་མ་རྡོ་རྗེ་གདན་པས་སྔོན་ཚེ་བྱང་ཕྱོགས་གངས་ཅན་དུ། །ཉན་ཐོས་རྫུ་འཕྲུལ་དཔག་མེད་ལྡན། །རྫུ་འཕྲུལ་ཆེན་པོ་ཞེས་བྱར་འགྱུར་ཞེས་དང་། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེས་ཀྱང་ཁྱོད་ནི་སྔོན་བྱུང་བྱང་ཕྱོགས་ཀྱི། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཡིན་ཞེས་སོགས་གསུངས་པ་ལྟར་སྔོན་གྱི་དུས་གང་རུང་ཞིག་ཏུ་ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཞེས་ཟག་མེད་ཀྱི་རྫུ་འཕྲུལ་ལ་ཐོགས་པ་མེད་པ་ཞིག་ཏུ་སྐྱེ་བ་བཞེས་པ་ཡིན་ལ། གཞན་ཡང་བློན་པོ་བཀའ་ཐང་གི་ཕྱི་མ་ཅི་འགྱུར་བསྟན་པའི་སྐབས་སུའང་ལོ་ཙཱ་ཡོན་ཏན་སྙིང་པོ་འདི། །གངས་དཀར་སྙེ་མོ་ར་མངས་སུ། ཕ་སྟག་མ་སྤྲེལ་ཁྱུང་མགོའི་བུ། དགེ་བཤེས་ཁྱུང་པོ་ཛོ་ཀི་རྗེ། །ཤཱི་ལ་ཀིརྟི་ཆོས་མཁས་རིགས། །བླ་མ་ཤངས་པར་གྲགས་པ་འབྱུང་ཞེས་གསལ་བ་བཞིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཁས་གྲུབ་ཁྱུང་པོ་ཉིད་ལོ་ཙཱ་བ་ཡོན་ཏན་སྙིང་པོའི་སྐུའི་སྐྱེ་བར་འཁྲུང་པའི་ལུང་བསྟན་རྡོ་རྗེའི་བཀའ་རྒྱ་གནང་། སྐུ་ཚེ་འདིར་ཡང་ཉམས་རྟོགས་ཀྱི་ཡོན་ཏན་མཐའ་དག་ཐུགས་ཀྱི་བུམ་བཟང་དུ་ལེགས་པར་བསྐྱིལ་བས། གསོལ་འདེབས་མོས་གུས་ཀྱི་སྒྲ་དབྱངས་སུ་རྒྱ་གར་མཁས་པས་མཁན་པོ་མི་ནུས་ཞེས། །བསམ་ཡས་ཡུལ་དུ་བསྔགས་ལ་གསོལ་བ་འདེབས་ཞེས་དང་། བླ་མ་རྡོ་རྗེ་གདན་པ་ཆེན་པོས་སྤྲུལ་པ་སྣ་ཚོགས་གཟུགས་འཆང་བའི། །དགྲ་བཅོམ་ཆེན་པོ་ཉིད་གྱུར་པས། །བདག་དང་རྒྱ་གར་མཁས་རྣམས་ཀྱིས། །ཁྱོད་ཀྱི་མཁན་པོ་བྱེད་མི་ནུས་ཞེས་གསུངས་པ་ལྟར། ཐ་ན་སྐབས་དེའི་དུས་སུ་སངས་རྒྱས་གཉིས་པར་གྲགས་པའི་བླ་མ་རྡོ་རྗེ་གདན་པ་སོགས་འཕགས་ཡུལ་མཁས་གྲུབ་རྣམས་ཀྱིས་ཀྱང་ཁོང་གི་མཁན་པོ་མཛད་མི་ནུས་པར་གསུངས་པས་ཆེས་ཁྱད་དུ་འཕགས་ལ། དེ་ལྟ་བུའི་ཤིན་ཏུ་ལྐོག་འགྱུར་གྱི་སྐྱེ་སྲིད་སོ་སོ་སྐྱེ་བོའི་བསམ་པའི་ཡུལ་དང་གོ་བའི་སྟོབས་ལས་ཡོངས་སུ་འདས་པ་ཞིག་ཡིན།
དེ་ལྟར་སྐྱེས་མཆོག་བསམ་གྱིས་མི་ཁྱབ་པ་འདིའི་མཛད་རྣམ་དབྱེ་ཞིབ་བྱེད་པར་ཐོག་མར་སྐབས་དེའི་ལོ་རྒྱུས་དང་། མཁས་གྲུབ་ཁྱུང་པོའི་རིགས་རུས་ཀྱི་མཆེད་ཁུངས། འཁྲུངས་འདས་ལོ་ཚིགས། འཁྲུངས་ཡུལ་སོགས་ལ་དཔྱད་པ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེ་མིན་ཁོང་ལ་མཚན་གྱི་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས་རང་ཉིད་ཀྱི་མཛད་རྣམ་ཁག་དང༌། ཤངས་པའི་དཔེ་ཁུངས་གཞན་སོགས་ལས་ཐོན་པའི་མཚན་མི་འདྲ་བ་རྣམས་དཔྱད་བསྡུར་དང་དབྱེ་ཞིབ་བྱས་ནས། མཚན་མི་འདྲ་བ་དེ་ཚོས་མཚོན་པའི་མཁས་གྲུབ་ཁྱུང་པོའི་སྐུ་ཚེའི་འཕེལ་རིམ་དང་དུས་སྐབས་མི་འདྲ་བའི་མཛད་པ་ཤེས་རྟོགས་དང་། མཁས་གྲུབ་ཁྱུང་པོ་བྱོན་པའི་ལོ་རྒྱུས་ཀྱི་དུས་སྐབས་སྤྱི་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ། ཁོང་གིས་ཁོར་ཡུག་གི་རྒྱུ་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས། འབུར་དུ་ཐོན་པའི་མི་ཚེའི་གྲུབ་འབྲས་གཏོད་པ་དེས་བསྟན་པ་ཕྱི་དར་དུས་ཀྱི་ནང་བསྟན་ཆོས་ལུགས་སྤྱི་ལ་གཞལ་བར་དཀའ་བའི་ལེགས་སྐྱེས་ཕུལ་བ་དང་། ལྷག་པར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པའི་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་ཁ་ལེགས་པར་ཕྱེ་བ་ཡིན།

I.1.1 - The time of Khyungpo Neljor
དང་པོ། མཁས་གྲུབ་ཁྱུང་པོའི་སྐུ་དུས་ཀྱི་ལོ་རྒྱུས་དུས་སྐབས།
དེ་ཡང་མར་པ་ལོ་ཙཱ་བས་དཔལ་ཞི་བ་བཟང་པོ་དང་མཆེད་ལྕམ་རྣམས་ལ་ཕུལ་བའི་མགུར་དུ་དེང་སང་དུས་ཀྱི་སྐལ་ལྡན་དག །བོད་ནས་རྒྱ་གར་ཡུལ་དུ་མཆིས། །བཤུལ་ཐག་རིང་བའི་མི་ཞིག་ཡིན་ཞེས་གསུངས་པ་བཞིན། མཁས་གྲུབ་ཁྱུང་པོ་འཚོ་ཞིང་གཞེས་པའི་དུས་སྐབས་དེར་ཆོས་དང་ཆོས་མིན་གྱི་ཡོ་ལང་འཚུབས་པའི་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ཏེ་གངས་ཅན་བོད་ཀྱི་མཁས་གྲུབ་ལོ་པཎ་དུ་མ་ཚ་ཚ་འུར་འུར་གྱིས་དམ་པའི་ཆོས་ཀྱི་འབྱུང་ཁུངས་འཕགས་ཡུལ་དང་བལ་ཡུལ་སོགས་སུ་སློབ་གཉེར་ལ་ཕེབས།
I.1.1.1
གཅིག །བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ།
ཇི་སྐད་དུ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་དེ་ལྟར་ཆོས་རྒྱལ་རྣམས་ཀྱི་བཀའ་དྲིན་ལས། །ཐུབ་བསྟན་སྔ་ཕྱིར་དར་ཞིང་རྒྱས་པར་གྱུར། གསང་སྔགས་སྔ་འགྱུར་སྐྱེད་དང་རྫོགས་པ་ནི། །ནུབ་པ་མེད་པར་དེང་དུའང་ཆ་ཙམ་གནས་ཞེས་གསུངས་པ་ལྟར། སྤྱི་ལོའི་དུས་རབས་བཞི་པའི་ནང་བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་ནང་པ་སངས་རྒྱས་ཀྱི་བསྟན་པ་འདི་བོད་གངས་ཅན་གྱི་ལྗོངས་སུ་ཐོག་མར་དབུ་བརྙེས་པ་ནས་བཟུང་། སྤྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐོ་བོད་རྒྱལ་རབས་གཅིག་འགྱུར་བཟོས་རྗེས་རྒྱལ་བློན་འཁོར་འབངས་རྣམས་ཀྱིས་ལྷ་ཁང་བརྒྱ་རྩ་བརྒྱད་དང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས་སོགས་རིམ་པར་བརྩིགས་ཤིང་། ཇོ་ཤཱཀ་རྣམ་གསུམ་ལ་སོགས་པའི་སྐུ་རྟེན་རྣམས་ཀྱང་གདན་དྲངས་གནང་བ་སོགས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་གངས་ཅན་གྱི་ཡུལ་གྲུ་འདིར་དར་བར་མཛད་ལ། བོད་ཀྱི་ལོ་ཙཱ་བའི་ཐོག་མ་ཐོན་མི་སཾ་བྷོ་ཊས་མདོ་སྡེ་ཟ་མ་ཏོག་དང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་གནང་མཛད། དེ་རྗེས་སྤྱི་ལོའི་དུས་རབས་བརྒྱད་པ་སྟེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས་བོད་ཀྱི་དགོན་སྡེ་ཐོག་མ་བསམ་ཡས་གཙུག་ལག་ཁང་བཞེངས་གནང་བ་དང་། ལོ་ཙཱ་བ་སྒྲིག་འཛུགས་གནང་སྟེ་མདོ་སྡེ་བསྒྱུར་བ། སད་མི་བདུན་རབ་ཏུ་བྱུང་བ་སོགས་ཕྱི་ནང་གི་རྟེན་བཞེངས་པ་ནས་འགོ་བརྩམས་ཏེ། དགེ་འདུན་གྱི་སྡེ་ཐོག་མར་བྱུང་བ་སོགས་ནང་ཆོས་བརྒྱུད་འཛིན་གྱི་དཔུང་ཁག་འཐུས་ཚང་དང་སྟོབས་ཆེར་བཏང་ཡོད། དེ་ལྟར་བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་མཐའ་འཁོབ་བོད་ཀྱི་ཡུལ་གྲུ་འདིར་སངས་རྒྱས་བསྟན་པའི་ཉི་མ་ཤིན་ཏུ་གསལ་བར་མཛད། འོན་ཀྱང་སྤུར་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་མཐའ་མ་འུ་དུམ་བཙན་པོས་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྗེས། བསྟན་པ་སྔ་དར་གྱི་ལོ་རྒྱུས་མཇུག་སྒྲིལ་བ་དང་། དུས་ཡུན་ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་བོད་ཁམས་ཧྲིལ་པོར་གཅིག་འགྱུར་གྱི་རྒྱལ་པོ་མེད་པར་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བ་ཆག་ནས་སིལ་བུ་ཁ་ཐོར་དུ་གྱུར། སྐབས་དེར་བོད་ཡུལ་རུ་བཞིར་དམ་པའི་ཆོས་ཀྱི་རྨུ་ཐག་ཆད་ནས། བོད་ཀྱི་སངས་རྒྱས་བསྟན་པ་ལ་སྔར་བྱུང་མྱོང་མེད་པའི་གནོད་འཚེ་ཚབས་ཆེན་ཕོག་པ་སྟེ། ལྡེའུ་ཆོས་འབྱུང་བསྡུས་པ་ལས་རྒྱལ་སྲིད་ཆོས་ལ་ཤོར་གྱིས་དོགས་ནས་རྗེའི་ཆོས་སྤངས། སྔགས་ཀྱི་བརྒྱུད་པ་ཐམས་ཅད་རྒྱ་གར་དུ་བསྐྱལ། པོ་ཏི་དང་མཆོད་གནས་ཐམས་ཅད་ངན་ཁུང་དང་ལྐོག་ཏུ་སྦས། གྲ་བཞིར་བཏིང་ནས་ས་གཏེར་བྱས། ཡབ་མེས་གོང་མའི་ཐུགས་དམ་ལ་གཤེགས་བསྐུར་འདེབས། དགེ་འདུན་རབ་བཤུས། འབྲིང་བསད། ཐ་མ་དྲ་གླིང་བསྐུར་ནས་ལིངས་ལ་བཏང་ཞེས་སོགས་གསལ་བ་ལྟར་རོ། དེས་ན་ལྕགས་བྱ་སྤྱི་ལོ841ལོར་བསྟན་པ་བསྣུབས་འགོ་ཚུགས་པ་ནས། ས་བྱ་སྤྱི་ལོ་949ལོར་བསྟན་པའི་མེ་རོ་བསླངས་པའི་བར་མི་ལོ་བརྒྱ་དང་བརྒྱད་ཀྱི་རིང་བོད་རུ་བཞི་ན་དགེ་སློང་མེད་པར་གྲགས་པས། དུས་སྐབས་ཤིག་རིང་དམ་པའི་ཆོས་ཀྱི་སྒྲོན་མེ་ནུབ་ནས་བོད་ཁམས་སླར་ཡང་མུན་པའི་གླིང་དུ་ཚུད། དེ་ལྟར་བསྟན་པ་སྔ་དར་གྱི་དུས་སུ་ཆོས་ཀྱི་རྒྱལ་པོ་ནས་དབུ་བཙུགས་ཏེ། བཙན་པོའི་རྒྱལ་རབས་ཀྱི་མི་ནོར་ཤུགས་གསུམ་གྱི་སྟོབས་ཤུགས་ཕལ་མོ་ཆེ་ནང་ཆོས་དར་སྤེལ་གྱི་བྱ་གཞག་ཐོག་བསྒྲིལ་སྟབས། ནང་ཆོས་ལ་གཏོར་སྐྱོན་འཕོག་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་ནམ་ཡང་ཁ་བསབ་ཐབས་མེད་པའི་གྱོང་གུད་ཞིག་ཡིན།
ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བསྟན་པ་མེད་ཀྱང་མཆོད་པ་ཙམ་ཞིག་དར། །དགྲ་བཅོམ་གཙུག་ཕུད་ཅན་གྱི་ཆོས་ལུགས་དང་། སྔགས་ལ་སྒྲུབ་གཞུང་བོན་དུ་གྱེར་པ་བྱུང་ཞེས་འཁོད་པ་ལྟར། སིལ་བུའི་དུས་འདིར་མ་གཞི་བསྟན་པའི་སྤྱི་སྒྲོམ་ཞིག་ཀྱང་མཆོད་པ་ཙམ་ཞིག་དང་། དགྲ་བཅོམ་གཙུག་ཕུད་ཅན་གྱི་ཆོས་ལུགས་སོགས་དར་བར་གསུངས་པ་ལས། སྔགས་ལ་སྒྲུབ་གཞུང་བྱུང་ཞེས་པ་ནི་དབུས་གཙང་དང་མངའ་རིས་ཀྱི་ཕྱོགས་སུ་གསང་སྔགས་ཀྱི་གདམས་པ་ཐོབ་པ་འགའ་རེ་ཡོད་ཀྱང་སྤྱོད་པ་འཆོལ་ཏེ་སྦྱོར་གྲོལ་དང་གཏད་སེར་ལ་སོགས་པའི་རྩ་བ་ཆོས་མང་དུ་ཐོན་ནས་མི་ཕྱུགས་དང་ཡུལ་ལུང་ཀུན་ལ་ཚབས་ཆེའི་གྱོང་གུན་བཟོས་པ་སྟེ། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སོལ་བ་དར་བས་ར་ལུག་ཉལ་ཐག་བཅད། །སྦྱོར་བ་དར་བས་མི་རིགས་འཆོལ་བར་འདྲེས། །སྨན་སྒྲུབ་དར་བས་ཁྱི་ཕག་འཚོ་བ་བཅད། །བམ་སྒྲུབས་དར་བས་དུར་ས་མཆོད་པ་སྟོང༌། །མཆོད་སྒྲུབས་དར་བས་མི་ལ་བསོད་སྒྲོལ་བྱུང་། སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུག་ནད་བྱུང༌། མི་གསུང་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕོངས། །དེ་ལྟར་སྤྱོད་པ་ཐེག་ཆེན་ཡིན་ནམ་ཅི་ཞེས་གསུངས་པ་སོགས་ཀྱིས་གསལ་བར་མཚོན་ནུས་པ་དང་། དེ་མིན་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས་ཡང་བླ་མའི་ཆ་བྱད་ཅན། འཇིག་རྟེན་པའི་ལྷ་རེ་ཙམ་བསྒྲུབས་ནས། སངས་རྒྱས་ཡིན་གྲུབ་ཐོབ་ཡིན་ཟེར་ཞིང་། ཆོས་དང་འདྲེས་པའི་རྫུན་གྱིས་མི་མང་པོའི་མགོ་བསྐོར་ཏེ་ཟས་ནོར་སྒྲུབ་པའི་ཟོག་པོ་ཡང་འགའ་རེ་ཡོད་དེ། དེ་བས་ན་སྟོན་པའི་བསྟན་པ་ཉམས་ཚབས་ཤིན་ཏུ་ཆེའོ་ཞེས་གསུངས་པ་བཞིན་མེད་པ་ལ་ཡོད་པ་དང་། མིན་པ་ལ་ཡིན་པར་བརྫུ་བའི་མི་ཆོས་བླ་མའི་རྫུན་གྱིས་དམ་པའི་ཆོས་ངན་སོང་གི་རྒྱུ་བསྐྲུན་པའི་ས་བོན་དུ་གྱུར་རྐྱེན། སངས་རྒྱས་ཀྱི་བསྟན་པའི་གཡའ་དག་གི་ནམ་མཁའ་དེ་ཉིད་གང་ཟག་སྡིག་གཏོ་ཅན་འགའ་རེས་གདམས་པ་སྣ་རེ་ཙམ་ཚད་དུ་བཟུང་སྟེ་ཆོས་མིན་གྱི་ལྟ་བ་དང་ཚུལ་མིན་གྱི་སྤྱོད་པའི་སྤྲིན་ནག་གིས་རབ་ཏུ་སྒྲིབ་པར་བྱས། དེས་ན་སྐབས་དེའི་དུས་སུ་ཆོས་ཕྲན་ཐར་ཐར་འགའ་སྲིད་དབང་ཁ་ཐོར་དུ་གནས་པའི་གོ་སྐབས་དང་བསྟུན་ཏེ་བོད་ཡུལ་དུ་གནས་ཐུབ་ཡོད་མོད། ཆགས་སྡང་རྨོངས་གསུམ་གྱིས་བཟིར་བའི་བསྟན་པའི་ཕུང་འདྲེ་འགའ་རེས་ཆོས་ཀྱིས་ངན་སོང་སྒྲུབ་པའི་སྡིག་ལས་ཁོ་ནར་འབད་པས། སྤྱི་ལོ1092ལོར་མངའ་རིས་ཀྱི་ལྷ་བཙུན་ཕོ་བྲང་ཞི་བ་འོད་ཀྱིས་སྤྲིངས་ཡིག་གམ་ཡོངས་གྲགས་སུ་སྔགས་ལོག་སུན་འབྱིན་ཞེས་སུ་གྲགས་པ་དེ་ཉིད་དང་། གཞན་ཡང་ལོ་ཆེན་རིན་ཆེན་བཟང་པོ་དང་། འགོས་ཁུག་པ་ལྷས་བཙས་སོགས་ཀྱིས་ཀྱང་སྔགས་ལོག་སུན་འབྱིན་འགའ་ཞིག་མཛད་པ་སོགས་ཀྱི་ཐབས་དུ་མ་སྤྱད་ནས་རྒྱ་གར་དང་བལ་པོའི་ཕྱོགས་ནས། མུ་སྟེགས་དང་། ནང་པའི་ཆ་ལུགས་ཅན། ཆོས་ལོག་སྨྲ་མང་དུ་བྱུང་བ་རྣམས་ཐབས་མང་པོས་བཀག་དགོས་བྱུང༌།
དེ་ལྟར་བོད་སིལ་བུའི་དུས་སུ་སངས་རྒྱས་བསྟན་པའི་སྲོག་ལ་རྒོལ་བའི་འཇིགས་པ་དུ་མ་ཞིག་འཕྲད་ཀྱང་། དམ་པའི་ཆོས་ཀྱི་མེ་རོ་ནི་མངའ་བདག་ཁྲི་ཆུང་དང་། ཁྲི་ལྡེ་མགོན་བཙན། ཚ་ལ་ན་ཡེ་ཤེས་རྒྱལ་མཚན་རྣམ་གསུམ་གྱི་བཀའ་དྲིན་ལས་བླ་ཆེན་དགོངས་པ་རབ་གསལ་གྱིས་བསླངས། དེ་ནས་རིམ་བཞིན་དཔལ་ཆུ་བོ་རིའི་སྒོམ་གྲྭ་རུ་བཞུགས་པའི་གཡོ་དགེ་བའི་འབྱུང་གནས་དང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་བཅས་ཀྱིས་འུ་དུམ་བཙན་པོས་བསྟན་པ་བསྣུབས་པའི་གནས་ཚུལ་གསན་རྗེས་འཕྲལ་དུ་སྤྲང་པོར་བརྫུས་ཏེ་དམ་ཆོས་འདུལ་བ་དྲེའུ་ཁལ་གཅིག་བཀལ་ནས་རྒྱལ་ཁྲིམས་མི་གཅིག་པའི་ཡུལ་ཕྱོགས་ལ་བྲོས་འབྱོལ་དུ་ཕེབས། མངའ་རིས་སུ་ཡང་བསྟན་པ་སྤེལ་མ་ནུས་པར། ཧོར་ཡུལ་ནས་ཧོར་གྱི་དགེ་བསྙེན་ཤཱཀྱ་སྲ་བ་དང་འགྲོགས་ཏེ། མདོ་སྨད་ལྷོ་ངོས་བེ་རེའི་ས་ཆ་དེའུ་ཚྭ་མཚོ་བརྒྱུད་རྨ་ལུང་རྡོ་རྗེ་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན། དེ་རྗེས་དམར་གཡོ་གཙང་གསུམ་དེ་རྣམས་བླ་ཆེན་དགོངས་པ་རབ་གསལ་དང་མཇལ་ཏེ་དབུས་གཙང་དུ་འདུལ་བའི་བསྟན་པ་རིམ་གྱིས་སྤེལ། ཡང་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གྱིས་བདག་རྐྱེན་མཛད་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། འབྲི་ཡེ་ཤེས་ཡོན་ཏན། ཚོང་གེ་ཤེས་རབ་སེང་གེ ལོ་སྟོན་རྡོ་རྗེ་དབང་ཕྱག །སུམ་པ་ཡེ་ཤེས་བློ་གྲོས། རྒྱ་བློ་གྲོས་ཤེས་རབ། གཞན་བན་ཆོས་མཆོག་དང་བདུན་གྱིས་གྲུམ་ཡེ་ཤེས་རྒྱལ་མཚན་མ་མཁན་པོ་དང་། ཆོ་རོ་ཤེས་རབ་བྱང་ཆུབ་ལ་སློབ་དཔོན་ཞུས་ནས་རབ་བྱུང་གི་སྡོམ་པ་བཞེས། དེ་རྗེས་རཀྱི་ཚུལ་ཁྲིམས་འབྱུང་གནས་སོགས་མི་ལྔས་སྡོམ་པ་བླངས་ཏེ་དབུས་གཙང་དུ་ཕེབས། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མི་བདུན་གྱིས་དབུས་གཙང་ཁུལ་དུ་གཙུག་ལག་ཁང་མང་དུ་བཞེངས། དགེ་འདུན་གྱི་སྡེ་དུ་མ་བཙུགས་ཏེ་སངས་རྒྱས་བསྟན་པའི་མེ་རོ་དབུས་གཙང་དུ་སྤར་བ་བཅས་དམ་པའི་ཆོས་ཀྱི་འདུལ་བའི་བསྟན་པ་གངས་ཅན་ས་ཡི་སྨད་ཕྱོགས་ནས་དར་རོ།
།དེ་རྗེས་མངའ་རིས་ཀྱི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྟོད་མངའ་རིས་སྐོར་གསུམ་གྱི་བློ་རིག་རྣོ་བའི་བྱིས་པ་ཉི་ཤུ་རྩ་གཅིག་ལེགས་འདེམས་ཀྱིས་གསོ་སྐྱོང་གནང་སྟེ་རྒྱ་གར་ནས་པཎྜི་ཏ་གདན་འདྲེན་ཞུ་བར་མངགས་པ་ལས། ཁྱེའུ་བཅུ་དགུ་རྒྱ་གར་འཕགས་པའི་ཡུལ་དུ་ཚ་བའི་ནད་ཀྱིས་གྲོངས། ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་མཁས་པར་གྱུར་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། དུས་དེར་སྟོད་ཁུལ་དུ་ལོ་པཎ་མང་པོ་བྱོན་ནས་བཀའ་བསྟན་བསྒྱུར་བ་དང་། དགེ་འདུན་གྱི་སྡེ་བཙུགས་པ། གཙུག་ལག་ཁང་བཞེངས་པ་སོགས་མཛད་པས་འདུལ་བའི་བསྟན་པ་སྟོད་ཀྱི་ཕྱོགས་ནས་དར་བས། ཁ་རྒྱུན་དུ་ཡང་སྟོད་ན་བསྟན་པ་ཞྭ་ཙམ་བྱུང་ཞེས་གྲགས། དེ་ལྟར་བསྟན་པའི་མེ་རོ་སྟོད་ནས་གསོས་ཤིང་། སྨད་ནས་བསླངས། བར་དུ་ཇེ་ཆེར་འབར་བར་མཛད་དེ་བསྟན་པ་ཕྱི་དར་གྱི་དབུ་རིམ་གྱིས་ཚུགས། ལྷག་པར་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆོས་ལོག་ཡོངས་སུ་སུན་འབྱིན་གནང་ཕྱིར། རྒྱ་བརྩོན་འགྲུས་སེང་གེར་གསེར་མང་པོའི་རྫོངས་པ་བསྐུར་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པར་བཏང་ཡང་མ་འདྲོངས། དུས་དེར་སྟབས་མི་ལེགས་པ་ཞིག་ལ་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་རྒྱལ་པོས་བཙོན་དུ་བཟུང་། ཁོ་པ་ཚོའི་ཆ་རྐྱེན་ཞལ་བཞེས་མ་གནང་སྟབས་སྐུ་ལུས་ཀྱི་དབང་རྩ་ཚང་མ་མེར་བསྲེགས་པ་སོགས་ཀྱི་མནར་གཅོད་ཚད་མེད་བཏང་། དེ་རྗེས་དབོན་པོ་བྱང་ཆུབ་འོད་ཀྱིས་མངའ་རིས་ཁུལ་ནས་གསེར་སྒྲུབ་པ་དང་། དབུས་གཙང་གི་རབ་བྱུང་བ་རྣམས་ལ་གཤམ་ཐབས་ཀྱི་ཁྲལ་སོགས་གསེར་མང་པོ་བསྡུས་མཐར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ལུས་ཀྱི་ལྗིད་ཚད་དང་མཉམ་པའི་གསེར་འཁྱེར་ཏེ་གར་ལོག་ཏུ་ཕེབས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་དེ་ཚོས་རང་ཉིད་མ་བླུས་པར་ཇོ་བོ་རྗེ་སོགས་ཀྱི་པཎྜི་ཏ་རྣམས་གདན་དྲོངས་ཞེས་པའི་བཀའ་ལེགས་པར་གནང་། མཐར་རང་ཉིད་ཀྱི་གཅེས་པའི་སྲོག་ཀྱང་རྒྱལ་བའི་བསྟན་པ་སྤེལ་ཕྱིར་སྐྱེས་སུ་ཕུལ། ཁོང་གི་བཀའ་བཞིན་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་རྒྱ་བརྩོན་འགྲུས་སེང་གེ་གཉིས་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་དུ་བཏང་། ནག་ཚོ་ལོ་ཙཱ་བས་རྒྱ་གར་གྱི་པཎྜི་ཏ་ལྔ་བརྒྱའི་གཙུག་རྒྱན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བོད་དུ་གདན་དྲངས། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་སོགས་ཀྱི་བསྟན་བཅོས་ཚད་ལྡན་མང་དུ་མཛད་ཅིང་། མི་ལོ་བཅུ་བདུན་ཙམ་གྱི་རིང་བོད་ཡུལ་གྱི་མཁས་པ་མང་པོར་སྡེ་སྣོད་གསུམ་གྱི་འཆད་ཁྲིད་རྫོགས་པར་བསྩལ་ནས་ཡུན་རིང་ཉམས་དམས་དང་བག་ལ་ཞ་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གང་ཅིར་བྱི་དོར་དང་དག་ཐེར་ལེགས་པར་མཛད།
I.1.1.2
།གཉིས། འཕགས་བོད་ལོ་པཎ་དབར་རིག་གནས་སྦྱོང་སྤེལ་གྱི་འབྲེལ་བ་དམ་ཟབ་ཏུ་གྱུར་པ།
དེ་ཡང་བོད་ཀྱི་རིག་གནས་ལོ་རྒྱུས་ཞེས་པར་བོད་ཡུལ་དབུས་ཀྱི་བོད་མི་ཇེ་མང་ཞིག་འཕགས་ཡུལ་གྱི་ནང་ཆོས་ལྟེ་གནས་ཁག་ལས། གྲགས་ཆེ་ཤོས་ཀྱི་ནང་བསྟན་སློབ་གླིང་ན་ལེནྡྲ་དང་། བི་ཀྲ་མ་ཤཱི་ལ། རྡོ་རྗེ་གདན། ཨོ་ཏན་ཏ་པུ་རི་བཅས་དང་། དེ་མིན་སློབ་དཔོན་བཙལ་རྙེད་ཐུབ་པའི་ས་ཆ་དེ་བས་ཆུང་བ་རྣམས་ལ་ཡང་སློབ་གཉེར་དུ་བསྐྱོད་འགོ་ཚུགས་ཞེས་འཁོད་པ་ལྟར། སངས་རྒྱས་བསྟན་པའི་ཉི་ཟེར་སླར་དུ་འཕྲོས་པའི་དུས་བཟང་དེ་དང་བསྟུན་ཏེ་བོད་ཀྱི་ལོ་ཙཱ་བས་གཙོས་མཁས་པ་དུ་མ་སངས་རྒྱས་སྟོང་གི་འབྱུང་གནས། དམ་ཆོས་རྒྱ་མཚོའི་འགོ་ཁུངས་འཕགས་ཡུལ་དུ་ཕེབས་ནས་རྩོད་མེད་ཀྱི་མཁས་པ་མང་པོའི་ཞབས་ལ་གཏུགས་ཤིང་མདོ་སྔགས་རིག་གཞུང་མཐའ་དག་ལ་གསན་བསམ་རྒྱ་ཆེར་མཛད་པའི་ཚ་རླབས་འཕྱུར། དུས་སྐབས་དེར་ཆོས་ལོག་གི་ཡོ་ལང་འཁྲུག་པའི་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ཏེ། བོད་ཀྱི་ལོ་ཙཱ་བ་མཁས་པ་མང་པོས་ལུས་སྲོག་གི་དཀའ་སྤྱད་ཁྲི་ཕྲག་ཐེད་དུ་བསྒྱུར་ནས་འཕགས་བལ་གཉིས་ཀྱི་ས་ཆ་གང་སར་མཚན་ཉིད་རྫོགས་པའི་སློབ་དཔོན་བཙལ་ཏེ་ཚད་ལྡན་གྱི་གདམས་པ་ཞུས་ཤིང་། བཀའ་བསྟན་འབོར་ཆེན་ཞིག་བོད་ཡིག་ཏུ་བསྒྱུར། ཁོང་ཚོས་བསྟེན་གནང་སའི་འཕགས་ཡུལ་གྱི་སློབ་དཔོན་མང་ཆེ་བ་མདོ་སྔགས་གཉིས་ཀར་མཁས་ཀྱང་། ལོ་ཙཱ་བ་ཚོས་གསང་སྔགས་ཀྱི་གདམས་པ་གཙིགས་སུ་བཟུང་ནས་དེ་དག་གི་དབང་གདམས་ངག་དང་བཅས་པ། རྒྱུད་ཉམས་ལེན་དང་བཅས་པའི་ལམ་ཆ་ཚང་བར་ཞུས། དེའི་རྒྱུ་མཚན་ནི་མི་ལ་ལས་རྒྱལ་པོ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་ཞེས་པ་དེ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཤིག་པ་ནས་གཙོས་པའི་བསྟན་པའི་བཀའ་རྟེན་གསུང་རབ་སོགས་ཡོངས་སུ་རྩ་མེད་དུ་བཏང་བ་ལྟ་བུར་ངོས་འཛིན་ཀྱང༌མངའ་བདག་རལ་པ་ཡན་ཆོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ཀྱི་པུསྟི་རྣམས་ལེགས་པར་བསྲུངས་པས། སྔོན་འགྱུར་ཕལ་ཆེ་བ་ད་ལྟ་ལོངས་སྤྱོད་དུ་ཡོད་པ་འདི་ཡིན་ཞེས་གསུངས་པ་ལྟར་སྐབས་དེར་རྒྱལ་པོ་འུ་དུམ་བཙན་གྱིས་བསྟན་པ་ལ་གནོད་པ་བགྱིས་ཀྱང་། དད་ཅན་སྐྱེ་བོ་མང་པོས་བཀའ་བསྟན་རྣམས་ལྐོག་ཉར་དང་སྲུང་སྐྱོབ་གནང་བས། མདོ་རྒྱུད་བསྟན་བཅོས་ཕལ་མོ་ཆེ་ཕྱི་རབས་ཀྱི་ལོངས་སུ་སྤྱོད་ཡུལ་དུ་གྱུར་ཡོད། དེས་ན་སྡེ་སྣོད་གསུམ་ཕལ་ཆེ་བའི་མ་ཕྱི་འཁྲུལ་མེད་བཞུགས་པས་ཐེ་ཚོམ་བྱེད་མི་དགོས་ཀྱང་། གསང་སྔགས་རྡོ་རྗེ་ཐེག་པ་འདི་ཉིད་ལ་རྒྱུད་སྡེའི་ལུང་ཁུངས་ཀྱི་པུ་ཏི་ཡོད་པ་ཙམ་གྱིས་མ་ཆོག་པར་དབང་ལུང་མན་ངག་གི་ཆ་རྣམས་མ་ནོར་བར་ཚང་དགོས་ཤིང་། དེ་དག་ནི་ཚད་ལྡན་བླ་མའི་ཞལ་ཁོ་ན་ལ་བསྟེན་དགོས་པ་ཡིན་པས། ལོ་ཙཱ་བ་ཚོས་ཀྱང་དབང་ལུང་གདམས་ངག་ཚང་བའི་གསང་སྔགས་ཀྱི་གདམས་པར་གཙིགས་ཆེན་མཛད་པ་ཡིན། ཡང་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་ལས་ཁྱུང་པོ་རྣལ་འབྱོར། འགོས་ལོ། ཁྲི་ལོ། གྱི་ཇོ། གླན་དར་མ་མ་ཏི། འབྲོག་མི་ཤཱཀྱ་ཛྷན། མར་པ། དྷརྨ་མ་ཏི། འབྲོ་ལོ། བ་རི་པ། རྒ་ལོ། ཏྭ་ལོ། གཉན་ལོ། རྔོག་བློ་ལྡན་ཤེས་རབ་ལ་སོགས་པ་མང་པོ་རྣམས་ཀྱིས། མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཅིང་། བོད་དུ་སྤྱན་དྲངས་ཏེ། དེ་དག་གི་སློབ་བརྒྱུད་རྣམས་ཀྱི་རྒྱ་གར་གྱི་གཞུང་བཟང་པོ་རྣམས་ཀྱི་དགོངས་པ་བཀྲལ་ནས། བསྟན་བཅོས་མཛད་པའི་སྲོལ་ལུགས་སོ་སོར་བཟུང་པས། བོད་དུ་ཡང་གྲུབ་མཐའི་ཞལ་འཛིན་སོ་སོར་མཛད་ཅེས་འཁོད་པ་ལྟར། སྐབས་དེར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་འདྲ་བའི་བོད་ཀྱི་མཁས་པ་དུ་མས་རྒྱ་གར་འཕགས་པའི་ཡུལ་ནས་མདོ་སྔགས་ཀྱི་རིག་གཞུང་མང་པོ་བོད་དུ་གདན་དྲངས་ཏེ་དེ་རྣམས་བསྒྱུར་སྤེལ་མཛད་པས་ཆོས་བརྒྱུད་སོ་སོར་འཛིན་པའི་སྲོལ་ཡང་བྱུང་། དེ་ལྟར་དུས་སྐབས་དེར་ཇོ་བོ་རྗེས་གཙོས་པའི་ཁྱོན་པཎྜི་ཏ་དྲུག་ཅུ་རེ་དྲུག་ཙམ་བོད་དུ་ཕེབས་པ་དང་། ལོ་ཙཱ་བ་བརྒྱ་དང་ཉི་ཤུ་ཙམ་བྱོན་ནས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་ཡིག་བསྒྱུར་དང་དག་བཅོས་མཛད་དེ་བསྟན་པ་སྔ་དར་ལས་ཀྱང་ཆེས་དར་ཞིང་རྒྱས་པར་མཛད།
འོན་ཀྱང་གྲུབ་ཆེན་ར་ཧུ་ལ་བོད་ཀྱི་གྲུབ་མཐའ་ལ་ཁྲེལ་ནས། རྒྱ་གར་དུ་ཕྱིར་ལོག་ཕེབས་ཁར་བྱང་ཕྱོགས་རྡོ་རྗེའི་ས་གཞི་པ། །ལས་འབྲས་མི་ཤེས་དགེ་སྡིག་རྣམསཙཎ་ཌི་བྱིན་རླབས་ཆད་པར་འདོད། །བླ་མ་མི་བསྟེན་དམ་ཚིག་མེད། །ཆོས་ནི་རྣ་བར་ལམ་བྱུང་ཙམ། ངེས་པར་བརྟགས་ཤིང་བཤད་པ་ན། །ཕལ་ཆེར་དམྱལ་བར་འགྲོ་བར་འདུག །ཅེས་གསུངས་ནས་བཤུམས་པའི་གནས་ཚུལ་འཁོད་ཡོད་པ་དེའི་ཐོག་ནས། མ་གཞི་མཁས་གྲུབ་ཁྱུང་པོའི་སྐུ་ཚེའི་སྨད་ཙམ་དུ། ལོ་པཎ་དུ་མ་བྱོན་ནས་ཆོས་ཀྱི་སྒྲོན་མེ་སྤར་ཡང་། སངས་རྒྱས་ཀྱི་བསྟན་པའི་སྨག་མུན་ཡོངས་སུ་སེལ་མེད་པ་དང་། མི་ངན་དང་ཆོས་ལོག་གིས་བསྟན་པ་ལ་བཞག་པའི་རྨ་ཤུལ་རྣམས་ཀྱང་ལེགས་པར་གསོས་མེད་པ་མཚོན། དེས་ན་ཁ་རྒྱུན་དུ་གསོག་པར་ལོ་གསུམ་དང་། གཏོར་བར་ཉིན་གང་ཞེས་བརྗོད་པ་བཞིན་མཁས་གྲུབ་ཁྱུང་པོ་བྱོན་དུས་ཀྱི་དུས་སྐབས་འདིར། ལོ་པཎ་དེ་དག་གིས་དཀའ་སྤྱད་ལྷུར་ལེན་དང་ཐབས་བརྒྱ་ཇུས་སྟོང་གིས་ཐེག་པ་ཆེན་པོའི་ཆོས་འཆད་ཉན་གྱི་སྲོལ་བཟང་ལེགས་པར་བཙུགས་པས་དེའི་སྔོན་རོལ་ཙམ་ལས་བསྟན་པ་དག་པར་གནས་ཀྱང་། བསྟན་པའི་མེ་རོ་ཆེན་པོ་དེ་འདྲ་ཙམ་ཞིག་གསོ་རྒྱུ་ནི་དུས་ཐུང་ནང་མངོན་འགྱུར་ཡོང་དཀའ་བ་ཞིག་ཡིན་པས། མཁས་གྲུབ་ཁྱུང་པོ་སོགས་ཀྱིས་མཁས་གྲུབ་དང་དེ་དག་གི་བརྒྱུད་པ་ཕྱི་མ་ཕྱི་མས་རིམ་བཞིན་ལས་གཞི་འདིའི་མཇུག་བསྐྱངས་ཡོད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན།
༡ མཁས་གྲུབ་ཁྱུང་པོ་དང་འབྲེལ་ཡོད་ཀྱི་བོད་ཀྱི་ལོ་ཙཱ་བ་འགའ་ཞིག
དུས་སྐབས་འདིར་མཁས་གྲུབ་ཁྱུང་པོ་དང་འདྲ་བའི་ལོ་པཎ་སྐྱེས་ཆེན་དུ་མ་བྱོན་ནས་རང་ནུས་ཅི་ཡོད་ཀྱིས་ཉག་ཕྲ་བའི་སངས་རྒྱས་ཀྱི་བསྟན་པར་དག་ཐེར་སླར་གསོ་མཛད་པ་དང་། གདམས་ངག་གི་ནོར་བུ་རིན་པོ་ཆེས་བོད་ཀྱི་རིག་གཞུང་བང་མཛོད་སྔར་བས་བྱུར་བུར་གཏམས་ཡོད། ལོ་ཙཱ་བ་དེ་དག་དང་། ལྷག་པར་དུ་མཁས་གྲུབ་ཁྱུང་པོ་དང་དངོས་སུ་ཞལ་མཇལ་མྱོང་ལ་ཆོས་ལུགས་རིག་གནས་ཀྱི་ལྟ་བ་གཡུང་དྲུང་ལག་ཁྱུད་ལྟར་དུ་སྦྲེལ་བའི་རྩོད་མེད་ཀྱི་ལོ་ཙཱ་བ་ཚོས་མཁས་གྲུབ་ཁྱུང་པོའི་ཆོས་ལུགས་ཀྱི་ལྟ་གྲུབ་ཡང་དག་འཐུས་ཚང་དང་རྒྱ་ཁྱབ་ཡོངས་གྲགས་སུ་འཕེལ་རྒྱས་འགྲོ་བར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་ཡོད་པ་སྟེ།
(༡) ལོ་ཆེན་རིན་ཆེན་བཟང་པོ།
ལོ་ཆེན་རིན་ཆེན་བཟང་པོ་ནི་སྤྱི་ལོ་958ལོར་སྟོད་མངའ་རིས་གུ་གེའི་ས་ཆར་སྐུ་འཁྲུངས་ཤིང་སྤྱི་ལོ1055ལོར་འདས། ཁོང་ནི་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ཧ་ཅང་གྲགས་ཆེ་ལ་གསང་སྔགས་གསར་མའི་བསྟན་པ་དར་བ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་ཞིག་སྟེ། སྔ་རྗེས་སུ་པཎྜི་ཏ་བདུན་ཅུ་རྩ་ལྔ་བསྟེན་ནས་དམ་པའི་ཆོས་མང་དུ་གསན་ཞིང་། བཀའ་འགྱུར་གྱི་སྐོར་པུ་ཏི་བཅུ་བདུན་དང་། བསྟན་བསྒྱུར་གྱི་སྐོར་པུ་ཏི་སོ་གསུམ། གསང་སྔགས་ཀྱི་སྐོར་པུ་ཏི་བརྒྱ་རྩ་བརྒྱད། བཟོ་དང་གསོ་རིག་སྐོར་གྱི་པུ་ཏི་སོགས་བསྒྱུར་རྩོམ་དུ་མ་བཞུགས་ལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བསྒྱུར་བའི་བསྟན་བཅོས་རྣམས་ལ་ཞུ་དག་མཛད། བླ་ཆེན་པོ་ལྷ་ལྡེ་བཙན་གྱིས་དབུའི་མཆོད་གནས་དང་རྡོ་རྗེ་སློབ་དཔོན་དུ་བཀུར་ཞིང་། སྤུ་ཧྲེང་ཞེར་གྱི་གནས་གཞི་ཕུལ། ཁྲོ་ཙ་དང་རོང་གི་གཙུག་ལག་ཁང་ལ་སོགས་པ་གནས་གཞི་དང་མཆོད་རྟེན་མང་དུ་བཞེངས། དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པ་ལ་ཇོ་བོ་རྗེ་མངའ་རིས་སུ་ཕེབས་སྐབས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཇོ་བོ་རྗེ་དང་ལྷན་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་མཇལ་མྱོང་ཞིང་། མཆོག་འགྱུར་གྱི་ལོ་ཙཱ་བ་འདི་ཉིད་ཀྱིས་ནི་གུའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་སོགས་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའི་ཤངས་ཆོས་ཀྱི་གཞུང་འགའ་ཤས་ལ་དག་བཅོས་དང་གཏན་འབེབས་མཛད།
(༢) གླན་དར་མ་བློ་གྲོས།
གླན་དར་མ་བློ་གྲོས་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྨད་ཙམ་དུ་སྐུ་འཁྲུངས་ལ། ཐོག་མར་བོད་ཡུལ་དུ་སློབ་གཉེད་མཛད། དེ་ནས་ཁ་ཆེ་དང་། བལ་ཡུལ། འཕགས་ཡུལ་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་ཞིང་བཀའ་བསྟན་དུ་མ་བོད་ཡིག་ཏུ་བསྒྱུར། མཁས་གྲུབ་ཁྱུང་པོ་ཐེངས་གསུམ་པར་རྒྱ་གར་ནས་བོད་དུ་ཕྱིར་ལོག་ཕེབས་སྐབས་གྲགས་ཅན་གྱི་ལོ་ཙཱ་བ་འདི་དང་གྲུབ་ཆེན་ག་ཡ་དྷ་ར་ལྷན་དུ་ཕེབས་པ་ཡིན། ལོ་ཙཱ་བ་འདིས་ཆོས་དྲུག་རྡོ་རྗེའི་ཚིག་རྐང་དང་། ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་སེམས་འཆི་མེད་རྡོ་རྗེའི་ཚིག་རྐང་རང་ཤར་ཕྱག་རྒྱ་ཆེན་མོའི་རྡོ་རྗེའི་ཚིག་རྐང་ཤན་སྦྱར་བདེ་མཆོག་ལྷ་ལྔའི་དབང་བཞིའི་འགྲིགས་བླ་མའི་དགོས་བཀའ་བྱེད་ལུགས་བླ་མའི་དབང་བཞི་དང་། དབང་བཞི་བླ་མའི་སྒྲུབ་ཐབས་དཔལ་འཁོར་ལོ་སྡོམ་པའི་ཏིང་འཛིན་གྱི་དབང་བསྐུར་བདེ་མཆོག་ལྷ་ལྔའི་དབང་བསྐུར་དཔལ་རྒྱུད་སྡེ་ལྔའི་རྒྱ་གཞུང་བླ་མ་རྡོ་རྗེ་གདན་པས་མཛད་པ་རང་སེམས་འཆི་མེད་རང་གྲོལ་གྱི་རྒྱ་གཞུང་སྒྱུ་མ་ལམ་རིམ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་མཁའ་འགྲོ་ནི་གུ་མས་མཛད་པ་སོགས་ཤངས་པའི་ཆོས་ཀྱི་རྩ་བར་གྱུར་པའི་གཞུང་མང་དག་ཅིག་ཡེ་ཤེས་མཁའ་འགྲོའི་ཞལ་སྔ་ནས་བོད་ཡིག་ཏུ་བསྒྱུར་གནང་མཛད་པས། ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་དར་སྤེལ་གནང་བར་སྐུ་དྲིན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་ཞིག་ཡིན། ལོ་ཙཱ་བ་འདིའི་མཛད་རྣམ་ཞིབ་པ་ད་ཕན་མ་རྙེད།
(༣) རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས།
རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ནི་རབ་བྱུང་དང་པོའི་ཤིང་སྤྲེལ་སྤྱི་ལོ1044ལོར་སྐུ་འཁྲུངས་ཤིང་། ཁོང་ནི་མཁས་གྲུབ་ཁྱུང་པོ་དང་འདྲ་བར་འཕགས་ཡུལ་དུ་ཐེངས་གསུམ་ཕེབས་ནས་པཎ་ཆེན་མང་པོ་ལས་གསང་སྔགས་ཀྱི་ཆོས་སྐོར་ཐམས་ཅད་ལ་ནང་བྱན་ཆུད་པར་མཛད། མཁས་གྲུབ་ཁྱུང་པོས་ཁོང་གི་མཁན་པོ་མཛད་དེ་རབ་བྱུང་གི་སྡོམ་པ་བཞེས། སློབ་མ་གྲགས་ཆེ་བ་ནི་མ་གཅིག་ཞ་མ་དང་། འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ་ཡིན། རབ་བྱུང་གཉིས་པའི་ས་སྦྲུལ་སྤྱི་ལོ1089ལོར་གཞན་གྱིས་དུག་དྲངས་ནས་བཀྲོངས། ལོ་ཙཱ་བ་འདིས་ལེགས་སྦྱར་སྐད་ཀྱི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བ་ལས། བསྟན་འགྱུར་ཁྲོད་གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ་དང་། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་བཤད་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་བཤད་སློབ་མ་ལ་ཕན་པ་རྩོད་པའི་རིགས་པ་བྱང་ཆུབ་སེམས་བདེ་བའི་མན་ངག་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་རྡོ་རྗེ་ལྟ་བུ་འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སོགས་བསྒྱུར་ཉེར་གསུམ་ལྷག་ཙམ་བཞུགས། ཡང་རྨ་དགེ་བའི་བློ་གྲོས་ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཚད་མ་རྣམ་འགྲེལ་བོད་ཡིག་ཏུ་བསྒྱུར་མཁན་གྱི་ལོ་ཙཱ་བ་ཞིག་ཡོད་ཀྱང་། འདི་གཉིས་ཀྱི་དབར་དུས་སྔ་ཕྱིའི་ཁྱད་པར་ཆེ་བས་མི་གཅིག་ཡིན་མི་སྲིད།
(༤) འབྲོག་མི་ཤཱཀྱ་ཡེ་ཤེས།
འབྲོག་མི་ཤཱཀྱ་ཡེ་ཤེས་ནི་སྤྱི་ལོ་993ལོར་གཙང་སྟོད་ལྷ་རྩེའི་མང་མཁར་དུ་སྐུ་འཁྲུངས་ཤིང་སྤྱི་ལོ1074ལོར་འདས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་སོགས་ལ་ལེགས་པར་སྦྱངས། ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། རྒྱ་ཤཱཀྱ་གཞོན་ནུ། སེ་ཡེ་ཤེས་བརྩོན་འགྲུས། ཉང་རྡོ་རྗེ་རྒྱལ་མཚན་བཞི་ལས་རབ་བྱུང་གི་སྡོམ་པ་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ལེགས་པར་མཛད། དེ་རྗེས་རྒྱ་གར་དང་བལ་ཡུལ་སོགས་སུ་མི་ལོ་བཅུ་གཉིས་ཀྱི་རིང་སློབ་གཉེར་མཛད་ཅིང་། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བདུད་རྩི་བཞེས་ཏེ་ས་སྐྱ་པའི་ཆོས་བརྒྱུད་ཀྱི་སྲོལ་ཁ་གཏོད། དགུང་ལོ་ང་གཉིས་པ་རབ་བྱུང་དང་པོའི་ཆུ་ལུག་སྤྱི་ལོ1043ལོར་མང་མཁར་མྱུ་གུ་ལུང་ཕྱག་བཏབ་ཅིང་འཆད་ཉན་སྤེལ་བས་སློབ་མའི་གཙོ་བོ་མན་ངག་ཚར་བ་གསུམ་དང་། རྒྱུད་ཚར་བ་ལ། གྲུབ་ཐོབ་བདུན་སོགས་བྱོན། འབྲོག་མི་ལོ་ཙཱ་བས་གྲུབ་ཆེན་ག་ཡ་དྷ་ར་བོད་དུ་བྱོན་པ་བསུ་བར་ཕེབས་སྐབས། མང་ཡུལ་དུ་གྲུབ་ཆེན་ཉིད་དང་ལྷན་དུ་མཁས་གྲུབ་ཁྱུང་པོ་མཇལ་ཞིང་། མཁས་གྲུབ་ཁྱུང་པོ་སྐུ་འཁྲུངས་མ་ཐག་ལུང་བསྟན་མཛད་མཁན་གྱི་རྒྱ་གར་གྱི་གྲུབ་ཐོབ་ཨ་མོ་གྷ་བཛྲ་ཡང་འབྲོག་མི་ལོ་ཙཱ་བའི་གསང་སྔགས་ཀྱི་ཆོས་སྐོར་འགའ་ཞིག་ཞུ་སའི་བླ་མ་ཡིན། ཁོང་གི་བསྒྱུར་རྩོམ་ཡང་བཀའ་འགྱུར་ཁྲོད་དཔལ་གསང་བ་རྡོ་རྗེའི་རྒྱུད་ལེའུ་བཞི་པ་དང་། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཟླ་བའི་ཕྲེང་བ་སོགས་དང་། བསྟན་བསྒྱུར་ཁྲོད་མངོན་པར་རྟོགས་པའི་རིམ་པ་དང་། དུར་ཁྲོད་བརྒྱད་དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས་སོགས་ཆོས་ཚན་དྲུག་ཅུ་རེ་བདུན་བཞུགས་སོ།
།དེ་ལྟར་གོང་དུ་བཀོད་པའི་ལོ་ཆེན་རིན་ཆེན་བཟང་པོ་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་སོགས་ནི་བོད་སིལ་བུའི་སྨད་ཀྱི་ཚབ་མཚོན་གྱི་ལོ་ཙཱ་བ་ཤ་སྟག་ཡིན་པས། ཁོང་རྣམས་ཀྱིས་གཙོས་པའི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་གསལ་བར་ཐོན་ཞིང་། མཁས་གྲུབ་ཁྱུང་པོ་དང་དངོས་སུ་མཇལ་མྱོང་བའི་གྲགས་ཆེན་གྱི་ལོ་ཙཱ་བ་མང་པོ་ལོ་ཙཱའི་གཅིག་མཐུན་གྱི་བྱ་གཞག་ཐོག་ལས་དབང་གི་ཞགས་ཐག་གཅིག་ཏུ་སྦྲེལ་བས། ཕན་ཚུན་དབར་རིག་གནས་བརྗེ་ལེན་དང་། ཉམས་མྱོང་སྤེལ་རེས་བྱེད་པ་སོགས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་སྲིད་པས། དེས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཡང་དངོས་དང་བརྒྱུད་པའི་ཤུགས་རྐྱེན་ཅི་རིགས་ཐེབས་ཏེ། སྐུ་ཚེའི་སྨད་དུ་མཛད་འཕྲིན་གྱི་འབྲས་བཟང་ཡོངས་སུ་སྨིན་པར་གལ་ཆེའི་ཆ་རྐྱེན་བསྐྲུན་ཡོད།
༢ མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་བོད་དུ་ཕེབས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་སྐོར།
བོད་སིལ་བུའི་སྨད་དུ་བོད་དང་ཉེ་འཁོར་གྱི་རྒྱལ་ཁབ་དང་ཡུལ་ལུང་ཁག་དབར་རིག་གནས་སྤེལ་རེས་བྱེད་པ་དེ་ཡང་ཕྱོགས་གཉིས་ཀ་སྟེ། བོད་ཀྱི་ལོ་ཙཱ་བ་དང་མཁས་པ་རྣམས་ཕྱི་ཕྱོགས་ལ་སློབ་གཉེར་གནང་བར་ཕེབས་པ་ཙམ་མ་ཟད། ཕྱི་ཕྱོགས་ཀྱི་པཎ་གྲུབ་དུ་མ་བོད་དུ་ཕེབས་ནས་ནང་ཆོས་གཙོ་བོར་གྱུར་པའི་རིག་གཞུང་སྤེལ་རེས་གནང་བ་ལ།
(༡) །པཎྜི་ཏ་བཻ་རོ་ཙ་ན་རཀྴི་ཏ།
དེ་ཡང་མཁྱེན་རྟོགས་ནུས་པའི་རྩལ་ཆེན་རྫོགས། །བར་དོར་མཆོག་གི་དངོས་གྲུབ་བརྙེས། བཻ་རོ་ཙ་ན་རཀྴི་ཏ། །རྣལ་འབྱོར་དབང་པོའི་ཞབས་ལ་འདུད་ཅེས་འཁོད་པའི་བཻ་རོ་ཙ་ན་རཀྴི་ཏ་ནི་མཁས་གྲུབ་ཁྱུང་པོའི་རྒྱ་གར་གྱི་བླ་མ་བརྒྱ་དང་ལྔ་བཅུའི་གྲས་སུ་གཏོགས་ཤིང་། མཁས་གྲུབ་ཁྱུང་པོ་རྒྱ་གར་དུ་ཕེབས་ཐེངས་གཉིས་པར་བླ་མ་འདི་དང་མཇལ་ནས་གསང་འདུས་ལ་སོགས་པའི་གདམས་པ་དུ་མ་གསན། རྣལ་འབྱོར་པ་འདི་ཉིད་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ས་ལའི་གྲོང་ཁྱེར་སོ་མ་པུ་རིར་རྒྱལ་པོ་ས་ཙ་ནའི་རིགས་སུ་སྐུ་འཁྲུངས། ས་ར་པཱ་ལ་ལས་ལོ་བརྒྱད་ཀྱི་རིང་ཨ་མ་ན་སི་དང་། དོ་ཧ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་མཻ་ཏྲི་པ་འི་ཆོས་སྐོར་སོགས་ཞུས་ཤིང་། ཇོ་བོ་རྗེ་ལས་ཀྱང་གདམས་པ་འགའ་ཞིག་གསན། བོད་དུ་ལན་ལྔ་ཕེབས་ནས་དབུས་གཙང་གི་ས་ཆ་སྟོད་སྨད་མང་པོར་བྱོན། འཕན་ཡུལ་གྱི་རྒྱལ་དུ་ཡུན་རིང་བཞུགས་ཏེ་དོ་ཧ་ལ་སོགས་པའི་འགྱུར་ཡང་མཛད། གྲུབ་ཆེན་འདི་ཉིད་དངུལ་ཆུའི་བཅུད་ལེན་གྲུབ་པས། རྒྱ་ནག་ཏུ་ཕེབས་པའི་དུས་ཤིག་རྒྱལ་པོས་ཉམས་སད་པའི་ཕྱིར་དངུལ་ཆུ་དཀར་ཡོལ་གང་དྲངས་པ་ཅིག་ཅར་དུ་གསོལ། རྒྱལ་པོས་དེ་ལྟར་བྱས་པ་ལ་མ་མཉེས་པར་བོད་དུ་བྱོན། འདིའི་སློབ་མའི་གྲས་སུ་ལ་སྟོད་དུ་སྤྲུལ་སྐུ་ཟླ་བ་འོད་ཟེར་དང་། གཙང་དུ་རིན་པོ་ཆེ་རྒྱལ་ཚ། དབུས་སུ་ཞང་རིན་པོ་ཆེ་དང་རྗེ་དུས་གསུམ་མཁྱེན་པ་སོགས་བོད་ཀྱི་སློབ་མ་མང་། བཻ་རོ་ཙ་ན་འདི་ཉིད་དང་དམ་པ་སྐོར་ཡང་མཇལ་མྱོང་བས། སྐབས་དེར་དམ་པ་སྐོར་ལ་ནི་རུ་པས་གྲོང་འཇུག་མཛད་མེད་སྟབས་སྐོར་ནི་རུ་པ་ལས་བོད་དུ་བྱོན་པ་སྔ་བ་ཡིན།
(༢) །བྱང་ཆུབ་སེམས་དཔའ་དཱ་ན་ཤྲཱི།
དཔལ་ནཱ་རོ་པའི་སློབ་མ་དྷ་ཆེན་པོའམ་བྱང་ཆུབ་སེམས་དཔའ་དཱ་ན་ཤྲཱི་ནི། བོད་ཡུལ་སྟོད་ཀྱི་མངའ་རིས་སོགས་སུ་བྱོན་མྱོང་བ་ཡིན་ཏེ། བུ་སྟོན་ཆོས་འབྱུང་ནང་བོད་དུ་དམ་ཆོས་དར་བར་མཛད་མཁན་གྱི་བོད་དུ་ཕེབས་པའི་པཎྜི་ཏའི་ཁོངས་ཀྱི་གྲངས་སོ་གཉིས་པར་འདི་ཉིད་ཀྱི་མཚན་དྲངས་ཡོད། ཚད་མ་རྒྱན་དང་ཆོས་མཆོག་ལ་མཁས། ཁོང་ནི་མཁས་གྲུབ་ཁྱུང་པོའི་རྒྱ་གར་གྱི་བླ་མ་བརྒྱ་དང་ལྔ་བཅུའི་གྲས་ཤིག་ཡིན་ལ། ཇོ་བོ་རྗེའི་གསང་སྔགས་ཀྱི་ཆོས་གསན་སའི་བླ་མ་རྣམས་ཀྱི་གྲས་ཤིག་ཀྱང་ཡིན། མཁས་གྲུབ་ཁྱུང་པོ་རྒྱ་གར་དུ་ཕེབས་ཐེངས་གཉིས་པར་བླ་མ་རྡོ་རྗེ་གདན་པའི་གསུང་བཞིན་ཤྲཱི་ན་ལེནྡྲར་བླ་མ་དྷ་ཆེན་པོ་འདི་ཉིད་དང་མཇལ་ནས་དེ་ཉིད་འདུས་པ་དང་། རྡོ་རྗེ་རྩེ་མོ། ངན་སོང་སྦྱོང་རྒྱུད། གསང་བ་འདུས་པ་འཕགས་བསྐོར་སོགས་གདམས་ངག་མང་དུ་གསན་མྱོང་།
ཡང་པཎྜི་ཏ་འདི་ཉིད་ཡར་ལུང་སྟག་ཚལ་དུ་ཡང་བཞུགས་མྱོང་བ་སྟེ། ཆག་ལོ་ཆོས་རྗེ་དཔལ་རྒྱ་གར་ནས་གཉལ་དུ་ཕེབས་རྗེས་ཀྱི་ལོ་གཉིས་ཙམ་ན། ར་ས་འཕྲུལ་སྣང་གི་ཇོ་བོ་ལ་མཆོད་པ་འབུལ་དུ་བྱོན་པའི་ལམ་བར་ཡར་ལུང་སྟག་ཚལ་དུ་པཎྜི་ཏ་དཱ་ན་ཤཱི་ལ་སྒྲུབ་ཐབས་བསྡུས་པའི་དཔེ་ཆ་ཡོད་མེད་འདྲི་བར་བྱོན། ཆག་ལོས་རྒྱུད་བླ་མའི་མཆོད་བརྗོད་ལེགས་སྦྱར་སྐད་དུ་གསུངས་ཏེ་གཤིས་པ་བརྗོད་པས་པཎྜི་ཏ་འདི་ཉིད་འདར་སིག་སིག་དང་སྤྱན་ཆབ་སིལ་སིལ་དུ་བྱུང་སྟེ་མ་ཁས་མཁས་ང་བས་ཁྱོད་མཁས་པར་འདུག །ཁྱོད་རྒྱ་གར་དུ་ཡུན་རིང་དུ་སྦྱངས་པས་པཎྜི་ཏ་ཆེན་པོར་འདུག །ང་བོད་དུ་བསྡད་པས་བ་ལང་དུ་སོང་ཞེས་ཀྱང་གསུངས། པཎ་ཆེན་འདི་ཉིད་བོད་དུ་དུས་ནམ་ཞིག་ལ་བྱོན་པའི་སྐོར་ཡང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འདི་དཱ་ན་ཤཱི་ལ་དང་སངྒྷ་ཤྲཱི་ལ་ས་སྐྱ་བ་ཀུན་དགའ་རྒྱལ་མཚན་གྱིས་སྒྲ་དང་ཚད་མ་བསླབས་ཞེས་འཁོད་པ་ལྟར་ན། ཁ་ཆེ་པཎ་ཆེན་གྱི་སློབ་མ་དཱ་ན་ཤཱི་ལ་དང་སངྒྷ་ཤྲཱི་ལ་གཉིས་ཁ་ཆེ་པཎ་ཆེན་ཉིད་དང་མཉམ་དུ་རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ1204ལོར་བོད་དུ་བྱོན་པ་ལ་ཆོས་རྗེ་ས་པཎ་གྱིས་སྒྲ་ཚད་སོགས་གསན་པར་གསུངས་མོད། འོན་ཏེ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་མཁས་གྲུབ་ཁྱུང་པོས་ཀྱང་བླ་མ་འདི་ཉིད་དང་མཚན་མཚུངས་པ་ཞིག་མཇལ་གནང་བའི་སྐོར་མཛད་རྣམ་དུ་གསལ་བར་འཁོད་པ་ལྟར་ན། མ་མཐར་ཡང་ལོ་བརྒྱ་དང་དྲུག་ཅུ་ལྷག་ཙམ་གྱི་ཧེ་བག་ཡོད་པས། དེ་གཉིས་མི་གཅིག་ཡིན་མིན་དང་། བོད་དུ་དུས་ཡུན་ཇི་ཙམ་བཞུགས་པའི་སྐོར་སོགས་མུ་མཐུད་དཔྱད་པར་འཚལ།
(༣) གྲུབ་ཆེན་ཨ་མོ་གྷ་བཛྲ།
དེ་ཡང་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུ་ཁམས་པ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པས་པཎྜི་ཏ་ཨ་མོ་གྷ་བཛྲ་སྤྱན་དྲངས་ནས། བྱ་སྤྱོད་ཀྱི་རྟོགས་པ་མང་པོ་དང༌། ཕྱག་ལེན་དང་སྒྲུབ་ཐབས་བརྒྱ་རྩ་བརྒྱད། བླ་མེད་ཀྱི་དཀྱིལ་འཁོར་ཆོ་ག་བཀའ་ཟབ་པ་མཛད་ཅིང་བསྒྱུར་རོ་ཞེས་འཁོད་པ་ལྟར། གཙོ་བོར་དོན་ཞགས་ལ་འཕྲིན་ལས་ཆེ་བ་བ་རི་ལོ་ཙཱ་བས་སྤྱི་ལོ1040ལོར་འཁྲུངས་ཤིང་སྤྱི་ལོ1111ལོར་འདས་རྒྱ་གར་གྱི་པཎྜི་ཏ་ཨ་མོ་གྷ་བཛྲ་བོད་དུ་སྤྱན་དྲངས་ནས་བྱ་སྤྱོད་ཀྱི་རྟོགས་པ་དང་། ཕྱག་ལེན། སྒྲུབ་ཐབས་སོགས་བསྒྱུར་ཞིང་། བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུར་བརྟུལ་ཞུགས་སྤྱོད་པ་ཕྱོགས་མེད་གྲུབ། །མཐུ་སྟོབས་འཕྲིན་ལས་ཐོགས་པ་མེད། །མི་འཇིགས་གདེང་ལྡན་གྲུབ་པའི་རྗེ། དོན་ཡོད་རྡོ་རྗེའི་ཞབས་ལ་འདུད། ཅེས་འཁོད་པ་ལྟར་གྲུབ་ཆེན་འདི་ནི་མཐུ་སྟོབས་འཕྲིན་ལས་ཀྱི་མངའ་བདག་བརྟུལ་ཞུགས་ཀྱི་སྤྱོད་པ་འཛིན་པ་ཞིག་ཡིན། མཁས་གྲུབ་ཁྱུང་པོ་སྐུ་འཁྲུངས་མ་ཐག་གྲུབ་ཐོབ་ཨ་མོ་གྷ་བཛྲ་བྱོན་ནས་བློ་འཕེལ་གྱི་ཆོ་ག་དང་། ལུང་བསྟན་མང་པོ་མཛད་པའི་སྐོར་མཛད་རྣམ་དུ་འཁོད་ཡོད། ཨ་མོ་གྷ་བཛྲ་ཞེས་བོད་ཀྱི་སྐད་དུ་དོན་ཡོད་ཞགས་པ་སྟེ། བླ་མ་རྡོ་རྗེ་གདན་པ་ཆེ་བའི་མཚན་ལ་དོན་ཡོད་ཞགས་པ་ཟེར་བ་སོགས་དོན་ཡོད་ཞགས་པའི་བརྒྱུད་འཛིན་རྣམས་ལ་མཚན་དེ་ཐོགས་པ་གཞན་འགའ་རེ་ཡོད་མོད། འོན་ཀྱང་ཆུ་བཟང་བླ་མའི་གསན་ཡིག་ཏུ་འཇིགས་བྱེད་ལྷ་ཞེ་དགུ་པའི་དབང་གི་བརྒྱུད་པ་བརྗོད་པའི་སྐབས་ཡོངས་གྲགས་སུ་ཨ་མོ་གྷ་བཛྲ་ཆེ་ཆུང་གཉིས་ཐོན་ཡོད། དེ་ལས་ཨ་མོ་གྷ་ཆུང་བ་ནི་སྐྱོ་ལོ་ཙཱ་བའི་བླ་མ་ཡིན་པས་བོད་དུ་སྤྱན་དྲངས་ནས་དབུས་གཙང་གི་ས་ཆ་རྣམས་སུ་ཕེབས་མྱོང་བ་དང༌། བ་རི་ལོ་ཙཱ་བས་སྤྱན་དྲངས་པའི་པཎྜི་ཏ་ཨ་མོ་གྷ་བཛྲ་ཡང་བོད་དུ་ཕེབས་མྱོང་བས། མཁས་གྲུབ་ཁྱུང་པོར་ལུང་བསྟན་མཛད་མཁན་གྱི་གྲུབ་ཆེན་ཨ་མོ་གྷ་བཛྲ་ནི་དེ་གཉིས་ལས་གང་དང་། ཡང་ན་གཞན་ཞིག་ཡོད་མེད་སོགས་ཀྱི་སྐོར་མུ་མཐུད་དཔྱད་དགོས།
(༤) གྲུབ་ཆེན་གྷ་ཡ་དྷ་ར།
གྲུབ་ཆེན་འདི་ནི་པཎ་ཆེན་ནཱ་རོ་པ་དང་མངའ་བདག་མེ་ཏྲི་པ་སོགས་གྲུབ་ཐོབ་མང་པོའི་སློབ་མ་རྟེན་ཁྱིམ་པར་བཞུགས་པ་ཞིག་ཡིན། སྤྱིར་ཐེག་ཆེན་དང་། བྱེ་བྲག་རྡོ་རྗེ་ཐེག་པ། དེའི་ནང་ནས་ཀྱང་རྣལ་འབྱོར་བླ་མེད། ཁྱད་པར་དུ་དཔལ་བིརྭ་པའི་ལུགས་ལ་ཤིན་ཏུ་མཁས། བསྐྱེད་རིམ་ལ་བརྟན་པ་ཐོབ་པ། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་ཤིང་། འཕོ་བ་དང་གྲོང་འཇུག་ལ་ཐོགས་པ་མེད་པ་སོགས་ཀྱི་གྲུབ་པའི་ཡོན་ཏན་མང་དུ་མངའ། བོད་དུ་ཕེབས་ཐེངས་རེར་མཚན་ཐ་དད་དུ་ཐོགས་ཤིང་ཐེངས་གཅིག་ཨ་ཙ་ར་དམར་པོ་ཞབས་སུ་ཡང་གྲགས། ཕྱིས་འབྲོག་འགོས་གཉིས་ཀྱི་བླ་མ་ཡང་གནང་། ལྷག་པར་དུ་གྲུབ་ཆེན་འདིས་འབྲོག་མི་ལོ་ཙཱ་བ་ལ་བསྒྲུབ་པའི་ཚོམས་དང་ལྡན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མན་ངག་རྫོགས་པར་བསྩལ། མཁས་གྲུབ་ཁྱུང་པོ་ཐེངས་གསུམ་པར་འཕགས་ཡུལ་ནས་བོད་དུ་ཕྱིར་ལོག་ཕེབས་སྐབས་གྲུབ་ཆེན་འདི་དང་ལྷན་དུ་ཕེབས་པ་ཡིན།
དེ་ལྟར་སྐབས་དེར་སངས་རྒྱས་བསྟན་པ་ཡུན་རིང་ཉམས་དམས་སུ་སོང་ནས། ཆོས་སྤྱོད་ཀྱི་ལམ་འཕྲང་རྒྱ་ཡན་འཁྲུལ་ལོག་ཏུ་ཤོར་བའི་གནས་ཚུལ་དེ་དག་གིས་ཆོས་བྱེད་སྐྱེས་བུ་ཚོ་དང་། སྔར་གྱི་རྒྱལ་བློན་རྣམས་ཀྱིས་དམ་ཆོས་སྤེལ་བའི་མཛད་པ་ཡིད་སེམས་ལ་ཝ་ལེར་དྲན་པའི་བོད་མི་ཚོའི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བྱུང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་དེ་ཉིད་སླར་གསོ་བའི་འདུན་པ་དྲག་པོ་བཅངས་སྟབས་བསྟན་པ་ཕྱི་དར་དབུ་ཚུགས་པ་དང་དམ་ཆོས་སླར་ཡང་སྤེལ་རྒྱུར་དད་ལྡན་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་བཏིངས་ཡོད། དེས་མ་ཟད་སྐབས་དེར་གཅིག་འགྱུར་གྱི་སྲིད་དབང་དང་། ལྷག་པར་དུ་རྒྱལ་པོ་འུ་དུམ་བཙན་ལྟར་དམ་ཆོས་སྤེལ་བར་བཀག་འགོག་བྱེད་མཁན་གྱི་དབང་བསྒྱུར་བ་ཞིག་མེད་རྐྱེན་ཆོས་ལ་སྲིད་ཀྱི་བཀག་རྒྱ་ཆུང་བས། ནང་ཆོས་ཀྱི་ཕྱོགས་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་རྩེར་སོན་པའི་སྐྱེས་མཆོག་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སོགས་པ་རྣམས་བོད་ནང་ཁུལ་ཙམ་མ་ཟད་ཕྱི་ཕྱོགས་ལ་སློབ་གཉེར་དུ་རང་དགར་ཕེབས་པའི་ཚ་རླབས་ཤིག་འཕྱུར། མཁས་པ་དེ་དག་གིས་ནང་ནས་འགའ་ཞིག་གིས་བདག་ཅག་གི་སྟོན་པའི་གསེར་ཞལ་གཅིག་ལས་བྱོན་པའི་གཞུང་ལུགས་དང་ལྟ་གྲུབ་རྣམས་ལ་རང་ཉིད་ཀྱི་རིག་པའི་བློ་རྩལ་ཡོད་ཚད་བཏོན་ནས་སྲེག་བཅད་བརྡར་གསུམ་བྱས་ཏེ་ཆོས་གཞུང་འགྲེལ་བ་དང་། ཉམས་ལེན་བྱ་ཚུལ་གྱི་ཐབས་ལམ་མི་འདྲ་བ་འགའ་ཤས་རྙེད་ཟིན་པ་དག །གང་དེའི་བརྒྱུད་འཛིན་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་དར་རྒྱས་དང་གོང་འཕེལ་མཛད་པས། དམིགས་བསལ་ཁྱད་ཆོས་ལྡན་པའི་ཤངས་པ་བཀའ་བརྒྱུད་སོགས་ཀྱི་ཆོས་བརྒྱུད་དེ་དག་རིམ་གྱིས་བྱུང་། ལྷག་དོན་མཁས་པ་དེ་དག་གིས་རྒྱ་གར་གྱིས་གཙོས་པའི་ཕྱི་ཕྱོགས་ཀྱི་ཡུལ་གྲུ་དུ་མར་ལོ་མང་རིང་དཀའ་སྤྱད་དང་དུ་བླངས་ཏེ་རིག་གཞུང་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་མཐར། ཡུལ་ལུང་དེ་གའི་ཆོས་བྱེད་ཀྱི་མཐུན་རྐྱེན་ལ་དབུ་འཁོར་ནས་ཟས་ནང་དུ་ཟས། སྒོ་ང་ཕྱི་ལ་བཏང་ཞེས་པའི་དཔེ་ལྟར་མ་གནང་བར་རང་ཉིད་འཁྲུངས་ས་དང་འཚར་ལོང་གནང་སའི་བོད་ཀྱི་ཡུལ་གྲུར་སླར་ལོག་ཕེབས་ཏེ་རང་གི་བློ་ཡུལ་དུ་བྱུར་བུར་གཏམས་པའི་ཤེས་རིག་རྣམས་དཔེ་མཁྱུད་ཅི་ཡང་མེད་པར་གདུལ་བྱ་ཅི་རིགས་ལ་ཕངས་མེད་དུ་སྩོལ་བའི་ཆོས་ཀྱི་སྦྱིན་པ་ལ་རབ་ཏུ་བརྩོན་པས། གདུལ་བྱ་དེ་རྣམས་ཀྱི་མ་རིག་མུན་པའི་བློ་ཡུལ་དུ་དམ་ཆོས་ཀྱི་འོད་པོ་ཆེ་ཤར་བར་མཛད། འདིས་ནི་ཤེས་བྱ་རིག་པའི་གནས་མཐའ་དག་ཐོགས་མེད་དུ་མཁྱེན་པའི་དམ་པ་རྣམས་ཀྱིས་དམ་ཆོས་སྤེལ་བསྒྱུར་ལས་ལྷག་པའི་མིའི་རིགས་ཀྱི་རྣམ་ཤེས་གོང་དུ་འཕོ་བར་སྤྲོ་བའི་ཟོལ་མེད་ཀྱི་ལྷག་བསམ་དང་བླ་མེད་ཀྱི་སྙིང་སྟོབས་མཚོན་པས་ངེད་ཕྱི་རབས་པ་རྣམས་ཀྱིས་གནའ་བཟང་དེང་སྤྱོད་བྱ་རྒྱུའི་གནད་དམ་པ་ཞིག་ཏུ་མཐོང་ངོ༌།
།མདོར་ན། བོད་སིལ་བུའི་སྨད་དུ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ་དང༌། སྐབས་དེར་འཕགས་ཡུལ་གྱི་པཎ་གྲུབ་སྐོར་ཅིག་བོད་དུ་ཞབས་བཅགས་པ། བོད་ཀྱི་ལོ་ཙཱ་བས་གཙོས་མཁས་གྲུབ་དུ་མ་ཡང་འཕགས་ཡུལ་དང་བལ་ཡུལ། ཁ་ཆེ་སོགས་སུ་སློབ་གཉེར་ལ་ཕེབས་ནས། བོད་དང་འཕགས་ཡུལ་གྱིས་གཙོས་རྒྱལ་ཁབ་ཁག་དབར་ཕྱོགས་གཉིས་ཐད་ནས་ཆོས་ལུགས་སོགས་ཀྱི་རིག་གནས་སྤེལ་རེས་བྱེད་པའི་འབྲེལ་བ་དམ་ཟབ་ཆགས་ཡོད། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡང་བོད་སིལ་བུའི་སྨད་ཙམ་སྟེ་སྤྱི་ལོའི་དུས་རབས་བཅུ་པའི་སྨད་དང་བཅུ་གཉིས་པའི་དུས་འགོ་བར་གྱི་དུས་བཟང་དེ་ཙམ་ན་འཚོ་ཞིང་བཞུགས་པས། མཁས་པ་གཞན་རྣམས་དང་འདྲ་བར་རང་གི་བློ་འདོད་ལྟར་ཕྱི་ཕྱོགས་སུ་སློབ་གཉེར་ལ་ཕེབས་པ་དང་དམ་པའི་ཆོས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། ཁོང་གིས་ཁུངས་ཕེར་བའི་ཆོས་ལུགས་ཀྱི་རིག་གཞུང་ལྟ་གྲུབ་དང་། ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་གདམས་པ་རྣམས་གཞི་རྟེན་དུ་བྱས་ཏེ་རང་རང་ལུགས་ཀྱི་བརྒྱུད་པ་ཞིག་སྟེ། བོད་སོག་ཆོས་འབྱུང་དུ་རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་སྟེ། སྒྲུབ་བརྒྱུད་འཛིན་པའི་ཤིང་རྟ་ཆེ་བརྒྱད་དོ་ཞེས་འཁོད་པའི་སྔ་འགྱུར་རྙིང་མ་དང་བཀའ་གདམས་པ། ལམ་འབྲས་པ། དྭགས་པོ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་པ། སྦྱོར་དྲུག །བསྙེན་སྒྲུབ་བཅས་སྒྲུབ་བརྒྱུད་འཛིན་པའི་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ལྔ་པར་བགྲང་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་བཀའ་སྲོལ་ལེགས་པར་ཕྱེ་བའོ།

I.1.2 - The names of Khyungpo Neljor
།གཉིས་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་མཚན་གྱི་རྣམ་གྲངས།
དེ་ཡང་ལང་ཀར་གཤེགས་པའི་མདོ་ལས། མིང་དུ་བཏགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་བཏགས་པར་མཛད། །ཅེས་གསུངས་པ་ལྟར་སྤྱིར་འཇིག་རྟེན་ཐོག་གི་སྐྱེ་འགྲོ་དང་དངོས་རྫས་གང་ཞིག་ཡིན་རུང་གཞན་དང་འཁྲུལ་བ་མི་ཡོང་བའི་ཕྱིར་རང་ཉིད་ཁོ་ནར་དབང་བའི་མིང་བརྡ་ཞིག་ཡོད་པ་ནི་གོར་མ་ཆག །ལྷག་པར་བོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་སྐྱེས་བུ་ལ་ལར་ཐོག་མའི་མཚན་དེ་ཕུད་རང་ཉིད་ཀྱི་མི་ཚེའི་དུས་སྐབས་གང་རུང་གི་མཛད་པ་འཕྲིན་ལས་སོགས་དང་འབྲེལ་བའི་མཚན་མི་འདྲ་བ་འགའ་ཡང་ཡོད་པ་སྟེ། རྗེ་བཙུན་མི་ལར་ཐོས་པ་དགའ་དང་། ཨ་ཕོ་མཐུ་ཆེན། མི་ལ་རས་པ་སོགས་ཐོགས་པ་དེ་དག་ལས། ཐོས་པ་དགས་ཡབ་ཀྱིས་མི་ལ་འཁྲུངས་པའི་གནས་ཚུལ་གསན་སྐབས་ཀྱི་དགའ་ཉམས་དང་ལྡན་པའི་ཐུགས་སེམས་དང་། ཨ་ཕོ་མཐུ་ཆེན་གྱིས་རྗེ་བཙུན་མི་ལར་མཐུ་དང་རྫུ་འཕྲུལ་གྱི་གྲུབ་རྟགས་མང་དུ་མངའ་བ། མི་ལ་རས་པས་དབུ་རལ་པས་བཅིངས་པ་སོགས་ཀྱིས་སྐུ་ཚེ་གཅིག་རིང་གི་དུས་སྐབས་མི་འདྲ་བའི་གནད་དོན་མང་དག་ཅིག་མཚོན་པར་བྱེད་ཀྱི་ཡོད། ཆོས་སྒོར་ཞུགས་པ་རྣམས་ལ་ཡང་སྐྱ་མིང་སྟེ་རབ་ཏུ་མ་བྱུང་གོང་དུ་སྤྱོད་པའི་མིང་དང་། རབ་ཏུ་བྱུང་བ་དང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ལ་ཞུགས་རྗེས་ཀྱང་གསང་མཚན་མི་འདྲ་བ་འགའ་སྤྱོད་ཀྱི་ཡོད། མིང་དེ་དག་བརྒྱུད་མི་གཅིག་གི་མི་ཚེ་གང་པོར་བཀྲ་ཤིས་ལམ་ལྷོང་ཡོང་བའི་རེ་འདུན། རྐྱེན་ངན་གེགས་བར་ལྡོག་པའི་བསམ་པ། དཀར་ཕྱོགས་དགེ་བར་འཇུག་པའི་སྐུལ་མ་སོགས་སེམས་ཁམས་ཀྱི་རིག་གནས་མང་དག་ཅིག་མཚོན་པར་བྱེད་ཀྱི་ཡོད། དེས་ན་མཁས་གྲུབ་ཁྱུང་པོའི་མཚན་མི་འདྲ་བར་ཞིབ་འཇུག་བྱ་རྒྱུ་དེ་ཡང་། ཁོང་གི་སྐུ་ཚེའི་དུས་སྐབས་མི་འདྲ་བའི་ཐོབ་ཐང་དང་མཛད་པ་ཤེས་རྟོགས་བྱེད་པ་དང་། སྐུ་ཚེ་གང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་གནད་དོན་ཞིག་རེད། དེ་ཡང་ཤངས་ཆོས་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་ལྡེ་མིག་ཏུ་ནི་གུའི་མཛད་རྣམ་ཕུད་དེ་ཕྱིན་གྱི་རྣམ་ཐར་ལྔ་ནི་བླ་མ་རང་རང་གིས་མཛད་ལ། མྱ་ངན་འདས་ཆུང་སློབ་མས་ལྷན་ཐབས་སུ་སྨོས་པ་ཡིན་ཞིང་། བརྒྱུད་པ་འདི་པའི་ལུགས་ལ། གང་ཟག་གཞན་གྱི་ཡོན་ཏན་བརྗོད་པ་བས། །རང་གི་ཡོན་ཏན་བརྗོད་པ་ཁྱད་པར་འཕགས། །ཞེས་རང་ཉིད་ཀྱིས་བརྗོད་པ་སྒྲོ་བཀུར་ལས་གྲོལ་བར་བཞེད་དོ། ཞེས་འཁོད་པ་ལྟར། འདིར་ཡང་ཡིད་བརྟན་ཕེར་བའི་གལ་ཆེའི་བླ་མ་འགའ་ཞིག་གི་རང་རྣམ་ལ་སྔས་ཁུངས་གཙོ་བོར་བཅོལ་ཐོག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་སྐོར་ཡང་གང་དེའི་མཛད་རྣམ་དང་ཤངས་པ་བཀའ་བརྒྱུད་སྐོར་གྱི་དཔྱད་ཡིག་དུ་མ་ལས་མི་འདྲ་བ་འགའ་ཞིག་འཁོད་ཡོད་པ་གཤམ་དུ་རེ་རེ་བཞིན་དགོད་པར་བྱ་བ་ལ།
I.1.2.1 Tsültrim Gönpo
གཅིག །ཚུལ་ཁྲིམས་མགོན་པོ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་མཛད་རྣམ་དུ་དེ་ནས་བདག་གིས་དགེ་ཚུལ་གྱི་མཁན་པོ་ཞུས་ནས། མིང་ཚུལ་ཁྲིམས་མགོན་པོར་བཏགས་པས། བླ་མ་རྡོ་རྗེ་གདན་པ་ཤངས་ཁྲག་ཤོར་ནས་ཁྱུང་པོ་རྣལ་འབྱོར་ལས་མིང་སྤོར་མ་ནུས་སོ་ཞེས་འཁོད་པ་ལྟར། ཁོང་རྒྱ་གར་དུ་ཕེབས་ཐེངས་དང་པོར་བླ་མ་རྡོ་རྗེ་གདན་པའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་ཞུ་སྐབས། མཚན་ལ་ཚུལ་ཁྲིམས་མགོན་པོ་ཞེས་གསོལ། འོན་ཀྱང་མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་ཚུལ་ཁྲིམས་མགོན་པོ་ཞེས་པ་དེ་ཐེངས་གཅིག་རང་ལས་ཐོན་མེད་ཁར། ཤངས་པའི་སྔ་རབས་ཀྱི་ཡིག་ཆ་རྣམས་སུ་མཚན་དེ་ཐོན་པ་ཆེས་ཉུང་། དེའི་རྒྱུ་མཚན་ནི་གོང་དུ་བླ་མ་རྡོ་རྗེ་གདན་པ་ཤངས་ཁྲག་ཤོར་ནས་ཁྱུང་པོ་རྣལ་འབྱོར་ལས་མཚན་སྤོར་མི་ནུས་པའི་སྐོར་གསལ་བར་འཁོད་ཡོད། འོན་ཏེ་ཕྱིས་ཀྱི་ཤངས་པའི་དཔེ་ཆ་འགའ་ཞིག་ཏུ་མཚན་དེ་མང་དུ་སྤྱོད་སྲོལ་འདུག་ལ། མཚན་དེ་དང་མཚུངས་པར་ཤངས་པ་རིན་ཆེན་བདུན་བརྒྱུད་ཕྱི་མའི་གྲས་ཀྱི་ཁྱུང་པ་གཉིས་པར་གྲགས་པ་དེར་ཡང་རྟེན་འབྲེལ་གྱི་དབང་དུ་བྱས་ཏེ་མཁས་གྲུབ་ཁྱུང་པོའི་མཚན་དང་མཐུན་པར་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ཞེས་དང་། སྤྱི་ལོ1985ལོར་ཞོང་ཞོང་དགོན་ཉམས་གསོ་མཛད་མཁན་ཁྱུང་པ་གསུམ་པར་གྲགས་པ་དེར་ཡང་གོང་དང་མཚུངས་པར་ཚུལ་ཁྲིམས་མགོན་པོ་ཞེས་པའི་མཚན་གསོལ་བ་ཡིན། དེས་ན་ཁོ་བོས་མཁས་གྲུབ་ཁྱུང་པོའི་མཛད་རྣམ་གྱི་ལུང་ཡིག་དེ་དང་། དེ་མིན་གྱི་ཤངས་ཆོས་སྐོར་གྱི་དཔྱད་གཞི་འགའ་ཞིག་རྒྱབ་རྟེན་དུ་བྱས་ཏེ་མཚན་དེ་ལོགས་སུ་དྲངས་མོད་ཀྱང༌། དེ་ལྟར་དུ་འོས་མིན་རྣམ་དཔྱོད་ལྡན་པ་ཚོས་མུ་མཐུད་དཔྱད་པར་བྱ་བའི་གནས་ཡིན།
I.1.2.2 Shangpa Duguwa
གཉིས། ཤངས་པ་གདུ་གུ་བ།
དེ་ཡང་ཆོས་རྗེ་རྨོག་ལྕོག་པའི་མཛད་རྣམ་དུ་གྲུབ་ཆེན་རྨོག་ལྕོག་པ་གནམ་དུ་བླ་མ་ཨ་སེང་དང་མཇལ་བའི་སྐབས་བླ་མའི་ཞལ་ནས་ཁྱོད་སུའི་སློབ་མ་ཡིན་གསུངས། ང་ཤངས་པ་གདུ་གུ་བའི་སློབ་མ་ཡིན་བྱས་པས་ཞེས་དང་། བར་ཆད་བསྲུང་བ་ལས་བླ་མ་ཤངས་པ་གདུ་གུ་ཅན་རྒྱ་གར་དུ་བཞུད་པའི་ལམ་ཁར་ཞེས་གསལ་བ་ལྟར། མཁས་གྲུབ་ཁྱུང་པོ་ལ་ཤངས་པ་གདུ་གུ་བ་ཞེས་པའི་མཚན་ཞིག་ཀྱང་ཐོན་ཡོད། དེ་ལས་ཤངས་པ་ནི་མཁས་གྲུབ་ཁྱུང་པོས་ཤངས་སུ་གནས་གཞི་བཙུགས་རྗེས་སུ་ཡིན་པས་ཡུལ་མིང་མི་སྒེར་གྱི་མཚན་ལ་ཐོགས་པ་དང་། གདུ་གུ་ནི་བོད་རྒྱ་ཚིག་མཛོད་ཆེན་མོར་གདུ་བུ་དང་འདྲ་ཞེས་འཁོད་པ་ལྟར་གདུ་གུ་ནི་གདུ་བུ་དང་དོན་མཚུངས་པས། ཤངས་པའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོར་ཡང་གདམས་པའི་སྲོལ་འབྱེད་ཤངས་པ་གདུ་བུ་བ་ཞེས་བྲིས་གནང་ཡོད། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན། གདུ་གུ་བའམ་གདུ་གུ་ཅན། ཡང་ན་གདུ་བུ་བ་ཞེས་བརྗོད་ཚེ། མཁས་གྲུབ་ཁྱུང་པོའི་ཕྱག་ཞབས་གང་རུང་ལ་གདུ་བུའི་རྒྱན་ཞིག་བཞེས་སྲོལ་ཡོད་པ་ལྟར་སྣང་སྟེ། མགོན་པོ་ཕྱག་དྲུག་གི་བསྟོད་པ་ལས་ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན་ཞེས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཞབས་ལ་གདུ་བུས་བརྒྱན་ཡོད་པ་སོགས་ཀྱིས་མཚོན་པའི་སྔར་འཕགས་ཡུལ་གྱི་གྲུབ་ཆེན་འགའ་དང་ལྷ་སྐུ་ལ་ལར་རིན་པོ་ཆེའི་རྒྱན་བརྒྱད་ཀྱི་ཡ་གྱལ་ཕྱག་ཞབས་གཉིས་ཀ་དང་། འགའ་ཤས་ལ་ཕྱག་གཉིས་ཀ་ཁོ་ནར་རིན་པོ་ཆེའམ་རུས་པ་སོགས་ལས་གྲུབ་པའི་གདུ་བུ་བཅིངས་སྲོལ་འདུག་པ་དེ་དང་འདྲ་བ་ཞིག་གམ། ཡང་ན་གདུ་གུ་བ་ཞེས་པ་དེ་གནས་ངེས་མེད་དུ་བསོད་སྙོམས་ཀྱི་ལས་ལ་སྤྱོད་པའི་ལྡོམ་བུ་བ་དང་སྒྲ་འདྲ་བའི་དབང་གིས་དེ་གཉིས་འཁྲུལ་བར་དོགས་ཏེ། མཁས་གྲུབ་ཁྱུང་པོས་འཕན་ཡུལ་དུ་ཚོགས་པ་མ་བསྐྱང་གོང་ཙམ་དུ་རི་ཁྲོད་སོགས་ཀྱི་གནས་ངེས་མེད་དུ་ཕེབས་ཏེ་ལྡོམ་བུ་བ་ལྟ་བུའི་འཚོ་བར་རོལ་བའི་སྐོར་མཛད་རྣམ་དུའང་ཐོན་ཡོད། འོན་ཀྱང་ཕྱིས་ཀྱི་ཡིག་ཆ་གང་རུང་དུ་ལྡོམ་བུ་བ་ཞེས་ཐད་ཀར་འཁོད་པ་དངོས་སུ་མ་མཐོང་བས་ཁ་ཚོན་གཅོད་པར་དཀའ། དེ་མིན་དཀར་ཆག་བཻཌཱུརྱའི་ལྡེའུ་མིག་ཏུ་ཤངས་པ་སྡུ་གུ་པའི་གདམས་པ་ཞེས་འཁོད་པ་པའི་ནང་སྡུ་གུ་པ་ཞེས་གདུ་གུ་བ་དང་སྒྲ་འདྲ་ཡང་དོན་མི་མཚུངས་པ་ཞིག་འཁོད་ཡོད། འོ་ན་སྡུ་གུ་ཞེས་པའི་དོན་ཡང་སྙིང་གང་ཡིན་ཞེ་ན། ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་གི་སྡུག་གུ་ཞེས་པའི་འགྲེལ་པར་མཛེས་པོ། སྡུ་གུའང་འབྲི་ཞེས་འཁོད་པ་ལྟར། སྡུ་གུ་དང་སྡུག་གུ་ཞེས་སྡུ་ལ་རྗེས་འཇུག་ག་ཡིག་ཡོད་མེད་གཉིས་ཀ་དོན་གཅིག་སྟེ་མཛེས་པོའི་དོན་དུ་གོ་བར་གསུངས། དེའི་རྒྱུ་མཚན་ནི་སྡུག་གུ་ཞེས་ཁ་ནས་བརྗོད་པའི་ཚེ། ཡུལ་སྐད་ལ་ལར་རྗེས་འཇུག་ག་ཡིག་བསྡུས་པ་འདྲ་བས་དང་། གཞན་ཡང་དཔེ་རྙིང་འགར་སྡུ་ཡི་རྗེས་འཇུག་ག་ཡིག་དང་གུ་ཡི་མིང་གཞི་གཉིས་བསྡུས་ནས་སྡུ་གུ་ཞེས་པ་ལྟ་བུའི་འབྲི་སྲོལ་ཡང་འདུག་པས། ཕྱིས་ཀྱི་ཡིག་ཆ་འགར་བར་དུ་ཚེག་བྲིས་པས་སྡུ་གུ་ཞེས་ཆགས་པ་མིན་ནམ་སྙམ། དེའི་གོ་དོན་ནི་འཇམ་དཔལ་མཚན་བརྗོད་དུ་སུམ་ཅུ་རྩ་གཉིས་མཚན་ཚང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས་ཞེས་དང་། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག་ཅེས་པའི་ཚིག་རྐང་འདི་གཉིས་ནང་། སྡུག་གུ་ནི་སས་བཀའ་བ་མཛེས་ཤིང་མཚར་བའམ་མཆོག་ཏུ་འགྱུར་བའི་དོན་དུ་གསུངས་པ་གོང་གི་ཚིག་མཛོད་ནང་འཁོད་པ་དང་འདྲ་བ་ཡིན། མཁས་གྲུབ་ཁྱུང་པོར་མཚན་དེ་ལྟར་གསོལ་བ་ནི། སྐྱེས་བུ་ཆེན་པོའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་ཡོན་ཏན་གྱི་རྟགས་སུ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་མངའ་བ་ལས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ཁོངས་སུ་སྐུ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ་གྱེན་འཕྲེད་ཆ་སྙོམས་པས་མཛེས་པར་གསུངས་པ་དང་ཆ་འདྲ་བར། ཁོང་ལ་ཡང་སྐུ་ལུས་ཀྱི་རྣམ་པ་མཛེས་པའི་ཡོན་ཏན་དང་ལྡན་པ་ཞིག་སྟེ་མཇལ་བ་ཙམ་གྱིས་དད་ལྡན་སྐྱེ་འགྲོའི་དང་བ་འདྲེན་ཐུབ་པ་ཞིག་ཡོད་པ་མཚོན། གཞན་ཡང་ལྷོ་རོང་ཆོས་འབྱུང་དུ་རྗེ་བཙུན་མི་ལའི་རྣམ་ཐར་གསུངས་པའི་སྐབས་གདུག་གུ་ཟླ་བའི་ཚེས་བཅུ་བདུན་ཞེས་ཐོན་པའི་གདུག་གུ་དེ་ནི་ཟླ་བ་གང་ལ་གོ་མིན་ཆ་མི་འཚལ་ཡང་འབྲི་སྟངས་གོང་གི་གདུ་གུ་ཞེས་པ་དང་འདྲ། གདུ་གུ་བ་ཞེས་པ་དེ་རང་ལ་འབྲི་སྟངས་ཅུང་ཟད་མི་མཐུན་པ་འགའ་ཞིག་སྣང་བ་སྟེ། གནས་རྙིང་གྱེན་ཐོར་མཁན་པོ་དབང་ཕྱུག་རིན་ཆེན་པས་ཤངས་པ་དུ་གུ་བ་ལ་ཆོས་སྐྱོང་གི་སྐོར་མཐའ་དག་གསན་ཞེས་པའི་ནང་དུ་གུ་བ་ཞེས་འཁོད་པ་སོགས་དག་ཆ་མི་མཐུན་པ་མང་ཡང་། ཁོ་བོས་ནི་ཆོས་རྗེ་རྨོག་ལྕོག་པའི་མཛད་རྣམ་དཔེ་རྙིང་དུ་ཐོན་པ་བཞིན་ཤངས་པ་གདུ་གུ་བ་ཞེས་བྲིས་པ་ཡིན།
I.1.2.3 Lama Shongshongpa
གསུམ། བླ་མ་ཞོང་ཞོང་པ།
།ཆོས་རྗེ་རིན་ཆེན་བརྩོན་འགྲུས་སློབ་དཔོན་གཡོར་པོ་བ་ཅན་མཇལ་དུ་འགྲོ་སྙམ་ཙ་ན་བླ་མ་ཞོང་ཞོང་པ་ཅན་དུ་མཇལ་དུ་ཕྱིན་པས་ཞེས་པའི་ནང་བླ་མ་ཞོང་ཞོང་པ་ཞེས་འཁོད་པ་ནི། ཕལ་ཆེར་ཆོས་རྗེ་རྨོག་ལྕོག་པས་རྣམ་ཀུན་སྤྱོད་པའི་མཁས་གྲུབ་ཁྱུང་པོའི་མཚན་གྱི་འབོད་སྲོལ་གཞན་ཞིག་ཡིན་པ་རྟོགས་ཐུབ། མཚན་འདི་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཤངས་ཞོང་ཞོང་དགོན་དངོས་སུ་ཕྱག་བཏབ་རྗེས་སུ་བྱུང་བ་ཡིན་ལ། དགོན་མིང་བླ་མའི་མཚན་དུ་ཐོགས་པ་ཞིག་སྟེ་བཀའ་གདམས་པའི་དགེ་བཤེས་ཡེ་ཤེས་རྡོ་རྗེས་འཆད་ཁ་དགོན་བཏབ་རྗེས་བྱ་འཆད་ཁ་བ་ཞེས་འབོད་པ་སོགས་དང་འདྲ་བ་ཡིན།
I.1.2.4 Lama Shangpa
བཞི། བླ་མ་ཤངས་པ།
མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་ཁྱོད་བླ་མ་ཤངས་པར་གྲགས་པའི་དུས་སུ་བུ་གསུམ་པོ་དེ་རྩ་བའི་ཡོན་བདག་ཏུ་འགྱུར་ཞེས་གསལ་བ་བཞིན་བྲམ་ཟེ་རཱད་ལྭ་ལས་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་དུ་ཐོག་མར་མ་ཕེབས་གོང་གཡུ་འབུལ་མཁན་གྱི་སྲུ་མོ་བཟའ་མི་གཉིས་ལ་བུ་གསུམ་འབྱུང་བ་དང་། དེ་དག་མཁས་གྲུབ་ཁྱུང་པོར་བླ་མ་ཤངས་པ་ཞེས་གྲགས་པའི་སྐབས་རྩ་བའི་ཡོན་བདག་ཏུ་འགྱུར་བར་ལུང་བསྟན། བླ་མ་ཤངས་པ་ཞེས་པ་ཡང་མཁས་གྲུབ་ཁྱུང་པོས་བླ་མ་ཡི་དམ་གྱི་ལུང་བསྟན་བཞིན་ཤངས་ཞོང་ཞོང་དུ་གདན་ས་བཏབ་རྗེས་ཡུལ་སྤྱིའི་མིང་བླ་མའི་མཚན་དུ་ཐོགས་པ་ཡིན།
I.1.2.5 Khyungpo Lotsawa
ལྔ། ཁྱུང་པོ་ལོ་ཙཱ་བ།
དེ་ཡང་ཤངས་ཆོས་དཀར་ཆག་བཻཌཱུརྱའི་ལྡེའུ་མིག་ཏུ་འཕགས་བོད་མཁས་གྲུབ་གཉིས་སྐྱེས་བྱེ་བའི་ཁྲོད། །མཚན་དོན་རབ་བརྗིད་ཁྱུང་པོ་ལོ་ཙཱར་འདུད་ཅེས་པའི་ནང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་མཚན་ལ་ཁྱུང་པོ་ལོ་ཙཱ་བ་ཞེས་ཐོན་ཡོད་པ་དང་། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་བླ་བརྒྱུད་དུ་སྐད་གཉིས་སྨྲ་བ་མཁས་གྲུབ་ཁྱུང་པོའི་ཞབས་ཞེས་པ། ཡང་ཟབ་ལམ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཟབ་དོན་ཐང་མར་བརྡལ་བ་ལས་གྲུབ་པའི་དབང་ཕྱུག་ཁྱུང་པོ་རྣལ་འབྱོར་པ། མཚན་གཞན་ལོ་ཙཱ་བ་ཚུལ་ཁྲིམས་མགོན་པོར་གྲགས་པ་ཞེས་འཁོད་པ་སོགས་ལྟར་མཁས་གྲུབ་ཁྱུང་པོ་ལ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞེས་བརྗོད་པ་ནི་དོན་ལ་གནས་པ་ཞིག་སྟེ། མཁས་གྲུབ་ཁྱུང་པོས་སྐུ་ཚེ་གཅིག་གི་རིང་འཕགས་ཡུལ་དུ་ཆོས་ཞུ་བར་ཁྱོན་བསྡོམས་ཐེངས་གསུམ་ཕེབས་མྱོང་བས། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཆུབ་པ་ཞིག་ཡིན་པ་སྨོས་མི་དགོས་ཏེ། བོད་ཀྱི་ལོ་ཙཱ་བ་རྣམས་འཕགས་ཡུལ་དུ་མ་ཕེབས་གོང་ཐོག་མར་སྤྱིར་འཕྲལ་སྐད་བསླབ་དགོས་པ་དང་། འཕགས་ཡུལ་དུ་ཕེབས་རྗེས་འཕགས་ཡུལ་གྱི་བླ་མ་ཚོས་བོད་སྐད་མཁྱེན་མཁན་ཆེས་ཉུང་བས། གཏིང་ཟབ་པའི་ཆོས་གཞུང་མན་ངག་གསན་པ་དང་། ཅི་སྐྱེས་ཀྱི་ཉམས་མྱོང་སྤེལ་བ་སོགས་ལ་ངེས་པར་དུ་ལེགས་སྦྱར་གྱི་སྐད་ཐོགས་པ་མེད་པ་ཞིག་མཁྱེན་དགོས། དེར་བརྟེན་མཁས་གྲུབ་ཁྱུང་པོ་ཡང་དཔའ་བོ་གཙུག་ལག་ཕྲེང་བའི་ལོ་པཎ་ཆོས་འབྱུང་དུ་ལོ་ཙཱ་བའི་ཁོངས་སུ་དྲངས་གནང་ཡོད། འོན་ཏེ་མི་འགའ་ཤས་ཀྱིས་གལ་ཏེ་མཁས་གྲུབ་ཁྱུང་པོ་རང་ཉིད་ལོ་ཙཱ་བ་ཞིག་ཡིན་ན། ནི་གུ་ཆོས་དྲུག་གི་རྡོ་རྗེའི་ཚིག་རྐང་སོགས་ཤངས་པའི་ཆོས་གཞུང་མང་ཆེ་བ་གླན་དར་མ་བློ་གྲོས་དང་། ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས་བསྒྱུར་དགོས་པ་ཅི་ཡིན་ཞེས་དྲི་སྲིད་དེ། དེ་ནི་མ་གཞི་བསྟན་འགྱུར་ཁྲོད་མཆོག་གི་སྒྲོལ་མ་རལ་གཅིག་མའི་མན་ངག་གི་སྒྲུབ་ཐབས་དང་སྙན་ངག་མཁན་རྟག་པའི་རྡོ་རྗེའི་མན་ངག་བྷ་གུ་པཎྜི་ཏའི་ཁྱད་ཆོས་བཅས་ཆོས་ཚན་ཁག་གཉིས་དང་། བྱིན་གྱིས་བརླབས་པ་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཁྲག་འཐུང་གི་བསྒྲུབ་པ་དཔལ་ལྡན་ས་ར་ཧས་མཛད་པ་སོགས་མཁས་གྲུབ་ཁྱུང་པོས་བསྒྱུར་བའི་གཞུང་འགའ་ཞིག་དངོས་སུ་མཇལ་རྒྱུ་ཡོད་ཀྱང་། མཁས་གྲུབ་ཁྱུང་པོའི་ཡིག་བསྒྱུར་གྱི་ཆུ་ཚད་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ཐོག་ཐོ་རངས་སྐར་ཆེན་དང་འདྲ་བའི་ལོ་ཆེན་རིན་ཆེན་བཟང་པོ་དང་བསྡུར་ཐབས་མེད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན། དེས་ན་བསྒྱུར་སྤུས་དག་དང་ཁུངས་བཙན་ཡོང་ཕྱིར་ཇོ་བོ་རྗེས་ཀྱང་རྩོད་མེད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་བསྒྱུར་དུ་བཅུག་ཅེས་གསུངས་པ་ཡིན། གཞན་ཡང་མཁས་གྲུབ་ཁྱུང་པོས་སྐུ་ཚེ་གཅིག་གི་སྟོབས་ཤུགས་མང་ཆེ་བ་ལོ་ཙཱའི་བྱ་གཞག་ཐོག་འཇོག་གནང་མཛད་མེད་པར། གདམས་པ་གསན་ནས་གཙོ་ཆེར་ཉམས་ལེན་གྱི་སྟེང་དུ་བསྒྲིལ་བས་སོ།
I.1.2.6 Khyungpo Tsöndrü Gön
།དྲུག །ཁྱུང་པོ་བརྩོན་འགྲུས་མགོན།
དེ་ཡང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བསྡུས་འགྲེལ་དུ་མཁས་གྲུབ་ཁྱུང་པོ་བརྩོན་འགྲུས་མགོན་ཞེས་དང༌། ཆོས་འབྱུང་འབེལ་གཏམ་གྱི་རྣམ་བཤད་དུ་དཔལ་ལྡན་ཤངས་པ་བའི་བསྟན་པའི་གཙོ་བོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རམ་ཁྱུང་པོ་བརྩོན་འགྲུས་མགོན་ཞེས་འཁོད་པ་དེ། འགའ་ཞིག་གིས་བརྒྱད་སྟོང་པ་ཞོལ་དཔར་མའི་ལྡེབ་ངོས་ཤིག་ཏུ་གསལ་བ་དང་མཚུངས་པའི་སྐོར་ཐོས་ཀྱང་ཁོ་བོར་མ་རྙེད། མཚན་འདི་ནི་གཙོ་ཆེར་ཉེ་དུས་ཀྱི་དཔྱད་ཡིག་འགའ་ཤས་སུ་འཁོད་པ་ལས། སྔ་རབས་ཀྱི་ཤངས་པའི་དཔྱད་ཡིག་ཁུངས་མ་རྣམས་སུ་ཡང་མ་མཐོང་བས། ཕལ་ཆེར་ཚད་མ་རྙིང་པའི་ལུགས་ལ་མཁས་པ་ཁྱུང་པོ་གྲགས་སེའི་མཚན་གཞན་ཁྱུང་པོ་ཆོས་བརྩོན་མགོན་ཞེས་པ་དེ་དང་འདྲ་བས་འཁྲུལ་བར་སྙམ་ཡང་ངེས་གཏན་གྱི་རྒྱུ་མཚན་མ་རྙེད་པས་མུ་མཐུད་དཔྱད་པར་རིགས་སོ།
།དེ་ལྟར་གོང་དུ་བཀོད་པ་བཞིན་མཁས་གྲུབ་ཁྱུང་པོ་ལ་ཤངས་པ་གདུ་གུ་བ་དང་། ཚུལ་ཁྲིམས་མགོན་པོ། ཁྱུང་པོ་བརྩོན་འགྲུས་མགོན། བླ་མ་ཞོང་ཞོང་པ། བླ་མ་ཤངས་པ། ཁྱུང་པོ་ལོ་ཙཱ་བ་བཅས་མཚན་མི་འདྲ་བ་ཁྱོན་ཁག་དྲུག་ཙམ་དང་། དེ་མིན་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་དུ་ཤངས་པ་བསྡུ་བུ་པ་མི་ཉམས་རྡོ་རྗེ་ཞེས་པ་ཞིག་ཀྱང་ཐོན་པ། ཡོངས་གྲགས་ཀྱི་མཚན་ཁྱུང་པོ་རྣལ་འབྱོར་དང་བཅས་བརྒྱད་ཡོད་པ་ལས། བླ་མ་ཤངས་པའམ་ཞོང་ཞོང་པ། ཤངས་པ་གདུ་གུ་བ་སོགས་ནི་གཡས་རུ་ཤངས་སུ་གནས་གཞི་བཙུགས་ཟིན་རྗེས་ཏེ་མཁས་གྲུབ་ཁྱུང་པོ་དགུང་ལོ་བརྒྱ་དང་སུམ་ཅུ་ཙམ་ལ་ཕེབས་རྗེས་ཀྱི་མཚན་ཡིན། འོ་ན་ཡོངས་གྲགས་ཀྱི་མཚན་ཁྱུང་པོ་རྣལ་འབྱོར་ནི་ཕྱི་རབས་ཀྱི་སློབ་བུ་ཚོས་བསྒྲིགས་པའི་ཁོང་གི་མཛད་རྣམ་དཔར་རིགས་མི་འདྲ་བ་གཙོ་བོ་བཞི་ཙམ་གྱི་ནང་དུ་འཁོད་པ་ཞིག་ཡིན། མཚན་དེ་ལས་ཁྱུང་པོ་ནི་རིགས་རུས་ཀྱི་མིང་སྟེ་ཐོག་མ་ནས་བཏགས་སུ་རུང་ཡང་། རྣལ་འབྱོར་ཞེས་པའི་རྣལ་ནི་ཞི་གནས་ཏེ་ཕྱི་རོལ་ཡུལ་ལ་སེམས་གཡེང་བ་ཞི་བར་བྱས་ནས་རང་གི་སྒོམ་བྱའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པར་བྱེད་པ་དང་། འབྱོར་ནི་ལྷག་མཐོང་སྟེ་ཞི་གནས་ལ་བརྟེན་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཤེས་བྱའི་གནས་ལུགས་ཡང་དག་པའམ་ལྷག་པར་དུ་མཐོང་བ་སྟེ། སེམས་རྣལ་མའི་དོན་ལ་རྩེ་གཅིག་ཏུ་འབྱོར་བའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དེར་རྣལ་འབྱོར་པ་ཞེས་འབོད་པའམ། ཡང་ན་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས་ལུས་ལ་ལུས་ཀྱི་རྗེས་སུ་རྟོགས་པ་ལ་རྣལ་འབྱོར་བ་ཞེས་བྱའོ་ཞེས་འཁོད་པ་སོགས་ལྟར་རྣལ་འབྱོར་ཞེས་པའི་མཚན་ཐོགས་པའི་དུས་ནི་སྤྱིར་དམ་པའི་ཆོས་ཀྱི་གནས་ལུགས་ཟབ་ཅིང་ཕྲ་བ་དག་ལ་ངེས་ཤེས་ཡང་དག་སྐྱེས་ཟིན་པའི་དུས་སུ་ཡིན་དགོས་པས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཁྲུངས་མ་ཐག་ནས་གསོལ་བའི་སྐྱ་བོའི་མཚན་དེ་རྩ་བ་ནས་ཡིན་མི་སྲིད། འོ་ན་ཁོང་སྐུ་ན་ཆུང་དུས་ཀྱི་མཚན་ལ་གང་ཟེར་གྱི་ཡོད་མེད་ནི་ད་ཕན་གྱི་དཔྱད་ཡིག་འགངས་ཆེ་རྣམས་སུ་མི་གསལ་བས་བློ་གྲོས་ཀྱི་ཐབས་རྩལ་དང་དཔྱད་ཞིབ་ཀྱི་ཤེད་ཤུགས་བྲལ་བ་ཁོ་བོའི་ངོས་ནས་བརྗོད་ན་དེ་ནི་སྐབས་ཤིག་རིང་གྲོལ་ཐབས་བྲལ་བའི་མདུད་པ་དམ་པོ་ཞིག་ཡིན་པས། ལོ་རྒྱུས་ཀྱི་དོན་ལ་མཁས་ཤིང་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་སྐྱེས་བུ་དག་གི་དཔྱད་བྱ་ཁོ་ནར་སྣང་ངོ༌།

I.1.3 - The lineage of Khyungpo Neljor
གསུམ་པ། མཁས་གྲུབ་ཁྱུང་པོའི་རིགས་རུས་ཀྱི་མཆེད་ཁུངས།
སྤྱིར་གནམ་འོག་གི་སྤྱི་བོ་གནམ་བསྟན་ཚང་མར་རང་རང་རིས་སུ་མཆེད་པའི་ཁུངས་ཤིག་ངེས་པར་ཡོད་པས། རང་རེ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རུས་ཚན་གྱི་དབྱེ་བ་བྱུང་བ་དང་། རིགས་རུས་ལ་མཆོག་དམན་ཕྱེ་བའི་སྲོལ་ཡང་བྱུང་།
ཡང་ཆེ་བའི་མི་ལ་མཐོ་བའི་རྟགས་དགོས་ཞེས་གསུངས་པ་ལྟར་སྐྱེས་ཆེན་འགའ་ཤས་ཀྱི་མཐོ་བའི་རྟགས་སུ་མཛད་པ་འཕྲིན་ལས་ཕུད་རིགས་རུས་ཀྱང་རྩ་བའི་གྲུབ་ཆ་ཞིག་ཏུ་བརྩི་གནང་གི་ཡོད། དེར་བརྟེན་མཁས་གྲུབ་ཁྱུང་པོའི་རིགས་རུས་ཀྱི་མཆེད་ཁུངས་འཚོལ་རྒྱུ་ནི་ཁོང་གི་སྐུ་ཚེ་གང་པོར་གཏིང་ཚུགས་པའི་རྒྱུས་མངའ་དང་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་གནད་དོན་ཞིག་ཡིན།
I.1.3.1
གཅིག །མཁས་གྲུབ་ཁྱུང་པོའི་རིགས་རུས་ཀྱི་སྐོར།
མཁས་གྲུབ་རྣལ་འབྱོར་གྱི་རྣམ་ཐར་དུ་བན་ཆུང་བདག་གི་སྐྱེ་ས་གངས་དཀར་མདའ། །གཉེ་མོ་ར་མངས་རྗེ་རིགས་ཁྱུང་པོ་ཡིན་ཞེས་ཁོང་གི་རིགས་རུས་ནི་རྗེ་རིགས་སུ་གྱུར་པ་ཁྱུང་པོ་ཡིན་པ་གསལ་པོར་གསུངས་ཡོད་ལ། ཁྱུང་པོ་རྣལ་འབྱོར་ཞེས་པའི་མཚན་དེ་རང་གི་ཐོག་ནས་ཀྱང་ཡོངས་སུ་གསལ་ཐུབ། ཡང་ཡབ་མེས་ཐམས་ཅད་བོན་པོའི་དགེ་བཤེས་ཡིན་ཞེས་འཁོད་པས་གཡུང་དྲུང་བོན་གྱི་རིགས་རུས་ཆེ་བ་དྲུག་སྟེ་སྤ་རྨེའུ་ཁྱུང་གསུམ་དང་བྲུ་ཞུ་གཤེན་གསུམ་བཅས་ཡོད་པ་ལས། ཁོང་གི་རིགས་རུས་ནི་བོན་རྙིང་མའི་བསྟན་པ་འཛིན་པའི་དམ་པ་ཁྱུང་ཡིན་པ་རྟོགས་ཐུབ། ཁྱུང་གི་གདུང་རབས་འདི་ཉིད་ཀྱི་བྱུང་ཚུལ་ལ་ཀུན་ཏུ་བཟང་པོའི་སྤྲུལ་པ་རིག་སྣང་འོད་ཀྱི་རྒྱལ་པོ་ཞེས་བྱ་བས་འགྲོ་བའི་དོན་ལ་དགོངས་ནས་སྐུ་གསུང་ཐུགས་ལས་སྤྲུལ་པའི་བྱ་ཁྱུང་གསུམ་ཡར་མར་འཕུར་ནས་ཞང་ཞུང་གི་ཡུལ་ཁ་ཡུག་མེ་ཏོག་མཛེས་པའི་ཚལ་ལ་བབ། དེ་ལ་ཞུང་གི་མི་རྣམས་ངོ་མཚར་སྐྱེས་ནས་མཐོང་མ་མྱོང་བའི་འདབས་ཆགས་ཟེར་བ་ལ་རྒན་པོ་ཁ་གཅིག་ན་རེ། རྭ་ཅོ་འདུག་པས་ཁྱུང་ཕོ་ཡིན་འདུག་ཟེར། དེར་ཁྱུང་གསུམ་དབྱིངས་སུ་འཕུར་ནས་སོང་བའི་ཤུལ་དུ་བལྟས་པས་སྤར་མོ་ས་ལ་རེག་པའི་དྲོད་རླངས་ལས་སྒོ་ང་དཀར་ནག་སེར་ཁ་བཞིར་འདྲིལ་བ་བརྡོལ་བའི་ནང་ནས་མཚན་དང་ལྡན་པའི་ཁྱེའུ་རེ་རེ་བྱུང་བའི་མིང་ཡང་ཁྱུང་ཕོ་ཞེས་བཏགས་ཏེ། ཆེ་བ་ཁྱུང་དཀར་ཐོག་ལ་འབར། དེ་འོག་ཁྱུང་སེར་ལྷ་ཁྱུང༌། དེ་འོག་ཁྱུང་འཕགས་ཁྲ་མོ། ཆུང་བ་མུ་ཁྱུང་རྒྱན་ཞེས་གྲགས་སོ་ཞེས་གསལ་བ་དེ་ནི་ལྷ་སྒྲུང་ལྟ་བུར་སྣང་ཡང་། ཁྱུང་གི་རིགས་རྒྱུད་དེ་ཐོག་མར་ཞང་ཞུང་དུ་བྱུང་བ་དང་། ཡང་རུས་ཚན་གྱི་དབྱེ་ཞིབ་མི་འདྲ་བ་ཅི་དང་ཅི་ལྟ་བུ་ཞིག་བྱས་ཡོད་ཀྱང་རུང་དོན་དུ་སྦྲའམ་ཁྱུང་གི་རུས་ཚན་ལས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་མི་རྒྱུད་དེ་རྣམས་མཆེད་པ་དང་ཞེས་ཞང་ཞུང་མི་རྣམས་ཀྱི་མཆེད་ཁུངས་ཁྱུང་ཡིན་པའི་སྐོར་ལོ་རྒྱུས་ཡོངས་གྲགས་ཀྱི་བཤད་ཚུལ་དང་མཐུན་པ་ཡིན། དེ་མིན་དམངས་ཁྲོད་ཀྱི་ངག་རྒྱུན་དུ། ཁྱུང་པོ་དཀར་ནག་སེར་གསུམ་ཞེས། བོད་ཀྱི་རུས་རྒྱུད་ནང་གི་ཁྱུང་པོའི་རིགས་རྣམས་ཀྱི་མི་རྒྱུད་དང་པོ་ཁྱུང་གི་སྒོ་ང་དཀར་པོ་དང་ནག་པོ། སེར་པོ་གསུམ་བྱུང་བ་ལས་དཀར་པོ་མངའ་རིས་སུ་ཆགས་པ་ལ་མངའ་རིས་ཀྱི་ཁྱུང་པོ་དང༌། ནག་པོ་གཙང་དུ་འཕུར་བ་ལས་གཙང་སྟོད་ཀྱི་ཁྱུང་པོ། སེར་པོ་ཁམས་སུ་འཕུར་བ་ལས་ཁྱུང་པོ་སེར་ཚ་ཞེས་བྱུང་བ་དང་། སྟེང་ཆེན་རྫོང་ཁོངས་ཀྱི་ཁྱུང་ཐོར་ལའི་སྟེང་དུ་ཁྱུང་གི་སྒོ་ང་ལྔ་བྱུང་བ་རྣམས་ཐོར་ཏེ་ཁམས་ཁུལ་གྱི་ཡུལ་གྲུ་དུ་མར་གནས་པའི་ཤོད་སྲོལ་ཡང་ཡོད་པ་སོགས། དེ་དག་གི་ཐོག་ནས་ཁྱུང་པོའི་རིགས་རྒྱུད་ཀྱི་མི་རྣམས་ཐོག་མར་ཞང་ཞུང་ཡུལ་དུ་འཚོ་སྡོད་བྱེད་ཅིང་དེ་རྗེས་རིམ་བཞིན་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་པའི་ལོ་རྒྱུས་ཀྱི་དོན་དངོས་མཚོན་པ་དང་། དེ་བཞིན་སྟོད་ཀྱི་དབྲ་འགོ་དགུང་བས་མཐོ། །དབྲ་དཀར་པོ་ཅན་གྱི་ལྷ་བརྒྱུད་ཡིན། བར་གྱི་ཁྲ་བོ་བུ་དགུ་དེ། །དབྲ་ཁྲ་བོ་ཅན་གྱི་དཔའ་བརྒྱུད་ཡིན། །སྨད་ཀྱི་དབྲ་ནག་དགུ་ཚོ་དེ། །དབྲ་ནག་པོ་ཅན་གྱི་མཐུ་བརྒྱུད་ཡིན་ཞེས་པའི་སྐབས་སུའང་ནག་པོ་དང་སེར་པོའི་དབྱེ་བ་ཙམ་མ་གཏོགས་ཕྱོགས་འདྲ་ལ། ཡང་ད་སེ་ཁྱུང་དབྲའི་ཆེ་དྲུག་དེ། སྟོད་ན་མར་ཡུལ་དུ་རང་གཉིས། བར་ན་ཞང་ཞུང་ཁྱུང་པོ་གཉིས། སྨད་ན་ཉག་རྒྱུ་དགུ་ཟི་གཉིས་ཞེས་པའི་ནང་བོད་ཡུལ་སྟོད་སྨད་གཉིས་ཀྱི་བར་དུ་འཚོ་སྡོད་བྱེད་པ་ཞང་ཞུང་དང་ཁྱུང་པོ་གཉིས་གསུངས་པ་ལོ་རྒྱུས་སྨྲ་བ་རྣམས་ཀྱི་བཞེད་པ་སྤྱི་དང་མཐུན་པས། མཁས་གྲུབ་ཁྱུང་པོ་ནི་བོད་ཡུལ་ས་ཡི་བར་དབུས་གཙང་དུ་འཚོ་སྡོད་བྱེད་པའི་ཁྱུང་པོའི་རིགས་དུ་འཁྲུངས་པ་རྟོགས་ཐུབ།
།དེ་ཡང་གངས་ཅན་བོད་མིའི་རྩ་བའི་རུས་ཆེན་བཞིའམ་མིའུ་རིགས་དྲུག་ཏུ་གྲགས་པ་ལ་བགྲང་ཚུལ་མི་འདྲ་བ་འགའ་ཞིག་ཡོད་ཀྱང་། རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ་ལས་སྔོན་གངས་ཅན་བོད་དུ་མི་བརྒྱུད་སྤེལ་བའི་ཕ་རྒན་བྱང་ཆུབ་སེམས་དཔའ་དེའི་བརྒྱུད་རིམ་པར་འཕེལ་ཞིང་རིགས་རུས་བཞི་རུ་ཕྱེ་བ་ལ། སེ་དང་། རྨུ། ལྡོང༌། སྟོང་བཅས་སོ་ཞེས་འཁོད་པའི་ནང་སེ་དང་། རྨུ། ལྡོང་། སྟོང་བཅས་རྩ་བའི་རུས་ཆེན་བཞི་དང་། དེ་དག་ལས་དབྲ་དང་འབྲུ་གཉིས་གྱེས་པ་ལ་མིའུ་རིགས་དྲུག་ཅེས་ཟེར་བ་ལས། བསེ་ཡི་ནང་གི་མི་རིགས་བཟང་པོ་རྣམས་ལ་བསེ་ཁྱུང་སྦྲ་ཞེས་འབོད་པ་ཡིན། བསེ་ཁྱུང་སྦྲ་ལ་ཡང་སེ་ཁྱུང་དབྲ་ལ་ཆེ་དྲུག་ཡོད། །དབྲ་བཀའ་དྲིན་ཅན་གྱི་མི་བཞི་ཡོད་ཅེས་དབྱེ་བ་དྲུག་ཏུ་གྱེས་པ་ཡིན། ཡང་བསེ་ཁྱུང་སྦྲ་ཞེས་པའི་བརྗོད་པའི་ཚེ། དོན་དུ་སྦྲའི་ཁོངས་སུ་གཏོགས་པའི་རུས་ཚན་བྱེ་བྲག་པ་འགའ་ལ་བསེ་དང་ཁྱུང་ཞེས་བྱ་བ་ཡིན། ཞང་ཞུང་གི་མི་བརྒྱུད་དེ་རྣམས་གཙོ་ཆེར་ཁྱུང་གི་རུས་ཚན་ལས་གྱེས་པ་ཡིན་སྟབས་ཡུལ་ཁམས་ལའང་ཁྱུང་སྟེ། ཞང་ཞུང་གི་གནའ་སྐད་དུ་ཞུང་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པ་ནི་གོར་མ་ཆག་ཞང་ཞེས་པའི་ཚིག་དེ་ཕྱིས་སུ་བོད་ཀྱི་སྦྱར་བའི་ཐ་སྙད་ཡིན་ལས་ཆེ་ཞེས་འཁོད་པ་ལྟར་སྦྲའི་ནང་ཚན་ལས་བསེ་དང་ཁྱུང་ཞེས་རུས་ཚན་བྱེ་བྲག་པ་དེ་གཉིས་བྱུང་བར་ཡང་འདོད། བསེ་ཁྱུང་སྦྲ་ཡི་རིགས་འདི་སྤྱིར་དཔའ་རྩ་ལ་ཆེ་བ་ཞིག་ཡིན་པ་ཡང་། རུས་མཛོད་མེ་ཏོག་སྐྱེད་ཚལ་དུ་གནའ་སྒྲུང་ཞིག་དྲངས་པར་འགག་དོག་མོ་གསུམ་ནི་སྒྲ་ལ་ཐོབ། སྦ་དཔའ་རྩལ་ཆེ་བ་དེ་ནས་བྱུང་ཞེས་འཁོད་པ་ལྟར་ཡིན། འགའ་ཞིག་གིས་ལྡོང་ལས་གྱེས་པའི་རུས་ཆེན་བཅོ་བརྒྱད་གྲས་ཀྱི་ལྔ་པར་ཡང་ཁྱུང་པོ་ཞེས་བགྲང་ཡོད་པ་དེ་ནི་རྩ་བའི་རུས་ཆེན་མི་གཅིག་པས་བསེ་ཁྱུང་སྦྲ་དང་མི་མཚུངས་པར་སེམས། དེར་བརྟེན་མཁས་གྲུབ་ཁྱུང་པོའི་གདུང་རུས་བྱུང་ནི་ཡ་ཐོག་ཞང་ཞུང་གི་མི་རྒྱུད་རྣམས་མཆེད་པའི་རུས་ཚན་གལ་ཆེན་ཞིག་ཡིན་ལ། དེ་ཉིད་བསེའམ་བོད་མིའུ་རིགས་དྲུག་གི་ཁོངས་སུ་གཏོགས་པའི་སྦྲ་གང་རུང་ལས་གྱེས་པ་ཡང་གསལ་པོར་མངོན། དེ་ལྟར་མཁས་གྲུབ་ཁྱུང་པོའི་རིགས་རུས་འདི་ཡང་སྔར་གྱི་བོད་མིའི་རྩ་བའི་རུས་ཆེན་བཞིའམ་བོད་མིའུ་གདོང་དྲུག་ལས་བསེའི་ཁོངས་སུ་གཏོགས་ལ། དབུ་ནག་མིའུ་འདྲ་ཆགས་སུ་བེ་རི་རོང་པོ་ཁྱུང་པོ་གསུམ། གྲགས་པ་ཅན་གྱི་མི་གསུམ་ཡིན་ཞེས་འཁོད་པ་ལྟར་ཁྱུང་རིགས་ནི་བེ་རི་དང་རོང་པོ་ཞེས་པ་གཉིས་དང་འདྲ་བར་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐུ་དུས་ནས་བོན་གྱི་བསྟན་པ་དང་རིག་གནས་འཕེལ་རྒྱས་ལ་ལེགས་སྐྱེས་ཆེས་ཆེར་ཕུལ་མྱོང་བའི་རིགས་རུས་ཤིག་ཡིན་པས། སྐྱེ་ས་མཐོ་བ་གཡུ་འབྲུག་སྔོན་མོ་དང་འདྲ་ཞེས་སུ་གྲགས་པ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡང་འགྲོ་བ་སེམས་ཅན་གྱི་དོན་བདེ་བླག་ཏུ་སྒྲུབ་ཕྱིར་རིགས་ཕུན་སུམ་ཚོགས་པ་ཁྱུང་པོའི་རིགས་འདི་ཉིད་དུ་སྐུ་འཁྲུངས་པ་རྗེས་སུ་དཔོག་ཐུབ། གཞན་ཡང་ཁྱུང་པོའི་རིགས་རྒྱུད་འདི་ལས་བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་འབར་བའི་སྐྱེས་ཆེན་མང་དུ་བྱོན་མྱོང་བ་སྟེ། བོན་གྱི་ལོ་ཙཱ་བ་ཆེན་པོ་བཞིའི་ཁོངས་སུ་གཏོགས་པ་ཁྱུང་པོ་སྟག་སྒྲ་དོན་གཙུག་དང་། ཡིག་མཁན་ཆེན་པོ་ཁྱུང་པོ་གཡུ་ཁྲི། གནམ་རི་སྲོང་བཙན་དང་ཆོས་རྒྱལ་སྲོང་བཙན་གྱི་བློན་པོ་ཁྱུང་པོ་སྤུངས་སད་ཟུ་ཙེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཁྱུང་པོ་དུམ་ཚུགས། རྗེ་བཙུན་མི་ལ་རས་པ། བཀའ་གདམས་པའི་དགེ་བཤེས་ཆེན་པོ་ཁྱུང་པོ་གྲགས་སེ། བུ་སྟོན་རིན་པོ་ཆེའི་སློབ་མ་གཙོ་བོ་ཁྱུང་པོ་ལྷས་པ། དེ་མིན་ཤངས་པའི་ཆོས་བརྒྱུད་འཛིན་པ་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ། ཕྱིས་སུ་སྤྲུལ་སྐུ་བློ་ལྡན་སྙིང་པོ། རྟོགས་ལྡན་བཀྲ་ཤིས་རྒྱལ་མཚན། རང་གྲོལ་བླ་མ་བློ་གྲོས་རྒྱལ་མཚན། གྲུབ་ཆེན་ཤ་བ་རང་གྲོལ། ནང་ཆེན་གྲགས་པ་རྒྱལ་མཚན། ཁྱུང་པོ་བླ་མ་ནམ་མཁའ་འོད་ཟེར། རིན་ཆེན་ལྷུན་གྲུབ། བསྟན་པ་རྣམ་རྒྱལ། བསྟན་པ་ལྷུན་གྲུབ། ཚུལ་ཁྲིམས་མཆོག་ལེགས། ཉི་མ་བསྟན་འཛིན། འཇམ་མགོན་ཀོང་སྤྲུལ་གྱི་ཡབ་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་སོགས་མང་དུ་ཐོན་ཡོད་པ་རེ་རེ་བཞིན་འགོད་པར་མ་ནུས་ཀྱང་དཔེ་མཚོན་ཙམ་ཞིག་བརྗོད་པའོ།
I.1.3.2
གཉིས། མཁས་གྲུབ་ཁྱུང་པོ་དང་རྗེ་བཙུན་མི་ལའི་རིགས་རུས་དབར་གྱི་འབྲེལ་བ།
སྤུར་རྒྱལ་བོད་ཀྱི་བཙན་པོ་སྤུ་དེ་གུང་རྒྱལ་གྱི་སྐུ་དུས་སུ་ཞང་ཞུང་གི་ཡུལ་ནས་ཁྱུང་ཕོ་མུ་ཁྱུང་རྒྱན་དང་ལྷ་ཁྱུང་རྒྱན་སོགས་ཁྱུང་པོའི་གདུང་རྒྱུད་འཛིན་པ་མང་པོ་བོད་དུ་བྱོན་ནས་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ། མུ་ཁྱུང་རྒྱན་ལ་སྟག་སྒྲ་དོན་གཙུག་དང་དཔལ་གྱི་གིར་ཏི་ཞེས་སྲས་གཉིས་བྱུང་བ་ལས། ཁྱུང་པོ་སྟག་སྒྲ་དོན་གཙུག་གི་སྲས་བཙན་སྒྲ་དོན་གཙུག །དེའི་སྲས་གྱེར་ནམ་ཟུར་ཙེ། དེའི་སྲས་སྟོང་རྒྱུད་རིང་མོ་དང་ཁྱུང་རྒྱལ་སྟག་ལ་སྐྱེས་གཉིས། སྟག་ལ་སྐྱེས་ཀྱི་སྲས་ཁྱུང་པོ་རྣལ་འབྱོར། དེའི་སྲས་ཁྱུང་པོ་མིད་ལ་གྲུབ་པ་སྟེ་མཚན་གཞན་ཤེས་རབ་རྒྱལ་མཚན་ཡང་ཟེར། དེའི་སྲས་མིད་ལ་ཐོས་པ་དགའ་བ་སྟེ་ཕྱིས་མི་ལ་རས་པར་གྲགས་པ་དེའོ་ཞེས་ཐོན་པ་ལྟར་ན། མཁས་གྲུབ་ཁྱུང་པོའི་སྲས་སུ་མི་ལ་ཤེས་རབ་རྒྱལ་མཚན་འཁྲུངས་པ་གསལ་པོར་འཁོད་པས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་རྗེ་བཙུན་མི་ལ་རས་པ་གཉིས་ནི་ཁྱུང་གི་གདུང་རུས་གཅིག་ཏུ་གཏོགས་པ་མ་ཟད། ཚ་བོ་སྤུན་གྱི་འབྲེལ་བ་ཡང་ཡོད་པ་ཡིན།
དེའི་ཐད་དཔྱད་པ་ཅུང་ཟད་ཅིག་བགྱིས་ན། རྗེ་བཙུན་མི་ལའི་རྣམ་ཐར་དུ་ངའི་རུས་དང་རིགས་ནི། དབུ་རུ་བྱང་ཕྱོགས་ཀྱི་འབྲོག་སྡེ་ཆེན་པོ་ཞིག་གི་ཁྲོད་ནས་རུས་ཁྱུང་པོ། རིགས་སྔགས་རྙིང་མ་པའི་བླ་མ་ཇོ་སྲས་ཤིག་གི་བུ་རྣལ་འབྱོར་པ་ཡི་དམ་གྱིས་རྗེས་སུ་བཟུང་བས་སྔགས་ནུས་དང་ལྡན་པ་ཞིག་རྒྱལ་ཁམས་ཀྱི་གནས་བསྐོར་བ་དང་རྟེན་མཇལ་བར་ཕྱིན་པས། གཙང་ལ་སྟོད་བྱང་གི་ཕྱོགས་ཅུང་པ་སྤྱི་ཞེས་བྱ་བར་ཕྱག་ཕེབས་ཏེ་ཞེས་གསལ་བར་གཞིགས་ན། དབུ་རུ་བྱང་ཕྱོགས་ཀྱི་འབྲོག་སྡེ་ཆེན་པོ་ཞེས་པ་དེ་མཁས་གྲུབ་ཁྱུང་པོ་འཁྲུངས་སའི་སྙེ་མོ་ར་མངས་ཡིན་སྲིད་པ་དང་། བུ་རྣལ་འབྱོར་པ་ཞེས་པ་ཡང་ཕལ་ཆེར་ཁྱུང་པོ་རྣལ་འབྱོར་རང་དུ་གོ་ཉེན་ཆེ། དེ་བཞིན་ཐོག་མའི་འཁྲུངས་ཡུལ་སྙེ་མོར་ཡིན་སྲིད་ཀྱང་གནས་བསྐོར་ལ་བྱོན་ནས་ལ་སྟོད་བྱང་གི་གཅུང་པ་སྤྱིར་ཕེབས་པས། ལ་སྟོད་བྱང་གི་ས་ཆའི་ཁོངས་སུ་སྤྱིར་རྗེ་བཙུན་མི་ལའི་འཁྲུངས་ཡུལ་གུང་ཐང་སྐྱ་རྔ་རྩ་ཡང་ཚུད་སྟབས་དེ་དག་ལ་འགལ་བ་ཆེར་མེད་མོད། འོན་ཏེ་གཅིག་ནས་གོང་གི་ལུང་ཚིག་དེར་རིགས་སྔགས་རྙིང་མའི་བླ་མ་ཇོ་སྲས་ཤིག་གི་བུ་ཞེས་འཁོད་ཀྱང་། མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་ཁོང་གི་ཡབ་མེས་རྣམས་བོན་པོའི་དགེ་བཤེས་ཡིན་པ་ལས་རྙིང་མ་ཡིན་པར་གསུངས་མེད། གཉིས་ནས་མི་ལའི་རྣམ་ཐར་རང་དུ་རྗེ་བཙུན་མི་ལས་སློབ་མ་རས་ཆུང་པ་སོགས་ལ་རང་གི་གདུང་ཁུངས་གསུངས་པའི་སྐབས་སུ་ཁྱུང་པོ་ཇོ་སྲས་ལ་བུ་རྣལ་འབྱོར་པ་ཞིག་དང་། དེ་ལ་སྲས་གཉིས་བྱུང་བ་ལས་ཆེ་བ་མི་ལ་མདོ་སྟོན་སེང་གེ་ལ་སྲས་མི་ལ་རྡོ་རྗེ་སེང་གེ་འཁྲུངས། དེ་ལ་མི་ལ་ཤེས་རབ་རྒྱལ་མཚན་འཁྲུངས་པས་ཁྱུང་པོ་ཇོ་སྲས་ནས་རྗེ་བཙུན་མི་ལ་བར་ཁྱོན་མི་ཐོག་ལྔར་སླེབས་ཡོད་པས་གོང་དུ་བཀོད་མ་ཐག་པའི་གནད་དོན་དེ་དག་དང་ཧེ་བག་ཤིན་ཏུ་ཆེ། གཞན་ཡང་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱི་འདས་ལོ་ནི་རྗེ་བཙུན་མི་ལའི་རྣམ་ཐར་དུ་དེ་ནས་ང་ལོ་བདུན་ཙམ་ལ་སླེབས་པའི་ཚེ། ཡབ་མི་ལ་ཤེས་རབ་རྒྱལ་མཚན་དེ་སྙུང་གཞི་དྲག་པོ་ཞིག་གིས་ཟིན་ནས་མྱུར་བར་ཞལ་ཆེམས་ཡི་གེ་སོགས་ལེགས་པར་བཞག་ནས་འདས་ཞེས་འཁོད་པ་ལྟར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱི་འདས་ལོ་ནི། རྗེ་བཙུན་མི་ལའི་འཁྲུངས་ལོ་ལོ་ཚིགས་དྭངས་ཤེལ་མེ་ལོང་སོགས་གཞིར་བཟུང་ན་སྤྱི་ལོ་1040ལོར་བརྩིས་པའི་ལོ་བདུན་སོང་རྗེས་ཏེ་སྤྱི་ལོ1047ལོ་ཙམ་དུ་ཁེལ་བ་དང་། ཡང་མི་ལ་ཤེས་རབ་རྒྱལ་མཚན་དགུང་ལོ་ཉི་ཤུར་མྱང་ཚ་དཀར་རྒྱུན་ཁབ་ཏུ་བཞེས་པའི་སྐོར་འཁོད་པས། གལ་ཏེ་དགུང་ལོ་ཉེར་གཅིག་ལ་མི་ལ་འཁྲུངས་པར་དཔགས་ན་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ལོ་མ་མཐར་ཡང་སྤྱི་ལོ1019ལོ་ཙམ་ལ་ཡིན། མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་སྤྱི་ལོ978ལོར་བརྩིས་པའི་སྤྱི་ལོ1019ལོར་མཁས་གྲུབ་ཁྱུང་པོ་དགུང་ལོ41དང་སྤྱི་ལོ1047ལོར་དགུང་ལོ69ལ་ཕེབས་པའམ་ཡང་ན། མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་སྤྱི་ལོ990ལོར་བརྩིས་པའི་སྤྱི་ལོ་1019ལོར་མཁས་གྲུབ་ཁྱུང་པོ་དགུང་ལོ29དང་སྤྱི་ལོ1047ལོར་དགུང་ལོ་57ལ་ཕེབས་པ་ཡིན། གལ་ཏེ་མི་ལའི་རྣམ་ཐར་ལྟར་རྗེ་བཙུན་མི་ལའི་འཁྲུངས་ལོ་སྤྱི་ལོ1052ལོར་བརྩིས་ན་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ལོ་ནི་སྤྱི་ལོ1031ལོ་ཙམ་དང་འདས་ལོ་སྤྱི་ལོ1059ལོ་ཙམ་ཡིན་པས། མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་སྤྱི་ལོ་978ལོར་བརྩིས་པའི་སྤྱི་ལོ1031ལོར་མཁས་གྲུབ་ཁྱུང་པོ་དགུང་ལོ53དང་སྤྱི་ལོ་1059ལོར་དགུང་ལོ81ལ་ཕེབས་པའམ་ཡང་ན། འཁྲུངས་ལོ་སྤྱི་ལོ990ལོར་བརྩིས་ན་སྤྱི་ལོ་1031ལོར་མཁས་གྲུབ་ཁྱུང་པོ་དགུང་ལོ41དང་སྤྱི་ལོ1059ལོར་དགུང་ལོ69ལ་ཕེབས་པ་ཡིན།
དེ་ལྟར་ལོ་ཚིགས་རྣམས་གུང་བསྒྲིགས་ཏེ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་མི་ལ་ཤེས་རབ་རྒྱལ་མཚན་འཁྲུངས་པར་བཞེད་ན་སྐྱོན་ཆེར་མེད་མོད། འོན་ཏེ་གོང་དུ་བཀོད་པའི་མཁས་གྲུབ་ཁྱུང་པོའི་དགུང་ལོའི་བར་མཚམས་འདི་དག་ལ་གཞིགས་ན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕགས་ཡུལ་དུ་ཐེངས་དང་པོ་ཕེབས་མ་ཕེབས་ཙམ་དུ་ཁེལ་བ་ཡིན། དེའི་སྐབས་ཁོང་འཕགས་ཡུལ་གྱི་བླ་མ་རྡོ་རྗེ་གདན་པ་ཆེན་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་མཁས་གྲུབ་ཁྱུང་པོའི་རྣམ་ཐར་ཁག་ཏུ་ཐོན་པས་སྲས་འཁྲུངས་ག་ལ་སྲིད། དེ་མིན་འཕགས་ཡུལ་དུ་ཐེངས་དང་པོ་མ་ཕེབས་གོང་དུ་ཡང་མཁས་གྲུབ་ཁྱུང་པོར་སྲས་འཁྲུངས་པའི་ལོ་རྒྱུས་ཅི་ཡང་འཁོད་མེད། ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་དུ་དེ་ནས་ཡུལ་དུ་སྲུ་མོ་བཟའ་མི་གཉིས་ལ་མེད་ཆོལ་དང་ལྟེ་བསྒྱུར་བསླབས་པའི་ཐོ་རངས་ལྷ་མོ་དཀར་པོ་གཅིག་བྱོན་ནས། ཁྱེད་ཀྱི་མེད་ཆོལ་འདིས་བུ་གསུམ་འབྱུང་བར་འགྱུར་རོ། བུ་ཆེ་བ་ལ་ཤངས་པ་མགོན། འབྲིང་པོ་ལ་ཤངས་པ་དར། ཆུང་བ་ལ་ཤངས་ཆུང་དུ་ཐོགས་ཤིག་ཅེས་པ་དེ་ནི་ཁོང་ལ་གཡུ་འབུལ་མཁན་གྱི་སྤུན་མཆེད་སྲུ་མོ་ཞིག་ལས་ཁོང་གི་ལྕམ་མིན། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ནའང་གོང་དུ་བཀོད་པའི་བུ་གསུམ་པོ་དེའི་གྲས་སུ་མི་ལ་ཤེས་རབ་རྒྱལ་མཚན་གྱི་མཚན་ཟུར་ཙམ་ཡང་ཐོན་མེད། དེར་བརྟེན་བློན་པོ་བཀའ་ཐང་དུ་བླ་མ་ཤངས་པར་གྲགས་པ་འབྱུང༌། །ཁྱིམ་པ་བྱང་ཆུབ་སེམས་མཆེད་གསུམ། ཤངས་མགོན་ཤངས་དང་ཤངས་ཆུང་རྣམས་ཞེས་འཁོད་པའི་ལུང་བསྟན་འདི་ཡང་། བླ་མ་ཤངས་པ་དེ་ཁྱིམ་པ་ཡིན་པར་གོ་ན་མི་འགྲིག་པར། སྐབས་དེར་མཁས་གྲུབ་ཁྱུང་པོའི་སྐུ་མཆེད་དུ་འགྱུར་བའམ་རྟེན་ཁྱིམ་པ་ཡིན་པ་ལ་བྱང་ཆུབ་སེམས་དང་ལྡན་པའི་བུ་སྤུན་གསུམ་སྟེ། ཤངས་པ་མགོན་དང་ཤངས་པ་དར། ཤངས་ཆུང་བཅས་ལ་གོ་བ་ཡིན་ལ། རྒྱལ་བའི་ཡུམ་རྒྱས་པ་ལས་བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་ནི་ཕ་དང་མ་དགོས་ལ། ཆུང་མ་མི་དགོས་པ་ཡང་ཡོད་དོ། །བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་ནི་ཕ་མ་དང་ཆུང་མ་དགོས་ལ། བུ་དང་བུ་མོ་མི་དགོས་པ་ཡོད་དོ། །བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་ནི་ཕ་མ་དང་། ཆུང་མ་དང་། བུ་དང་བུ་མོ་དང་། འཁོར་ལ་སོགས་པའི་འདོད་ཡོན་ཐམས་ཅད་དགོས་པ་ཡིན་ནོ་ཞེས་གསུངས་པ་བཞིན་ཁོ་བོས་ནི་མཁས་གྲུབ་ཁྱུང་པོ་འདི་ཉིད་དང་པོ་དང་མཐུན་པར་འདོད་ཅིང་། སྡོམ་ཁྲིམས་ཀྱིས་ལེགས་པར་བརྒྱན་པའི་མཁས་གྲུབ་ཁྱུང་པོར་སྲས་མི་ལ་ཤེས་རབ་རྒྱལ་མཚན་འཁྲུངས་ཞེས་གསུངས་པ་ནི་མོ་གཤམ་ལས་བུ་བྱུང་བ་ལྟར་མི་སྲིད་པ་ཁོ་ནར་སྣང་། གཞན་ཡང་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མིད་ལ་རས་པའི་གདུང་རུས་ནི་བོད་མིའུ་གདོང་དྲུག་ལས་ལྡོང་གི་རིགས་དང་། དེ་ལས་གྱེས་པ་ཁྱུང་པོ་ཡིན་པར་རྩོད་མེད་ཡིན་ཞེས་འཁོད་པ་ལྟར་རྗེ་བཙུན་མིད་ལའི་གདུང་ཁུངས་ལྡོང་ལས་བེ་རི། དེ་ལས་ཁྱུང་པོར་གྱེས་པར་འདོད་པ་དང་། དེབ་སྔོན་དུ་རྗེ་བཙུན་མི་ལའི་རུས་ཁུངས་སྒྲིང་སྐབས་སུ་ལོག་སྟག་རིས་ན་རིགས་སྤྱི་ཁྱུང་པོ། བྱེ་བྲག་མི་ལ་ཡིན་པ་ཞིག་ཅེས་གསལ་བ་བཞིན། རྗེ་བཙུན་མི་ལ་རས་པའི་རིགས་རུས་ལྡོང་ལས་གྱེས་པའི་ཁྱུང་པོ་ཡིན་པར་བཞེད་ཀྱང་། ལེགས་བཤད་རིན་ཆེན་མཛོད་དུ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་གདུང་ཁུངས་དང་མཐུན་པར་གསུངས་ཡོད་པས། འདིར་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་མཛད་རྣམ་སོགས་ཀྱི་དཔྱད་ཡིག་རྣམས་སུ་འཁོད་པ་ལྟར། བྱའི་རིགས་ལ་གྲུབ་ཐོབ་བརྒྱད་ཅུ་འབྱོན་པར་ལུང་བསྟན་པའི་གྲས་ལས་ཡོངས་སུ་གྲགས་པ་མཁས་གྲུབ་ཁྱུང་པོ་དང་རྗེ་བཙུན་མི་ལའི་རིགས་རུས་སྤྱི་ནི་བསེ་ཁྱུང་སྦྲ་ལས་གྱེས་པའི་ཁྱུང་པོ་མིན་ནམ་སྙམ།

I.1.4 - The birth and birthplace of Khyungpo Neljor
བཞི་པ། མཁས་གྲུབ་ཁྱུང་པོའི་འཁྲུངས་འདས་དང་འཁྲུངས་ཡུལ་སྐོར།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཡོངས་གྲགས་རྣམས་སུ་མཁས་གྲུབ་ཁྱུང་པོའི་འཁྲུངས་འདས་ལོ་ཚིགས་མི་མཐུན་པ་གཙོ་ཆེར་ཁག་གཉིས་ཐོན་ཡོད་པ་ལས། གང་ཞིག་ལོ་རྒྱུས་ཀྱི་དོན་དངོས་དང་འཚམ་པ་ཡོད་མིན་དང་། དེ་བཞིན་ཁོང་གི་འཁྲུངས་ཡུལ་དཔྱད་ཡིག་ཁག་ཏུ་གསལ་བའི་སྙེ་མོ་ར་མངས་ཞེས་པ་དེ་ད་ཆ་གང་དུ་ངོས་འཛིན་དགོས་མིན་བཅས་ཀྱི་སྐོར་ལྒང་བ་ལ།
I.1.4.1
གཅིག །འཁྲུངས་འདས་ལོ་ཚིགས་སྐོར།
དེ་ཡང་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་ལོ་ཙཱ་བ་བཀླན་དྷརྨ་བློ་གྲོས་དང་ག་ཡ་དྷ་ར་དང་མཉམ་དུ་མཐོ་ལྡིང་གཙུག་ལག་ཁང་དུ་ཕེབས་ནས་ཇོ་བོ་རྗེ་ལས་གསང་འདུས་ཀྱི་དབང་དང་མངོན་རྟོགས་རྒྱན་སོགས་ཞུས་ཞེས་དང་། བསྟན་རྩིས་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕགས་ཡུལ་ནས་ཕེབས་པའི་ཚུར་ལམ་ཨ་ཏི་ཤ་མངའ་རིས་སུ་ཕེབས་པ་མཇལ་ཞེས་འཁོད་པར་གཞིགས་ན། ཇོ་བོ་རྗེ་དང་མཁས་གྲུབ་ཁྱུང་པོ་གཉིས་མངའ་རིས་སུ་མཇལ་མྱོང་བ་གསལ་བར་འཁོད། ཡང་རྗེ་མར་པའི་རྣམ་ཐར་མཐོང་བ་དོན་ལྡན་དུ་རྗེ་མར་པས་འབྱོན་ལམ་མྱང་སྟོད་ལ་བྱོན་པས། བཞེངས་ཀྱི་གླང་པོ་སྣར། ཇོ་བོ་རྗེ་བོད་དུ་བྱོན་པ་དང་མཇལ་བས་ཞེས་འཁོད་པ་ལྟར། རྗེ་མར་པ་རྒྱ་གར་དུ་ཕེབས་ཐེངས་གསུམ་པར་འབྱོན་ལམ་མྱང་སྟོད་བཞེངས་ཀྱི་གླང་པོ་སྣ་སྟེ་གླིང་རས་པ་པདྨ་རྡོ་རྗེའི་འཁྲུངས་ཡུལ་དུ་ཇོ་བོ་རྗེ་བོད་དུ་བྱོན་པ་དང་མཇལ་ཏེ། ཇོ་བོ་རྗེས་མར་པ་ལོ་ཙཱ་བར་དབང་རྡོ་རྗེའི་ཕྲེང་བ་གནང་བའི་སྐོར་སོགས་རྗེ་མར་པའི་མཛད་རྣམ་འགར་འཁོད་ཡོད། གཞན་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཐེངས་གསུམ་པར་འཕགས་ཡུལ་ནས་བོད་དུ་ཕྱིར་ལོག་ཕེབས་སྐབས་སུ་རྗེ་མར་པ་ཆོས་ཀྱི་བློ་གྲོས་རྒྱ་གར་ལ་ཐེངས་གསུམ་པ་ཕེབས་པའི་སྐབས་ཡིན་པས། ཁོང་གཉིས་མཇལ་བར་དོགས་ཀྱང་ད་ཕན་ཁུངས་བཙན་གྱི་དཔྱད་གཞི་མ་རྙེད། གང་ལྟར་ན་ཡང་མར་པ་ལོ་ཙཱ་བ་དང་མཁས་གྲུབ་ཁྱུང་པོ་གཉིས་ཀས་ཇོ་བོ་རྗེ་མཇལ་མྱོང་བ་ཡིན་པས། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་མར་པ་ལོ་ཙཱ་བ་དང་། ཇོ་བོ་རྗེ་སོགས་དང་། དེ་མིན་མཁས་གྲུབ་ཁྱུང་པོའི་མཛད་རྣམ་ལྟར་ལོ་ཆེན་རིན་ཆེན་བཟང་པོ། ལོ་ཙཱ་བ་གླན་དར་མ་བློ་གྲོས་སོགས་དང་དུས་མཉམ་པའི་བོད་སིལ་བུའི་སྨད་དེ་སྤྱི་ལོའི་དུས་རབས་བཅུ་པའི་མཇུག་ཏུ་བྱོན་པའི་མཁས་གྲུབ་གྲགས་ཅན་ཞིག་ཡིན་པ་ཐེ་ཚོམ་མེད། འོན་ཏེ་འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་ཕྲ་གང་དུ་ངེས་ཞེ་ན།
༡ མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ། མཁས་གྲུབ་ཁྱུང་པོའི་རྣམ་ཐར་ཀུན་གཅིག་ཏུ་མཐུན་པརསྟག་གི་ལོ་ལ་མ་ཡི་རུམ་ནས་བཙས་ཞེས་ཁོང་གི་འཁྲུངས་ལོ་དཔའ་བ་སྟག་གི་ལོ་ཡིན་པ་ངེས་ཀྱང་། དུས་སྐབས་དེའི་གཡས་གཡོན་གྱི་སྟག་གི་ལོ་རྣམས་ལས། (༡) རབ་བྱུང་དང་པོའི་ས་སྟག་ལོ་སྟེ་སྤྱི་ལོ1038ལོ་ནི། ནག་ཚོའི་ལམ་ཡིག་ལྟར་ཇོ་བོ་རྗེ་མངའ་རིས་སུ་ཕེབས་སྐབས་སྤྱི་ལོ་1040ལོ་ཡིན་པ་དང་། མངའ་རིས་སུ་ལོ་གསུམ་བཞུགས་རྗེས་སྤྱི་ལོ1043ལོ་ཙམ་ཟིན་ལ། ཡང་ཇོ་བོ་རྗེ་དང་མཁས་གྲུབ་ཁྱུང་པོ་གཉིས་མངའ་རིས་སུ་མཇལ་བ་ཡོངས་གྲགས་ཡིན་པས། དེའི་སྐབས་མཁས་གྲུབ་ཁྱུང་པོ་དགུང་ལོ་གཉིས་ནས་ལྔ་བར་ལོན་པའི་བྱིས་པ་ཞིག་ཡིན་སྟབས་ལོ་དེ་ཡིན་མི་སྲིད། (༢) དམ་ཆོས་སྤྱི་བཤད་ཆུ་ཤེལ་མེ་ལོང་སོགས་སུ་འཁོད་པའི་རབ་བྱུང་དང་པོ་མ་ཚུགས་གོང་གི་ཤིང་སྟག་སྤྱི་ལོ1014ལོ་ནི། མཁས་གྲུབ་ཁྱུང་པོ་དང་ཇོ་བོ་རྗེ་གཉིས་མཇལ་བའི་དུས་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་དུ་ཐེངས་གསུམ་ཕེབས་ཟིན་རྗེས་སུ་ཡིན་པས། སྐབས་དེར་ཁོང་དགུང་ལོ་ཉི་ཤུ་རྩ་དྲུག་ནས་རྩ་དགུ་བར་ལས་ལོན་མེད་པས། དེ་ཡང་ཡིན་མི་སྲིད། (༣) བོད་རིག་པ་མཁས་ཅན་དུ་གྲགས་པ་སྐུ་ཞབས་ཝང་སེང་གིས་མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་རབ་བྱུང་དང་པོའི་མེ་སྟག་སྤྱི་ལོ1086ལོ་སོགས་ལ་བཞེད་པ་ནི། གོང་གི་ལོ་རྒྱུས་ཀྱི་དོན་དངོས་དེ་དག་དང་ཡོངས་སུ་འགལ་བ་ཡིན། དེས་ན་མིག་སྔར་ཡོངས་སུ་གྲགས་པའི་ལོ་རྒྱུས་ཆོས་འབྱུང་རྣམས་སུ་སྟག་གི་ལོ་དེར་ངོས་འཛིན་སྟངས་མི་མཐུན་པ་གཙོ་བོ་ཁག་གཉིས་ཏེ། རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བར་དེ་ལ་ལྔས་སྦྱངས་ས་སྟག་དེ། །ཕྱི་དར་ཐོག་མར་འབྲོམ་སྟོན་བཞེད། །ཁྱུང་པོ་རྣལ་འབྱོར་འཁྲུངས་ལོ་ཡིན་ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་མེ་མཁའ་རྒྱ་མཚོའི་ལོ367པ་རབ་བྱུང་དང་པོའི་གོང་གི་དྲུག་ཅུ་སྐོར་དང་པོའི་ས་ཕོ་སྟག་སྟེ་སྤྱི་ལོ་978ལོ་ལ་འཁྲུངས་པར་བཞེད་པ་དང་། སུམ་པའི་ཆོས་འབྱུང་དང་སུམ་པའི་མ་རྩིས་སོགས་སུ་རབ་བྱུང་དང་པོའི་གོང་གི་དྲུག་ཅུ་སྐོར་དང་པོའི་ལྕགས་སྟག་སྤྱི་ལོ990ལོར་འཁྲུངས་པར་བཞེད། །མཁས་གྲུབ་ཁྱུང་པོ་དང་ཇོ་བོ་རྗེ་གཉིས་གུ་གེ་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཞལ་མཇལ་ནས། མཁས་གྲུབ་ཁྱུང་པོས་ཇོ་བོ་རྗེ་ལས་གསང་འདུས་དང་མངོན་རྟོགས་རྒྱན་སོགས་ཀྱི་གདམས་པ་གསན་པའི་སྐོར་ཁོང་གི་མཛད་རྣམ་དུ་གསལ་བར་འཁོད་ཡོད། སྤྱིར་ཇོ་བོ་རྗེ་མངའ་རིས་སུ་ཕེབས་པའི་ལོ་ཚིགས་སྐོར་མི་མཐུན་པ་འགའ་ཞིག་ཡོད་ཀྱང་། ནག་ཚོའི་ལམ་ཡིག་སོགས་སུ་འཁོད་པ་ལྟར་རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ1040ལོ་ཡིན་ལ། མངའ་རིས་སུ་ལོ་གསུམ་སྟེ་རབ་བྱུང་དང་པོའི་ཆུ་རྟ་སྤྱི་ལོ1043ལོ་བར་བཞུགས་པ་ཡིན་དགོས་ཤིང་། ཡང་མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་ལོ་ཙཱ་བ་བཀླན་དྷརྨ་བློ་གྲོས་དང་ག་ཡ་དྷ་ར་དང་མཉམ་དུ་མཐོ་ལྡིང་གཙུག་ལག་ཁང་དུ་ཕེབས་ཞེས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་ཇོ་བོ་རྗེ་གཉིས་མངའ་རིས་སུ་མ་མཇལ་གོང་། མཁས་གྲུབ་ཁྱུང་པོ་གྲུབ་ཆེན་ག་ཡ་དྷ་ར་དང་འགྲོགས་ནས་བོད་དུ་ཕེབས་པ་གསལ་བར་འཁོད་ཡོད། གྲུབ་ཆེན་ག་ཡ་དྷ་ར་བོད་དུ་སྔ་རྗེས་སུ་ལན་གསུམ་བྱོན་མྱོང་ཞིང་། ཐེངས་དང་པོར་འབྲོག་མི་ལོ་ཙཱ་བས་སྤྱན་དྲངས་ནས་རབ་བྱུང་དང་པོའི་ལྕགས་སྦྲུལ་སྤྱི་ལོ་1041ལོར་བོད་དུ་ཕེབས། འབྲོག་མི་ལོ་ཙཱ་བས་སྤྱི་ལོ1043ལོར་མང་མཁར་མུ་གུ་ལུང་བཏབ་རྗེས་ཀྱི་ལོ་གསུམ་རིང་གྲུབ་ཆེན་ག་ཡ་དྷ་ར་ལས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གསན། ཐེངས་གཉིས་པ་དང་གསུམ་པ་སོ་སོར་འགོས་ལོ་དང་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་སྤྱན་དྲངས་པ་ཕལ་ཆེར་གོང་གི་དུས་དེ་ལས་ཕྱི་བས་འདིར་མ་བཀོད། དེར་བརྟེན་སྤྱི་ལོ1041ལོར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕགས་ཡུལ་ནས་ཐེངས་གསུམ་པར་བོད་དུ་ཕྱིར་ལོག་ཕེབས་པ་ཤེས་རྟོགས་ཐུབ། དེ་ལྟར་སྤྱི་ལོ1041ལོ་སྟེ་ཇོ་བོ་མངའ་རིས་སུ་ཕེབས་པའི་ཕྱི་ལོ་དེར་མཁས་གྲུབ་ཁྱུང་པོ་དང་མཇལ་བ་ཡིན་པས། མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་སྔ་མ་སྤྱི་ལོ་978ལོར་བརྩིས་ན། སྐབས་དེར་ཁོང་དགུང་ལོ་དྲུག་ཅུ་རེ་གསུམ་དང་། ཕྱི་མ་སྤྱི་ལོ་990ལོ་ལྟར་བྱས་ན་ཁོང་དགུང་ལོ་ལྔ་བཅུ་ང་གཅིག་ལ་ཕེབས་པ་ཡིན། མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་ལོ་བཅུ་གསུམ་ལ་སློབ་དཔོན་གཡུང་དྲུང་རྒྱལ་བ་ལས་བོན་ཕྱི་ནང་ཐམས་ཅད་བསླབས་པས་མཁས་པར་ཤེས་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོས་དགུང་ལོ་བཅུ་གསུམ་ལ་བོན་བསླབས་པ་དང་། ཐུའུ་བཀྭན་གྲུབ་མཐའི་ནང་མཁས་གྲུབ་ཁྱུང་པོས་བལ་པོར་སུ་མ་ཏི་ལ་ལོ་ཙཱ་བསླབས་ནས་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་དུ་བྱོན། ལོ་ལྔ་བཅུ་ཙམ་གྱི་རིང་ལ་རྒྱ་བལ་བོད་གསུམ་དུ་འབྱོན་བཞུད་མཛད་ཅེས་འཁོད་པ་བཞིན་འཕགས་བལ་བོད་གསུམ་དུ་འབྱོན་བཞུད་མཛད་པའི་ལོ་ངོ་ལྔ་བཅུའི་སྟེང་། བོན་ལ་སྦྱངས་པ་མཛད་སྐབས་ཀྱི་དགུང་ལོ་བཅུ་གསུམ་བསྣན་ན་དགུང་ལོ་དྲུག་ཅུ་རེ་གསུམ་ཟིན་པ་དེ། འཁྲུངས་ལོ་སྔ་མ་སྤྱི་ལོ978ལོ་ལྟར་ན་ཇོ་བོ་རྗེ་དང་མཇལ་དུས་ཀྱི་སྤྱི་ལོ་1041ལོར་མཁས་གྲུབ་ཁྱུང་པོ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་པ་དང་ཡོངས་སུ་མཚུངས། གལ་ཏེ་འཁྲུངས་ལོ་ཕྱི་མ་ལྟར་ན་འཕགས་བལ་བོད་གསུམ་དུ་འབྱོན་བཞུད་མཛད་པར་ལོ་ལྔ་བཅུ་ཙམ་འགོར་བས། ཁོང་སྐུ་འཁྲུངས་མ་ཐག་འཕགས་བལ་དུ་ཕེབས་དགོས་པ་ཡིན་པས་མི་སྲིད། ཡང་ཐུའུ་བཀྭན་གྲུབ་མཐར་མཁས་གྲུབ་ཁྱུང་པོ་འཕགས་བལ་དུ་ཐོག་མར་ཕེབས་པའི་དུས་དེ་དགུང་ལོ་བཅུ་གསུམ་ཁོ་ནར་ཡིན་པ་ལྟར་སྣང་ཡང་། དགུང་ལོ་བཅུ་གསུམ་ལ་བོན་བསླབས་པ་དང་། དེ་ནས་རིམ་བཞིན་བོན་པོའི་བུ་སློབ་ཀྱི་ཚོགས་པ་བསྐྱངས་པ། བོན་ལ་མ་མོས་པར་རྫོགས་ཆེན་གྱི་ཆོས་སྒོར་ཞུགས་པ། ཤོ་མ་རར་སྐོར་ནི་རུ་པ་ལས་ཕྱག་རྒྱ་ཆེན་པོའི་གདམས་པ་གསན་པ་བཅས་འཕགས་བལ་དུ་མ་ཕེབས་གོང་མ་མཐར་ཡང་ལོ་བཅུ་གསུམ་ལས་ལྷག་པའི་དུས་ཚོད་དགོས་པས། འཕགས་བལ་བོད་གསུམ་དུ་འབྱོན་བཞུད་མཛད་རིང་ལ་ལོ་ངོ་ལྔ་བཅུ་འགོར་གསུངས་པ་དེ་གྲངས་ངེས་མིན་ཏེ། རྫོགས་ཆེན་དང་ཕྱག་ཆེན་གྱི་བསྟན་པ་ལ་ཞུགས་པ་དང་། འཕགས་བལ་དུ་ཐོག་མར་ཕེབས་པའི་ལོ་ཚིགས་རྣམས་གཏན་ཁེལ་དཀའ་བས་ཐུའུ་བཀྭན་རིན་པོ་ཆེས་ལོ་ལྔ་བཅུ་ཙམ་ཞེས་ཙམ་སྒྲ་སྦྱར་བ་ཡིན་སྟབས་སྐྱོན་ཆེར་མེད།
གཞན་ཡང་ཙིན་ཏཱ་མ་ཎིའི་ཕྲེང་བར་དགུང་ལོ་ལྔ་བཅུ་ང་གཉིས་བཞེས་པ་ལ་བལ་པོ་དང་རྒྱ་གར་དུ་ཕེབས་ཞེས་མཁས་གྲུབ་ཁྱུང་པོ་དགུང་ལོ་ང་གཉིས་པ་ལ་ཐོག་མར་རྒྱ་གར་དུ་བཞུད་པའི་དབང་དུ་བཏང་ན། ཁོང་གི་འཁྲུངས་ལོ་སྔ་མ་སྤྱི་ལོ་978ལོ་ལྟར་ན་ཁོང་ཐོག་མར་འཕགས་བལ་དུ་ཕེབས་པའི་དུས་ནི་སྤྱི་ལོ1030ལོ་ཡིན་པས། ཇོ་བོ་རྗེ་དང་མཇལ་དུས་ཀྱི་སྤྱི་ལོ1041ལོའི་གོང་འཕགས་བལ་བོད་གསུམ་དུ་འབྱོན་བཞུད་མཛད་པར་ལོ་བཅུ་གཅིག་ཙམ་འགོར་བ་ཡིན་པས་འགལ་བ་ཆེར་མེད། འོན་ཀྱང་འཁྲུངས་ལོ་ཕྱི་མ་སྤྱི་ལོ990ལོ་ལྟར་ན་ཁོང་ཐོག་མར་རྒྱ་གར་དུ་ཕེབས་པའི་དུས་ནི་སྤྱི་ལོ1042ལོ་ཡིན་ཞིང་། དེ་ནི་འཕགས་བལ་དུ་ཐེངས་གསུམ་ཕེབས་རྗེས་ཇོ་བོ་རྗེ་དང་མཇལ་བའི་སྤྱི་ལོ1041ལོ་ལས་ཀྱང་ཕྱི་བས་མི་སྲིད། དེས་ན་ཁོ་བོས་མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་སྔ་མ་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་གསུང་སྒྲོས་ལྟར་རབ་བྱུང་དང་པོའི་གོང་གི་དྲུག་ཅུ་སྐོར་དང་པོའི་ས་ཕོ་སྟག་སྟེ་སྤྱི་ལོ་978ལོ་ཡིན་པར་འདོད་ལ། བོད་སོག་ཆོས་འབྱུང་དུ་ཡིག་ཆ་གཞན་ཀུན་དང་མི་མཐུན་པར་མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་མེ་ཕག་སྤྱི་ལོ987ལོ་ཞེས་འཁོད་པའི་ཕག་གི་ལོ་ནི་མཁས་གྲུབ་ཁྱུང་པོའི་སྐོར་གྱི་ཁུངས་བཙན་ཡིག་ཆ་གང་དུའང་མི་གསལ་བས་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་པའི་ལོ་གྲངས་དེའི་ནང་གི་གྲངས་གནས་བདུན་དང་བརྒྱད་གཉིས་ཀྱི་གོ་རིམ་ལྡོག་པར་ངེས།
༢ མཁས་གྲུབ་ཁྱུང་པོའི་འདས་ལོ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་ཏུ་བཟང་མོས་ལུང་བསྟན་པའི་མཐར་ཐུག་བཞི་ལས་ཚེའི་མཐར་ཐུག་བརྒྱ་དང་ལྔ་བཅུ་ཞེས་དང་། གྲུབ་ཆེན་ཨ་མོ་གྷ་བཛྲ་གྱིས་ཀྱང་ལོ་ནི་བརྒྱ་དང་ལྔ་བཅུ་འཚོ་བར་འགྱུར་ཞེས་སོགས་མཁས་གྲུབ་ཁྱུང་པོ་དགུང་ལོ་བརྒྱ་དང་ལྔ་བཅུ་འཚོ་བ་ལུང་གིས་ཟིན་པ་དེ་དག་དོན་དངོས་ཡིན་མིན་སྐོར་ལ། བར་ཆད་བསྲུང་བ་དང་རྣམ་ཤེས་ཡི་དམ་གྱི་ཕྱག་མཚན་ལ་འཕོ་བ་ལས་བླ་མ་ཤངས་པ་གདུ་གུ་ཅན་རྒྱ་གར་དུ་བཞུད་པའི་ལམ་ཁར། ནགས་གསེབ་གཅིག་ནས་མཁའ་འགྲོ་མ་གཅིག་བྱོན་ནས། རྣལ་འབྱོར་པའི་ཚེ་ལ་བར་ཆད་འོང་བར་འདུག་པས། ངས་བསྲུང་བ་གཅིག་བསླབས་ཀྱི་གསུངས་ནས། མཁའ་འགྲོ་ནི་གུ་ཅན་གྱི་བླ་མ་ཤངས་པ་ལ་བསྲུང་བ་འདི་གནང་ངོ་ཞེས་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་དུ་ཕེབས་པའི་ལམ་བར་དུ་སྲོག་ལ་འཇིགས་པ་བྱུང་ཡང་། ནི་གུ་མས་ཚེ་ཡི་བར་ཆད་བསྲུང་བའི་སྡོངས་གྲོགས་མཛད། ད་དུང་ཁོང་ཉིད་ལ་སྐུ་ཚེའི་མཇུག་ཏུ་རྨི་ལམ་བཟུང་ནས་འོད་དཔག་མེད་ཀྱི་བདུད་རྩི་བུམ་པའི་ཚེ་སྒྲུབ་ཐོབ་པ་དེ་དག་ཀྱང་སྐུ་ཚེ་རིང་པོར་བཞུགས་ཐུབ་པའི་རྒྱུ་མཚན་དུ་མི་འགྲོ་བ་བརྗོད་དཀའ་སྟེ། དཔེར་ན་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལྟ་བུ་ཡིན། མ་གཞི་བོད་སིལ་བུའི་དུས་སུ་བོད་ཁམས་སྤྱི་ལ་ནད་ཡམས་སོགས་ཀྱི་འཇིགས་པ་ལན་འགའ་བྱུང་བ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སོགས་འཕགས་བལ་དུ་ཕེབས་པར་ལམ་འཕྲང་གི་འཇིགས་པ་དང་ཚ་དུབ་སོགས་དཀའ་ཚེགས་མི་ཉུང་བ་ཞིག་ཁྱད་དུ་གསོད་དགོས་སྟབས་གསོན་རྐྱེན་ལས་འཆི་རྐྱེན་ལྡབ་འགྱུར་གྱི་མང་བ་དང་། སྐུ་ཚེ་གཅིག་ཏུ་འཕེལ་རིམ་ཆེན་པོ་གསུམ་ཚང་བར་བརྒྱུད་པ་དེ་དག་ལ་ཡང་དུས་ཡུན་རིང་པོ་འགོར་སྲིད་པ་ཡིན་མོད། འོན་ཀྱང་དཔྱད་ཡིག་འགའ་ཞིག་ཏུ་སྔར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་གྲུབ་ཆེན་ཕ་དམ་པ་སོགས་འཕགས་ཡུལ་མཁས་གྲུབ་རྣམས་ཀྱི་ཚེ་ཚད་སྨོས་པ་ལྟར་མཁས་གྲུབ་ཁྱུང་པོའི་སྐུ་ཚེའི་ཚད་ལོ་བརྒྱ་དང་ལྔ་བཅུ་ཞེས་པ་དེ་ལ་ཡང་སོམ་ཉིའི་ཚུལ་ལྟ་བུ་ཞིག་བཟུང་སྟེ། ཀློང་རྡོལ་བླ་མའི་གསུང་འབུམ་དུ་མཁས་གྲུབ་ཁྱུང་པོའི་དགུང་ལོ་བརྒྱ་དང་ཉི་ཤུ་ཞེས་འཁོད་པ་དང་། དེའི་རྗེས་སུ་འབྲངས་ནས་སྙེ་མོ་རྫོང་ཞེས་པའི་ནང་མཁས་གྲུབ་ཁྱུང་པོ་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་ཞེས་འཁོད་པ། ཡང་དབུས་གཙང་དགོན་སྡེའི་ཞིབ་འཇུག་ཏུ་བཤད་རྒྱུན་ལ་ལར་དགུང་ལོ་དགུ་བཅུ་བཞུགས་ཤིང་དེ་འཕྲོས་ཐུགས་དམ་དུ་ཡུན་རིང་བཞུགས་པར་གྲགས་པའང་དཔྱད་ཞིབ་ཀྱི་རིན་ཐང་མེད་པ་མ་ཡིན་སྙམ་ཞེས་འཁོད་པའི་ནང་མཁས་གྲུབ་ཁྱུང་པོ་དགུང་ལོ་བརྒྱ་དང་ཉི་ཤུ་དང་། དགུ་བཅུ་སོགས་བཞུགས་པར་གསུངས་པ་ནི་དཔལ་ལྡན་ཤངས་པའི་ཚད་ལྡན་གྱི་དཔྱད་ཡིག་རྣམས་དང་འགལ། དེར་བརྟེན་འགོས་ལོ་གཞོན་ནུ་དཔལ་གྱིས་མཁས་གྲུབ་ཁྱུང་པོ་འདིའི་སྐུ་ཚེ་ལོ་བརྒྱ་ལྔ་བཅུ་གསུང་བ། དམ་པ་སངས་རྒྱས་དིང་རིར་བྱོན་པའི་ཚེ། རྗེ་ཁྲི་པས་ཁྱེད་ཀྱིས་ལོ་དུ་ལོན་ཞུས་པས། དགུ་ཁྲི་དགུ་སྟོང་དགུ་བརྒྱ་དགུ་བཅུ་ལོན་ཞེས་གསུངས་པ་དང་འདྲ་བར། གྲུབ་པའི་སྐྱེས་བུ་རྣམས་ཀྱི་དགོངས་པ་ཅན་གྱི་གསུང་ལ་རྫུན་དུ་བལྟ་བར་མི་བྱ་ལ། ཕྱིས་འདི་ལས་གྲུབ་ཐོབ་མང་དུ་བརྒྱུད་མར་བྱུང་བའི་གཏན་ཚིགས་ཀྱིས་གྲུབ་པའི་སྐྱེས་བུ་ཁོ་ནར་ལྟ་བར་བྱ་སྟེ། དུ་བ་ལས་མེ་རྟོགས་པ་བཞིན་ནོ་ཞེས་གསུངས་པ་དོན་ལ་གནས་པས་ཁོ་བོས་ཀྱང་དགུང་ལོ་བརྒྱ་དང་ལྔ་བཅུ་དེ་རང་དུ་འདོད། དེ་ལྟར་མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་སྤྱི་ལོ་978ལོར་བྱས་པའི་དགུང་གྲངས་བརྒྱ་དང་ལྔ་བཅུ་སོང་རྗེས་ཏེ། ཁོང་གི་འདས་ལོ་རབ་བྱུང་གཉིས་པའི་ས་སྤྲེལ་སྤྱི་ལོ1128ལོ་ཡིན།
I.1.4.2
གཉིས་པ། འཁྲུངས་ཡུལ་འཚོལ་ཞིབ།
དེ་ཡང་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་བན་ཆུང་བདག་གི་སྐྱེ་ས་གངས་དཀར་མདའ། །གཉི་མོ་ར་མངས་རྗེ་རིགས་ཁྱུང་པོ་ཡིན་ཞེས་མཁས་གྲུབ་ཁྱུང་པོ་སྐུ་འཁྲུངས་པའི་ཡུལ་གྱི་མིང་ལ་གཉི་མོ་དང་། བོད་སོག་ཆོས་འབྱུང་དུས་ཁྱུང་པོ་སྟག་སྐྱེས་ཀྱི་སྲས་སུ་སྙི་མོར་སྐུ་བལྟམས་ཞེས་པ། དེབ་ཐེར་སྔོན་པོར་མཁས་གྲུབ་ཁྱུང་པོའི་འཁྲུངས་ཡུལ་སྙེ་མོ་ར་མངས་ཡིན་ཞེས་གསལ་བར་འཁོད་པ་སོགས་ས་མིང་འདིར་ཡི་གེ་འབྲི་སྟངས་མི་མཐུན་པ་འགའ་ཞིག་ཡོད་ཀྱང་། འདིར་ནི་མཁས་གྲུབ་ཁྱུང་པོའི་མཛད་རྣམ་དང་དེབ་སྔོན་སོགས་ལྟར་ར་མངས་ཞེས་སུ་དགོད་རྒྱུ་ཡིན་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་རུ་མཚམས་ཀྱི་ཡུལ་སྙེ་མོར་མང་ཞེས་དང་། འབྲུག་པའི་ཆོས་འབྱུང་དུ་སྙེ་མོར་མངས་ཞེས་འཁོད་པ་འདི་གཉིས་ལ་ཡི་གེ་མོ་དང་ར་གཉིས་དབར་གྱི་ཚེག་དོར་བས་སྙེ་མོ་ར་མངས་ཞེས་པ་དེ་སྙེ་མོར་མང་དང་། སྙེ་མོར་མངས་གཉིས་སུ་འགྱུར་བས་ཕལ་ཆེར་འཁྲུལ་བར་སྙམ། གང་ལྟར་ནའང་ས་ཆ་འདི་ནི་ལོ་རྒྱུས་ཡིག་ཆ་སྤྱི་བྱིངས་དང་མཐུན་པར་སྙེ་མོའི་ཁུལ་དུ་ཡིན་པ་གོར་མ་ཆག །གང་ལགས་ཤེ་ན། གོང་དུ་མཁས་གྲུབ་ཁྱུང་པོའི་རྣམ་ཐར་ལས་དྲངས་པའི་ལུང་ཡིག་འདིའི་ནང་གསལ་བའི་གངས་དཀར་ནི་དབུས་གཙང་གི་བར་ཏེ་དེང་སྙེ་མོ་རྫོང་མར་རྐྱང་ཡུལ་ཤོག་ཐབ་མདུན་གྲོང་ཚོའི་ཁོངས་སུ་ཡོད་པའི་བརྗིད་ཆགས་ཡིད་དུ་འོང་བའི་གངས་རི་ཇོ་མོ་གངས་དཀར་ཞེས་པ་དེ་ཡིན། གནའ་དུས་སུ་གངས་རི་འདིར་བོན་གྱི་གནས་སྲུང་གངས་དཀར་གནམ་སྨན་དཀར་མོ་ཞེས་འབོད་པར་གཞིགས་ན་གངས་དཀར་ཞེས་པའི་མིང་དེ་འགྱུར་མེད་དུ་གནས་པ་གསལ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་དམ་ལ་བཏགས་པར་གྲགས་པའི་བསྟན་མ་བཅུ་གཉིས་ཀྱི་ནང་ཚན་རྡོ་རྗེ་སྤྱན་གཅིག་མའི་གནས་རི་ཡིན་ཚུལ་པདྨ་བཀའ་ཐང་དུ་དེ་ནས་གནམ་ཐང་མཁར་ནག་ལ་ཁར་བྱོན་ཞེས་པ་ནས་གཏེར་ཁ་ཆེན་པོ་ཞིག་གི་གཉེར་བྱང་གཏད་ཅེས་པའི་བར་གྱི་ཚིག་རྐང་བཅུ་གསུམ་ལས་གསལ། གངས་རི་དེ་ལས་འབབ་པ་ནི་སྙེ་མོའི་གཞུང་ཆུ་དང་གནམ་མཚོའི་ཆུ་མགོ་སོགས་ཡིན་པས། དེའི་མདའ་ལ་སྙེ་མོའི་ལུང་པ་སྤྱི་ཆགས་ཡོད་ལ། ད་དུང་གོང་གི་ཚིག་རྐང་དེར་ཡང་སྙེ་མོ་ཞེས་གསལ་བར་ཐོན་པས་ཁོང་གི་འཁྲུངས་ཡུལ་ཡང་གངས་དཀར་མདའ་སྟེ་ད་ལྟའི་སྙེ་མོ་རྫོང་ཁུལ་དུ་ཡིན་པ་ཁ་ཚོན་གཅོད་ཆོག་པ་ཡིན། འོ་ན་མཁས་གྲུབ་ཁྱུང་པོའི་འཁྲུངས་ཡུལ་ནི་དབུས་གཙང་གི་རུ་མཚམས་སྙེ་མོར་ཡིན་པ་དང་། སྙེ་མོའི་ཁོངས་ཀྱི་ཞིབ་ཕྲའི་ས་ཆ་གང་དུ་ཁེལ་ཞེ་ན། ཡོངས་གྲགས་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཐོན་པའི་ར་མངས་ཞེས་པ་དེ་དང་ཡོངས་སུ་མཚུངས་པ་སྟེ་དེ་ཉིད་རང་སོར་གནས་པའི་ས་མིང་དེང་སྙེ་མོ་རྫོང་ཁུལ་དུ་མེད། འོན་ཀྱང་སྙེ་མོ་ཡུལ་ཤོག་རི་རྩེ་ཚོན་ཆུས་གཏོར་ཤང་བཙུགས་གོང་ཡུལ་ཤོག་ཡིན་པ་དུ་སྔར་བོང་ར་གྲོང་ཚོ་ཞེས་བརྗོད་པ་ཞིག་སྟེ། འགའ་ཞིག་གིས་བོར་ར་ཞེས་པའི་བརྗོད་སྲོལ་ཡང་ཡོད་དེ་ཨོ་རྒྱན་རིན་པོ་ཆེའི་ཕྱག་འཁར་ས་དེར་བོར་བས་བོར་ཞེས་པ། ཕྱིས་བོ་དང་ར་ཕྲལ་ནས་བརྗོད་པ་ཡིན་ཟེར་བ་དང་། ད་དུང་ཁུལ་དེའི་མི་རྣམས་ཀྱི་ཤོད་སྲོལ་དུ་ཡུལ་འདིར་སྔར་ར་མང་པོ་ཡོད་ལུགས་བརྗོད་པ་ལྟར་ན་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཐོན་པའི་ར་མང་ལས་ར་དང་། མང་ལ་ཡང་འཇུག་མེད་པས་མང་པོའི་དོན་དུ་འཇུག་པ་དང་མཐུན་པ། ཡང་ལ་ལས་ས་ཆ་དེའི་ཉེ་འཁོར་དུ་སྔར་རྟ་རྭ་གསུམ་སོགས་ཡོད་ཟེར་བར་གཞིགས་ན། ཕལ་ཆེར་རྭ་བ་མང་པོའི་དོན་ལ་འཇུག་པའི་རྭ་མང་ཡིན་པའང་སྲིད་དེ། རྭ་ལོ་ཙཱ་བའི་རྣམ་ཐར་དུ་རྭ་མངས་ཞེས་འཁོད་པ་དང་མཐུན་སྙམ། དེ་ལྟར་འགྱུར་ལྡོག་རབ་ཏུ་ཆེ་བ་དེ། མི་ཡུལ་དག་པའི་ཆོས་ཉིད་ཡིན་ཞེས་སུ་གྲགས་པ་ལྟར། ས་མིང་སོགས་ལའང་འགྱུར་ལྡོག་ཡོང་བ་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཏེ། སྔར་དབོན་སྟོན་སྐྱེར་སྒང་པའི་སྐབས་སྐྱེར་སྒང་ཞེས་པའི་ས་དེར་དེང༌སྦང་ཞེས་གྲགས་པ་ལྟར་མིང་འབོད་ཚུལ་ཡོངས་སུ་མི་འདྲ་བོར་གྱུར་ཡོད་ཀྱང་། མཁས་གྲུབ་ཁྱུང་པོ་དང་རྭ་ལོ་སོགས་ཀྱི་སྐུ་དུས་སུ་མཁས་གྲུབ་ཁྱུང་པོའི་འཁྲུངས་ཡུལ་དེར་ར་མངས་སམ་རྭ་མངས་ཞེས་སུ་འབོད་པ་དང་། ཕྱིས་རིམ་བཞིན་བོ་ར་ཞེས་སུ་འགྱུར་བའི་བརྒྱུད་རིམ་ཁྲོད། ར་ཡིག་དེ་འགྱུར་མེད་རང་སོར་གནས་པས་ས་ཆ་དེ་རང་དུ་ཡིན་པའི་དཔང་རྟགས་འཁྲུལ་མེད་ཅིག་ཡིན། དེ་མིན་སྙེ་མོ་ཡུལ་ཤོག་རི་རྩེ་གྲོང་ཚོར་འཁྲུངས་ཁང་ཞེས་མཁས་གྲུབ་ཁྱུང་པོ་འཁྲུངས་སའི་ཁང་པ་ཡིན་ཟེར་བའི་ཁྱིམ་ཚང་ཞིག་ཀྱང་ད་ལྟ་དངོས་སུ་གནས་མུས་ཡིན། འཁྲུངས་ཁང་གི་ཁང་པ་གྲོང་ཚོ་དེ་རང་གི་ནང་དུ་སྔ་ཕྱི་ཁྱོན་བསྡོམས་ཐེངས་གསུམ་སྤོ་བསྒྱུར་བྱས་པ་སྟེ། སྔར་གྲོང་ཁྱིམ་གཅིག་ལས་ཕྱིས་བུ་སྤུན་རྒན་གཞོན་གཉིས་ཁག་ཁག་ཏུ་སོང་བས་འཁྲུངས་ཁང་སྟོད་སྨད་གཉིས་བྱུང་བ་ལས། སྐབས་འདིར་འཁྲུངས་ཁང་སྟོད་ལ་གོ་བ་དེ་གནས་སྤོས་ཐེངས་གསུམ་ཟིན་རྗེས་ད་ལྟ་སྡོད་ཁང་གསར་དུ་བསྐྲུན་པ་རི་རྩེ་གྲོང་ཚོའི་བྱང་ཤར་ངོས་ཀྱི་རི་ལྡེབས་སུ་ཆགས་ཤིང་། དེའི་གོང་སྟེ་གནས་སྤོས་ཐེངས་གཉིས་པའི་སྐབས་ཀྱི་ཁང་པ་གནས་ཡུལ་ནི་གྲོང་ཚོ་དེ་གའི་དབུས་དང་རྡོ་དགོན་གྱི་ནུབ་ཏུ་ཆགས་ཡོད། སྔོན་རྡོ་དགོན་པ་དང་དམངས་གཙོའི་བཅོས་བསྒྱུར་མ་བཏང་ཙམ་དུ་བཤད་སྒྲའི་གཞིས་ཀ་ཡིན། ཁྱིམ་ཚང་དེ་ཁྲོན་པའི་ཁར་གནས་པས་ཡུལ་མི་རྣམས་ཀྱིས་སྐབས་རེ་ཁྲོན་ཁའམ་སྒྲ་འགྱུར་ཏེ་ཁྲོན་དཀར་ཡང་ཟེར། ཁྲོན་པ་དེ་རི་རྩེ་གྲོང་དཀྱིལ་དུ་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་འདུག །སྔར་ཁྲོན་པའི་ཁ་དེར་རྡོ་རིང་ཞིག་ཀྱང་ཡོད་པ་དམངས་གཙོའི་བཅོས་བསྒྱུར་སྐབས་རྩ་གཏོར་དུ་བཏང་། ཡང་འཁྲུངས་ཁང་ཐེངས་དང་པོ་ཆགས་སའམ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཁྲུངས་སའི་ཁང་ཤུལ་དངོས་དེ་རྡོ་དགོན་པ་དང་ཐག་ཉེ་བའི་ས་ཆ་ཞིག་སྟེ་ཁང་པ་ཐེངས་གཉིས་པ་ཆགས་སའི་ས་ཆ་དང་ཧ་ལམ་བར་ཐག་རྨིད་40ཙམ་ཡོད་པའི་ཤར་ངོས་སུ་གནས་ཡོད། འཁྲུངས་ཁང་ཞེས་པའི་ཁྱིམ་ཚང་འདི་ཉིད་མཁས་གྲུབ་ཁྱུང་པོའི་འཁྲུངས་ས་ཡིན་པའི་རྒྱུ་མཚན་ནི། དེ་སྔོན་ཁྱིམ་ཚང་དེའི་རྟེན་སྒམ་དུ་མཁས་གྲུབ་ཁྱུང་པོའི་གཤམ་ཐབས་དང་ཕྱག་འཁར། སྐུ་གཟན། སྟོད་འགགས། ཞལ་དཀར་ཡུ་རིང་མ་སོགས་མཁས་གྲུབ་ཁྱུང་པོའི་སྐུ་ཆས་འགའ་ཞིག་དངོས་སུ་ཉར་ཚགས་བྱས་ཡོད་པ་དེ་དག་སྤྱི་ལོ1959ལོར་གཞུང་བཞེས་བཏང་། ལྷག་དོན་རྒྱལ་དབང་ལྔ་པ་ཆེན་པོས་བསྩལ་གནང་བའི་བདག་རྐྱེན་གཟིགས་བཟོས་ཀྱི་བཀའ་རྟེན་ཞིག་ཀྱང་དངོས་སུ་བཞུགས་པ་དུས་འགྱུར་སྐབས་ཉར་ཚགས་བྱ་ཐབས་བྲལ་བས་མཐར་མེར་བསྲེགས་བཏང་བའི་ལོ་རྒྱུས་རྣམས་འཁྲུངས་ཁང་གི་ཕ་ཐུབ་བསྟན་ལགས་སོགས་ཁུལ་དེའི་བགྲེས་སོང་འགའ་ཞིག་ལ་དངོས་སུ་བརྗོད་རྒྱུ་འདུག །ད་དུང་འཁྲུངས་ཁང་གི་ཞིང་ཁའི་གླིང་ཁག་ཅིག་ལའང་ཁྱུང་པོའི་ཞིང་ཁ་ཁུལ་དེའི་ཁ་རྒྱུན་དུ་ཁྱུང་པོའི་ཞིང་ཁ་ཞེས་འབོད་ཞེས་ད་ལྟ་རི་རྩེ་གྲོང་ཚོའི་བྱང་ནུབ་ཙམ་དང་གནས་ཡུལ་གྲོང་ཚོའི་ཤར་རྒྱུད་ཀྱི་བར་དུ་གནས་ཡོད། རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་འཁྲུངས་ཁང་གི་འདྲིལ་གཅོད་ཅེས་ཁྱིམ་ཚང་གཞན་གྱི་ཞིང་ཁར་ཆུ་མ་བཏང་གོང་། ཆུ་རྣམས་ཡུར་བུ་གཅིག་ཏུ་དྲིལ་ནས་འཁྲུངས་ཁང་གི་ཞིང་ཁ་ཁོ་ནར་སྔོན་ལ་ཆུ་ཉིན་གསུམ་གཏོང་སྲོལ་གྱི་དམིགས་བསལ་དབང་ཆ་ཡོད། དེའི་རིང་མི་ཚང་གཞན་གྱིས་འཁྲུངས་ཁང་ལ་སྒོ་ང་གཅིག་དང་ཁ་བཏགས་གཅིག་ཕུལ་ན་གཞི་ནས་ཆུ་གཏོང་ཆོག་པའི་དབང་ཆ་ཐོབ་ཀྱི་ཡོད། དེ་ལྟར་ཁྱུང་པོའི་ཞིང་ཁ་ཞེས་ཁྱུང་པོའི་རིགས་རུས་ལ་དབང་བའི་ཞིང་ཁ་ཞེས་པའི་འབོད་མིང་འདི་དང་། ལྷག་པར་དུ་མཁས་གྲུབ་ཁྱུང་པོས་ཁྱིམ་ཚང་འདིར་བཞག་གནང་བའི་སྐུ་ཆས་དེ་དག །རྒྱལ་མཆོག་ལྔ་པས་བདག་རྐྱེན་དུ་བསྩལ་བའི་བཀའ་རྟེན་སོགས་དུས་ངན་གྱི་ཡོ་ལང་དང་མི་ངན་གྱི་རྩུབ་སྤྱོད་འོག་ད་ལྟ་ང་ཚོའི་འདྲེན་བྱེད་ལམ་དུ་དངོས་སུ་མཇལ་བའི་སྐལ་པ་ཕྲ་ཡང་། དེ་དག་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཁྲུངས་ས་རི་རྩེ་གྲོང་ཚོའི་འཁྲུངས་ཁང་རང་དུ་ཡིན་པའི་འཁྲུལ་མེད་ཀྱི་ལོ་རྒྱུས་དངོས་དཔང་ཞིག་ཡིན། དེར་བརྟེན་ཁོ་བོས་མཁས་གྲུབ་ཁྱུང་པོའི་འཁྲུངས་ཡུལ་ནི་སྙེ་མོ་རྫོང་གི་ཉེ་འཁོར་དུ་གནས་པའི་རི་རྩེ་གྲོང་ཚོ་དང་། འཁྲུངས་ཁྱིམ་ནི་འཁྲུངས་ཁང་ཞེས་པ་དེ་རང་ཡིན་པ་ཁ་ཚོན་གཅད་རྒྱུ་ཡིན།

།སྨྲས་པ། སཱ་ལ་ལྟ་བུའི་ཁྱུང་པོའི་རིགས་སུ་ཤ་ཁྲག་སྒྱུ་མའི་ལུས་ཤིག་བླངས། །ཕྱི་དར་བསྟན་པའི་རླབས་རྒྱུན་ཁྲོད་དུ་ལོ་པཎ་དུ་མའི་ཐུགས་བཅུད་རྫོགས། །རིགས་བཙུན་མཚན་ལྡན་སྐྱེས་མཆོག་གང་ཉིད་བོད་ཁམས་ར་མངས་ཡུལ་སྡེར་འཁྲུངས། །ལྔ་བཅུ་ཕྲག་གསུམ་དགུང་གྲངས་ཕོ་ཉས་རིག་འཛིན་ཚེ་ཡི་དངོས་གྲུབ་རྙེད། །ཅེས་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ།།

I.2 - The three stages of the life of Khyungpo Neljor
ལེའུ་གཉིས་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་ཚེ་གང་པོའི་འཕེལ་རིམ་ཆེན་པོ་གསུམ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དེ་ཉིད་ལ་མཐོ་རིས་ཡོན་ཏན་བརྒྱད་དང་རབ་ཏུ་ལྡན་ཞིང༌། དེ་དག་ལས་ལྷག་པར་སྐུ་ཚེ་རིང་བ་སྟེ་སྐུ་ཚེའི་མཐར་ཐུག་དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པ་ཡོངས་སུ་གྲགས་པ་ལྟར། སྐུ་ཚེའི་དུས་ཡུན་དེ་ཡང་སྤྱིར་ལོ་ངོ་ལྔ་བཅུ་རེ་བྱས་པའི་དུམ་བུ་གསུམ་དུ་དབྱེ་ཚེ། སྐུ་ཚེ་གང་པོའི་འཕེལ་རིམ་དང་མཛད་རྗེས་རྣམས་ལྷིང་བདེ་བས་དེ་ལྟར་དུ་བརྗོད་པར་བྱ་བ་ལ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཐོག་མར་སྐུ་འཁྲུངས་པ་ནས་འཕགས་ཡུལ་དུ་མ་ཕེབས་པའི་གོང་གི་ལོ་ལྔ་བཅུ་སྐོར་དང་པོར་ཐོས་བསམ་སློབ་གཉེར་གྱི་ལམ་བུར་རིམ་གྱིས་བགྲོད་ཚུལ་ནི། ཐོག་མར་ཕ་མེས་རྣམས་བོན་པོའི་དགེ་བཤེས་ཡིན་སྟབས་དགུང་ལོ་བཅུ་གསུམ་ལ་གཡུང་དྲུང་རྒྱལ་བ་ལས་བོན་ཕྱི་ནང་ཐམས་ཅད་བསླབས་པས་མཁས་པར་མཁྱེན། ཀ་པ་ལི་འགྲེམས་པ་བདུན་བརྒྱ་ཙམ་བྱུང་ནས་བོན་གྱི་སྒྲུབ་ཐབས་དང་བསྟན་བཅོས་དུ་མ་བརྩམས་ཤིང༌། བོན་གྱི་བསྟན་པ་དབུས་གཙང་ཁམས་གསུམ་དུ་དར་བར་མཛད། བར་དུ་བོན་ལ་མ་མཉེས་པར་བླ་མ་འབྱུང་གནས་སེང་གེ་ལས་རྫོགས་ཆེན་ཀློང་སྡེ། སེམས་སྡེ་དང་མན་ངག་གི་སྡེ་རྣམས་གསན། དེས་ཀྱང་ཐུགས་ཡིད་མ་ཚིམས་པར་ཤོ་མ་རར་སྐོར་ནི་རུ་པའི་སྤྱན་སྔར་ཕེབས་ནས་ཨ་མན་སེའི་མན་ངག་དང་། ཕྱག་རྒྱ་ཆེན་པོ་རྩ་རྒྱུད་རབ་ཏུ་མི་གནས་པ་སོགས་གསན་པ་བཅས་འཕེལ་རིམ་དང་པོ་འདིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བོད་ཡུལ་དུ་བོན་དང་། གསང་སྔགས་རྙིང་མ། ཕྱག་ཆེན་གྱི་ཐོག་མའི་གདམས་པ་འགའ་ཞིག་གསན་པ་དེ་དག་གིས་ཧ་ལམ་ཁོང་གི་སྐུ་ཚེ་གང་པོའི་དུས་ཡུན་གྱི་གསུམ་ཆ་གཅིག་ཙམ་ཟིན།
དེ་ནས་མཁས་གྲུབ་ཁྱུང་པོའི་སྐུ་ཚེའི་འཕེལ་རིམ་གཉིས་པ་སྟེ། ལོ་ལྔ་བཅུ་སྐོར་གཉིས་པར། ཁོང་སྐུ་འཁྲུངས་མ་ཐག་རྒྱ་གར་གྱི་གྲུབ་ཐོབ་ཨ་མོ་གྷ་སྟེ་དོན་ཡོད་གྲུབ་པ་བྱོན་ནས། སྤྲུལ་པའི་སྐུ་འདིས་ནི་འཕགས་ཡུལ་པཎ་གྲུབ་ཐམས་ཅད་ཀྱི་ཐུགས་བཅུད་ལེགས་པར་བསྡུས་ནས་སེམས་ཅན་རྣམས་སྨིན་གྲོལ་གྱི་ལམ་ལ་དགོད་པར་ལུང་བསྟན་པ་བཞིན། རྒྱ་གར་འཕགས་པའི་ཡུལ་དང་བལ་ཡུལ་དུ་ཐེངས་གསུམ་ཕེབས་ནས་འཕགས་བལ་གྱི་གྲུབ་ཐོབ་མཁས་པ་དང་མཁའ་འགྲོ་མ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་གདམས་པ་མཐའ་ཡས་པ་གསན། གཞུང་དང་གདམས་པའི་སྤྲོས་པ་ཡོངས་སུ་ཆོད་ནས་རྩོད་བྲལ་གྱི་མཁས་གྲུབ་ཆེན་པོར་གྱུར། འདི་དག་ལ་ཁོང་གི་སྐུ་ཚེ་གང་པོའི་དུས་ཡུན་གྱི་གསུམ་ཆ་གཅིག་མ་ཟིན་ཙམ་འགོར་ལ། སྐུ་ཚེ་གང་པོར་ཚད་ལྡན་གྱི་བླ་མ་རྣམས་ལས་མཐའ་ཡས་པའི་གདམས་པ་གསན་པས་རིག་པའི་ཀློང་རྡོལ་བའི་གལ་འགངས་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཀྱང་ཡིན། །མཁས་གྲུབ་ཁྱུང་པོའི་སྐུ་ཚེའི་འཕེལ་རིམ་གསུམ་པ་སྟེ་ལོ་ལྔ་བཅུ་སྐོར་གསུམ་པར། འཕགས་ཡུལ་ནས་བོད་དུ་ལོག་ཕེབས་ཏེ་སྒྲུབ་པ་ཉམས་སུ་བཞེས་པ་དང༌། དགོན་གནས་གསར་དུ་བཞེངས་པ། ཆོས་ཁྲིད་མཛད་ནས་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་ལ་ཆོས་ཀྱི་སྦྱིན་པ་ཡོངས་སུ་རྫོགས་པ་བསྩལ་བ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་རྗེས་ཀྱི་འབྲས་བཟང་ལེགས་པར་སྨིན་པ་བཅས་སོ།

I.2.1 - Following the Bön doctrine
དང་པོ། ཐོག་མར་བོན་གྱི་བསྟན་པ་ལ་ཞུགས་པའི་སྐོར།
དེ་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པའི་རིགས་རུས་ནི་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་རྒྱལ་རིགས་བུ་དང་དབང་ལྡན་ཞུ། དམུ་རིགས་གཤེན་གྱི་བརྒྱུད་པ་བཅས་བྲུ་ཞུ་གཤེན་གསུམ་དང་། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང་གི་གདུང་རྒྱུད་བཅས་སྤ་རྨེའུ་ཁྱུང་གསུམ་སོགས་ཡོངས་སུ་གྲགས་པ་ལས་དམ་པ་ཁྱུང་གི་ཁོངས་སུ་གཏོགས་པ་ཡིན། ཁྱུང་གི་གདུང་རྒྱུད་དེ་རྣམས་ཀྱིས་ཞང་ཞུང་རྒྱལ་རབས་གོང་མ་འགའི་དབུ་ཡི་མཆོད་གནས་དང་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་སྲིབ་ཁྲི་བཙན་པོ་ཡན་ཆད་ཀྱི་སྐུ་གཤེན་ཡང་མཛད་མྱོང་བས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡང་བེ་རི་རོང་པོ་ཁྱུང་པོ་གསུམ། གྲགས་པ་ཅན་གྱི་མི་གསུམ་ཡིན་ཞེས་གསལ་བ་སོགས་སྔར་བཤད་ཟིན་པ་དང་། མཁས་གྲུབ་ཁྱུང་པོ་སྐུ་འཁྲུངས་སའི་དབུས་གཙང་གི་རུ་མཚམས་སྙེ་མོ་ནི། ད་ལྟའི་ཆར་ཡང་ས་དགེ་བཀའ་རྙིང་སོགས་ནང་བསྟན་ཆོས་བརྒྱུད་མི་འདྲ་བ་དང་། བོན་ཆོས་ཀྱི་དགོན་གནས་ཅུང་ཟད་ཕུན་སུམ་ཚོགས་པའི་ས་ཞིག་ཡིན་ཏེ། དེང་དཔལ་ལྡན་ཟངས་རི་དགོན་ཏེ་བོན་དགོན་གཅིག་ཙམ་དང་། འགྲོ་བ་མཆོད་རྟེན་དང་བི་རོ་དགོན། ཆོས་སྡེ་དགོན། ད་ཐར་དགོན། གུ་རུ་དགོན། རབ་རྒྱས་དགོན། ཐེག་མཆོག་གླིང་བཅས་རྙིང་མའི་དགོན་སྡེ་བདུན་ཙམ། སྒང་ཕུ་དགོན་དང་མཁའ་སྤྱོད་དགོན། ཐར་ཕྱིན་དགོན། དབེན་སྒོ་དགོན་བཅས་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་བཞི་ཙམ། ཞབས་དྲུང་དགོན་དང་དབུ་ཆུ་དགོན། རྟའུ་དགོན་སོགས་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་སྡེ་གསུམ་ཙམ། རྒྱས་བྱེད་ཚལ་དང་སྒྲོལ་མ་ཕུ་རི་ཁྲོད་དེ་དགེ་ལུགས་པའི་དགོན་སྡེ་གཉིས་ཙམ། ལོ་དགོན་པ་སྟེ་ས་སྐྱའི་དགོན་སྡེ་གཅིག་ཙམ། དགེ་འདུན་སྒང་སྟེ་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་གཅིག་སོགས་ཡོད་པས་མཚོན། དེར་བརྟེན་སྙེ་མོ་སྡིག་པ་རུ་འཛིང་དུ་གྲགས་པའི་ས་དེར་ཆོས་ལུགས་ཀྱི་གྲུབ་མཐའ་ཡང་རུ་འཛིངས་པ་ལྟར་དར་ཡོད་ཅེས་བརྗོད་ན་མི་འཚམ་པ་མེད། དེ་དག་ལས་ལྷག་པར་དུ་བོན་དགོན་དང་རྙིང་མའི་དགོན་སྡེ་ཅུང་མང་བས། དེ་ནི་མཁས་གྲུབ་ཁྱུང་པོ་བོན་དང་གསང་སྔགས་རྙིང་མའི་ཆོས་སྒོ་སོགས་ལ་ཞུགས་པའི་འཁོར་ཡུག་གི་ཆ་རྐྱེན་ཁོ་ནར་སེམས།
I.2.1.1
གཅིག །བོན་ལ་སྦྱངས་པ་མཐར་ཕྱིན་མཛད་པ།
།དེ་ལྟར་དབུས་གཙང་གི་རུ་མཚམས་སུ་གནས་པའི་སྙེ་མོར་མཁས་གྲུབ་ཁྱུང་པོའི་སྐུ་ཚེའི་སྨད་ཙམ་སྟེ་རབ་བྱུང་གཉིས་པའི་མེ་བྱི་སྤྱི་ལོ1096ལོར་ཕྱག་བཏབ་པའི་སྨིན་གྲུབ་མཐོང་སྨོན་གླིང་དགོན་ཏེ་ཡོངས་གྲགས་སུ་དཔལ་ལྡན་ཟངས་རི་དགོན་ཞེས་པ་དེར་མཁས་བཙུན་སྟོང་ཕྲག་འདུས་ནས་བོན་གྱི་གསང་སྔགས་ཕྱི་ནང་གི་སྒྲུབ་མཆོད་རྒྱ་ཆེར་འཕེལ། གཞན་ཡང་དེའི་རྗེས་ཙམ་དུ་ཁྱུང་སྒོམ་ཇོ་གཡུང་དང་རྨེའུ་ཡི་གདུང་རྒྱུད་མཁས་དབང་འགའ་བཞུགས་ནས་བླ་བྲང་དང་སྒྲུབ་སྡེ་བཙུགས་ཤིང་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ། མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་དང་པོ་ནས་ཕ་མེས་ཐམས་ཅད་བོན་པོའི་དགེ་བཤེས་ཡིན་པས་ཞེས་འཁོད་པ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་དུས་ཙམ་མ་ཟད་ཁོང་གི་མི་རབས་གོང་མ་རྣམས་ཀྱི་དུས་ནས་ཁུལ་དེར་གཡུང་དྲུང་བོན་གྱི་བསྟན་པ་དར་ཡོད་ལ། ཁོང་གི་ཕ་མེས་རྣམས་མང་ཆེ་བ་བོན་ལ་མཁས་པ་ཤ་སྟག་ཡིན། དེ་ལྟ་བུའི་ཡུལ་དུས་ཀྱི་ཤུགས་རྐྱེན་དང་གནས་བབས་ཀྱིས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཡང་བོན་གྱི་བསྟན་པ་ལ་ཞུགས་པའི་ཁོར་ཡུག་གི་མཐུན་རྐྱེན་ལེགས་པར་བསྐྲུན།
དེས་ན་མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་ཕ་མེས་ཚོའི་བག་ཆགས་ཀྱིས་ལོ་ངོ་བཅུ་གསུམ་ལ་སློབ་དཔོན་གཡུང་དྲུང་རྒྱལ་ལ་བོན་ཕྱི་ནང་བསླབས་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དགུང་ལོ་བཅུ་གསུམ་ལ་སོན་པ་ནས་སློབ་དཔོན་གཡུང་དྲུང་རྒྱལ་བའི་དྲུང་དུ་བོན་ཕྱི་ནང་ཀུན་ལ་སློབ་གཉེར་གནང་བའི་དབུ་ཚུགས་ནས། དང་པོ་སྒོ་བཞི་མཛོད་ལྔའི་བོན་སྒོར་ཞུགས། །གཞུང་ལུགས་མཐར་ཕྱིན་ཡི་དམ་ལྷ་ཞལ་མཐོང་ཞེས་གསུངས་པ་བཞིན་སྒོ་བཞི་སྟེ། ཡོངས་གྲགས་ཀྱི་ལུགས་ལྟར་ན། གཡུང་དྲུང་བོན་གྱི་ཆོས་སྒོ་རྒྱ་ཆེ་བ་རྣམས་སྒོ་བཞི་མཛོད་དང་ལྔ་རུ་ཕྱེ་ནས་བྲིས། མན་ངག་ལུང་གི་བོན་ནི་ཉུང་ལ་འདུས་པས་ལུང་། དཔོན་གསས་སྡེ་རུ་བྲིས་ནས་གསེར་གྱི་ལྷགས་བམ་ནང་བཅུག །སྲིད་པ་རྒྱུད་ཀྱི་བོན་ནི་མང་ལ་འབྲེལ་བས་རྒྱུད། ཆབ་ནག་སྡེ་རུ་བྲིས་ནས་ལྕགས་ཀྱི་སྒྲིགས་བམ་ནང་དུ་བཅུག །རྒྱས་པ་འབུམ་གྱི་བོན་ནི་དོན་ལས་རྒྱས་ཤིང་བསྡུས་པས་འབུམ། འཕེན་ཡུལ་སྡེ་རུ་བྲིས་ནས་ཟངས་ཀྱི་སྒྲིགས་བམ་ནང་བཅུག །ནག་པོ་སྔགས་ཀྱི་བོན་ནི་དོན་ལ་བསྔགས་པས་བསྔགས། ཆབ་དཀར་སྡེ་རུ་བྲིས་ནས་དངུལ་གྱི་སྒྲིགས་བམ་ནང་དུ་བཅུག །དེ་བཞི་ཐམས་ཅད་བསྡུད་ཅིང་ཀུན་ལ་རྒྱུགས་པ་ནི་གཙང་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་ཡིན་ཏེ། ལྟ་བ་གཅིག་ཏུ་སྐྱེལ་བས་མཐོ་ཐོག་སྤྱི་རྒྱུག་སྟེ། མཛོད་ཀྱི་བོན་སྡེར་བྲིས་ནས་གཡུ་ཡི་ཞིགས་བམ་ནང་དུ་བཅུག་པ་བཅས་དཔོན་གསས་ཕྲ་གཉན་གཏོ་ཡི་སྒོ་དང་། ཆབ་ནག་ཆུ་བོ་སེལ་གྱི་སྒོ། འཕན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོ། ཆབ་དཀར་འདྲེ་དང་སྲི་ཡི་སྒོ་སྟེ་སྒོ་བཞི་དང་། མཐོ་ཐོག་སྤྱི་རྒྱུག་མཛོད་བཅས་ལྔ་རུ་ཕྱེ་བའི་བོན་གྱི་གཞུང་ལུགས་ལ་མཁས་པ་ཙམ་མ་ཟད། ཉམས་ལེན་དཔྱིས་ཕྱིན་པ་མཛད་ནས་བོན་གྱི་ཡི་དམ་ལྷ་མང་པོའི་ཞལ་ཡང་གཟིགས་པར་མངོན། འོན་ཀྱང་མཁས་གྲུབ་ཁྱུང་པོས་བོན་ལ་སློབ་གཉེར་དུས་ཡུན་ཇི་ཙམ་གནང་མིན་སྐོར་ཞིབ་པར་བརྗོད་དཀའ་བས་མུ་མཐུད་དཔྱད་པར་འཚལ།
I.2.1.2
གཉིས། བུ་སློབ་བསྐྱངས་ནས་བོན་གྱི་བསྟན་པ་སྤེལ་བ།
དེ་ཡང་མཁས་གྲུབ་ཁྱུང་པོའི་རྣམ་ཐར་ལས་བོན་ཕྱི་ནང་ཐམས་ཅད་བསླབས་པས་མཁས་པར་ཤེས། ཀ་པ་ལི་འགྲེམས་པའི་ཚོགས་པ་དང་དཔེ་འདྲེན་བདུན་བརྒྱ་ཙམ་བྱུང་ནས་སྒྲུབ་ཐབས་དང་། བསྟན་བཅོས། དཀའ་འགྲེལ་མང་པོ་བརྩམས་ཏེ་དབུས་གཙང་ཁམས་གསུམ་དུ་བོན་གྱི་བསྟན་པ་དར་བར་བྱས་པས། བོན་ལ་མཁས་ཤིང་གྲུབ་ཐོབ་ཏུ་གྱུར། སློབ་མ་ཡང་མཁས་པ་མང་དུ་ཐོན་ཞེས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བོན་ཕྱི་ནང་ཀུན་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་མཁས་གྲུབ་ཀྱི་ཡང་རྩེར་སོན་ཞིང་། རོང་པོ་དགེ་བ་རྒྱལ་སོགས་ཕུལ་དུ་བྱུང་བའི་སློབ་མའི་ཚོགས་པ་བདུན་བརྒྱ་ཙམ་གསོ་སྐྱོང་གནང་བ་དང་། ད་དུང་བོན་གྱི་སྒྲུབ་ཐབས་བསྟན་བཅོས་དང་དཀའ་འགྲེལ་དུ་མ་བརྩམས། མཁས་གྲུབ་གཉིས་ལྡན་གྱི་སློབ་མ་ཡང་མང་དུ་བྱུང་། འོན་ཀྱང་ཁོང་གིས་དར་སྤེལ་མཛད་པའི་བསྟན་པ་དེ་བོན་གྱི་བརྒྱུད་པ་གང་དུ་གཏོགས་མིན་སྐོར་ལ། མཁས་གྲུབ་ཁྱུང་པོའི་བསྟོད་པ་ལས་བཤད་སྒྲུབ་སྡེ་བཙུགས་གཤེན་གྱི་བསྟན་འཛིན་ལ། འགྲན་ཟླ་སྤངས་པར་མཛད་དེར་གསོལ་བ་འདེབས་ཞེས་མཁས་གྲུབ་ཁྱུང་པོས་བཤད་སྒྲུབ་ཀྱི་སྡེ་བཙུགས་ནས་གཡུང་དྲུང་བོན་པོའི་གཤེན་བརྒྱུད་ཀྱི་བསྟན་པ་དར་བར་མཛད་ཅེས་གསུངས་ཀྱང་། མཁས་གྲུབ་ཁྱུང་པོ་ནི་དམ་པ་ཁྱུང་གི་གདུང་རྒྱུད་བསྙོན་མེད་ཅིག་ཡིན་སྟབས་སྤྱིར་ཁྱུང་རིགས་ཀྱི་བརྒྱུད་པ་འཛིན་ཤས་ཆེ་བས་མུ་མཐུད་དཔྱད་དགོས། ལྷག་པར་དུ་སྣོད་ལྡན་གྱི་གདུལ་བྱ་རྣམས་ལ་བོན་གྱི་ཟབ་ཆོས་འགའི་གནང་སྦྱིན་བསྩལ་གནང་བ་སྟེ། མཁས་གྲུབ་ཁྱུང་པོའི་མཛད་རྣམ་ལས་ཁྱད་པར་དུ་རོང་པོ་དགེ་བ་རྒྱལ་གྱིས་ཁམས་སུ་བོན་དར་བར་བྱས་ཏེ། རྟ་དང་དངུལ་བྲེ་བརྒྱ་ལ་སོགས་པ་བརྒྱ་ཕྲག་བཅུ་གསུམ་ཕུལ་ནས། བོན་གྱི་ཟབ་དོན་ཐམས་ཅད་དབང་པོ་རབ་འབྲིང་ཐ་གསུམ་དུ་དྲིལ་བ་བཞིན་ཞུ་ཟེར་ནས་དབང་པོ་རབ་འབྲིང་གསུམ་དང་གནད་བདུན་གྱི་མགུར་བཞེངས་པས། རོང་པོས་སྣ་དྲངས་པའི་སློབ་མ་ལྔ་བཅུ་རྩ་ལྔས་ལྟ་བསྒོམ་གྱི་དོན་ཁོངས་སུ་ཆུད། ལྷ་ཚོགས་མང་པོའི་ཞལ་མཐོང་ནས་ནུས་པ་ཕྱོགས་མེད་དུ་སྐྱེད་པས་ཞེས་འཁོད་པ་བཞིན་རོང་པོ་དགེ་བ་རྒྱལ་གྱིས་ཁམས་ཕྱོགས་སུ་བོན་གྱི་བསྟན་པ་སྤེལ་ཕྱིར། ཟབ་དོན་སྙིང་པོར་དྲིལ་བའི་མགུར་ཞིག་དབང་པོ་རྣོ་འབྲིང་བརྟུལ་གསུམ་གྱི་མོས་པ་དང་འཚམ་པར་ཞུས་པ་ལ། མཁས་གྲུབ་ཁྱུང་པོས་མགུར་བཞེངས་པས་རོང་པོ་ལ་སོགས་པའི་སློབ་མ་ལྔ་བཅུ་ང་ལྔས་ལྟ་བསྒོམ་གྱི་དོན་ཁོངས་སུ་ཆུད་ཅིང་། ཡི་དམ་ལྷ་ཚོགས་མང་པོའི་ཞལ་ཡང་གཟིགས། བློ་ཕངས་སྐྱེ་དགོས་པ་ཞིག་ལ་མཁས་གྲུབ་ཁྱུང་པོས་རོང་པོ་དགེ་བ་རྒྱལ་སོགས་ལ་བཞེངས་པའི་དབང་པོ་རབ་འབྲིང་གསུམ་དང་གནད་བདུན་གྱི་མགུར་དེ་ནི་མཁས་གྲུབ་ཁྱུང་པོའི་རྣམ་ཐར་ཁག་དང་ད་ཕན་རྙེད་སོན་བྱུང་བའི་ཡིག་ཆ་གཞན་གང་དུའང་མི་གསལ་བས། ཡང་སྙིང་མགུར་དེའི་ནང་དོན་དང་བོན་གྱི་ཆོས་སྒོ་གང་ཞིག་ཏུ་གཏོགས་མིན། རོང་པོ་དགེ་བ་རྒྱལ་གྱིས་ཁམས་ཀྱི་ས་ཕྱོགས་གང་དུ་བོན་གྱི་བསྟན་པ་སྤེལ་བ་སོགས་མུ་ཐུད་དཔྱད་བྱའི་གནས་སོ། ། ཡང་མཁས་གྲུབ་ཁྱུང་པོའི་མཛད་རྣམ་ལས་བདག་བོན་ལ་རྩོད་མེད་དུ་གྱུར་ཀྱང་བདག་ལ་ཐེ་ཚོམ་ཅུང་ཟད་གཅིག་སྐྱེས་ཏེ། བོན་དེ་རྒྱ་གར་གྱི་པཎྜི་ཏ་དང་། ལོ་ཙཱ་བ་རྩོད་མེད་ཐམས་ཅད་ཀྱིས་བསྒྱུར་བར་མི་འདུག་ཅེས་འཁོད་པ་བཞིན་མ་གཞི་སྐབས་དེ་དུས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་བོན་ལ་རྩོད་མེད་ཀྱི་མཁས་པར་གྱུར་ཀྱང་། བོན་དེ་ཉིད་སངས་རྒྱས་ཆོས་ལུགས་མིན་སྟབས་རྒྱ་གར་གྱི་པཎྜི་ཏ་དང་ལོ་ཙཱ་བ་རྩོད་མེད་ཀྱི་བསྒྱུར་བ་མེད་པས་བོན་གྱི་བསྟན་པ་ལ་རིམ་གྱིས་ཐེ་ཚོམ་དང་སོམ་ཉི་འཁྲུངས་ནས་སངས་རྒྱས་བསྟན་པའི་ཆོས་སྒོར་ཞུགས་པ་ཤེས་རྟོགས་ཐུབ། མཁས་གྲུབ་ཁྱུང་པོ་དང་འདྲ་བར་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་གཞན་འགའ་ཞིག་ཀྱང་ཐོག་མར་བོན་ལ་སྦྱངས་པ་མཛད་པས་འདྲིས་ཆ་ཆེ་བ་སྟེ། ཆོས་རྗེ་སངས་རྒྱས་སྟོན་པའི་རྣམ་ཐར་དུ་སངས་རྒྱས་སྟོན་པའི་རིགས་བོན་པོའི་རྒྱུད་ཡིན་གསུངས་པ་ཡང་མེས་པོ་ཆེན་པོ་གསལ་བའི་ཁྲི་ལ་སོགས་པའི་བོན་པོའི་དགེ་བཤེས་དང་གྲུབ་ཐོབ་མང་དུ་བྱུང་ཡང་། བདག་ཆོས་ལ་མོས་པས་བོན་གྱི་གྲུབ་མཐའ་རྣམ་གསུམ་ལ་མ་ཞུགས་པར། སྤྱོད་ལམ་ཐམས་ཅད་དུ་ཆོས་ཀྱི་སྣང་བ་མཆེད་པར་གྱུར་ཞེས་འཁོད་པ་ལྟར་རྒྱུད་བོན་པོར་གཏོགས་ཀྱང་རང་ཉིད་ནང་ཆོས་ལ་ཞུགས་པ་དང་། དེ་མིན་ནི་གུའི་གནད་རྣམས་རྫོགས་པར་ཐུགས་སུ་ཆུད་པའི་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ཡང་སྐུ་འཁྲུངས་ནས་དགུང་ལོ་བརྒྱད་དགུ་ཙམ་གྱི་བར་དུ། སྐུ་འཁྲུངས་སའི་ཡུལ་དེར་དཔོན་ཆེན་རོག་ཚ་ཨ་བདུད་ཅེས་བྱ་བ་དེའི་ཆུང་མ་ལ་རང་གི་ཨ་ནེ་ཞིག་ཡོད་པ་དེས་མ་མའི་ཚུལ་དུ་ལེགས་པར་བསྐྱངས་ཤིང༌། དེ་དག་བོན་གྱི་ཕྱོགས་སུ་གཏོགས་པས་རྗེ་འདི་པས་ཀྱང་བོན་པོའི་ཆོས་ལ་ཞུགས་ཏེ་འགྲོ་མགོན་མདོ་པ་སྒོམ་ཆེན་དང་། ནག་ཞིག་འདུག་པ་རྒྱལ་མཚན། ཤེར་ཞིག་ཡོན་ཏན་རྒྱལ་མཚན་ཞེས་པ་ལ་སོགས་པའི་བོན་གྱི་དགེ་བཤེས་དང་གྲུབ་ཐོབ་མང་པོར་གཏུགས་ནས་བོན་སྐོར་གྱི་དབང་ཀ །བཤད་ཀ །མན་ངག་གི་སྐོར་ལ་སོགས་པ་མང་དུ་གསན་ཞིང་། འགའ་ཞིག་གི་ལག་ལེན་ཡང་ཐུགས་སུ་ཆུད་པར་མཛད་མཐར། སླར་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་ལ་ཞུགས་པ་ཡིན།
དེ་ལྟར་ན་ཡང༌། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་ཆོས་རྗེ་ནམ་མཁའ་རྒྱལ་མཚན་སོགས་ཀྱི་ཤངས་པ་བཀའ་བརྒྱུད་པའི་བླ་མ་དེ་རྣམས་ཐོག་མར་བོན་གྱི་བསྟན་པ་ལ་ཞུགས་པའི་དགོས་པའང་ཆེར་སྣང་སྟེ། ལྟ་སྤྱོད་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་སུན་ཕྱུང་ནས་ཡང་དག་པའི་ལམ་ལ་ཞུགས་པའི་ཕྱིར། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་བཟུང་ནས་རང་ཉིད་ཀྱང་ཐོག་མར་ལམ་དེ་ལྟ་བུ་ལ་ཞུགས་ཏེ། སླར་དེ་དག་ལུང་རིག་རྣམ་དག་གིས་ཚར་གཅོད་པར་བྱེད་པའི་བདག་ཉིད་ཆེན་པོ་དཔལ་ལྡན་དཔའ་བོ་དང་། ཆོས་ཀྱི་གྲགས་པ། ཁྱུང་པོ་རྣལ་འབྱོར་ལ་སོགས་པའི་རྣམ་པར་ཐར་པ་དང་རྗེས་སུ་མཐུན་པར་ཞེས་འཁོད་པ་བཞིན་ཐོག་མར་བོན་ཕྱི་ནང་གི་གྲུབ་མཐའ་རྣམ་གསུམ་ལ་ཞུགས་ནས་ལམ་དེ་ཤེས་པའི་ཐོག་ནས། ལུང་རིག་རྣམ་དག་གིས་ཚར་གཅོད་པར་བྱེད་པ་སྟེ། ལྷ་ལས་ཕུལ་བྱུང་དུ་སློབ་དཔོན་བདེ་བྱེད་བདག་པོས་བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིག་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན་ཞེས་གསུངས་པ་བཞིན་རིག་པའི་ལམ་ནས་ཆོས་དང་ཆོས་མིན་གྱི་ལྟ་གྲུབ་འཛིན་པའི་རྣམ་ཐར་སྐྱོང་བ་ལས། བོན་ལ་སུན་དབྱུང་བའི་ཕྱིར་བོན་ཆོས་ལ་ཞུགས་པ་མ་ཡིན།
ཞར་ལ་ཞུ་རྒྱུར། ཆོས་རྗེ་ས་པཎ་གྱིས་དམ་ཆོས་འཁྲུལ་དང་མ་འཁྲུལ་བ། །སྐྱེ་བ་གཏན་གྱི་གྲོས་ཡིན་པས་ཞེས་གསུངས་པ་ལྟར། དམ་པའི་ཆོས་ལ་འཁྲུལ་བ་ལྡན་མིན་རིག་པའི་ལམ་ནས་བརྟག་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བར་གསུངས་པ་ཚད་མའི་གཏམ་ཁོ་ནར་སྣང་མོད། འོན་ཀྱང་འགའ་ཞིག་གིས་ཤངས་པ་བཀའ་བརྒྱུད་པའི་ལུགས་ལ་དཔྱད་ཞིབ་བྱེད་སྐབས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཐོག་མར་བོན་ལ་ཞུགས་པའི་ལོ་རྒྱུས་ཐེར་ཟུག་ཏུ་འཛིན་ཏེ། ཕྱིས་ཁོང་གིས་སྲོལ་ཕྱེ་བའི་ཤངས་པ་བཀའ་བརྒྱུད་ལ་ཡང་བོན་གྱི་ལྟ་གྲུབ་མཉམ་བསྲེས་བྱུང་བའི་སོམ་ཉི་བཟུང་སྟེ་ཤངས་པ་བཀའ་བརྒྱུད་དེ་ནང་ཆོས་ཀྱི་ཆོས་སྒོ་རྣམ་དག་ཅིག་མ་ཡིན་པ་དང་། ཆོས་བརྒྱུད་འདི་ཉིད་དང་བཀའ་བརྒྱུད་པ་གཞན་དབར་གྱི་རྩ་བའི་ཁྱད་པར་ཡང་བོན་ཆོས་འདྲེས་ཡོད་མེད་ཀྱི་ཐོག་ནས་འབྱེད་པའི་བླུན་གཏམ་ཡང་མང་དུ་སྣང་། གལ་ཏེ་མཁས་གྲུབ་ཁྱུང་པོ་བོན་གྱི་རིགས་རྒྱུད་ལས་འཁྲུངས་ཤིང་བོན་གྱི་བསྟན་པ་ལ་ཞུགས་མྱོང་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཤངས་ཆོས་ལ་བོན་གྱི་ལྟ་གྲུབ་བསྲེས་ཡོད་ཅེས་བརྗོད་ན་ཐལ་ཆ་ཤིན་ཏུ་ཆེ་སྟེ། དཔེར་ན་མངའ་བདག་མེ་ཏྲི་པ་ཡང་ཐོག་མར་མུ་སྟེགས་པའི་གྲུབ་མཐའ་ལ་ཞུགས་མྱོང་བས། ཁོང་གི་ལྟ་གྲུབ་ལ་ཕྱི་རོལ་པའི་ལ་ལྟ་བ་འདྲེས་ཡོད་ཅེས་བརྗོད་ན། རང་རེ་བོད་ཀྱི་བཀའ་བརྒྱུད་པ་རྣམས་ཀྱི་ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེན་པོའི་འགོ་ཁུངས་ཁོང་ལ་གཏུགས་པས། ཕྱག་ཆེན་པ་རྣམས་ཀྱི་ལྟ་གྲུབ་ཀྱང་ཕྱི་རོལ་པ་དང་འདྲེས་པའི་སྐྱོན་དུ་འགྱུར་སྲིད། གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མུ་སྟེགས་པའི་ལྟ་བ་རིགས་མི་འདྲ་བ་དྲུག་གི་གཞུང་ལུགས་མཐའ་དག་ལ་སློབ་གཉེར་མཛད་མྱོང་བས་ཁོང་གི་ལྟ་གྲུབ་ལ་ཡང་ཕྱི་རོལ་པའི་འདྲེས་ཞེས་བརྗོད་ན་ག་ལ་འགྲིག །དེས་ན་བཞི་བརྒྱ་པ་ལས་རིགས་པའི་དོན་ནི་གཞན་ལས་ཀྱང༌། །བློ་ལྡན་ལེགས་པ་འདོད་པས་བླང་ཞེས་གསུངས་པ་ལྟར་མཁས་གྲུབ་ཁྱུང་པོས་ཀྱང་དེ་ལྟར་དུ་མཛད། མ་གཞི་ཁོང་བོན་ལ་མཁས་པར་གྱུར་ཀྱང་། མཐར་བོན་ལ་མ་མཉེས་པར་རིམ་བཞིན་རྙིང་མ་དང་། ཕྱག་རྒྱ་ཆེན་པོའི་བསྟན་པ་ལ་ཞུགས་པ་མ་ཟད། སྐུ་ཚེའི་སྨད་དུ་ཤངས་པ་བཀའ་བརྒྱུད་པའི་རིང་ལུགས་གཏོད་གནང་རྗེས་སློབ་མ་རྣམས་སྨིན་པར་བྱེད་པའི་གདམས་ངག་གི་གཙོ་བོ་གསེར་ཆོས་ལྔ་སོགས་ཀྱང་མཚན་ཉིད་རྫོགས་པའི་འཕགས་ཡུལ་མཁས་གྲུབ་རྣམས་ཀྱི་ཞལ་ལས་བྱུང་བ་ཤ་སྟག་ཡིན། གལ་ཏེ་དེ་དག་ལ་བོན་འདྲེས་ཡོད་ན་རྒྱ་གར་གྱི་མཁས་གྲུབ་རྩོད་མེད་དེ་རྣམས་ཀྱི་གདམས་པའང་ལྷད་ཅན་ཡིན། དེ་ལྟར་མཁས་གྲུབ་ཁྱུང་པོའི་ཐུགས་ཀྱི་བུམ་པ་གཅིག་གི་ནང་དུ་བོན་དང་རྙིང་མ། བཀའ་བརྒྱུད་སོགས་ཀྱི་རོ་བཅུད་རྩ་བ་ནས་འདྲེས་མེད་པ་དང་། ཕན་ཚུན་དབར་ཤུགས་རྐྱེན་རྩ་བ་ནས་ཐེབས་མི་སྲིད་ཅེས་བརྗོད་པར་མི་ནུས་ཀྱང་། ཤངས་པ་བཀའ་བརྒྱུད་ཅེས་ལོགས་སུ་འཛིན་པའི་ཆོས་བརྒྱུད་འདིའི་སྲོག་ཤིང་ལྟ་བུར་གྱུར་པའི་ལྟ་གྲུབ་འགངས་ཆེ་རྣམས་ནི་འཕགས་ཡུལ་གྱི་མཁས་གྲུབ་ཚད་ལྡན་རྣམས་ལ་ཁུངས་གཏུགས་པ་ཉག་གཅིག་ཡིན་པས་བོན་དང་འདྲེས་མེད་ཅེས་བརྗོད་ཆོག །དེར་བརྟེན་རྗེ་བཙུན་བདག་མེད་མས་དབོན་སྟོན་སྐྱེར་སྒང་པར་གསང་སྔགས་སྤྱོད་པའི་རྣལ་འབྱོར་གྱི། རྣམ་ཐར་དཔག་པར་མི་ནུས་ཀྱིས། །ཐམས་ཅད་མཁྱེན་པར་མ་གྱུར་ཚེ། །གཞན་རྒྱུད་ཁོང་དུ་མི་ཚུད་པས། །མནར་མེད་སྐྱེ་བའི་ལས་ལ་སོམས། །རང་རྒྱུད་ངན་པས་དག་སྣང་སྦྱོང༌། །མཐོལ་བཤགས་གཉིས་དང་འབྲལ་མ་བྱེད་ཅེས་གསུངས་པ་ལྟར་གསང་སྔགས་སྤྱོད་པའི་རྣལ་འབྱོར་པ་འདི་དག་གི་མཛད་པ་ངེད་བྱིས་པ་སོ་སྐྱེ་བ་རྣམས་ཀྱི་བློའི་གཞལ་བྱ་མ་ཡིན་པས། ཤ་ཟ་བ་ཐམས་ཅད་གཅན་ཟན་དང་། གདོང་དམར་བ་ཐམས་ཅད་སྤྲེའུའི་རིགས་སུ་བརྩི་ག་ལ་རུང༌།

I.2.2 - Entering the Buddha's teachings
།གཉིས་པ། བར་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཁྲུངས་རྗེས། ཐོག་མར་ཡབ་མེས་ཀྱི་ལུགས་དང་མཐུན་པར་བོན་གྱི་གྲུབ་མཐའ་རྣམ་གསུམ་ལ་ཞུགས་ཀྱང་། ཁོང་འཚོ་ཞིང་གཞེས་པའི་དུས་སྐབས་འདིར་བན་བོན་གྱི་འགལ་འདུ་དང་མཆོག་དམན་གྱི་དབྱེ་བ་མུ་མཐུད་གནས་མུས་ཡིན་པས། མཁས་གྲུབ་ཁྱུང་པོ་དང་འདྲ་བར་བོན་གྱི་བསྟན་པ་ལ་ཞུགས་མཁན་གྱི་མཁས་པ་ཚོར་ཉེ་འཁོར་གྱི་རང་ལྟ་མཆོག་ཏུ་འཛིན་པའི་མི་མང་པོའི་འཕྱ་སྨོད་དང་མི་ཁ་ཅུང་ཟད་ཕོག་གི་ཡོད་པ་ཡང་། མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་མི་ཐམས་ཅད་ཀྱིས་ཀྱང་ཁྱེད་ཆོས་བྱེད་པར་མི་འདུག །བོན་པོར་འདུག་ཅེས་གསལ་བ་ལྟར་ཡིན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་དེ་ལྟ་བུའི་ཁོར་ཡུག་གི་ཤུགས་རྐྱེན་འོག་རིམ་གྱིས་བོན་གྱི་ཆོས་ལུགས་ལ་ཐེ་ཚོམ་བྱུང་ནས་དགུང་ལོ་ཉེར་བརྒྱད་ཙམ་ལ་སོན་སྐབས་བོན་དང་ཁ་བྲལ་ཏེ་སངས་རྒྱས་ཆོས་ལུགས་ལས། དང་ཐོག་གསང་སྔགས་སྔ་འགྱུར་དང༌། དེ་རྗེས་བཀའ་བརྒྱུད་པའི་ཆོས་སྒོར་ཞུགས་པ་ཡིན།
I.2.2.1
གཅིག །གསང་སྔགས་རྙིང་མའི་ཆོས་སྒོར་ཞུགས་པ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཁྲུངས་སའི་སྙེ་མོ་སྦས་ལུང་དུ་འབོད་པའི་ཡུལ་གྲུ་དེར་ད་ལྟ་ཡང་གནས་མུས་ཡིན་པའི་ནང་པའི་དགོན་སྡེ་ཁག་ལས་གསང་སྔགས་རྙིང་མའི་དགོན་སྡེ་མང་ཤོས་ཡིན་རྐྱེན། ཐོག་མར་བོན་ལ་སྦྱངས་པ་མཛད་རྗེས་སླར་ཡང་གསང་སྔགས་རྙིང་མའི་ཆོས་སྒོར་ཞུགས་པའི་ཁོར་ཡུག་གི་ཆ་རྐྱེན་ཡོངས་སུ་ཚང་བས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཡང་རྙིང་མའི་ཆོས་ལ་སྦྱངས་པ་མཛད་རྒྱུའི་ཐུགས་འདུན་རིམ་བཞིན་འཁྲུངས་པ་ཡང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བར་དུ་ཐུབ་བསྟན་སྒོར་ཞུགས་ཐུན་མོང་དང་། ཐུན་མིན་རིག་པའི་གནས་ཀུན་བདེ་བླག་མཁྱེན། །སེམས་ཕྱོགས་གཙོར་གྱུར་རྫོགས་ཆེན་བསྟན་པའི་བདག །བཻ་རོའི་བག་ཆགས་སད་དེར་གསོལ་བ་འདེབས་ཞེས་གསུངས་པ་བཞིན་བར་དུ་གསང་སྔགས་རྙིང་མའི་ཆོས་སྒོར་ཞུགས་ཤིང་། མན་ངག་རྫོགས་པ་ཆེན་པོའི་ཕྱི་སེམས་སྡེ་དང་། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་དུ་ཕྱེ་བ་སྟེ་སེམས་གནས་རྣམས་ལ་སེམས་ཀྱི་སྡེ། །བྱ་བྲལ་རྣམས་ལ་ཀློང་གི་སྡེ། །གནད་གཙོ་བ་ལ་མན་ངག་སྡེ་ཞེས་གྲགས་པ་དེ་དག་གི་ནང་ནས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་སེམས་སྡེ་གཙོ་བོར་བཟུང་སྟེ་སློབ་གཉེར་མཐར་ཕྱིན་མཛད་པ་སྟེ། ཁོང་གི་མཛད་རྣམ་ལས་ཁྱད་པར་དུ་སེམས་སྨད་བཅོ་བརྒྱད་ལ་གྲྭ་པ་སུམ་བརྒྱ་ཙམ་བྱུང་ནས་མཁས་པར་གྲགས་སོ་ཞེས་འཁོད་པ་ལྟར་རྫོགས་པ་ཆེན་པོ་སྤྲོས་པ་མེད་པའི་ཀློང་གི་རྩ་བའི་སྐོར་སེམས་སྨད་བཅོ་བརྒྱད་དེ། པདྨ་བཀའི་ཐང་ཡིག་ལས་ནམ་མཁའ་ཆེ་དང་རིག་པའི་ཁུ་བྱུག་དང༌། །ཁྱུང་ཆེན་ལྡིང་བ་རྩལ་ཆེན་སྤྲུགས་པ་དང༌། །བསྒོམ་དོན་དྲུག་པ་རྩེ་མོ་བྱུང་རྒྱལ་དང༌། ནམ་མཁའི་རྒྱལ་པོ་བདེ་བ་ཕྲ་བཀོད་དང༌། །རྫོགས་པ་སྤྱི་སྤྱོད་རིན་ཆེན་ཀུན་འདུས་དང་། །སྲོག་གི་འཁོར་ལོ་བྱང་ཆུབ་སེམས་ཏིག་དང༌། །རྫོགས་ཆེན་བདེ་འབྱམས་སྲིད་པ་སྤྱི་ཆིངས་དང་། །རྗེ་བཙུན་དམ་པ་ཡིད་བཞིན་ནོར་བུ་དང༌། ཐིག་ལེ་ཀློང་ཡངས་རྡོ་ལ་གསེར་ཞུན་ནོ་ཞེས་འཁོད་པ་ལྟར་ཐོག་མར་བོད་དུ་མན་ངག་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག་ཚང་ཞིང་རྫོགས་པའི་རྟགས་སུ་རྩལ་ཆེན་སྤྲུགས་པ། བསམ་གཏན་སྟོན་པ་ཐིག་ལེ་དྲུག་པ། ཐམས་ཅད་ཀྱི་ལྟ་སྤྱོད་ཁོང་དུ་ཆུད་པ་ཁྱུང་ཆེན་ཐིག་པ། ཐམས་ཅད་ལས་ཁྱད་འདོན་པ་མི་ནུབ་རྒྱལ་མཚན་ཏེ་ཆེ་བ་ལྔ། གྲུབ་མཐའ་ཐམས་ཅད་འདུས་པ་ཡིད་བཞིན་ནོར་བུ། ཆོས་དང་གང་ཟག་གི་ཆེ་བ་བྱུང་བ་ཆེ་བཙན་དམ་པ། ཐེག་པ་གོང་འོག་གི་ཆེ་བ་འབྱེད་པ་སྤྱི་སྤྱོད་རྒྱལ་པོ། ཤེས་རབ་གསུམ་ལ་བསྟེན་པ་ཀུན་བཏུས་རིག་པ་སྟེ་ཆུང་བ་བཞི། གདམས་པ་ལ་རགས་པར་སྟོན་པ་བདེ་བ་རབ་འབྱམས། འབྲས་བུ་སྐུ་གསུང་ཐུགས་སྟོན་པ་སྲོག་གི་འཁོར་ལོ། དཔེ་དོན་རྟགས་གསུམ་སྟོན་པ་སེམས་ཏིག་དང་ནམ་མཁའ་རྒྱལ་པོ་སྟེ་འབྲིང་བཞི། དྲང་ངེས་དབྱེ་བ་བདེ་བ་ཕྲ་བཀོད། ཐེག་པའི་ཤན་འབྱེད་པ་སྤྱི་ཆིངས། རིགས་པ་དང་མི་འགལ་བ་རྡོ་ལ་གསེར་ཞུན། སྤྱོད་པ་དང་དམ་ཚིག་སྟོན་པ་རྩེ་མོ་བྱུང་རྒྱལ་ཏེ་ཆེ་བའི་ཕྱོགས་བཞི། འཆལ་བ་ཚར་གཅོད་པ་རྨད་བྱུང་བཤད་བཅས་རྒྱ་གར་དུ་སེམས་སྡེ་བདུན་ཅུ་རྩ་བདུན་བཞུགས་པ་ལས་བོད་དུ་བསྒྱུར་བ་སེམས་སྡེ་མ་བུ་བཅོ་བརྒྱད་དེ་ལྔ་བཻ་རོ་ཙ་ནས་གསུངས་པ་དང་། བཅུ་གསུམ་བི་མ་ལས་གསུངས་པར་གྲགས་པ་རྣམས་ལ་ཤིན་ཏུ་མཁས་པར་གྱུར་ནས་སློབ་མ་མང་དུ་བསྐྱངས་པས་གསང་སྔགས་རྙིང་མའི་བསྟན་པ་སྤྱི་དང་ལྷག་པར་དུ་སེམས་སྡེའི་ལུགས་བཟང་སྤེལ་བ་ལ་བཀའ་དྲིན་ཆེ་བ་ཡིན།
མཁས་གྲུབ་ཁྱུང་པོས་རྫོགས་ཆེན་གྱི་བསྟན་པ་ལ་དུས་ཡུན་གང་ཙམ་ཞུགས་ཏེ་མཁས་པར་གྱུར་པ་དང་། བུ་སློབ་ཀྱི་ཚོགས་པ་དུ་མ་ཞིག་བསྐྱངས་མཐར། བདག་གི་བསམ་པས་རྫོགས་ཆེན་འདི་ལྟ་བ་དག་མཐོ་བར་འདུག་སྟེ། སྤྱོད་པ་ཟེས་རྒྱུགས་པ་གཅིག་ལས་མི་འདུག་པས་ཞེས་འཁོད་པ་ལྟར། གསང་སྔགས་རྙིང་མའི་ཆོས་བརྒྱུད་འདིས་ཀྱང་མཁས་གྲུབ་ཁྱུང་པོའི་ཐུགས་འདོད་ཡོངས་སུ་མ་ཁེངས། དེ་དང་འདྲ་བར་རྗེ་བཙུན་མི་ལ་རོང་སྟོན་ལྷ་དགའི་རྩར་བྱོན་ནས་རྫོགས་ཆེན་གྱི་ཞལ་སོ་ཆེན་པོ་མཛད། དབེན་པ་གཅིག་ཏུ་ཆོས་འདི་ལྟ་བའི་འཁྱེར་སོ་ལེགས་པོ་ཞིག་འདུག་ཀྱང་། ཉམས་ལེན་གྱི་འཁྱེར་སོ་བཞག་པ་མེད། སྤྱོད་པ་ཐེར་རྡུག་པ་གཅིག་སྣང་བས་ཞེས་གསུངས་པ་ལྟར་རྗེ་བཙུན་མི་ལའང་ལྟ་སྤྱོད་དོ་མི་མཉམ་པའི་རྫོགས་ཆེན་པ་རྣམས་ལ་ཅུང་ཟད་མ་མོས་པར་མར་པ་ལོ་ཙཱ་བ་བསྟེན་པའི་ཐུགས་དགོངས་འཆར་བ་ཡིན། དེ་མིན་སུམ་པའི་ཆོས་འབྱུང་དུ་འབྲི་གུང་དཔལ་འཛིན་གྱི་གསུང་དྲངས་པར་འབྲོག་མི་འབྲོམ་སྟོན་མར་མི་སོགས་ཁྱུང་པོ། །གངས་ཅན་བསྟན་འཛིན་དེ་དག་གིས། །དང་པོར་རྫོགས་ཆེན་གསན་པ་ཡོད། ཕྱིས་ནས་ངན་སྐྱུགས་བཞིན་དུ་དོར་ཞེས་འཁོད་པ་ལྟར་རྗེ་བཙུན་མི་ལ་དང་མཁས་གྲུབ་ཁྱུང་པོ་ཙམ་མ་ཟད། རྗེ་མར་པ་དང་། འབྲོག་མི་ལོ་ཙཱ་བ། ཆོས་རྗེ་འབྲོམ་སྟོན་པ་སོགས་ཀྱང་ཐོག་མར་རྫོགས་ཆེན་པའི་གྲལ་དུ་ཞུགས་ཀྱང་ལྟ་སྤྱོད་ཡ་བྲལ་བའི་ཆོས་བརྒྱུད་ནི་རྟ་རྒོད་ལ་བུ་ཆུང་བསྐྱོན་པ་ལྟར་ཉེན་ཁ་ཆེ་བའི་གནད་དུ་དགོངས་ནས་ཕྱིས་ངན་སྐྱུགས་བཞིན་དུ་དོར་བར་གསུངས། འོན་ཀྱང་གོང་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་རྗེ་བཙུན་མི་ལ་རས་པ་གཉིས་ཀྱིས་རྫོགས་པ་ཆེན་པོའི་མན་ངག་ཉམས་སུ་ལེན་མཁན་ཡོད་ཚད་ལྟ་བ་མཐོན་པོས་སྤྱོད་པ་དོར་བའི་ཚུལ་གྱི་སྐྱོན་ཅན་དུ་མི་གསུངས་པར། གཅིག་ནས་ཕལ་ཆེར་རྫོགས་ཆེན་པ་རྣམས་ལ་མན་ངག་ཟབ་མོ་ཡོད་ཀྱང་ཉམས་སུ་ལེན་པའི་བརྩོན་འགྲུས་ཏེ། རྗེ་བཙུན་མི་ལས་རྟག་ཏུ་རི་ལ་གཏོད། ཚེ་དང་སྒྲུབ་པ་སྙོམས་ཞེས་གསུངས་པ་ལྟར་གྱི་བཀའ་བརྒྱུད་པ་རྣམས་དང་མི་འདྲ་བ། གཉིས་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྔགས་ལོག་སུན་འབྱིན་དུ་ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། །རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར། །ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ། །ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར་ཞེས་འཁོད་པ་ལྟར། བོད་སིལ་བུའི་སྨད་ཀྱི་དུས་སྐབས་དེར་ཆོས་ལོག་སྣ་ཚོགས་པས་རྫོགས་པ་ཆེན་པོའི་མིང་འཁྱེར་ཏེ་སྦྱོར་གྲོལ་ལ་སོགས་པར་སྒྲ་ཇི་བཞིན་དུ་སྤྱད་པའི་གཟིག་ལྤགས་ཀྱིས་བཀབ་པའི་བོང་བུའི་སྤྱོད་ཚུལ་དེ་རིགས་ཀྱིས་རྫོགས་ཆེན་གྱི་ལོ་རྒྱུས་གནས་བབས་ལ་གྱོང་གུན་བཟོས་པ། གསུམ་ནས་རྫོགས་ཆེན་གྱི་ཉམས་ལེན་པ་འགའི་ལྟ་སྤྱོད་གནད་དུ་བཟུང་ནས་གསུངས་པ་ཡིན་ཤས་ཆེ་བས། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་དྲིས་ལན་ཐོར་བུར་རྫོགས་པ་ཆེན་པོ་དེ་སྔགས་བླ་མེད་ཀྱི་རྫོགས་རིམ་མཐོན་པོའི་ཉམས་ལེན་ཡིན་པས། དེར་བསྐུར་བ་བཏབ་ན་ངན་སོང་དུ་འགྲོ་བར་གསུངས་པ་སོགས། ཞིབ་པ་སྐབས་འདིར་དཔྱད་བྱ་མ་ཡིན་པས་མཁས་གྲུབ་རིན་པོ་ཆེའི་ལྟ་ངན་མུན་སེལ་སོགས་ལས་ཤེས་པར་བྱའོ།
།དེ་ཡང་ཇོ་ནང་ཏཱ་ར་ནཱ་ཐས་ལྟ་བ་མཐོ་ལ་ཡངས་པ་དང་། །སྤྱོད་པ་ཞིབ་ཏིག་སྐབས་སུ་བབ། །སྒོམ་པ་ཡེངས་མེད་རྒྱུན་མི་ཆད། །དེ་གསུམ་འཛོམས་ན་འབྲས་བུ་སྨིན་གསུངས་པ་བཞིན་ཆོས་ལུགས་གང་ཞིག་ཡིན་རུང་ལྟ་བ་ཡང་དག་སྤྱོད་པ་ཚུལ་མཐུན། སྒོམ་པ་དྲག་པོས་མཚམས་སྦྱར་ན་འབྲས་བུ་མྱུར་དུ་སྨིན་ཐུབ་པས། མཁས་གྲུབ་ཁྱུང་པོའི་ཐུགས་སུ་ཡང་ད་ལྟ་སྒོམ་སྤྱོད་གསུམ་འཛོམས་པའི་ཆོས་ཤིག་བཙལ་དགོས་སྙམ་པའི་འདུན་པ་དབང་མེད་དུ་འཆར་བ་ཡིན། མཁས་གྲུབ་ཁྱུང་པོ་དང་འདྲ་བར་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱིས་ཀྱང་གསང་སྔགས་གསར་རྙིང་གི་རྒྱུད་མན་ངག་རྒྱ་མཚོ་ལ་མངའ་བརྙེས་པ་བླ་མ་ཕུག་ནག་པ་ལས་རྫོགས་ཆེན་གསང་རྫོགས་དང་། དགའ་རབ་རྡོ་རྗེའི་ཀློང་དགུ་གསན་པས། རྒྱ་ཕིབས་ཆེན་པོ་ཐོག་རིམ་དགུ་ཡོད་པ་མཐོ་ཞིང་ལེགས་པ་གཅིག་གི་སྟེང་དུ་སེམས་ཆོས་སྐུ་ལས་མ་གཡོས་པའི་ངང་ནས་ཉམས་དང་རྟོགས་པ་ཁྱད་པར་ཅན་འཁྲུངས་པ་ཡང་། ཁོང་གི་རྣམ་ཐར་ལས་ཨ་ཏི་ཡོ་གའི་རྟོགས་པ་མངོན་དུ་གྱུར་ཅིང་། ཐེག་པ་དགུའི་ཡང་རྩེར་ཕྱིན་པའི་རྟགས་སུ་འདུག་སྙམ་པ་བྱུང་ཞེས་གསལ་བ་ལྟར་རོ།
།མཁས་གྲུབ་ཁྱུང་པོས་རྫོགས་ཆེན་གྱི་གདམས་པ་ཉམས་སུ་བཞེས་པའི་དབང་གིས། ཁོང་རྒྱ་གར་དུ་ཕེབས་སྐབས་ཀྱི་མཁའ་འགྲོ་ནི་གུ་མ་ཡང་རྙིང་མ་པའི་ལུགས་དང་ཚེ་རབས་སྔོན་ནས་འབྲེལ་བར་གསུངས་པ་ཡང་། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བར་ཕྱིས་ཀྱི་ལོ་རྒྱུས་འགའ་རེར་མངའ་བདག་མར་པའི་སྐབས་མི་རུས་ཀྱི་རྒྱན་ཅན། གཉན་ལོའི་སྐབས་རི་སུལ་གྱི་རྣལ་འབྱོར་མ། རས་ཆུང་སྐབས་གྲུབ་པའི་རྒྱལ་མོ། གཞན་ཡང་མེ་ཏྲི་པའི་ཡུམ་ཆུ་ཤིང་གི་སྙེ་མ་ཅན་དང་། མཁའ་འགྲོ་ནི་གུ་མ་སོགས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་(མནྡྷ་ར་བ་)འདི་ཉིད་ཀྱི་མཚན་དང་སྐུའི་རྣམ་འགྱུར་གཞན་དུ་བསྟན་པ་ཙམ་མང་དུ་བཞེད་ཅེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོའི་བླ་མ་ཁྱད་འཕགས་ཀྱི་མཁའ་འགྲོ་ནི་གུ་མ་ནི་གུ་རུའི་དབྱིངས་ཕྱུག་མནྡཱ་ར་བའི་རྣམ་སྤྲུལ་དུ་འདོད་པ་དེ་བྱིས་པ་སོ་སྐྱེ་བ་ཁོ་བོ་ལྟ་བུའི་དཔྱད་བྱ་མ་ཡིན་ཀྱང་། དེའི་ཐོག་ནས་མཁས་གྲུབ་ཁྱུང་པོས་སྐུ་ཚེའི་སྟོད་དུ་གསང་སྔགས་སྔ་འགྱུར་རྙིང་མའི་བསྟན་པ་ལ་ཞུགས་པའི་མངོན་ལྐོག་གི་རྒྱུ་རྐྱེན་གང་རུང་མཚོན་པར་བྱས་ཡོད་སྙམ།
I.2.2.2
གཉིས། སྐོར་ནི་རཱུ་པ་ལས་ཕྱག་ཆེན་གྱི་གདམས་པ་གསན་པ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྫོགས་ཆེན་གྱི་གདམས་པ་ལ་ཅུང་ཟད་མ་མོས་པར། སྔར་གྱི་གྲྭ་པ་རྣམས་བཞག་ནས་སྟོད་ལུང་ལ་ཕེབས། ལྷ་ས་བསྐོར། འཕན་ཡུལ་ཤོ་མ་རར་ཕེབས་ཏེ་སྐོར་ནི་རུ་པ་ལས་ཕྱག་རྒྱ་ཆེན་པོའི་རྩ་རྒྱུད་རབ་ཏུ་མི་གནས་པ། བཤད་རྒྱུད་བསམ་མི་ཁྱབ། གསང་བ་གཉིས་སུ་མེད་པ། རྙོག་པ་མེད་པ། མཚན་བརྗོད་དང་དོ་ཧ་རྣམས་ཞུས། དགྲ་ནག་གི་རྒྱུད་བསྒྲུབ་ཐབས་དང་ནི་རུ་པའི་སྐོར་གྱི་ཆོས་རྣམས་མ་ལུས་པར་ཞུས་སོ་ཞེས་གསལ་བ་བཞིན་ནམ་མཁའ་ལྟ་བུའི་རྒྱུད་རྙོག་པ་མེད་པ་དང་། ལྡེའུ་མིག་ལྟ་བུའི་རྒྱུད་མཚན་བརྗོད་སོགས་ནི་རུ་པའི་ཆོས་སྐོར་མཐའ་དག་གསན་པ་དེ་དག་གིས་མཁས་གྲུབ་ཁྱུང་པོ་རྒྱ་གར་དུ་མ་ཕེབས་གོང་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་འགའ་ཞིག་གསན་མྱོང་བ་མཚོན། ཡང་འབུལ་བ་དང་། ནན་ཆགས་དང་། ཉམས་ལེན་གྱིས་བླ་མ་ཤིན་ཏུ་མཉེས་ནས། བླ་མའི་ཞལ་ནས། ད་ལྟ་ང་ལ་ཉུངས་དཀར་ཞོ་གཅིག་གི་གྲངས་དང་མཉམ་པའི་སློབ་མ་ཡོད་ཀྱང་། ངའི་ཆོས་རྣམས་མ་ལུས་པར་ཤེས་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཁྱེད་ལས་མེད་ཡང་ཡང་གསུང་ངོ་ཞེས་འཁོད་པ་བཞིན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འདི་ཉིད་ནི་རུ་པའི་ཆོས་སྐོར་རྣམས་ལ་ཤིན་ཏུ་མཁས་པར་གྱུར་ནས་བླ་མས་ཀྱང་བསྟོད་ཚིག་གི་མེ་ཏོག་ཆར་དུ་བསྙིལ། འོན་ཏེ་ནི་རུ་པའི་སློབ་མ་ཆ་དར་ཤེས་རབ་སེང་གེ་ལ་སོགས་པའི་དགེ་སློང་བཅུ་གསུམ་གྱི་གྲས་སུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འདི་ཉིད་ཚུད་མེད་པ་འདྲ་སྟེ། ཁོང་གླང་རི་ཐང་པ་ལས་བསྙེན་པར་རྫོགས་པའི་དུས་ནི་འཕགས་ཡུལ་ལ་ཕེབས་རྗེས་སུ་ཡིན་པས་སྐབས་དེ་དུས་ཁོང་དགེ་སློང་མིན། མཁས་གྲུབ་ཁྱུང་པོས་སྐོར་ནི་རུ་པ་དུས་ཡུན་ཇི་ཙམ་བསྟེན་མིན་སྐོར་འཁོད་པའི་དཔྱད་ཡིག་ཞིབ་ཆ་ད་ཕན་མ་མཐོང་བས་དཔྱད་པར་འཚལ།
དེ་ཡང་ཕྱག་ཆེན་སྔ་འགྱུར་གྱི་བླ་བརྒྱུད་གྲས་སུ་བཞུགས་པའི་སྐོར་ནི་རུ་པའམ་ནི་རུ་པ་ཏའི་རྣལ་འབྱོར་པ་ཞེས་བྱ་བ་འདི་ཉིད་ནི་རྒྱ་གར་གྱི་རྗེ་བཙུན་ཀ་རོ་པའི་སློབ་མ་ཡིན་ལ། བླ་མའི་བཀའ་དང་མཁའ་འགྲོའི་ལུང་བསྟན་བཞིན་དགུང་ལོ་བདུན་ཅུ་རྩ་བཞི་ལོན་པ་ན་ཐོག་མར་བལ་པོའི་ཡོན་བདག་བྷ་ཧའི་གནས་སུ་སྐོར་ཆུང་བ་འདས་པའི་ལུས་ལ་གྲོང་འཇུག་མཛད་རྗེས་བོད་དུ་ཕེབས། དེ་ལས་རྗེ་བཙུན་ཀ་རོ་པའི་སློབ་མ་སྐོར་ཆུང་བ་ནི་གཉལ་སྟོད་ཀྱི་ཐང་ལ་དགེ་ཚར་དུ་ཡབ་སྐོར་སྟོན་དངོས་གྲུབ་འབར་དང་ཡུམ་གཉོས་མོ་གཟའ་སྒྲོན་མ་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་སྟེ་སྤྱི་ལོ་1002ལོ་ཙམ་ལ་འཁྲུངས། ཐོག་མར་དམ་པ་སྐོར་དང་། རབ་ཏུ་བྱུང་ནས་སྐོར་ཆུང་བར་གྲགས། ཇོ་བོ་རྗེའི་སློབ་མ་བལ་པོ་འགྱོད་པ་གསང་བ་ལས་ལོ་གཅིག་རིང་སྒྲ་བསླབས་པས་ལེགས་པར་མཁྱེན། དགུང་ལོ་བཅུ་གསུམ་པ་སྟེ་སྤྱི་ལོ1015ལོ་ཙམ་ལ་སྦ་སྟོན་རྡོར་ཤེ་དང་ཀོང་སྟོན་རིན་ཆེན་གཉིས་དང་ལྷན་དུ་བལ་པོར་བྱོན། རྣལ་འབྱོར་བ་མདའ་གཞུ་ཅན་གྱིས་དབང་དང་སྒྲའི་གནས་བཅུ་བདུན་རྫོགས་པར་གནང་། རྗེ་བཙུན་མ་ཀུ་མུ་ད་ར་ལས་གཤིན་རྗེ་གཤེད་ནག་པོའི་ཆོས་སྐོར་སོགས་བསྐྱེད་རིམ་གྱི་ཆོས་སྐོར་རྣམས་གསན། དགུང་ལོ་བཅུ་དགུ་སྟེ་སྤྱི་ལོ1021ལོ་ཙམ་ལ་བོད་དུ་བྱོན། ལ་སྟོད་ཀྱི་ལེང་ལོ་ཙཱ་བ་དང་གྲྭ་པ་མངོན་ཤེས་སོགས་ལ་དབང་དང་གདམས་པ་འགའ་རེ་གནང་། དུས་དེ་དེབ་སྔོན་དུ་གྲྭ་པའི་དགུང་ལོ་དྲུག་ཅུ་རྩ་དགུ་པ་སྟེ་སྤྱི་ལོ1080ལོ་ཙམ་དུ་བཞེད་པ་མི་མཐུན་པས་དཔྱད་ཕྱིས་བལ་པོའི་ཡོན་བདག་བྷ་ཧ་ཞེས་པས་མཆོད་གནས་སུ་སྐོར་ཆུང་བ་ཟླ་བ་གཅིག་བཞུགས་པའི་རིང་གནས་དེར་སྐུ་འདས་རྗེས་ནི་རུ་པ་དང་མཇལ་ནས་གྲོང་འཇུག་མཛད་པ་ཡིན། གྲོང་འཇུག་མཛད་པའི་དུས་ཞིབ་པར་བརྗོད་དཀའ་ཡང་སྤྱི་ལོ་1021ལོའི་ལོ་མཇུག་ཏུ་བོད་ནས་སླར་ཙིན་ཙི་གླིང་དུ་བྱོན། ཀ་རོ་པས་ལོ་བདུན་ན་བསོད་ནམས་འོང་ཞེས་པའི་ལུང་བསྟན་པ་ལྟར་རྗེ་བཙུན་ཀ་རོ་པས་དབང་དང་གདམས་ངག་རྫོགས་པར་གནང་བ་དང་། དེ་རྗེས་བལ་མོ་འབྲི་སྨུ་བྱ་བ་ལ་ཕྱག་རྒྱ་མཛད་ནས་སྤྱི་ལོ1028ལོ་ཙམ་ལ་སྙིང་པོའི་སྐོར་ཐམས་ཅད་རྟོགས། རྒྱ་གར་གྱི་གྲོང་ཁྱེར་མཐའི་གསང་སྤྱོད་པ་ཡོད་པའི་རྩ་ར་གསང་སྤྱོད་ཟླ་བ་དྲུག་ཙམ་མཛད་པ་དང་། ཡོན་བདག་བྷ་ཧའི་གནས་སུ་ཟླ་བ་གཅིག་བཞུགས་པ་བཅས་ལ་ལོ་གཅིག་ཙམ་བརྩིས་ན་ཧ་ལམ་སྤྱི་ལོ1029ལོ་ཙམ་དུ་ཡིན། འོན་ཀྱང་ལོ་ཚིགས་དྭངས་ཤེལ་མེ་ལོང་དུ། སྤྱི་ལོ་1062ལོར་སྐོར་ནི་རུ་པ་འཁྲུངས་པ་དང་དགུང་ལོ་བཞི་བཅུ་ཞེ་གཅིག་པ་སྤྱི་ལོ1102ལོར་སྐུ་གཤེགས་པར་འདོད། དེ་ནི་མི་འཐད་དེ། ནི་རཱུ་པས་སྐོར་ཆུང་བའི་ལུས་ལ་གྲོང་འཇུག་མཛད་པའི་དུས་སུ་ནི་རུ་པ་དགུང་ལོ་བདུན་ཅུ་དོན་བཞིར་ཕེབས་ཟིན་པས་ཁོང་གི་འཁྲུངས་ལོ་སྤྱི་ལོ955ལོ་ཡིན། མཁས་གྲུབ་ཁྱུང་པོས་སྐོར་ནི་རུ་པ་མཇལ་བའི་དུས་ཚོད་ནི་རྒྱ་གར་ལ་ཐེངས་དང་པོ་མ་ཕེབས་གོང་དུ་ཡིན་ལ། མཁས་གྲུབ་ཁྱུང་པོ་འཕགས་ཡུལ་ནས་ཐེངས་གསུམ་པར་བོད་དུ་ཕྱིར་ལོག་ཕེབས་སྐབས་སྤྱི་ལོ1041ལོར་ཡིན་དགོས་པ་སྔར་བཤད་ཟིན་པས། སྤྱི་ལོ1136ལོ་ཙམ་དུ་མཁས་གྲུབ་ཁྱུང་པོ་རྒྱ་གར་ལ་ཐེངས་གསུམ་པ་ཕེབས་མ་ཕེབས་ཀྱི་གཡས་གཡོན་དུ་ཁེལ། དེས་མ་ཟད་སྤྱི་ལོ་1041ལོ་ནས་སྐོར་ནི་རུ་པ་མ་འཁྲུངས་པའི་སྤྱི་ལོ་1062ལོའི་བར་ད་དུང་ཡང་ལོ་22ཙམ་ཡོད།
སྐོར་ནི་རཱུ་པས་སྔར་གྱི་སྐུ་ལུས་བསྲེགས་སྦྱང་མཛད་ཅིང་སྐོར་ཆུང་བ་ལ་གྲོང་འཇུག་གནང་བ་བོད་དུ་ཕེབས། དང་ཐོག་ལྡོམ་བུ་བའི་སྤྱོད་པས་བསོད་སྙོམས་མཛད་དེ་བཞུགས་ཀྱང་རྗེ་བཙུན་ཀ་རོ་པ་ཡབ་ཡུམ་ལྷ་སར་ཕེབས་ནས་བར་ཆད་ལྡོག་པའི་བྱིན་རླབས་གནང་ཞིང་དབང་རྣམ་ངེས་ཚར་གཅིག་གསན། བླ་མ་ཡབ་ཡུམ་མང་ཡུལ་གུང་ཐང་དུ་བསྐྱལ་རྗེས་ཟངས་གླིང་གི་པཎྜི་ཏའི་ཆ་བྱད་མཛད་དེ་བོད་ལ་བྱོན་པས། བུ་སྟོན་ཆོས་འབྱུང་དུ་བོད་དུ་དམ་ཆོས་དར་བར་མཛད་མཁན་གྱི་བོད་དུ་ཕེབས་པའི་པཎྜི་ཏའི་ཁོངས་ཀྱི་གྲངས་གོ་གཉིས་པར་ཡང་བླ་མ་ཟངས་གླིང་པ་ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཟངས་གླིང་པ་ཞེས་ཐད་ཀར་བཀོད་ཡོད། དེ་རྗེས་བོད་རང་གི་ཆ་ལུགས་མཛད་དེ་དགུང་ལོ་ཉི་ཤུ་རྩ་གཅིག་ནས་བཞི་བཅུ་རྩ་གཅིག་བར་ཏེ་ལོ་ངོ་ཉི་ཤུ་ཙམ་གྱི་རིང་དགེ་སློང་བཅུ་གསུམ་ལ་སོགས་པའི་སློབ་མ་རྣམས་ལ་གསང་སྔགས་ཀྱི་ཆོས་གསུངས། དབང་བསྐུར། གསང་སྔགས་ཀྱི་ཆོས་མང་པོ་རང་འགྱུར་དུ་བསྒྱུར། རྒྱུད་སྡེ་དུ་མ་དང་གདམས་ངག་གི་སྐོར་མང་དུ་གསུངས། དམ་པའི་ཆོས་གསང་སྔགས་ཟབ་མོ་དང་སྙིང་པོའི་བསྟན་པ་དར་བར་མཛད། ཁོང་ནི་སྐབས་དེ་དུས་བོད་ལ་བྱོན་པའི་གྲུབ་ཐོབ་གྲགས་ཆེ་ཤོས་ཤིག་ཡིན་པ་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་ད་ལྟ་བོད་ན་གྲུབ་ཐོབ་འདི་ལས་ཆེ་བ་མི་འདུག་ཅེས་འཁོད་པ་ལྟར་དང་། ཁོང་གིས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་རྒྱལ་སྲས་མི་སྲིད་པ་རང་ལ་ཁུངས་གཏུགས་པའི་ཕྱག་རྒྱ་ཆེན་མོའི་བརྒྱུད་པ་སྔ་མ་རྣམས་བསྩལ་བ་སྟེ། རྗེ་བཙུན་ཀ་རོ་པ་འདི་ཉིད་མཻ་ཏྲི་པ་འི་ཐུགས་སྲས་བཞིའི་ཁོངས་སུ་གཏོགས་པ་སོགས་ཞིབ་པ་རྣམས་ཕྱག་ཆེན་གའུ་མའི་སྐབས་འཆད་པར་བྱའོ།
།དེ་ལྟར་མཁས་གྲུབ་ཁྱུང་པོས་སྐོར་ནི་རུ་པའི་སྤྱན་སྔར་ཕྱག་རྒྱ་ཆེན་པོས་གཙོས་པའི་གདམས་པ་མང་དག་ཅིག་གསན་ནས་མཁས་པར་གྱུར་ཀྱང་། མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་ཆོས་རྣམས་མཁས་པར་བསླབས་ནས་ཆོས་ལ་མོས་པ་བྱུང་ཡང་། ཐུན་མོང་གི་དངོས་གྲུབ་ཀྱི་ལྟས་གཅིག་ལ་ཅུང་མ་མོས་ནས། ད་ལྟ་བོད་ན་གྲུབ་ཐོབ་འདི་ལས་ཆེ་བ་མི་འདུག །བླ་མ་འདིས་ཀྱང་མཆོག་ཐུན་མོང་གི་དངོས་གྲུབ་ཅི་ཐོབ་མི་ཤེས་པར་འདུག་པས། ད་ཅི་ནས་ཀྱང་རྒྱ་གར་དུ་འགྲོ་དགོས་སྙམ་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ད་དུང་ཡང་ཐུགས་ཡིད་མ་ཚིམས་པར། འཕགས་ཡུལ་ཁོ་ནར་ཕེབས་པའི་ཐུགས་འདུན་ཤུགས་དྲག་ཏུ་འཆར། གོང་དུ་ཐུན་མོང་དངོས་གྲུབ་ཀྱི་ལྟས་གཅིག་ལ་མ་མོས་ཞེས་པ་ཡང་། མཁས་གྲུབ་ཁྱུང་པོའི་རྣམ་ཐར་གྱི་ལྷན་ཐབས་སུ་ཨ་རུ་ར་འོ་མར་སྦངས་ཏེ་གསོལ་མར་བྱས་པ་ཡིན་ཏེ། ང་རང་བློ་ཆུང་པས་ལན། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱང་ཐུན་མོང་གི་རྟགས་ཕལ་ཆེར་རྫས་ཀྱི་དེ་ལྟ་བུར་འདུག་གསུང་ཞེས་འཁོད་པ་ལྟར། སྐོར་ནི་རུ་པའི་སྤྱན་སྔར་ཡང་རྟེན་འབྲེལ་གྱི་རྟགས་ཅུང་ཟད་འཆུགས་པའི་ཚུལ་གྱིས། གྲུབ་ཐོབ་ཨ་མོ་གྷས་འདི་ནི་སྤྲུལ་པའི་སྐུ་སྟེ་རྒྱ་གར་བགྲོད་ཅེས་པའི་ལུང་བསྟན་དང་། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེས་ཀྱང་སྔོན་གྱི་ལས་འཕྲོ་སད་པ་ཡིས། །དཀའ་བ་སྤྱད་དེ་རྒྱ་གར་བགྲོད་ཅེས་སོགས་གསུངས་པ་བཞིན། ལས་དབང་གིས་རླུང་ཤུགས་དྲག་པོས་ཡོངས་སུ་དེད་ནས་མཐར་ཞེན་པ་བྲལ་བའི་རྣལ་འབྱོར་པ་འདི་ཉིད། གླིང་བཞི་བསྐོར་བའི་ཉི་མ་དང་འདྲ་བར་རྒྱ་གར་འཕགས་པའི་ཡུལ་དུ་དམ་ཆོས་ཀྱི་སྟོན་མོ་ལ་ཆས་སོ།

I.2.3 - Voyage to India
།གསུམ་པ། མཐའ་མར་འཕགས་ཡུལ་དུ་ཕེབས་ནས་སློབ་གཉེར་གནང་བའི་སྐོར།
དེ་ཡང་འཇིག་རྟེན་གྱི་ཁ་དཔེར་མཐོ་སར་སླེབས་ཀྱང་མུ་མཐུད་བསྐྱོད། གྲུབ་འབྲས་ཐོབ་ཀྱང་མུ་མཐུད་འབད་ཅེས་པ་ལྟར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བོད་ཡུལ་དུ་ཆོས་དང་རིག་པའི་གནས་ཅི་རིགས་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སྦྱངས་པ་མཐར་ཕྱིན་པ་མཛད་ནས། སློབ་མའི་ཚོགས་པ་བརྒྱ་ཕྲག་དུ་མ་བསྐྱངས་པའི་བཤེས་གཉེན་ཆེན་པོར་གྱུར་ཀྱང་། དེ་ལ་བློ་ཡིད་ཚིམས་ནས་མ་བཞུགས་པར་ཡུན་རིང་པོར་རྒྱུག་རྒྱུག་པའི་ཆོས་བརྒྱུད་ཀྱི་ཆུ་བོ་དེ་ལ་འདམ་ཉོག་གིས་དྲི་མས་བསླད་པར་དོགས་ནས་རབ་ཏུ་དྭངས་བའི་ཆུ་མགོ་ཁོ་ནར་བསྙེགས་པའི་ཐུགས་འདུན་ངང་ངམ་ཤུགས་སུ་འཆར། དེས་ན་ཕ་མ་ཡུལ་གཞིས་གཉེན་ལ་སོགས་པ་ཐམས་ཅད་སྤངས་ཏེ། མཐའ་ཡུལ་སྐད་རིགས་མི་གཅིག་པ་གཅན་འཕྲང་ལ་སོགས་པ་འཇིག་པ་ཤིན་ཏུ་ཆེ་བ་ལ་ཁས་ལེན་པ་ཤིན་ཏུ་དཀའ་ཡང་འགྱུར་མེད་ཀྱི་དམ་བཅའ་བརྟན་པོའི་གོ་མཚོན་གྱིས་ལེགས་པར་སྤྲས་ཏེ་སྲོག་དང་བསྡོས་ནས་རྒྱ་གར་འཕགས་པའི་ཡུལ་གྱི་ཤར་ནུབ་གུང་གསུམ་དུ་བྱོན། འོ་ན་མཁས་གྲུབ་ཁྱུང་པོས་མཐར་ཐུག་གི་དམིགས་འབེན་དེ་འཕགས་ཡུལ་དུ་བཙུགས་པའི་རྒྱུ་རྐྱེན་དང༌། དེ་ཉིད་ཡོངས་སུ་སྒྲུབ་ཕྱིར་འཕགས་ཡུལ་དུ་ཐེངས་ག་ཚོད་ཙམ་ཕེབས་ནས་སློབ་གཉེར་ཇི་ལྟར་མཛད་ཚུལ་སོགས་ཀྱི་སྐོར་ཞིང་བར་བྱ་ལ།
I.2.3.1
གཅིག །འཕགས་ཡུལ་དུ་ཕེབས་པའི་རྒྱུ་རྐྱེན།
གལ་ཏེ་མི་ཞིག་གིས་ང་ལ་གནམ་འོག་འདིར་མིའི་རྣམ་ཤེས་སོགས་མི་ཚེའི་ཁྲོད་ཀྱི་གནད་དོན་འགངས་ཆེ་རྣམས་ལ་བསམ་གཞིགས་ཡུན་རིང་བྱེད་མྱོང་བ་མ་ཟད། གནད་དོན་འགར་ལན་ཡང་རྙེད་ཟིན་མིན་དྲིས་ན། ཐ་ན་པོ་ལ་ཐུ་དང་ཁང་ལྡེ་ལ་ཞིབ་འཇུག་བྱེད་མྱོང་བའི་མི་རྣམས་ཀྱིས་དོ་སྣང་བྱེད་འོས་སའང་ངས་རྒྱ་གར་ལ་མཛུབ་མོ་གཟུག་སྲིད། གལ་ཏེ་ངས་སླར་ཡང་རང་ཉིད་ཧ་ལམ་ཞི་ལ་པ་དང་། རོ་མ་པ། གཟི་འོད་འཕྲོ་བའི་མི་རིགས་གྲས་ཀྱི་ལྡེའུ་རིགས་པའི་བསམ་བློས་ཡོངས་སུ་བསྐྱངས་པའི་མི་ཞིག་གི་ངོས་ནས་བརྗོད་ན། ཡིག་ཚང་གང་འདྲ་ཞིག་ལ་དག་བཅོས་ཀྱི་ཕན་ནུས་ཆེ་ཤོས་ལྡན་ལ། ང་ཚོའི་ནང་སེམས་ཀྱི་ཚེ་སྲོག་དེ་བས་མཛེས་སྡུག་ལྡན་པ་དང་འཐུས་ཚང་། རྒྱ་ཁྱབ་ཏུ་གཏོང་ཐུབ་ཅེས་བསམས་ན། དོན་དངོས་ཐོག་དེ་ནི་དེ་བས་མི་གཤིས་ཅན་གྱི་ཚེ་སྲོག་ཅིག་ཡིན། ངས་སླར་རྒྱ་གར་ལ་མཛུབ་མོ་འཛུགས་སྲིད་ཅེས་འཁོད་པ་ལྟར་རྒྱ་གར་གྱི་མཚན་ཉིད་རིག་པ་སོགས་འོད་སྟོང་འབར་བའི་གནའ་བོའི་ཤེས་རིག་དེ་དག་འཛམ་གླིང་ཁྱོན་ལ་སྙན་པའི་བ་དན་ཕྱོགས་བཅུར་ཁྱབ་ནས་ཡོད་པས། དེ་ནི་མིའི་རིགས་ཀྱི་རྣམ་ཤེས་དང་མི་ཚེའི་དོན་སྙིང་ལ་བསམས་གཞིགས་བྱེད་པར་སྤྲོ་བའི་གནའ་དེང་གི་མཁས་པ་ཚོས་མ་གྲོས་གཅིག་མཐུན་གྱིས་མཛུབ་མོ་འཛུགས་ས་ཡིན། ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་དུ་ཆོས་ཕྱིར་སྲོག་ནི་བཏང་སྙམས་ནས། །ལུས་དང་སྲོག་ལ་མ་བལྟས་ཏེ། བལ་ཡུལ་ཙམ་ལ་མི་བལྟོས་པར། །སངས་རྒྱས་སྟོང་གི་འབྱུང་གནས་ས། །རྡོ་རྗེ་གདན་དུ་ཚངས་ཀྱིས་ཕྱིན་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོས་སྐུ་ཚེ་གང་པོའི་རིང་དམ་ཆོས་བདུད་རྩིའི་བཅུད་ལ་ངོམས་པ་མེད་པར། ལན་གྲངས་དུ་མའི་གདམ་ཁ་དང་འགྱུར་བ་མེད་པའི་ཆོད་སེམས་ཀྱིས་མཐར་ཐུག་གི་གཞུང་དང་གདམས་པའི་སྤྲོས་པ་གཅད་སའི་དམིགས་འབེན་དེ། སངས་རྒྱས་ཆོས་ཀྱི་འགོ་ཁུངས་རྒྱ་གར་ཁོ་ནར་བཙུགས་ནས། ནོར་ལོངས་སྤྱོད་ཀྱི་བསླུ་བྲིད་དང་མཚན་སྙན་གྲགས་ཀྱི་གཡབ་མོ་སོགས་འཇིག་རྟེན་ཆོས་བརྒྱད་དང་འདྲེས་པའི་བློ་ཁ་ཡོངས་སུ་བསྒྱུར་ཏེ་བལ་ཡུལ་ཙམ་མ་ཟད། སྤྲེལ་རྒན་གྱི་རམ་འདེགས་མེད་པའི་ཐང་སན་བླ་མ་དེ་ཉིད་ཞུམ་མེད་ཀྱི་སྙིང་སྟོབས་དང་མི་ཕྱེད་པའི་དད་སེམས་ཀྱིས་ཡོངས་སུ་བསྐུལ་ཏེ་རྒྱ་གར་རྡོ་རྗེའི་གྲོང་དུ་དམ་ཆོས་ཀྱི་ནོར་བུ་འཚོལ་བར་ཕེབས་པ་གྲུབ་ཐོབ་ཨ་མོ་གྷའི་ལུང་བསྟན་བཞིན་བསྒྲུབས། མཁས་གྲུབ་ཁྱུང་པོའི་ལྡོག་མེད་ཀྱི་བློ་སྟོབས་དེར། བླ་མ་རྡོ་རྗེ་གདན་པས་ཀྱང་མི་ནག་ཆོས་ཀྱི་ལོ་རྒྱུས་མཁན། །དེ་ལྟ་བུ་ཡི་རྒྱལ་ཁམས་ན། །དད་ལྡན་སྐྱེ་འཆིས་འཇིགས་པ་ཡིས། །སྙིང་སྟོབས་ལྡན་པའི་སྐྱེས་བུ་ཁྱོད། །མ་ནོར་དམ་ཆོས་འཚོལ་བའི་ཕྱིར། །སྲོག་ལ་མི་ཕངས་དཀའ་སྤྱད་ནས། རྒྱ་གར་ཡུལ་རྣམས་བགྲོད་བྱེད་པའི། །སྐལ་ལྡན་ཁྱུང་པོ་རྣལ་འབྱོར་ཁྱོད་ཅེས་བསྟོད་ཚིག་གི་མེ་ཏོག་རབ་ཏུ་ཐོར།
གཞན་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་དུས་མཚུངས་པ། དྭགས་པོ་བཀའ་བརྒྱུད་ཀྱི་སྤྱི་མེས་གསང་བ་སྔགས་ཀྱི་མཛོད་འཛིན་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཀྱང་དཀའ་བ་གྲངས་མེད་ཁུར་དུ་བཞེས་ནས་འཕགས་ཡུལ་དུ་ཕེབས་རྒྱུའི་ཆོད་སེམས་བརྟན་པོར་བཅངས་པ་ཡང་། རྒྱ་གར་ལ་ཕར་བྱོན་གྱི་མགུར་དུ་ང་ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ །འཆི་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ། དཔལ་མོ་དཔལ་ཐང་དུ་ཆེ་ལགས་ཀྱང་། །ང་ལ་རྣམ་ཤེས་རླུང་བཞོན་གྱི་གདམས་པ་ཡོད། འདི་མདོ་ཕྲུག་ཕལ་གྱིས་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ །འཆི་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ །ལ་ཁ་ལ་བྱ་ལ་ཤིན་ཏུ་གྲང་ལགས་ཀྱང༌། །ང་ལ་གཏུམ་མོ་མེ་འབར་གྱི་གདམས་ངག་ཡོད། །འདི་སྣལ་གོས་ཕལ་གྱིས་དོ་ཟླ་མིན། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ །འཆི་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ །བལ་པོ་ཤིན་ཏུ་ཚད་པ་ཆེ་ལགས་ཀྱང༌། །ང་ལ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ཡོད། །འདི་བཟང་དྲུག་ཕལ་གྱིས་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ །འཆི་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ །ལམ་བར་དང་ཡུལ་ཕྲན་འཇིགས་པ་ཆེ་ལགས་ཀྱང་། །ང་ལ་མ་མོ་ཇག་ཆིངས་ཀྱི་གདམས་ངག་ཡོད། །འདི་ཟླ་སྐྱེལ་ཕལ་གྱིས་དོ་ཟླ་མིན་ཞེས་སོགས་གསལ་བ་ལྟར་རོ། །དེ་ལྟར་སྒྲུབ་བརྒྱུད་སྤྱི་མེས་རྗེ་བཙུན་མར་ཁྱུང་རྣམ་གཉིས་དང་འདྲ་བར་དུས་ཡུན་རིང་པོའི་ནང་བོད་ཀྱི་ལོ་པཎ་མང་པོས་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་བཅགས་ཤིང་། མདོ་དང་བསྟན་བཅོས་ཀྱི་འོད་སྟོང་འབར་བའི་ནོར་བུ་དུ་མ་ཁ་བ་གངས་ཅན་གྱི་ཡུལ་དུ་སྤྱན་དྲངས་ནས་བོད་ཀྱི་རིག་གནས་བང་མཛོད་ཡོངས་སུ་བཀང་བར་མཛད་པས། རྒྱ་གར་འཕགས་པའི་ཡུལ་ནི་ཁོང་ཚོའི་མི་ཚེའི་བཤུལ་ལམ་སྟེང་གི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། རྣམ་ཤེས་ཀྱི་གོམ་ཁ་ཕྱོགས་སའི་མཐར་ཐུག་གི་ཞིང་ཁམས་ཤིག་ཀྱང་ཡིན། དེར་བརྟེན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཀྱང་ལན་གྲངས་དུ་མའི་གདམ་ཁ་དང་དམ་ཆོས་འཚོལ་བའི་ཆོད་སེམས་ཀྱིས་རྒྱ་གར་དུ་ཕེབས་རྒྱུའི་ཐུགས་ཐག་བཅད་པ་དེ། ཏི་ལོ་པས་ཀུན་ཏུ་རྒྱུ་བའི་འབྱུང་བ་རླུང་བཞིན་དུ། ཞེན་པ་མེད་པར་འགྲོ་བ་འདི་ནི་མཆོག་ཅེས་གསུངས་པ་ལྟར། ངེས་པ་དོན་དང་ལྡན་པའི་རྣལ་འབྱོར་པ་འདི་ཉིད་ཀྱིས་ཀྱང་གང་སར་རྒྱུ་བའི་རླུང་བཞིན་ཆགས་ཞེན་དང་རེ་དོགས་མེད་པར་འཕགས་ཡུལ་དུ་བཞུད་པ་དེ་ནི་ཆེས་ལེགས་པར་དགོངས་ཏེ་དེ་བཞིན་དུ་བསྒྲུབས་སོ།
I.2.3.2
།གཉིས། འཕགས་ཡུལ་དུ་ཕེབས་པའི་ཐེངས་གྲངས་དང་སློབ་གཉེར་ཇི་ལྟར་མཛད་ཚུལ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འདི་ཉིད་འཕགས་ཡུལ་དུ་ཕེབས་པའི་ཐེངས་གྲངས་སྐོར་བཞེད་ཚུལ་མི་མཐུན་པ་གཙོ་བོ་ཁག་གཉིས་ཡོད་པ་སྟེ། མཛད་རྣམ་ཁུངས་བཙན་ཁག་དང་དེབ་སྔོན་སོགས་སུ་རྒྱ་གར་དུ་ལན་གསུམ་བྱོན་པའི་སྐོར་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ལན་བདུན་ཕེབས་པར་བཞེད། འདིར་མཁས་གྲུབ་ཁྱུང་པོའི་མཛད་རྣམ་དཔར་རིགས་མི་འདྲ་བ་ཁག་ལྔ་ཙམ་ལ་གཤིབ་བསྡུར་བྱས་རྗེས་ཁྱོན་ཐེངས་གསུམ་ཕེབས་པ་གཅིག་མཚུངས་ཡིན་པས་དེ་དག་རེ་རེ་བཞིན་དགོད་པར་བྱ་སྟེ། ཕེབས་ཐེངས་དང་པོ་ནི། ཤངས་པའི་མགུར་མཚོ་ལས་སྔོན་གྱི་ལས་འཕྲོ་སད་དེ་དགུང་ལོ་ལྔ་བཅུ་པ་ལ་རྒྱ་གར་དུ་ཕེབས་ཞེས་གསུངས་པ་བཞིན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དགུང་ལོ་ལྔ་བཅུ་ཙམ་དུ་ཕེབས་པ་སྟེ། ཁོང་གི་འཁྲུངས་ལོ་སྤྱི་ལོ978ལོར་བརྩིས་པའི་སྤྱི་ལོ1028ལོ་ཙམ་དུ། ཐོག་མར་བལ་པོར་བྱོན་ནས་པཎྜི་ཏ་བྷ་སུ་མ་ཏི་ལས་བིར་བ་ཏ་བསླབས་ཤིང་། ཀྲི་ཡའི་སྒྲུབ་ཐབས་ལྔ་བཅུ་སོགས་ཞུས། དེའི་དུས་ཡུན་ནི་ཧ་ལམ་ལོ་གསུམ་ཙམ་ཡིན་པ་སྟེ་མར་པ་ལོ་ཙཱ་བ་ཐེངས་དང་པོར་རྒྱ་བལ་དུ་ཕེབས་སྐབས་ཐ་མ་ལྷོ་བལ་རྒྱ་ལ་ཕྱིན། །ལོ་གསུམ་བལ་པོའི་མཐིལ་དུ་བསྡད་ཅེས་པ་དང་འདྲ་བར། སྔར་བོད་ཀྱི་ལོ་ཙཱ་བ་འགའ་འཕགས་ཡུལ་དུ་ཆོས་ཞུ་བར་ཕེབས་སྐབས། ཐོག་མར་བལ་ཡུལ་དུ་ལོ་གསུམ་ཙམ་རིང་བཞུགས་ནས་ས་ཆ་དེའི་ཡུལ་གོམས་གཤིས་ལུགས་དང་། གནམ་གཤིས་ཀྱི་ཚ་བ་སོགས་གོམས་པར་བྱེད་པ། ལྷག་པར་འཕྲལ་སྐད་ལ་སྦྱངས་པ་མཛད་ནས་འཕགས་ཡུལ་དུ་ཆོས་ཞུ་བར་ཕེབས་རྒྱུའི་གྲབས་གནང་གི་ཡོད་པ་བཞིན། མཁས་གྲུབ་ཁྱུང་པོར་པཎྜི་ཏ་ཨ་ཐུ་ལ་བཛྲ་གྱིས་ཡང་ན་བལ་པོར་ལོ་གསུམ་སྡོད་ངས་ཆོས་བསླབས་ཀྱིས། ཡང་ན་རྒྱ་གར་དུ་རྡོ་རྗེ་གདན་པའི་དྲུང་དུ་དེངས་ཞེས་གསུངས་པ་བཞིན་སངས་རྒྱས་སྟོང་གི་འབྱུང་གནས་རྒྱ་གར་རྡོ་རྗེ་གདན་དུ་ཕེབས། བླ་མ་རྡོ་རྗེ་གདན་པས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་འདུལ་བ་ལུང་དང་བསྟན་བཅོས་མདོ་རྩ་སོགས་གསུངས། དེ་རྗེས་རྗེ་ཤི་བྷ་དྲ་ས་ན་ཛྷ་ལས་བྱམས་ཆོས་ལྔ་དང་རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ། ཚད་མ་སྡེ་བདུན་སོགས་དང་། སུ་ར་པཱ་ལའི་སློབ་མ་བཻ་རོ་ཙ་ན་རཀྴི་ཏ་ལྷོ་ཕྱོགས་ཀོ་ས་ལའི་དུར་ཁྲོད་དུ་བཞུགས་པ་ལས་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་སོགས་ཞུས། མཻ་ཏྲི་པ་འི་སློབ་མ་འབྲིང་བདུན་གྱི་ཡ་གྱལ་རྡོ་རྗེ་མཆེད་གསུམ་ལས་གཤིན་རྗེ་གཤེད་དམར་ནག་གི་སྒྲུབ་ཐབས་དང་ར་སྒྲོལ་གྱི་གདམས་ངག་སོགས་གསང་ཆེན་སྔགས་ཀྱི་ཟབ་ཆོས་མང་དུ་གསན།
དེ་རྗེས་བོད་དུ་ཕེབས་ནས་གུ་ལང་གི་གསེར་ཁ་སོགས་བརྡོལ་བ་དང་ཐུག་པས་གསེར་མང་པོ་བསྒྲུབས་རྗེས། ཐེངས་གཉིས་པར་སླར་རྒྱ་བལ་དུ་ཕེབས་ནས་གསང་ཆེན་སློབ་བརྒྱུད་འཛིན་པའི་བལ་པོ་ཕམ་ཐིང་པ་ལས་བདེ་མཆོག་རྩ་རྒྱུད་དང་གདན་བཞི། སུ་མི་ཏི་ཀིརྟི་ལས་བདེ་མཆོག་རྩ་རྒྱུད་དང་ནག་པོ་བའི་ཆོས་དྲུག །དྷརྨ་ཕ་ལར་ཕྱག་རྒྱ་ཆེན་པོ་གསང་བ་སྒྲུབ་པ། གྲུབ་ཐོབ་ཉི་མའི་སྙིང་པོ་ལས་ཀུ་ཀུ་རི་པའི་ཆོས་བདུན། སྦས་པའི་རྣལ་འབྱོར་ལ་བདེ་མཆོག་ལྷ་ལྔ་དང་མཁའ་སྤྱོད་དཀར་དམར་སོགས། པཎྜི་ཏ་བདེ་བའི་རྡོ་རྗེ་ལ་གཤིན་རྗེ་གཤེད་དགྲ་ནག་དང་འཇིགས་བྱེད་རྟོགས་པ་བདུན་པ། པཎྜི་ཏ་རོལ་པའི་རྡོ་རྗེ་ལ་གསེར་སྲང་བརྒྱ་ཕུལ་ནས་ལྷ་མོ་དང་མགོན་པོའི་སྒྲུབ་ཐབས་བརྒྱད་ཅུ་དང་། ཕྱི་རོལ་པ་དང་ནང་པའི་ཕྱིར་བཟློག །ཉི་ཁྲོས་ཀྱི་རྒྱུད་ལ་སོགས་པའི་སེར་བ། ཐོག་དབབ་བསྲུང་དང་སྨན་དཔྱད་སྡེ་སྐོར་བདུན་ལ་སོགས་པའི་གདམས་པ་མང་དུ་ཞུས། ལྷག་པར་མེ་ཏྲི་པ་ཀོ་ས་ལ་བི་ཀླུའི་དུར་ཁྲོད་ན་བཞུགས་པ་ལ་གསེར་སྲང་བདུན་ཕུལ་ནས་བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་ལྷག་ཚན་ཆེ་བ་ཞིག་ཞུ་བྱས་པས། ཡིད་བཞིན་གྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གནང་བ་ཕྱིས་ཤངས་པའི་བཀའ་སྲུང་གཙོ་བོར་གྱུར།
།དེ་ནས་གསེར་སྲང་ལྔ་བརྒྱ་འཁྱེར་ནས་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་ཀུན་ཏུ་ཕེབས་ནས་རྩད་གཅོད་གནང་བ་དང་གསོལ་བ་ཤུགས་དྲག་བཏབ་རྐྱེན་རྒྱལ་བ་རྡོ་རྗེ་འཆང་ལས་དངོས་སུ་ཆོས་གསན་ཞིང་། དག་པའི་ས་གསུམ་ལ་གནས་པ་ནཱ་རོ་པའི་ལྕམ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་མཇལ་ནས་བྱིན་རླབས་ཀྱིས་རྗེས་སུ་བཟུང་ཞིང་སྒྱུ་ལུས་རྨི་ལམ་ཟིན་ཏེ་ནི་གུ་ཆོས་དྲུག་རྫོགས་པར་ཞུས། ནི་གུ་མས་ཀྱང་གཉིད་ཐུམ་གཅིག་ལ་ཆོས་དྲུག་གི་ཁྲིད་ཚར་བ་རྒྱ་གར་ན་ཁྱེད་ལས་མེད་གསུངས། དེ་རྗེས་དངོས་སུ་ཁྲིད་ཚར་གསུམ་དང་། རྡོ་རྗེའི་ཚིག་རྐང་། སྒྱུ་མ་ལམ་རིམ། རྒྱུད་སྡེ་ལྔའི་དབང་དང་སྒྲུབ་ཐབས་སོགས་ཀྱི་གདམས་པའང་མང་དུ་གནང་།
དེ་ནས་པཎྜི་ཏ་ཆེན་མོ་ཨཱརྱ་དེ་ཝ་ལ་ནང་ཁྲིད་ཞུས་པ་བཞིན་དཔལ་བིརཱ་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་རྫོགས་པར་བསྐུར་བས་ནུབ་གཅིག་ལ་ས་བརྒྱད་པའི་རྟོགས་པ་མངོན་དུ་གྱུར་པ། ཟླ་བ་བདུན་ལ་ས་བརྒྱད་ཀྱི་རྟོགས་པ་ལ་དགོད་ནུས་ཤིང་རྡོ་རྗེ་འཆང་དང་བདག་མེད་མ་ལ་དངོས་སུ་ཆོས་གསན་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷིས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་སུ་བསྐུར། ཌཱ་ཀི་མ་འདིས་མཁས་གྲུབ་ཁྱུང་པོའི་བརྒྱུད་པ་དང་བཅས་པ་ཀུན་ལ་ལུང་བསྟན་མཛད་ཅིང་བྱིན་གྱིས་བརླབས་པས་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན། དེ་ལྟར་ཕེབས་ཐེངས་གཉིས་པ་འདིར་མཁས་གྲུབ་ཁྱུང་པོས་རྩ་བའི་བླ་མ་བཞི་ལས་རྒྱལ་བ་མཻ་ཏྲི་པ་མཇལ་ནས་ཡེ་ཤེས་མགོན་པོའི་ཆོས་སྐོར་ཞུས་ཤིང་། ལྷག་དོན་ཁྱད་འཕགས་ཀྱི་མཁའ་འགྲོ་མ་གཉིས་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལས་ཁྱུང་པོའི་གསེར་ཆོས་ལྔའི་རྩ་བར་གྱུར་པ་ནི་གུ་ཆོས་དྲུག་གི་ཁྲིད་ཐེངས་བཞི་ཞུས་པ་དང་། ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི་ལས་སུ་ཁ་ཆོས་དྲུག་དང་གསང་སྒྲུབ་ལྟེ་བ་འཕྲུལ་འཁོར་སོགས་ཞུས་པས། ཕེབས་ཐེངས་འདིར་གསེར་སྲང་མང་ཤོས་ཀྱི་སྐྱེས་ཕུལ་ནས་གདམས་པ་འགངས་ཆེ་ཤོས་རྣམས་ཀྱི་གནང་སྦྱིན་གྱ་ནོམ་པ་བསྩལ་བས་མཁས་གྲུབ་ཁྱུང་པོའི་སྐུ་ཚེ་གང་པོའི་ནང་གྲུབ་འབྲས་གཡུར་དུ་ཟ་བའི་འགྲུལ་བཞུད་ཅིག་ཡིན་ལ། རྒྱ་གར་འཕགས་པའི་ཡུལ་དུ་ཐེངས་གསུམ་ཕེབས་པའི་ནང་དུས་ཡུན་རིང་ཤོས་ཤིག་ཀྱང་ཡིན།
དེ་རྗེས་ཨོ་རྒྱན་ཆེན་པོས་བློན་པོ་བཀའི་ཐང་ཡིག་ཏུ་འཛམ་བུ་ཆུ་བོ་གུ་ལང་སོགས། གསེར་ཁ་ཆེན་པོ་བཅུ་གསུམ་འབྱུང་ཞེས་ལུང་བསྟན་པ་ལྟར་བལ་པོ་བརྒྱུད་བོད་དུ་ཕེབས་སྐབས་གསེར་ཁ་བཅུ་གསུམ་བརྡོལ་བ་སོགས་ཀྱི་ལོངས་སྤྱོད་ཆེན་པོ་བྱུང་ནས། ཐེངས་གསུམ་པར་རྒྱ་གར་དུ་ཕེབས་ཏེ་གསེར་སྲང་བརྒྱད་ཅུས་རྡོ་རྗེ་གདན་དུ་ཞག་བཅུའི་བར་མཆོད་པ་རྒྱ་ཆེར་མཛད། དེ་རྗེས་མཁས་གྲུབ་ཁྱུང་པོས་ལོ་ཙཱ་བ་གླན་དར་མ་བློ་གྲོས་དང་། གྲུབ་ཆེན་གྷ་ཡ་དྷ་ར་དང་མཉམ་དུ་མཐོ་ལྡིང་གཙུག་ལག་ཁང་དུ་ཕེབས་ནས། ཇོ་བོ་རྗེ་ལས་གསང་འདུས་ཀྱི་དབང་དང་མངོན་རྟོགས་རྒྱན་སོགས་ཞུས་རྗེས་རིམ་བཞིན་དབུས་སུ་བྱོན། ཕེབས་ཐེངས་གསུམ་པ་ནི་རྒྱ་གར་དུ་བཞུགས་པའི་དུས་ཡུན་ཐུང་ཤོས་ཡིན་ལ། གཙོ་ཆེར་སྔར་གྱི་བླ་མ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་མཆོད་པ་ཕུལ་བར་ཕེབས་པའི་འགྲུལ་བཞུད་ཅིག་ཡིན།
དེ་ལྟར་མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཁུངས་མ་རྣམས་སུ་འཕགས་ཡུལ་དུ་ཕེབས་ནས་དངོས་སུ་ཆོས་གསན་པའི་སྐོར་ཞིབ་པར་འཁོད་པ་ཐེངས་གྲངས་གསུམ་ཁོ་ན་ལས་མེད་ཀྱང་། མཁས་གྲུབ་ཁྱུང་པོའི་རྣམ་ཐར་གྱི་འགོར་ལན་བདུན་ཞེས་འཁོད་པ་ཐེངས་གཅིག་དང་། གཤམ་དུ་ལན་གསུམ་ཞེས་འཁོད་པ་ཐེངས་གཉིས་ཐོན་པས་རྣམ་ཐར་རང་དུ་ནང་འགལ་བྱུང་ཡོད་རྐྱེན། དེ་གཉིས་ཀར་ཁུངས་བྱས་ནས་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལོ་རྒྱུས་ཆོས་འབྱུང་འགར་ཐེངས་བདུན་ཕེབས་ཞེས་དང་། དེབ་སྔོན་སོགས་སུ་ཐེངས་གསུམ་ཕེབས་ཞེས་འཁོད་པའི་རྩོད་རྙོག་འདི་བྱུང་བ་ཡིན། འོན་ཀྱང་ཐེངས་བདུན་ཕེབས་པར་བཞེད་པའི་ཡིག་ཆ་རྣམས་སུའང་ལན་གྲངས་བདུན་ཙམ་ལས་དངོས་སུ་གདམས་ངག་གསན་པའི་སྐོར་ཐེངས་གསུམ་ཁོ་ན་ལས་འཁོད་མེད་ལ། མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་བདག་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་ལན་གསུམ་བྱོན་ནས་ཞེས་དང་། དགེ་བཤེས་རོང་པོ་དཀོན་རྒྱལ་གྱིས་ཀྱང་ཁྱུང་པོ་རྣལ་འབྱོར་ཁྱེད་དག་གིས། །རྒྱ་གར་ཡུལ་དུ་ལན་གསུམ་བྱོན། བླ་མ་བརྒྱ་དང་ལྔ་བཅུ་བཙལ་ཞེས་གསུངས་པ་ལྟར་རྒྱ་གར་དུ་ལན་གསུམ་ཕེབས་པ་ཡིན་ཞིང་། འོན་ཏེ་ལན་བདུན་ཞེས་འཁོད་པ་འགའ་ཞིག་ལ་རྒྱ་གར་དང་བལ་པོ་གང་ཡིན་མིན་གསལ་པོར་མ་འཁོད། དེས་ན་ནི་གུའི་ཉམས་ལེན་གྱི་སྙིང་པོ་རྒྱུན་ཁྱེར་དུ་འདིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཤངས་པ་གདུ་བུ་བར་གྲགས་པ་དེ་ཉིད་རྒྱ་གར་དུ་ལན་གསུམ་བལ་པོར་ལན་བཞི་སྟེ། རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་བྱོན་ནས་ཞེས་དང་། ཇོ་ནང་ཏཱ་ར་ནཱ་ཐ་སོགས་ཀྱིས་རྒྱ་གར་དུ་ལན་གསུམ་དང་། བལ་ཡུལ་ལ་ལན་བཞི་ཕེབས་པ་སྟེ་རྒྱ་གར་ལ་ཕེབས་ཐེངས་རེར་བལ་པོ་བརྒྱུད་དགོས་པས་ལན་གསུམ་དང༌། སླར་གྲུབ་ཆེན་རཱ་ཧུ་ལའི་བཀའ་བཞིན་བལ་ཡུལ་དུ་གྲུབ་ཆེན་འདི་ཉིད་ཀྱི་ཕེབས་སྐྱེལ་ལ་བྱོན་པ་ཁྱོན་ལན་བདུན་ཚང་བར་གསུངས་པ་དེ་བདེན་པའི་གཏམ་ཁོ་ནར་སྣང་། དེར་བརྟེན་ཁོ་བོས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡང་མར་པ་ཆོས་ཀྱི་བློ་གྲོས། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། རུ་པ་ལོ་ཙཱ་བ་ཤེས་རབ་དཔལ། འགོས་ཁུག་པ་ལྷས་བཙས། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་སོགས་བོད་ཀྱི་ལོ་ཙཱ་བ་དང་མཁས་པ་གཞན་འགའ་ཞིག་དང་འདྲ་བར་ལྟེ་བ་བོད་ཡུལ་དབུས་སུ་གཅད། །སྦྱངས་པ་ལྷོ་བལ་ཕྱོགས་སུ་བགྱིས། །རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན་ཞེས་པ་ལྟར་རྒྱ་གར་ཁོ་ནར་ལན་གསུམ་དང་། གསོལ་འདེབས་མོས་གུས་ཀྱི་སྒྲ་དབྱངས་སུ་དཀོན་པའི་རིན་ཆེན་གསེར་ཕྱེ་ཕོངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་དཀའ་སྤྱད་ནས། རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་བྱོན། །སེམས་དཔའ་ཆེན་པོ་ཁྱེད་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་རྒྱ་གར་དང་བལ་ཡུལ་བསྡོམས་པས་ལན་བདུན་ཕེབས་པར་འདོད།
གཞན་ཡང་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་དང་བལ་པོར་ཕེབས་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་ཆེ་བར་ཡོངས་གྲགས་ཡིན་མོད། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་དུ་རྒྱ་གར་དང་བལ་པོ། ལི་ཡུལ་ལ་ཐེངས་བདུན་བྱོན་ཞེས་འཁོད་པར་གཞིགས་ན། རྒྱ་བལ་ཙམ་མ་ཟད་ལི་ཡུལ་ལ་ཡང་ཕེབས་པར་གསུངས། འོན་ཏེ་ལི་ཡུལ་དུ་ཕེབས་པ་བདེན་མི་བདེན། དུས་ཇི་ཙམ་དུ་ཕེབས་པ་དང་ཕེབས་པའི་དགོས་པ་ཅི་འདྲ་ཞིག་ཡིན་མིན་སོགས་ནི་མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཁུངས་མ་རྣམས་སུ་ཡང་མི་གསལ་བས། དེ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དང་བལ་པོར་ཕེབས་སྐབས་ལི་ཡུལ་བརྒྱུད་མྱོང་བའམ་ཡང་ན། ཆེད་མངགས་ཕེབས་ཡོད་མེད་བཅས་ཀྱི་དཔྱད་གཞི་ཁ་གསལ་ད་ཕན་མ་མཐོང་བས་དཔྱད་པར་རིགས་སོ།
I.2.3.3
།གསུམ། ལམ་བར་གྱི་འཇིགས་པ་དང་ངལ་དུབ།
དེ་ཡང་འཇིག་རྟེན་གྱི་ཁ་དཔེར་གཟར་པོའི་བྲག་ལ་མ་འཛེགས་ན། བདེ་མོའི་ཐང་ལ་སླེབས་མི་སྲིད་ཅེས་པ་ལྟར། འདོད་ཞེན་གྱི་སྒེག་མོ་རིང་དུ་བསྒྱུར་བའི་མཁས་གྲུབ་ཁྱུང་པོ་སོགས་ཀྱི་རྣལ་འབྱོར་པ་དེ་ཚོར་ཞབས་ཟུང་རླུང་གི་འཁོར་ལོ་དང་ལྡན་པ། རྟོགས་པ་རྒོད་པོའི་རྩལ་དང་མཉམ་ཡང་། ཁོང་ཚོའི་ཆེས་ཐོག་མའི་འགྲུལ་བཞུད་ཀྱི་གོམ་ཁ་རེ་རེ་ནི་འཆི་གསོན་གྱི་འགྱེལ་ལངས་དུ་མའི་ཁུག་པ་བརྒྱུད་པའི་ཁྲག་དྲིས་ཁེངས་པའི་ལོ་རྒྱུས་ཤིག་ཡིན་ཏེ། བོད་དང་འཕགས་ཡུལ་གྱི་དབར་ས་ཐག་རིང་ལ་ས་རོང་རྩུབ་པའི་ཀྱག་ཀྱོག་གི་འབྱོན་ལམ་སྟེང་རྐང་གཉིས་ཀྱི་རྟ་བོ་ཁོ་ནར་བརྟེན་དགོས་པ་ཕུད། སྲོག་ལ་རྒོལ་བའི་འཇིགས་པ་མང་དག་ཅིག་ཡོད་པ་ནི། དང་ཐོག་དཔལ་མོ་དཔལ་ཐང་ཞེས་བྱ་བའི་ཐང་ཆེན་པོར་རྟ་ཡང་ངལ་དུབ་ཆད་པ་དང་། ཁ་ལ་བྱ་ལ་ཞེས་བྱ་བར་ཤིན་ཏུ་གྲང་བས་དབྱར་ཡང་འཁྱགས་པ། རོང་དང་བལ་པོ་ཚད་པ་ཤིན་ཏུ་ཆེ་བ། ཆུ་བོ་གངྒ་འཇིགས་སུ་རུང་བས་བརྒལ་དཀའ་བ། གན་འཕྲང་འཇིགས་པ་ཆེ་བ། རྒྱ་གར་མཐའ་འཁོབ་དང་ལམ་བར་གྱི་ཡུལ་ཕྲན་མུ་གེ་ཆེ་བ་སོགས་ཀྱི་འཇིགས་པ་གྲངས་ལས་འདས་པ་ཞིག་ཡོད་པ་ཡང༌། རྗེ་མར་པའི་མགུར་ཆེན་ལམ་གླུ་རིང་མོར་ལམ་གྱི་འཇིགས་པ་རྣམ་གསུམ་ནི། །མཚོ་དུག་མཚོ་ཁོལ་མས་སྣ་དྲངས་ནས། །ཤར་ཆུ་བོ་གང་ག་ད་གཟོད་བརྒལ། །དེ་མ་མཐོང་གོང་ནས་ང་རེ་འཇིགས། །རི་ཨུ་ཤུ་རི་ཡི་ནགས་འདབ་ན། །ཆོམ་རྐུན་ཇག་པ་ལམ་ན་སྒུགས། འདི་མ་མཐོང་གོང་ནས་ང་རེ་འཇིགས། །གྲོང་ཁྱེར་ཏི་ར་ཧུ་ཏི་ན། །ཁྲེལ་མེད་ཤོ་གམ་ཆར་ལྟར་འབེབས། །འདི་མ་མཐོང་གོང་ནས་ང་རེ་འཇིགས་ཞེས་ལམ་གྱི་འཇིགས་པ་རྣམ་གསུམ་སྟེ་བརྒལ་བར་དཀའ་བའི་དུག་མཚོ་དང༌། ཆུ་བོ་གང་སོགས་ཀྱི་ཆུ་ཆེན་མང་བ། ལྷག་པར་ཆུ་བོ་གངྒའི་ནང་དུ་ན་ཀྲ་ཞེས་པའི་ཆུ་སྲིན་གཡག་ཙམ་ཞིག་ཡོད་པ་རེ་འགས་གྲུ་རྡིབ་ཏུ་འཇུག །རེ་འགས་གྲུའི་ནང་ནས་མི་བཟུང་སྟེ་ཁར་ཁྱེར་འགྲོ་བས་འཇིགས་པ་ཤིན་ཏུ་ཆེ། རི་ཨུ་ཤི་རིའི་ནགས་འདབས་སུ་ཤི་སྐྱིད་ཀྱི་ཇག་པ་མང་བ། མུ་སྟེགས་ཀྱི་གྲོང་ཁྱེར་ཏི་ར་ཧུ་ཏིར་གང་བྱུང་གི་ཁྲལ་རིགས་མང་ལ་གཅན་གཟན་མ་ཧེ་སོགས་ཀྱིས་འཇིག་པས་ཁེངས། གཞན་ཡང་བར་གྱི་འཚེར་བ་རྣམ་གསུམ་ནི། །འཕྲང་ས་ལ་ཧ་ཏི་མ་གཏོགས་པ། བཅའ་འཕྲང་ཟམ་པ་བརྒྱ་བཅུ་གཅིག །ཨེ་མ་རྔུལ་ཆུ་བས་ཀྱང་འཚེར། །ལ་ཁ་ལ་བྱ་ལ་མ་གཏོགས་པ། །ལ་ཆེན་ལ་ཆུང་བརྒྱ་བཅུ་གཅིག །ཨེ་མ་རྔུལ་ཆུ་བས་ཀྱང་འཚེར། །ཐང་དཔལ་མོ་དཔལ་ཐང་མ་གཏོགས་པ། །ཐང་ཆེན་ཐང་ཆུང་བརྒྱ་བཅུ་གཅིག །ཨེ་མ་རྔུལ་ཆུ་བས་ཀྱང་འཚེར་ཞེས་དང་། ཆོས་ཕྱིར་དཀའ་བ་སྤྱད་ཚུལ་གྱི་མགུར་ལས་བདག་བལ་པོའི་ལམ་དུ་ཞུགས་ཙ་ན། བཅའ་འཕྲང་དང་ཆུ་ལ་ཐར་དུས་མེད། །ནགས་མཐུག་པོ་ཞིག་ལ་ཐོན་དུས་མེད། །ལམ་རིང་པོ་ཞིག་ལ་བགྲོད་དུས་མེད། །ཤིང་སྡོང་པོ་མི་རོ་རེངས་པ་འདྲ། །ལམ་དེ་ཀུན་གྱི་སྡུག་བསྔལ་མཐོང་ཙ་ན། བྱ་གུང་ལ་འཕུར་བ་གཤོག་པ་འདར་ཞེས་པ། ཡང་ང་དེ་ནས་རྒྱ་གར་ཕྱིན་ཙ་ན། །མཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། སྲོག་ཅི་བདེར་ཐོན་པའི་རེ་མ་མཆིས། །གཅན་གཟན་གྱི་ངར་སྐད་ཐོས་ཙ་ན། །ལུས་གཙང་སར་ཐོན་པ་ཅུང་མ་བསམ། །སྦྲུལ་འགྲམ་ཆེན་གྱི་ཁ་རླངས་མཐོང་བའི་ཚེ། །ཡིད་བརྟན་པར་ཕྱིན་ཀྱང་གོམ་ཚུགས་འཁྱོར། །ལམ་དེ་ཀུན་གྱི་འཇིགས་པ་མཐོང་བ་རྣམས། །དུས་ད་ལྟ་དྲན་ཡང་བློ་སྙིང་འདར་ཞེས་པ་སོགས་གསལ་བར་འཁོད་པ་བཞིན་རྒྱ་བལ་དུ་འགྲུལ་བཞུད་བྱེད་སའི་འགྲོ་ལམ་དེ་དག་ནི་འཇིགས་པ་བརྒྱ་དང་ངལ་བ་སྟོང་གིས་ཁེངས་པའི་ལམ་བུ་ཉག་གཅིག་ཡིན་ལ། འཆི་གསོན་གྱི་སྲོག་རྩ་འབེན་དུ་བཙུགས་ནས་འགྲོ་དགོས་པའི་དཀའ་སྡུག་གི་ལོ་རྒྱུས་ཀྱང་ཡིན། དེ་ལྟར་ནའང། ནཱ་རོ་པཎ་ཆེན་གྱིས་རྗེ་མར་པར་ཁྱད་པར་ཆོས་ཕྱིར་དཀའ་བ་མ་སྤྱད་ན་ཆོས་ལ་དཀོན་མཐོང་རྩིས་མེད་པས་ཉམས་སུ་ལེན་མི་ནུས། རྒྱ་ལ་ཉམས་ལེན་བྱེད་བློ་བྱས་རུང་ཡོན་ཏན་རྒྱུད་ལ་མི་སྐྱེ་བ་ཡིན་ཞེས་གསུངས་པ་ལྟར། རྗེ་མར་པ་དང་མཁས་གྲུབ་ཁྱུང་པོ་ལ་སོགས་པའི་སྐྱེས་ཆེན་རྣམས་ཀྱིས་དཀའ་སྤྱད་དྲག་པོའི་ཁུར་བཞེས་ནས་རྒྱ་གར་དང་བལ་ཡུལ་དུ་དམ་པའི་ཆོས་ཞུ་བར་ཕེབས་པ་ནི་ཆོས་ལ་དཀོན་པའི་འདུ་ཤེས་སྐྱེ་ཕྱིར་དང་། བརྒྱུད་པ་ལ་བྱིན་རླབས་འཇུག་པ་སོགས་ཀྱི་དགོས་པ་དུ་མའི་ཕྱིར་རོ།

།སྨྲས་པ། ཡེ་གསལ་བོན་གྱི་ལུགས་བཟང་འདབ་སྟོང་ཕྱོགས་མཚམས་ཀུན་ཏུ་རྒྱས་མཛད་ལ། །རྫོགས་ཆེན་བསྟན་པའི་གྲལ་དུ་ཞུགས་ནས་སེམས་སྨད་ཆོས་ཀྱི་འཁོར་ལོ་བསྐོར། །འདོད་ཞེན་སྒེག་མོའི་ཕོན་ཐག་བཅད་དེ་འཕགས་ཡུལ་མཐའ་བཞིར་རླུང་བཞིན་མྱུལ། །དཀའ་བ་ཕྲག་བརྒྱའི་དུག་མཚོ་བཤགས་པའི་ལྡོག་མེད་སྙིང་སྟོབས་ཨེ་མ་མཚར། །ཞེས་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ།།

I.3 - The masters of Khyungpo Neljor
ལེའུ་གསུམ་པ། མཁས་གྲུབ་ཁྱུང་པོར་བཀའ་དྲིན་ཆེ་བའི་འཕགས་བོད་བླ་མ་འགའ་ཞིག་གི་སྐོར།
ཇི་སྐད་དུ། རྭ་ལོ་ཆེན་པོས་བ་མ་ཚད་དང་མི་ལྡན་ན། །ལོང་བས་ལོང་བ་ཁྲིད་པ་འདྲ། རང་གཞན་གཉིས་ཀ་ཆབས་ཅིག་ཏུ། །ངན་འགྲོའི་གཡང་དུ་ལྷུང་བ་སྲིད་ཅེས་པ་ལྟར། ཡང་དག་གི་ལམ་དུ་བགྲོད་པར་ཚད་ལྡན་གྱི་བླ་མ་ངེས་པར་བསྟེན་དགོས་པ་ཡིན་ལ། ལྷག་དོན་གསང་བ་སྔགས་ཀྱི་གདམས་པ་སྟོན་མཁན་གྱི་བླ་མ་དག་ནི་དེ་བས་ཀྱང་རྩ་ཆེ་བ་ཞིག་ཡིན་ཏེ། གསང་འདུས་ལས་རྡོ་རྗེ་སློབ་དཔོན་ནི་བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། མའོ། སྐྱེལ་མའོ་ཞེས་འཁོད་པ་ལྟར་བླ་མ་ནི་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཀུན་གྱི་ཕ་མའམ་སྐྱེལ་མ་ལྟ་བུ་ཡིན། དེས་ན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གཟུགས་སྣང་ཅི་ཤར་བླ་མ་སངས་རྒྱས་ཡིན། བླ་མས་བདག་ཅག་འཁོར་བ་ནས་བསྒྲལ་ནས། །སངས་རྒྱས་ས་ལ་བཀོད་པ་བཀའ་དྲིན་ཆེ་ཞེས་བླ་མས་བདག་ཅག་སངས་རྒྱས་ཀྱི་ས་ལ་འགོད་པ་དང་། རྗེ་མར་པས་སྣང་བ་དབྱིངས་ལ་ཟབ་པ་སྔགས། །མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ནི། །བླ་མ་ཐར་པའི་ལམ་སྟོན་ཡིན་ཞེས་པ་ལྟར་བླ་མ་ནི་བྱིན་རླབས་ཀྱི་རྩ་བ་དང་ཐར་པའི་ལམ་སྟོན་ཉག་གཅིག་ཡིན་པར་གསུངས། རྗེ་མར་པས་བླ་མ་ནཱ་རོ་པ་ཐོག་མར་མཇལ་སྐབས། བླ་མས་དགྱེས་རྡོར་གྱི་ལྷ་དགུར་སྤྲུལ་ནས་རྗེ་མར་པ་ལ། དབང་བསྐུར་དེ་ང་ལ་ཞུ་བའམ་ཡི་དམ་ལ་ཞུ་གསུངས་པར། རྗེ་མར་པས་དབང་བསྐུར་ནི་ལྷ་ལ་ཞུ། གདམས་ངག་ནི་བླ་མ་ལ་ཞུ་གསུངས་པས། བླ་མ་ནཱ་རོ་པས་ནམ་མཁའི་དཀྱིལ་འཁོར་འདི་རྣམས་ཁོང་རང་གི་ཐུགས་ཀར་བསྡུས་ནས། བྱིན་རླབས་ཀྱི་རྩ་བ་བླ་མ་དམ་པ་ཡིན་གསུངས། གལ་ཏེ་བླ་མ་ནི་མན་ངག་ཞུ་བའི་སྒོ་ཙམ་ཡིན་པ་དང་། དངོས་གྲུབ་དང་བྱིན་རླབས་རྣམས་ཡི་དམ་ལྷ་ལས་འབྱུང་བར་འདོད་ན་དངོས་གྲུབ་འགྱངས་ནས་འགྲོ་བར་གསུངས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཀྱང་རྒྱ་གར་དང་བལ་པོའི་ཡུལ་དུ་སྔ་རྗེས་སུ་ཐེངས་བདུན་ཙམ་ཕེབས་རྗེས། ལེགས་ཚོགས་ཀུན་གྱི་རྩ་བ། ཤངས་ཆོས་གདམས་པའི་འགོ་ཁུངས་སུ་གྱུར་བའི་རྩོད་མེད་ཀྱི་བཤེས་གཉེན་མང་དག་ཅིག་བསྟེན་ནས་མདོ་སྔགས་གཞུང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་མཛད་པ་དང་། གདམས་པ་མཐའ་ཡས་པ་ཞིག་གསན་བཞེས་གནང་ཡོད། དེ་ཡང་གསོལ་འདེབས་མོས་གུས་ཀྱི་སྒྲ་དབྱངས་ལས་རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། །ཁྱད་པར་མཁས་ཤིང་གྲུབ་ཐོབ་ལྔ་བཅུ་དང༌། རྩ་བའི་བླ་མ་ཁྱད་འཕགས་རྣམ་པ་བཞི། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཉིས། །མཉེས་པར་མཛད་ནས་མཐར་ཐུག་གདམས་ངག་ཞུས། །སྒྲོ་འདོགས་ཆོད་ནས་རྩེ་གཅིག་སྒྲུབ་པ་ཡིས། །མཆོག་ཐུན་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས་ཞེས་འཁོད་པ་བཞིན། མཁས་གྲུབ་ཁྱུང་པོས་སྔ་རྗེས་སུ་རྒྱ་གར་ཤར་ནུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་བསྟེན་གནང་ཡོད། ཁོང་གིས་འཕགས་བལ་དུ་བསྟེན་མྱོང་བའི་བླ་མའི་ཁ་གྲངས་ནི་ཁོང་རང་ཉིད་ཀྱི་དགུང་གྲངས་དང་མཚུངས་པས། སྐུ་ཚེ་གང་པོར་ཆ་སྙོམས་ལོ་རེར་འཕགས་བལ་གྱི་བླ་མ་རེ་བསྟེན་གནང་བ་ཡིན། དེ་དག་ལས་ཤིན་ཏུ་མཁས་པའི་གྲུབ་ཐོབ་ལྔ་བཅུ་དང་། ཁྱད་དུ་འཕགས་པའི་བླ་མ་རྣམ་པ་བཞིའམ་རྩ་བའི་བླ་མ་རྣམ་པ་བཞི། རྒྱལ་བ་རྡོ་རྗེ་འཆང་ལས་དངོས་སུ་ཆོས་གསན་པའི་འགྲན་གྱི་དོ་ཟླ་དང་བྲལ་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམ་གཉིས་ལ་སོགས་པ་དེ་དག་གིས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྤྲོ་བ་དང་བརྩེ་བས་རྗེས་སུ་བཟུང་ཞིང་། ཁོང་གི་ཐུགས་རྒྱུད་ཀྱི་ཞིང་ས་རུ་དབང་དང་གདམས་ངག་མཐའ་ཡས་པའི་ཆུ་ལུད་ཕངས་མེད་དུ་བསྩལ་ནས་འབྲས་བུའི་བཅུད་བཟང་རབ་ཏུ་སྨིན་པར་མཛད་ལ། སྐུ་ཚེ་གཅིག་ལ་ཟུང་འཇུག་གི་རྒྱལ་སར་གཤེགས་པ་དང་། མཛད་ཆེན་རྣམས་བདེ་བླག་ཏུ་སྐྱོང་བར་མེད་ཐབས་མེད་པའི་ཆ་རྐྱེན་བསྐྲུན་སྟབས། རྒྱལ་བ་མཻ་ཏྲི་པས་བླ་མ་རྗེ་བཙུན་བརྟེན་ན་བདེ། །གདམས་ངག་བདུད་རྩི་འཐུངས་ན་བདེ་ཞེས་པ་ལྟར་མཐར་ཐུག་བདེ་བ་ཆེན་པོའི་དབྱིངས་སུ་བཀོད། དེར་བརྟེན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཞིབ་འཇུག་བྱེད་པར་ཐོག་མར་བླ་མ་འདི་དག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་རྣམ་དག་ལ་རྒྱུས་མངའ་རགས་ཙམ་བྱ་རྒྱུ་ནི་དགོས་གལ་ཆེ་བ་ཨ་ཅང་བརྗོད་མེད་ཡིན་ཀྱང་དེ་དག་ཚང་མའི་མཛད་རྣམ་སོགས་ཆ་ཚང་བར་བརྗོད་དཀའ་བས། རྩ་བའི་བླ་མ་རྣམ་བཞི་དང་ཡེ་ཤེས་ཀྱི་མཁའ་འགྲོ་རྣམ་གཉིས། བོད་ཡུལ་དུ་བསྟེན་པའི་བླ་མ་འགའ་ཞིག་གི་སྐོར་བཅས་ཅུང་ཙམ་ཞིག་ཞུ་རྒྱུ་སྟེ།

I.3.1 - Two dakinis
དང་པོ། ཁྱད་འཕགས་ཀྱི་མཁའ་འགྲོ་མ་རྣམ་གཉིས།
ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མ་དང་སུ་ཁ་སིདྡྷི་ནི་མཁས་གྲུབ་ཁྱུང་པོའི་འཕགས་ཡུལ་གྱི་བླ་མ་བརྒྱ་དང་ལྔ་བཅུའི་ཁྲོད་བཀའ་དྲིན་ནམ་མཁའི་མཐའ་དང་མཉམ་པའི་ཁྱད་འཕགས་ཀྱི་མཁའ་འགྲོ་མ་གཉིས་ཡིན་ཞིང་། དེ་ལས་ནི་གུ་མ་ནི་ཤངས་པ་རིན་ཆེན་བདུན་བརྒྱུད་ཀྱི་གཉིས་པ་དང་། རྒྱལ་བ་རྡོ་རྗེ་འཆང་དང་མཁས་གྲུབ་ཁྱུང་པོ་གཉིས་དབར་རྟོགས་པ་བྱིན་རླབས་ཀྱི་བརྒྱུད་པ་དང་བཀའ་བབས་ཉམས་ཀྱི་བརྒྱུད་པ་དམ་པོར་འབྲེལ་བའི་གསེར་ཟམ་གལ་ཆེན་ཞིག་ཡིན་ལ། སུ་ཁ་སིདྡྷི་ནི་མཁས་གྲུབ་ཁྱུང་པོར་གསང་སྔགས་ཀྱི་གདམས་པ་མཐའ་ཡས་པ་བསྩལ་བ་དང་། ཁོང་གི་བརྒྱུད་པ་དང་བཅས་པ་ཀུན་བྱིན་གྱིས་བརླབས་པར་སྔ་བར་ཕྱི་གསུམ་དུ་སྐུ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན།
I.3.1.1 Niguma
གཅིག །ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མ།
པཎ་ཆེན་ནཱ་རོ་པའི་ལྕམ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ནི་མཁས་གྲུབ་ཁྱུང་པོའི་འཕགས་ཡུལ་གྱི་བླ་མ་ཐམས་ཅད་གཅིག་ཏུ་བསྡུས་པ་ལྟར་ཡིན་ལ། ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་ལྔའི་གདམས་པ་མཐའ་དག་གི་བདག་པོ་ཡང་ཡིན།
༡ ནི་གུ་མའི་མཛད་རྣམ་མདོར་བསྡུས།
དེ་ཡང་གསོལ་འདེབས་ཡེ་ཤེས་སྒྲ་དབྱངས་ལས་རྡོ་རྗེ་བཙུན་མོ་རྒྱལ་བ་ཀུན་གྱི་ཡུམ། །སྨུག་ནག་རུས་པའི་རྒྱན་ཅན་མཁའ་ལ་སྤྱོད། །སྐལ་ལྡན་རྣམས་ལ་མཆོག་གི་དངོས་གྲུབ་སྟེར། རྗེ་བཙུན་ནི་གུ་མ་ལ་གསོལ་བ་འདེབས་ཞེས་གསུངས་པ་བཞིན་མཁའ་འགྲོ་མ་དེའི་སྐུ་མདོག་སྨུག་ནག་ཡིན་ལ། རུས་པས་བརྒྱན་པ། ཕྱག་ན་ཁ་ཊཾ་དང་ཐོད་པ་བསྣམས་པ་ཞིག་ཡོད་པ་དེ་ཉིད་ནི། ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་ཡབ་བྲམ་ཟེ་ཞི་བའི་གོ་ཆ་དང་། ཡུམ་དཔལ་གྱི་བློ་གྲོས་མའམ་མཚན་དངོས་ལ་དཔལ་གྱི་ཡེ་ཤེས་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས། མཁའ་འགྲོ་མ་འདི་ཉིད་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་མངོན་དུ་གྱུར་ཏེ། སྐུ་ཚེ་འདི་ལ་གྲུབ་ཐོབ་ལྭ་བ་པ་ལ་སོགས་པའི་གདམས་ངག་གི་གསུང་འཕྲོས་ལ་བརྟེན་ནས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་རྟགས་མངོན་དུ་གྱུར་ཞིང་ཟུང་འཇུག་གི་གོ་འཕང་བརྙེས་ཏེ་འཇའ་ཚོན་ལྟ་བུའི་སྐུ་ལུས་སུ་གྱུར། རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཆོས་གསན་པར་ནུས། བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་ནས་སྤྲུལ་པ་ཕྱོགས་མཐར་ཁྱབ་སྟེ་འགྲོ་བའི་དོན་མཛད། མཁས་གྲུབ་ཁྱུང་པོ་རྒྱ་གར་དུ་ཐེངས་གཉིས་པར་ཕེབས་པའི་དུས་སོ་ས་གླིང་གི་སེང་ལྡེང་ནགས་གསེབ་ཏུ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དངོས་སུ་རྗེས་སུ་བཟུང་ཞིང་། ཆོས་དྲུག་གི་ཁྲིད་ཚར་བཞི་དང་། རྡོ་རྗེའི་ཚིག་རྐང་། སྒྱུ་མ་ལམ་རིམ། རྒྱུད་སྡེ་ལྔའི་དབང་དང་སྒྲུབ་ཐབས། དགྱེས་རྡོར་སྤྲུལ་པའི་ལྷ་དགུ། མཚོན་ཆ་ཅན་ལྷ་བཅུ་གསུམ། བརྟག་གཉིས་དང་མགུར། སམ་བུ་ཊི་སྒྲུབ་ཐབས་དང་བཅས་པ། མཚོན་ཆ་ཅན་གྱི་བསྐྱེད་རིམ་རྒྱས་བསྡུས་གསུམ། དེ་ཁོ་ན་ཉིད་ཀྱི་གདམས་ངག །མཁའ་སྤྱོད་དཀར་དམར། རྒྱུད་སྡེ་བཞིའི་སྒྲིབ་སེལ། བདེ་མཆོག་རིམ་ལྔའི་རྫོགས་རིམ། ཐིག་ལེའི་རྫོགས་རིམ། རྒྱུད་རྡོ་རྗེ་མཁའ་འགྲོའི་ལས་ཚོགས་ཐམས་ཅད་གཏན་ལ་ཕབ་ནས་གསུངས་པ་སོགས་དབང་དང་གདམས་ངག་དཔག་ཏུ་མེད་པ་བསྩལ་བས་མཁས་གྲུབ་ཁྱུང་པོ་དང་དེའི་བརྒྱུད་འཛིན་པ་རྣམས་ལ་བཀའ་དྲིན་ཆེ་ཤོས་ཀྱིས་བླ་མ་ཞིག་ཡིན་པས་མཐར་ཁོང་རང་ཉིད་ནི་གུ་མ་རླབས་ཆེན་གྱི་དགེ་བའི་བཤེས་གཉེན་ཞིག་ཏུ་གྱུར་པ་དང་། ཁོང་གི་གདམས་པའི་བརྒྱུད་པ་བོད་དུ་སྤྱན་དྲངས་ནས་ད་ལྟའི་བར་མུ་མཐུད་གནས་ཡོད་ཅེས་གསུངས་པ་ལྟར། ནི་གུ་མ་འདི་ཉིད་མཐར་དགེ་བའི་བཤེས་གཉེན་ཞིག་ཏུ་གྱུར་པ་དང་། ཁོང་གི་གདམས་པའི་གཙོ་བོ་གསེར་ཆོས་རྣམ་ལྔ་སོགས་མཁས་གྲུབ་ཁྱུང་པོས་བོད་དུ་སྤྱན་དྲངས་ནས་ད་ལྟའི་བར་མ་ཉམས་པར་གནས་མུས་ཡིན། དེརབརྟེན་ཤངས་པའི་བརྒྱུད་འཛིན་པ་རྣམས་ལ་དེབ་སྔོན་དུ་ནི་གུའི་བརྒྱུད་པ་ཞེས་ཀྱང་འབོད་པ་སོགས་ནི་དོན་ལ་གནས་པ་ཞིག་ཡིན། སྤྱིར་མཁས་གྲུབ་ཁྱུང་པོ་རྒྱ་གར་དུ་ཕེབས་སྐབས་ནི་གུ་མ་ཞེས་མཚན་ཐོགས་པའི་མི་འགའ་ཤས་ཤིག་ཐོན་ཡོད་པ་ཡང་། འཆི་མེད་རྡོ་རྗེའི་སེམས་ལྟར་ན། མཁས་གྲུབ་ཁྱུང་པོས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་རྩད་གཅོད་སྐབས་ནི་གུ་མ་ཞེས་བུད་མེད་ཀྱི་མིང་ཐོགས་པའི་བུ་ཞིག་ཀྱང་ཡོད་པ་དང་། དེ་མིན་ཡེ་ཤེས་ཀྱི་མཁའ་འགྲོ་འདི་ཉིད་མ་རྙེད་གོང་ནི་གུ་མ་ཞེས་གསང་སྔགས་ཆོས་ཀྱི་ནུས་པ་འགའ་ཞིག་ལྡན་པའི་བུད་མེད་གཅིག་ཡང་དེ་དང་འདྲ་བའི་རུས་རྒྱུད་གཞན་གྱི་ནི་གུ་མ་ཞིག་རྡོ་རྗེ་གདན་གྱི་དཔོན་ཞིག་གི་ལྕམ་ནི་གུ་མ་ཞེས་པ། ཇ་འཚོང་མཁན་གྱི་རྒད་མོ་ནི་གུ་མ་ཞེས་པ་སོགས་ཁྱོན་ནི་གུ་མ་དངོས་ཕུད་པའི་མཚན་མཚུངས་པ་ཁག་ལྔ་ཙམ་ཐོན་འདུག །ཁོང་གི་འདོད་ཚུལ་ལྟར་ན་ནི་གུ་མ་རིགས་རུས་ཤིག་གི་སྤྱི་མིང་ཡིན་པར་གསུངས་པས། མིང་དེ་ཐོགས་པ་གཞན་འགའ་ཡང་ཡོད་ཤས་ཆེ།
༢ དུར་ཁྲོད་ཆེན་པོ་སོ་ས་གླིང་།
དེ་ཡང་ཌཱ་ཀིའི་ཞིང་མཆོག་སོ་ས་གླིང༌། །སེང་ལྡེང་འཁྲིགས་པའི་ནགས་ཁྲོད་དུ། རིག་འཛིན་ཡོངས་ཀྱི་སྲིང་གཅིག་ལ། །མཁའ་འགྲོ་ནི་གུ་ཞེས་སུ་གྲགས་ཞེས་འཁོད་པའི་མཁའ་འགྲོ་དུ་མའི་ཞིང་མཆོག་དུར་ཁྲོད་ཆེན་པོ་སོ་ས་གླིང་ནི། སྐུ་ཞབས་ཞོལ་མུ་ཡིས་གནའ་བོའི་རྒྱ་གར་གྱི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཁོངས་སུ་བཞེད་པས། དུར་ཁྲོད་ཆེན་པོ་བརྒྱད་ལ་དབྱེ་སྟངས་མི་འདྲ་བ་ཁག་གསུམ་ཡོད་པ་ལས་ཡོངས་སུ་གྲགས་པ་ནི། ཤར་དུ་གཏུམ་དྲག་དང་། བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་རྡོ་རྗེ་འབར་བ། ལྷོར་ཀེང་རུས་ཅན། དབང་ལྡན་དུ་དྲག་ཏུ་རྒོད་པ། མེར་བཀྲ་ཤིས་ཚལ། བདེན་བྲལ་དུ་མུན་པ་དྲག་པོ། རླུང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོག་པ་བཅས་ཀྱི་གྲས་སུ་སོ་ས་གླིང་གི་མིང་ཚིག་ཟིན་དུ་དངོས་སུ་གསལ་མེད་ཀྱང་། མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་སོ་ས་གླིང་གི་ནགས་གསེབ་ཅེས་དང་། ནི་གུའི་བརྒྱུད་འདེབས་སུ་གནས་སེང་ལྡེང་འཁྲིགས་པའི་ནགས་ཁྲོད་དུ། ཡེ་ཤེས་མཁའ་འགྲོ་ནི་གུ་ལ་གསོལ་བ་འདེབས་ཞེས་འཁོད་པས་ལྗོན་ཤིང་སྟུག་པོ་ཡོད་ས་ཞིག་ཡིན་ངེས་པས་བྱང་ཚང་ཚིང་འཁྲིགས་པ་ཞེས་པ་དེ་མིན་ནམ་སྙམ། བདུད་འཇོམས་ཆོས་འབྱུང་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་རྡོ་རྗེ་གདན་གྱི་ནུབ་ཕྱོགས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་གཤེགས་ཞེས་དུར་ཁྲོད་ཆེན་པོ་འདི་ཉིད་རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ་གནས་ཡོད་པར་གསུངས་པ་དང་། པདྨ་བཀའ་ཐང་དུ་ཡངས་པ་ཅན་བྱོན་སོ་ས་གླིང་དུ་བཞུགས་ཞེས་འཁོད་པ་ལྟར་ཡངས་པ་ཅན་གྲོང་ཁྱེར་ཏེ་རྒྱ་གར་བ་རྣམས་ཀྱིས་བེ་ཤཱ་ལ་གྲི་ཧཱའམ་བེ་སར་གྷར་ཞེས་འབོད་པ་དེའི་ཁོངས་སུ་ཡིན་པར་བཞེད། དེ་ལྟར་སོ་ས་གླིང་འདི་ཉིད་གནའ་བོའི་རྒྱ་གར་གྱི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཁོངས་སུ་གཏོགས་པ་དང་། རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ་ཡོད་པར་གཞིགས་ན། དུར་ཁྲོད་ཆེན་པོ་བརྒྱད་དབྱེ་བ་ཁག་གསུམ་དུ་ཕྱེ་བའི་ནུབ་ཀྱི་དུར་ཁྲོད་གསུམ་སྟེ། ཡོངས་གྲགས་ཀྱི་རྡོ་རྗེ་འབར་བ་དང༌། ལང་ཀ་བརྩེགས་པ་(གཅིག་ལ་ཁ་ཕྱོགས་མི་གསལ་)རྣམས་ལས་གང་རུང་ཞིག་གམ། ཡང་ན་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཁོངས་སུ་གཏོགས་པར་གསུངས་པ་དེའང་བདེན་མིན་དཔྱད་པར་འཚལ། སོ་ས་གླིང་གི་དུར་ཁྲོད་འདིར་རྒྱལ་བ་རྡོ་རྗེ་འཆང་གིས་ནི་གུ་མར་གསེར་ཆོས་ལྔ་པོ་དེ་དག་གནང་བ་ཡིན་ལ། མཁས་གྲུབ་ཁྱུང་པོས་ཀྱང་སོ་ས་གླིང་གི་སེང་ལྡེང་ནགས་གསེབ་ཏུ་མཁའ་འགྲོ་ནི་གུ་མ་མཇལ་ནས་ནི་གུ་ཆོས་དྲུག་གི་གདམས་པ་གནང་བ་ཡིན་པས་གནས་མཆོག་འདི་ནི་ཤིན་ཏུ་གལ་ཆེ་བའོ།
༣ །ནི་གུ་མ་དང་མར་པ་ལོ་ཙཱ་བའི་སྐོར།
མར་པ་བཀའ་བརྒྱུད་ཀྱི་སྤྱི་མེས་མར་པ་ལོ་ཙཱ་བ་ནི་མཁས་གྲུབ་ཁྱུང་པོ་དང་དུས་མཉམ་པའི་གསང་བ་སྔགས་ཀྱི་མཛོད་འཛིན་པའི་སྐྱེས་ཆེན་ཞིག་ཡིན། ཁོང་རྒྱ་བལ་དུ་ཐེངས་གསུམ་ཕེབས་ནས་དམ་ཆོས་ཀྱི་གདམས་པ་མཐའ་ཡས་པ་བཙལ། ཕེབས་ཐེངས་གསུམ་གར་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་དང་མཇལ་བའི་སྐོར་འཁོད་པ་ནི། ཕེབས་ཐེངས་དང་པོར་རྗེ་ནཱ་རོ་པའི་བཀའ་བཞིན་དུར་ཁྲོད་སོ་ས་གླིང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་དང་མཇལ་ནས་གདན་བཞིའི་དབང་དང་གདམས་ངག་རྣམས་རྫོགས་པར་གསན་པ་ཡང་། རྣམ་ཐར་མཐོང་བ་དོན་ཡོད་ལས་ནཱ་རོ་པའི་ཞལ་ནས་ལྷོ་དུག་མཚོའི་དུར་ཁྲོད་སོ་ས་གླིང་ན། ཡེ་ཤེས་ཀྱི་མཁའ་འགྲོ་མ་འབྲེལ་ཚད་དོན་ལྡན་རུས་པའི་རྒྱན་དང་ལྡན་པ་ཞིག་བཞུགས་པ་དེའི་དྲུང་དུ་སོང་ལ་གདན་བཞི་ཞུས་ཤོག་ཅེས་དང་། སོ་ས་གླིང་གི་དུར་ཁྲོད་དུ་ཕྱིན་པས་རྣལ་འབྱོར་མ་བཙལ་བས། རྩྭའི་སྤྱིལ་བུ་གཅིག་གི་ནང་བཞུགས་པ་དང་མཇལ་ཏེ། གསེར་གྱི་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། གདན་བཞིའི་དབང་གདམས་ངག་རྣམས་དགྱེས་བཞིན་རྫོགས་པར་གནང་ཞེས་འཁོད་པ་ལྟར་མ་རྒྱུད་ཀྱི་གདམས་པ་རྡོ་རྗེ་གདན་བཞི་སྟེ་བདག་གཞན་སྦྱོར་གསང་བཞི་གསན། ཕེབས་ཐེངས་གཉིས་པར་དུག་མཚོའི་དོ་རུ་ཀུ་ཀུ་རི་པ་དང་རྣལ་འབྱོར་མ་རུས་པའི་རྒྱན་ཅན་གཉིས་མཇལ། ཕེབས་ཐེངས་གསུམ་པར་མར་པ་ལོ་ཙཱ་བས་ནཱ་རོ་པཎ་ཆེན་འཚོལ་དུ་ཕེབས་སྐབས་ཞི་བ་བཟང་པོས་དུར་ཁྲོད་ཆེན་པོ་སོ་ས་གླིང་བྱ་བ་ན་རྣལ་འབྱོར་མ་རུས་པའི་རྒྱན་ཅན་བྱ་བ་བཞུགས། དེར་སོང་ལ་ཚོགས་ཀྱི་འཁོར་ལོ་ཐོང་ལ་གསོལ་བ་ཐོབ་ཅིག་གསུངས་ཞེས་པ་དེ་བཞིན་དུ་གསོལ་བ་བཏབ་པས་ནཱ་རོ་པ་མཇལ་བར་ལུང་བསྟན། རྗེ་མར་པའི་རྣམ་ཐར་ཁག་ཏུ་ཐོན་པའི་རྣལ་འབྱོར་མ་རུས་པའི་རྒྱན་ཅན་ནི་མཁའ་འགྲོ་ནི་གུ་མ་ཡིན་པ་འཇམ་མགོན་ཀོང་སྤྲུལ་སོགས་ཀྱིས་འདོད་པས། མཁའ་འགྲོ་ནི་གུ་མས་རྗེ་མར་པ་ལ་ཡང་མ་རྒྱུད་གདན་བཞིའི་དབང་དང་གདམས་པ་གནང་། ཁོང་ནི་རྗེ་མར་པའི་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་བཅུ་གསུམ་གྱི་ནང་ཚན་སིང་གྷ་གླིང་པ་སྐུ་མཆེད་བདུན་གྱི་ཁོངས་སུ་གཏོགས་པ་ཡིན།
དེ་ལྟར་མཁས་གྲུབ་ཁྱུང་པོས་ཐོག་མར་ནི་གུ་མ་མཇལ་སྐབས་འཇའ་ལུས་བསྒྲུབས་ཟིན་ཞེས་ཡིག་ཆ་འགའ་ཞིག་ཏུ་གསལ་ཡང༌། གོང་དུ་སྨོས་པ་ལྟར་རྩོམ་པ་པོ་ཞོལ་མུ་ཡིས་མཁའ་འགྲོ་མ་འདིའི་འཁྲུངས་ལོ་གསལ་བར་བཀོད་པ་ཡོངས་སུ་ངེས་དཀའ་ཡང་སྤྱིར་དུས་རབས་བཅུ་པའི་ནང་བྱོན་པ་ཞིག་ཡིན་པ་རྟོགས་ཐུབ། འོན་ཀྱང་ལོ་ཆེན་བི་རོ་བོད་དུ་ཆས་པ་ལ། རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་རྨི་བལྟས་མཚན་བལྟས་ལོག །དེ་རྣམས་ནཱ་ལེནྡྲའི་སྒོར་ཚོགས་ནས་རྒྱུ་མཚན་སྒྲོས་པས། རྡོ་རྗེ་གདན་དུ་རྒྱས་བཏབ་པའི་མན་ངག་དེ་བོད་ཀྱི་བན་དྷིས་འཁྱེར་བ་ཡིན་ཟེར། འདི་སུས་བཤད་སུས་བསྐུར་ཞེས་དེ། ནི་གུ་ལ་སོགས་ཀྱིས་བརྟགས་པས་ཀྱང་མ་ཟིན་ཞེས་འཁོད་པ་ལྟར་ན། འདིར་ནི་གུ་ཞེས་པ་དེ་བོད་ཀྱི་ལོ་ཆེན་བཻ་རོ་ཙ་ན་རྒྱ་གར་ལ་བྱོན་པའི་སྐབས་ཏེ་དུས་རབས་བརྒྱད་པའི་ནང་རྒྱ་གར་དུ་བྱོན་པའི་རྨི་ལམ་བརྟགས་མཁན་གྱི་བྲམ་ཟེ་ཅུང་སྙན་གྲགས་ཆེ་བ་ཞིག་ཡིན་པ་དང་། ཡང་དེ་དང་འདྲ་བར་པདྨ་བཀའ་ཐང་དུ་བྲམ་ཟེ་མཚན་མཁན་བོས་ནས་ནི་གུ་བསྟན་ཞེས་དང་། བཙུན་མོ་ནི་གུ་གཉིས་ལ་ཕྱག་འཚལ་ཞེས་འཁོད་པ་རྣམས་ཀྱང་། དུས་སྔ་ཕྱི་འགལ་བས་མཁའ་འགྲོ་ནི་གུ་མ་འདི་ཉིད་མ་ཡིན།
གཞན་ཡང་མཁའ་འགྲོ་མ་འདིའི་མཚན་ལ་ཤངས་པ་བཀའ་བརྒྱུད་ཀྱི་གལ་ཆེའི་ཡིག་ཆ་ཕལ་མོ་ཆེར་ནི་གུ་མ་ཞེས་འཁོད་ཀྱང་། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ཡིག་ཆ་སོགས་སུ་ནཻ་གུ་མ་ཞེས་དང་། ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་ཕྲེང་བར་ནེ་གུ་ཞི་གཅོད་དབུ་ཕྱག་བློ་སྦྱོང་སོགས་ཞེས་པའི་ནང་ནེ་གུ་དེ་དང་མཚུངས་པར་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ་གྱི་ཆོས་དྲུག་ཁྲིད་ཡིག་འགར་ཡེ་ཤེས་ཀྱི་མཁའ་འགྲོ་ནེ་གུ་མ་ཞེས་འཁོད་པ་སོགས་མི་འདྲ་བ་འགའ་ཞིག་སྣང་ཡང་། ལེགས་སྦྱར་སྐད་དུ་ནི་ལ་ངེས་པར་ཞེས་པའི་དོན་དང་། དག་ཡིག་གསར་བསྒྲིགས་སུ་ནི་གུ་ཞེས་པར་སྲིང་མོའམ་གཞོན་ནུ་མའི་མིང་གཞན་ཞེས་སུ་འགྲེལ་འདུག་པས་དབྱངས་ཨི་ལྡན་འདི་ཉིད་རྒྱུ་མཚན་ལྡན་པར་སེམས། དེས་ན་སླན་ཆད་མཚན་མི་འདྲ་བའི་དགོས་མེད་ཀྱི་རྩོད་རྙོག་མི་ཡོང་བའི་སླད་དུ་འདིར་ཡོངས་གྲགས་ལྟར་བཀོད་པ་གལ་ཆེའོ།
༤ །ནི་གུ་མ་དང་ནཱ་རོ་པའི་དབར་གྱི་འབྲེལ་བ།
མཁའ་འགྲོ་ནི་གུ་མ་དང་། པཎ་ཆེན་ནཱ་རོ་ཏ་པ་ཡེ་ཤེས་དངོས་གྲུབ་དབར་གྱི་འབྲེལ་བ་དེ་གང་འདྲ་ཞིག་ཡིན་མིན་སྐོར་ཅུང་ཙམ་ཞིག་བརྗོད་པ་ལ། མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ༌ནཱ་རོ་པཎྜི་ཏའི་ལྕམ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ཞེས་གསལ་བས་མཚོན་པའི་ཤངས་པའི་འབྲེལ་ཡོད་ཁུངས་བཙན་གྱི་དཔྱད་གཞི་དང་། དེ་མིན་དེབ་སྔོན་སོགས་སུ་ནི་གུ་མར་ནཱ་རོ་པཎྜི་ཏའི་ལྕམ་མོ་ཞེས་ཡོངས་གྲགས་པ་ཡིན་མོད། འོན་ཀྱང་འདིར་ལྕམ་མོ་ཞེས་པ་དེ་ཡང་སྙིང་གང་ལ་གོའམ་ཞེ་ན། སྤྱིར་ལྕམ་མོ་ཞེས་པའི་ཚིག་འདི་ནི་སྲིང་མོ་དང་ཆུང་མའི་ཞེ་ས་ཞེས་ཁག་གཉིས་ལ་གོ་བ་ལས། ཆོས་རྗེ་རྨོག་ལྕོག་པའི་ནི་གུའི་རྣམ་ཐར་གྱི་ཁུངས་བཞིན་ཤངས་པའི་བརྒྱུད་འཛིན་ཕལ་ཆེ་བས་རྗེ་ནཱ་རོ་པའི་སྲིང་མོར་བཞེད་པ་དང༌། རྗེ་མར་པའི་མཛད་རྣམ་སོགས་ཀྱི་ཁུངས་ལྟར་དྭགས་པོའི་བརྒྱུད་འཛིན་པ་མང་ཆེ་བས་རྗེ་ནཱ་རོ་པའི་སློབ་མ་དང་གསང་ཡུམ་དུ་འདོད་པ་ཡིན། འོ་ན་དེ་གཉིས་ལས་གང་འཐད་ཅེ་ན། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་རྣམ་ཐར་དུ་ནི་གུ་མ་སྐུ་འཁྲུངས་པའི་ཡུལ་ནི། གྲོང་ཁྱེར་ཆེན་པོ་དཔེ་མེད་ཅེས་བྱ་བ། ཁ་ཆེའི་ཡུལ་ན་ཡོད་པ་ཡིན། ཡུལ་དེ་ཡང་སྒྱུ་མ་མཁན་གྱི་སྤྲུལ་བའི་གྲོང་ཁྱེར་ཡིན་ཞེས་དང་། གསོལ་འདེབས་ཡེ་ཤེས་སྒྲ་དབྱངས་སུ་ཉི་མ་གུང་པའི་བྱིན་རླབས་ལས་སྤྲུལ་པའི། །ངོ་མཚར་ས་གཞི་ཀསྨིར་ཡི་ལྗོངས། །ཛམ་བུའི་གླིང་ན་དཔེ་མེད་རབ་གྲགས་པའི། །གྲོང་ཁྱེར་མཆོག་ཏུ་འཁྲུངས་ལ་གསོལ་བ་འདེབས་ཞེས་འཁོད་པ་སོགས་ལ་གཞིགས་ན། ནི་གུ་མའི་འཁྲུངས་ཡུལ་ཀསྨིར་གྱི་གྲོང་ཁྱེར་དཔེ་མེད་ཅེས་པ་དེ་ཡིན་པ་གསལ་པོར་མངོན། ཡང་རྗེ་ནཱ་རོ་པའི་འཁྲུངས་ཡུལ་ནི། བཀའ་བཞི་ལོ་རྒྱུས་དང་བཅས་པ་བསྲེ་འཕོ་ལག་ལེན་དུ་དྲིལ་བ་ལས་ཇོ་བོ་ནཱ་རོ་པ་འདི་མི་ཆོས་ཀྱི་ཡུལ་ཁ་ཆེ་ཡིན་སྐད་ཅེས་དང་། འབྲུག་པའི་ཆོས་འབྱུང་དུ་དེར་སྒྱུ་མ་མཁན་སྒྱུ་མ་སྐྱེད་བཅུག་པ་ཕུན་སུམ་ཚོགས་ཏེ་མི་འཇིགས་པར་བྱིན་གྱིས་བརླབས་པས། གྲོང་ཁྱེར་དཔེ་མེད་ཅེས་བྱ་བར་ཞེས་འཁོད་པ་ལྟར་དུ་པཎ་ཆེན་ནཱ་རོ་པ་ཡང་ཁ་ཆེ་ཀསྨིར་གྱི་གྲོང་ཁྱེར་དཔེ་མེད་ཅེས་པར་འཁྲུངས་པ་གསལ་བར་འཁོད་པས། མཁའ་འགྲོ་ནི་གུ་མ་དང་རྗེ་ནཱ་རོ་པ་གཉིས་ཀྱི་འཁྲུངས་ཡུལ་གཅིག་མཚུངས་ཡིན།
ཡང་གསོལ་འདེབས་ཡེ་ཤེས་སྒྲ་དབྱངས་ལས་རྣམ་དག་བྲམ་ཟེ་ཞི་བའི་གོ་ཆ་ཡི། །རིགས་ཀྱི་ཐིག་ལེར་ནཱ་རོ་ཏ་པ་དང་། །ཡེ་ཤེས་མཁའ་འགྲོ་དྲལ་དང་ལྕམ་མོའི་ཚུལ། །ཉི་ཟླ་ཟུང་འབྲེལ་སྨིན་ལ་གསོལ་བ་འདེབས་ཞེས་དང་། ནི་གུའི་རྒྱབ་ཆོས་གླུའི་ཕྲེང་བ་ལས་རྗེ་བཀའ་བརྒྱུད་ཀྱི་དགུང་གནམ་མཐོན་པོ་ལ། །ཕ་གྲུབ་ཐོབ་ཀྱི་བླ་མ་རྒྱུ་སྐར་ཙམ། །དབྱིངས་འགག་མེད་ཀྱི་ཉི་ཟླ་འོད་པོ་ཆེ། དེ་ནཱ་རོ་དང་ནི་གུ་དང་མ་ལགས་སམ། །ཁོང་ལྕམ་སྲིང་གི་སྒྲུབ་བརྒྱུད་ཆུ་བོའི་རྒྱུན་ཞེས་གསལ་བ་བཞིན་མཁའ་འགྲོ་ནི་གུ་མ་འདི་ཉིད་ཡབ་བྲམ་ཟེ་ཞི་བའི་གོ་ཆ་ཡི་རིགས་སུ་ནཱ་རོ་ཏ་པ་དང་ལྕམ་སྲིང་ཉི་ཟླ་ཟུང་འབྲེལ་གྱི་ཚུལ་དུ་འཁྲུངས་པར་འདོད། དེ་དག་གི་རྗེས་སུ་འབྲངས་ནས་རྩོམ་པ་པོ་ཞོལ་མུ་ཡིས་ནི་གུ་མའི་ཡབ་ནི་ས་ཆ་དེ་གའི་དཔོན་པོ་མཚན་ལ་ཞི་བའི་གོ་ཆ་ཞེས་པ་ཞིག་དང་། ཡུམ་ལ་དཔལ་གྱི་བློ་གྲོས་ཟེར་ཞེས་འཁོད་པའི་ནང་མཁའ་འགྲོ་ནི་གུ་མའི་ཡབ་ཀྱི་མཚན་རྗེ་ནཱ་རོ་པའི་ཡབ་ཞི་བའི་གོ་ཆ་དང་མཚུངས་པར་བཤད། འོན་ཀྱང་འབྲུག་པའི་ཆོས་འབྱུང་དུ་རྗེ་ནཱ་རོ་པ་ནི་བྲམ་ཟེའི་རིགས་ལ་དཀར་ནག་བརྒྱད་ཡོད་པའི་བཟང་ཤོས་བྲམ་ཟེ་རྒྱལ་པོ་བྱེད་པའི་མིང་ནཱ་རོ་ཏ་པ་ཞེས་བྱ་བའི་རྒྱུད། ཡབ་རྒྱལ་པོ་དགེ་བའི་གོ་ཆ། ཡུམ་དཔལ་གྱི་བློ་གྲོས་ཀྱི་སྲས་སུ་འཁྲུངས་ཞེས་འཁོད་པ་ལྟར་ཁོང་གཉིས་ཀ་ས་ཆ་གཅིག་ཏུ་རིགས་བྲམ་ཟེར་འཁྲུངས་པ་མཚུངས་ཀྱང་། ནི་གུ་མའི་ཡབ་ལ་བྲམ་ཟེ་ཞི་བའི་གོ་ཆ་དང་། ནཱ་རོ་པའི་ཡབ་ལ་དགེ་བའི་གོ་ཆ་ཞེས་མཚན་ཅུང་ཟད་མི་མཐུན་པ་ཡིན།
རྗེ་མར་པའི་རྣམ་ཐར་མཐོང་བ་དོན་ཡོད་དུ་དེ་ནས་ནཱ་རོ་པའི་སློབ་མ་རྣལ་འབྱོར་མ་རུས་པའི་རྒྱན་ཅན་དུར་ཁྲོད་ན་བཞུགས་པའི་སར་སོང་ལ་གསོལ་བ་ཐོབ་གསུངས་ནས་ཕྱིན་ཞེས་དང་། ཁོང་འཇིག་རྟེན་པའི་འཚོ་བ་སྤངས་ནས་ཆོས་དབྱིངས་སུ་མ་གཤེགས་གོང་ནཱ་རོ་པའི་ལྕམ་འདིར་གསང་ཡུམ་ཡིན་པ་དང་། དེ་རྗེས་རྗེ་ནཱ་རོ་པའི་སློབ་མ་དང་བཙུན་མོར་གྱུར་པ་ཡིན་ཞེས་རུས་པའི་རྒྱན་ཅན་ཉིད་ནཱ་རོ་པའི་སློབ་མ་དང་བཙུན་མོ་ཡིན་པའི་སྐོར་གསལ་བར་འཁོད། གཞན་ཡང་འཆི་མེད་གྲུབ་པའི་མྱུར་ལམ་དུ་དངོས་གྲུབ་མཆོག་བསྩོལ་ནི་གུ་མ། །རུས་པའི་རྒྱན་ཅན་ཁྱེད་རང་མཁྱེན་ཞེས་དང་། གསོལ་འདེབས་ཡེ་ཤེས་སྒྲ་དབྱངས་ལས་རྡོ་རྗེ་བཙུན་མོ་རྒྱལ་བ་ཀུན་གྱི་ཡུམ། །སྨུག་ནག་རུས་པའི་རྒྱན་ཅན་མཁའ་ལ་སྤྱོད་ཅེས་སོགས་འཁོད་པ་ལྟར། ནི་གུ་མའི་མཚན་གཞན་ལ་རུས་པའི་རྒྱན་ཅན་ཞེས་ཀྱང་བརྗོད་ཆོག་པས། ཀློང་རྡོལ་གསུང་འབུམ་དུ་ཡང་ནི་གུ་མ་རུས་པའི་རྒྱན་ཞེས་འཁོད། འོན་ཏེ་ཤངས་པའི་དཔྱད་ཡིག་རྣམས་སུ་རུས་པའི་རྒྱན་ཅན་ཞེས་པའི་མཚན་དེ་འཁོད་པ་ཆེས་ཉུང་ཡང་། མར་པ་ལོ་ཙཱ་བའི་མཛད་རྣམ་སོགས་སུ་དུར་ཁྲོད་སོ་ས་གླིང་དུ་བཞུགས་པའི་རྣལ་འབྱོར་མ་རུས་པའི་རྒྱན་ཅན་ཞེས་མང་དུ་ཐོན་པས། མཁའ་འགྲོ་མ་རུས་པའི་རྒྱན་ཅན་དེ་ནི་གུ་མ་རང་དུ་འདོད། དེས་མ་ཟད་རྣལ་འབྱོར་མ་ནི་གུ་མ་ནི་གསང་སྔགས་ཀྱི་སྒོ་ནས་ཕྱག་རྒྱར་བསྟེན་དུ་རུང་བའི་རྣལ་འབྱོར་མ་བཅོ་ལྔའི་དང་པོ་ཡང་ཡིན། དེས་ན་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་དུ་ཉིད་ཀྱིས་གསང་སྔགས་ཀྱི་སྒོར་སྨིན་པར་མཛད་དེ། མཐར་རྡོ་རྗེ་འཆང་དངོས་ཀྱིས་བྱིན་གྱིས་བརླབས་པ་ནི་གུ་མ་ཞེས་སམ། རྣལ་འབྱོར་མ་རུས་པའི་རྒྱན་ཅན་ཞེས་བྱ་བ་སོ་ས་གླིང་གི་དུར་ཁྲོད་དུ་བཞུགས་ཤིང་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །འདི་ལ་རྨོག་ཅོག་པས་ནཱ་རོའི་ལྕམ་གྱི་སྲས་མོ་ཡིན་པར་བྱས་ཏེ་མི་འཐད། ཐམས་ཅད་དུ་ནཱ་རོ་པའི་ལྕམ་དུ་གྲགས་པ་ཡིན་ཞེས་འཁོད།
ཡང་ངག་དབང་བཟང་པོས་འདིར་ལྕམ་མོ་ཞེས་པའི་ཚིག་འདི་ཞེས་པར་བསྒྱུར་ན་ལུང་ཡིག་ཁག་ནང་ཐོན་པ་དཔེར་ན་འཇམ་མགོན་ཀོང་སྤྲུལ་གྱི་ནི་གུའི་ལྷན་ཐབས་གཤམ་དུ་བཀོད་པ་སོགས་ལྟར་དེ་བས་གསལ་བར་སྙམ་ལ། ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཀྱི་བྲིས་གནང་བའི་གླེང་གཞིའི་ནང་དུ་ཡང་འཁོད་ཅེས་ལྕམ་མོ་ཞེས་པའི་ཚིག་འདི་དབྱིན་ཡིག་ཏུ་སྒྱུར་སྐབས་དོགས་གཞི་ཆེན་པོ་བྱུང་ཡང་། འཇམ་མགོན་ཀོང་སྤྲུལ་དང་འབོ་དཀར་རིན་པོ་ཆེ་སོགས་ཤངས་པའི་བརྒྱུད་འཛིན་རྣམས་ཀྱི་བཞེད་པ་དང་འབྲི་སྲོལ་ལྟར་བཀོད། དེར་བརྟེན་ནི་ཁོ་རིག་སེ་ཡིས་ཀྱང༌ནི་གུ་མ་ནི་བྲམ་ཟེ་ཞི་བའི་གོ་ཆ་ཡི་སྲས་མོ་དང་པཎ་ཆེན་ནཱ་རོ་པའི་ལྕམ་མོ་ཡིན་ཞེས་པའི་ཚིག་དུམ་འདིའི་ནང་གི་པཎ་ཆེན་ནཱ་རོ་པའི་ལྕམ་མོ་ཞེས་པ་དེ་དབྱིན་ཡིག་ཏུའང་ཞེས་བསྒྱུར་གནང་ཡོད། གོང་གི་བསྒྱུར་སྟངས་དེ་རྣམས་ནི་ད་ལྟའི་ཆར་ཤངས་ཆོས་འཛིན་པའི་བླ་མ་རྣམས་ཀྱི་རྗེ་ནཱ་རོ་དང་ནི་གུ་མ་གཉིས་ལྕམ་སྲིང་དུ་འདོད་པའི་དགོངས་པ་བཞིན་བསྒྱུར་གནང་བ་ཡིན། འོན་ཏེ་དུམ་མཚམས་གོང་མར་བཀོད་པའི་རྗེ་མར་པའི་མཛད་རྣམ་དུམ་བུ་དེར་ལྕམ་མོ་ཞེས་པ་གསང་ཡུམ་དུ་གོ་བའི་ལྕམ་དུ་བསྒྱུར་ཡོད། དེ་དང་འདྲ་བར་བོད་ལྗོངས་ནང་ཆོས་ཞིབ་འཇུག་ཏུ་ནཱ་རོ་པའི་ལྕམ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ཞེས་པ་དེ་རྒྱ་ཡིག་ཏུ་བསྒྱུར་བའི་སྐབས་ལྕམ་མོ་ཞེས་པའི་ཚིག་འདི་ཞེས་པར་བསྒྱུར་ཡོད་པས། དེས་ན་ནི་གུ་མ་དེ་ནཱ་རོ་པའི་ལྕམ་མོའམ་གསང་ཡུམ་ཡིན་པ་གསལ་བར་མཚོན་པ་མ་ཟད། རྒྱ་གར་ཤར་ཕྱོགས་ཤྲཱི་ན་ག་རའི་གྲོང་ཁྱེར་འཛམ་བུ་བྱ་བ་ན། རྒྱལ་པོ་ཞི་བའི་གོ་ཆ་ལ་བཙུན་མོ་དཔལ་གྱི་བློ་གྲོས། སྲས་མོ་དཔལ་གྱི་ཡོན་ཏན་ནི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ཡིན་གསུངས་པ་ལྟར། རྗེ་ནཱ་རོ་པའི་ཡབ་དགེ་བའི་གོ་ཆ་དང་། ཡུམ་དཔལ་གྱི་བློ་གྲོས་ལ་འཁྲུངས་པའི་སྲས་མོ་དཔལ་གྱི་ཡོན་ཏན་རྗེ་ནཱ་རོ་པའི་རྣམ་ཐར་དུ་སྲས་མོ་དཔལ་གྱི་ཡེ་ཤེས་ཞེས་འཁོད་ནི་མཁའ་འགྲོ་ནི་གུ་མ་མ་ཡིན་ཞེས་གསལ་བར་གསུངས་ཡོད།
མདོར་ན་ཤངས་ཆོས་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་ལྡེ་མིག་ཏུ་རྡོ་རྗེ་འཆང་དང་ནི་གུ་མའི་བསྟོད་པ་གཉིས་ལ་འཐད་མི་འཐད་ཅི་རིགས་སུ་ཡོད་པས་ཧ་ཅང་ཡི་གེ་ཡིད་ཆེས་སུ་མི་འཛིན་ཅིང་། ནི་གུ་མའི་རྣམ་ཐར་ལ་སྒྲོ་བཀུར་མེད་དོ་ཞེས་པ་ལྟར་གསོལ་འདེབས་ཡེ་ཤེས་སྒྲ་དབྱངས་སུ་འཁོད་པའི་བསྟོད་པ་རྣམས་དང་། དེ་མིན་གྱི་རྣམ་ཐར་འགའ་ཞིག་ཀྱང་སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །བསྟོད་སྒྲ་ཆེ་བས་བླ་མ་ཟོག་པོར་བཏང་ཞེས་གསུངས་པ་བཞིན་མཐའ་གཅིག་ཏུ་ངེས་བཟུང་དཀའ་བས། ཁོ་བོས་ནི་རྗེ་ནཱ་རོ་པ་དང་མཁའ་འགྲོ་ནི་གུ་མ་གཉིས་འཁྲུངས་ཡུལ་གཅིག་ཀྱང་ཡབ་ཀྱི་མཚན་མི་འདྲ་བས། ཡབ་ཡུམ་གཅིག་པར་འཁྲུངས་པའི་སྐུ་མཆེད་རྒན་གཞོན་ཏེ་མཁའ་འགྲོ་ནི་གུ་མའམ་རྣལ་འབྱོར་མ་རུས་པའི་རྒྱན་ཅན་ནི་རྗེ་ནཱ་རོ་པའི་སྲིང་མོ་མིན་ལ། རྗེ་ནཱ་རོ་པའི་སློབ་མ་དང་གསང་ཡུམ་ཡིན་པར་འདོད་པ་དེ་ལོ་རྒྱུས་དངོས་དང་མཐུན་པ་ཡིན་སྙམ།
I.3.1.2 Sukhasiddhi
གཉིས། ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི།
མཁའ་འགྲོ་མ་འདི་ཉིད་ཀྱིས་མཁས་གྲུབ་ཁྱུང་པོར་ཐོག་མར་དབང་བསྐུར་བ་དང་། བར་དུ་ཕྱག་རྒྱ་མ་མཛད་པ། མཐར་གདམས་པ་རྫོགས་པར་གནང་བ་སོགས་ཐོག་མཐའ་བར་གསུམ་དུ་སྐུ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན། དེ་ཡང་གསོལ་འདེབས་བདེ་ཆེན་སྒྲ་དབྱངས་ལས་ཟག་མེད་ལྷན་ཅིག་སྐྱེས་པའི་བདེ་སྟེར་མ། །བཅུ་དྲུག་ལང་ཚོས་གང་བའི་གཟི་མདངས་ཅན། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་མོ། །བདེ་བའི་དངོས་གྲུབ་ཞབས་ལ་གསོལ་བ་འདེབས་ཞེས་པ་ལྟར་བཅུ་དྲུག་གི་ལང་ཚོ་རབ་ཏུ་རྫོགས་ལ་གནས་གསུམ་མཁའ་འགྲོའི་ཚོགས་རྗེར་གྱུར་པ་ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི་ལ་རང་རེ་བོད་ཀྱི་སྐད་དུ་བདེ་བ་དངོས་གྲུབ་ཅེས་བྱ་སྟེ། མཚན་འདིའི་མཚོན་དོན་ཡང་མཁའ་འགྲོ་མ་འདིས་གཉན་སྟོན་རི་གོང་པ་ལ། བདེ་བ་ནི་ཟག་མེད་ཡེ་ཤེས་ཀྱིས་རྒྱུད་གང་ཞིང་རྒྱས་པ་ཡིན། དངོས་གྲུབ་ནི་ང་ལ་གསོལ་བ་བཏབ་པས་མཆོག་ཐུན་མོང་ཐམས་ཅད་ལོ་ཟླ་ཙམ་གྱིས་འགྲུབ་པ་ཡིན་གསུངས། མཁའ་འགྲོ་མ་འདི་ཉིད་སྐུ་འཁྲུངས་ཡུལ་དང་བཅས་པ་ཡང་གསོལ་འདེབས་དེ་ཉིད་ལས་ཁ་ཆེའི་ཡུལ་དུ་ཁྱིམ་བདག་དབུལ་པོ་ཡི། །ཚུལ་དུ་བསྟན་ནས་ལམ་གྱི་རྟོགས་པ་སྦྱོང༌། །དད་དང་སྙིང་རྗེ་ཆེན་པོའི་རྩལ་རྫོགས་པས། །ཆགས་མེད་སྦྱིན་པར་བརྩོན་ལ་གསོལ་བ་འདེབས་ཞེས་པ་ལྟར་མཁའ་འགྲོ་མ་སུ་ཁ་སིདྡྷིའམ་བདེ་བའི་དངོས་གྲུབ་ནི། སྔར་རྒྱ་གར་ཁ་ཆེའི་གྲོང་ཁྱེར་དུ་བཟའ་མི་གཉིས་ལ་བུ་གསུམ་དང་བུ་མོ་གསུམ་བཅས་ཡོད་པ་ལ། བཟའ་རྒྱུ་འབྲས་བུམ་པ་གང་ལས་མེད་པ་དེ་ཡང་ཟ་མ་ཕོད་པར་ཁ་བཅད་དེ་བཞག །ཉིན་ཞིག་བུ་གསུམ་ལྷོ་དང་བུ་མོ་གསུམ་བྱང་། ཕ་ནུབ་ཏུ་ཟས་འཚོལ་ཏུ་ཕྱིན། ཨ་མ་རྒད་མོ་དེ་ནང་དུ་ཡོད་སྐབས་ཟས་འཚོལ་མཁན་ཤིན་ཏུ་ཕོངས་པ་ཞིག་གིས་སློང་པས་འབྲས་བུམ་པ་གང་དེ་ཡང་སྦྱིན། ཕ་བུ་རྣམས་ཤིན་ཏུ་བཀྲེས་ནས་ནང་ལ་ལོག་ཡོང་སྟེ། སྔོན་ལ་འབྲས་བུམ་པ་གང་དེ་ཟོ། དེ་རྗེས་སླར་ཟས་འཚོལ་དུ་འགྲོ་ཟེར། མས་འབྲས་བུམ་པ་གང་དེ་དབུལ་ཕོངས་ཤིག་ལ་སྦྱིན་པའི་གནས་ཚུལ་བཤད་རྗེས་ཕ་བུ་བསྡེབས་ནས་ཁྱེད་ཀྱིས་དེ་ཁོ་ན་བྱས་པས་ངེད་སྐྱིད་དུ་མ་བཅུག་ཟེར་ནས་ལོ་གྲངས་ལྔ་བཅུ་ང་བརྒྱད་ལོན་པའི་ཨ་མ་རྒད་མོ་དེ་ཁྱིམ་ལས་གནས་དབྱུང་བཏང་། དེས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཕྱིན་ཏེ་འབྲས་བསྒྲུབས་ནས་ཆང་ཚོང་མ་བྱས། དེའི་དུས་སུ་ཨོ་རྒྱན་གྱི་ནགས་ཁྲོད་ན་སློབ་དཔོན་ནག་པོ་བིརཱ་པའམ་ཨ་ཝ་བྷུ་ཏི་པ་ཞེས་ཀྱང་བྱ་བ་དེས། ཕྱག་རྒྱ་མ་ཨ་ཝ་བྷུ་ཏི་མ་དང་གསང་སྤྱོད་མཛད་ཅིང་ཡོད་པ་ལས། རྣལ་འབྱོར་མ་དེ་རྟག་ཏུ་ཆང་ཉོ་བར་འགྲོ་བ་དང་། སྐབས་འགར་རྒད་མོ་ཆང་ཚོང་མ་དེ་ནས་ཆང་ཉོས་པས་གཞན་ལས་ཞིམ་པ་ཤ་སྟག་བཙོངས། རྒད་མོས་ཆང་ཉོས་ནས་སུ་ལ་འཁྱེར་ཞེས་དྲིས་པས་རྣལ་འབྱོར་པ་ཞིག་ལ་འབུལ་གྱི་ཡོད་པ་ཐོས་སྐབས་ཐ་ན་ཆང་རིན་ཡང་མེད་པར་བཙོངས། རྗེ་བཙུན་བིརཱ་པས་རྣལ་འབྱོར་མར་རིན་མེད་པ་ཇི་ལྟར་ཡིན་ཚུལ་དྲིས་པས། རྣལ་འབྱོར་མས་རྒད་མོ་དད་པ་ཅན་དེས་བསྐུར་བའི་གནས་ཚུལ་ཞིབ་པར་བཤད། རྗེ་བཙུན་བིརཱ་པའི་ཐུགས་ལ་ད་ཅིས་ཀྱང་རྒད་མོ་དེ་ཁམས་གསུམ་འཁོར་བ་ལས་འདྲེན་དགོས་དགོངས་ཏེ་རྒད་མོ་དེ་ངའི་རྩར་ཁྲིད་ཤོག་གསུངས། རྒད་མོ་ཤིན་ཏུ་མོས་ཏེ་འབྲས་ཆང་བུམ་པ་གང་དང་ཕག་ཁོག་གཅིག་འཁྱེར་ཏེ་མཇལ་བར་ཕྱིན། རྗེ་བཙུན་བིརཱ་པས་དེ་མ་ཐག་ཏུ་གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་དབང་བཞི་རྫོགས་པར་བསྐུར་བ་ཡང་། གསོལ་འདེབས་བདེ་ཆེན་སྒྲ་དབྱངས་ལས་རྗེ་བཙུན་བི་རུ་པ་ཡིས་རྗེས་སུ་བཟུང་། །གསང་སྒྲུབ་བཞི་རྫོགས་དབང་བསྐུར་སྐད་ཅིག་ལ། །དྲུག་ཅུ་རྩ་གཅིག་ལོན་པའི་རྣམ་སྨིན་ལུས། །བཅུ་དྲུག་ན་ཚོད་ལོན་ལ་གསོལ་བ་འདེབས་ཞེས་སོགས་གསལ་བ་བཞིན་ལོ་དྲུག་ཅུ་རྩ་གཅིག་ལོན་པའི་རྒད་མོ་དེ་བཅུ་དྲུག་ལོན་པའི་ན་ཚོད་ཅན། སྐུ་མདོག་ཤིན་ཏུ་དཀར་བ། དབུ་སྐྲ་སིལ་བུས་སྐུ་རྒྱབ་གནོན་པ། ཏཱ་ལ་བདུན་སྲིད་ཙམ་གྱི་ནམ་མཁར་བཞུགས་པའི་འཇའ་ཡི་ལུས་ཅན་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་པར་གྱུར་ལ་བིར་པ་དང་ཐ་དད་མིན་པའི་གསང་ཡུམ་ཡང་མཛད། བསྐྱེད་རྫོགས་ཆོས་དྲུག་དང་བཅས་པ་རྣམས་དང་། དབང་གི་འཕྲིན་ལས་འདུ་བ་རྣམ་གསུམ་སོགས་གསུངས། དེ་རྗེས་བདེ་བ་སྦྱིན་པའི་ནགས་གསེབ་སོགས་ཀྱི་གནས་མཆོག་རྣམས་སུ་ངེས་མེད་དུ་བཞུགས་ཏེ་བཅོམ་ལྡན་འདས་རྡོ་རྗེ་བདག་མེད་མ་དང་གཉིས་སུ་མ་མཆིས་པར་གྱུར་པ་ཡང་། བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་ལས་ཟག་མེད་བདེ་བ་སྦྱིན་པའི་གནས། །ཙན་དན་སྨན་གྱི་ནགས་ཚལ་དུ། རྒྱལ་ཡུམ་རྡོ་རྗེ་བདག་མེད་ལ། །སུ་ཁ་སིདྡྷི་ཞེས་སུ་གྲགས་ཞེས་འཁོད་པ་བཞིན་ནོ།
།དེ་ལྟར་ནུབ་གཅིག་ལ་ས་བརྒྱད་པའི་རྟོགས་པ་མངོན་དུ་གྱུར་པ། ཟླ་བ་བདུན་ལ་ས་བརྒྱད་ཀྱི་རྟོགས་པ་ལ་འགོད་ནུས་པ་རྡོ་རྗེ་འཆང་དང་བདག་མེད་མ་ལ་དངོས་སུ་ཆོས་གསན་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷིས་བདེ་བ་སྦྱིན་པའི་ནགས་གསེབ་ཏུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་བསྐུར་ནས་གདམས་ངག་གི་མཛོད་ལེགས་པར་གཏད། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རང་ཉིད་ཀྱིས་ཀྱང་ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི་འདི་དང་པོ་དྲིན་ཆེ་སྟེ། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་སུ་བསྐུར། བར་དུ་དྲིན་ཆེ་སྟེ་ལྷའི་བུ་མོ་དང་དབྱེར་མེད་དུ་གསང་ཡུམ་མཛད། ཐ་མར་དྲིན་ཆེ་སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང་ནས་བདག་ཉིད་བདེ་བ་ཅན་དུ་བཅུ་བཞིའི་ས་ཐོབ་པར་ལུང་བསྟན་ཞེས་གསུངས། གཞན་ཡང་རྩོམ་པ་པོ་ཞོལ་མུ་ཡི་འཆི་མེད་རྡོ་རྗེའི་སེམས་ཞེས་པར་མཁས་གྲུབ་ཁྱུང་པོ་མཁའ་འགྲོ་མ་འདི་དང་ཐོག་མར་མཇལ་སྐབས་གསེར་འཕུལ་ཀྱང་མ་བཞེས་པ་དང་། མཁའ་འགྲོ་མ་འདི་དང་ལྷན་དུ་འཕགས་ཡུལ་གྱི་གནས་ཆེན་མང་པོར་མཆོད་མཇལ་དུ་ཕེབས་པ། མཁས་གྲུབ་ཁྱུང་པོའི་སེམས་བརྟག་ཕྱིར་ཕྱི་རོལ་པའི་ལྷ་ཁང་ཞིག་ཏུ་ལོ་གཅིག་གི་རིང་བཙོངས་ཏེ་དཀའ་སྡུག་མྱང་དུ་བཅུག་པ། ལོ་བཅུའི་རིང་མཁས་གྲུབ་ཁྱུང་པོའི་གསང་ཡུམ་མཛད་པ་སོགས་ཀྱི་མིག་སྔའི་བོད་ཡིག་དཔྱད་གཞི་རྣམས་སུ་མི་གསལ་བའི་གནས་ཚུལ་མང་དག་ཅིག་རྩོམ་པ་པོ་ཞོལ་མུ་ཉིད་ཀྱིས་དངོས་སུ་མཇལ་བར་གསུངས་པའི་ཁྱུང་པོའི་གསང་རྣམ་ཞིག་ཏུ་འཁོད་པར་གསུངས་པ་དེ་དག་བདེན་མིན་ཁོ་བོས་མི་ཤེས། གང་ལྟར་ན་ཡང་མཁའ་འགྲོ་མ་འདི་ཉིད་ཀྱང་ནི་གུ་མ་དང་འདྲ་བར་ཤིན་ཏུ་སྐུ་དྲིན་ཆེ་བ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ།
ད་དུང་ཌཱ་ཀི་མའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཨེ་མ་ཧོ། །ཁྱོད་ཀྱི་སློབ་མ་ཡང་སློབ་དང་། །ཕྱི་རབས་བརྒྱུད་འཛིན་ཐམས་ཅད་ལ། །ང་ཡིས་དངོས་སུ་བྱིན་གྱིས་རློབས། །དག་པ་མཁའ་སྤྱོད་གནས་སུ་འགྲོ་ཞེས་ཕྱི་རབས་ཀྱི་ཤངས་པའི་བརྒྱུད་འཛིན་རྣམས་ལ་བྱིན་གྱིས་རློབས་པ་དང་དེ་དག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བར་ལུང་བསྟན་པ་བཞིན། བླ་མ་རིན་ཆེན་བརྩོན་འགྲུས་རྨོག་ལྕོག་བྲག་ཏུ་སྒྲུབ་པ་ལ་ཞུགས་སྐབས་དང་། འུ་ཡུག་སྡིངས་མར་སྒོམ་པའི་དུས་སུ་མཁའ་འགྲོ་མ་འདི་ཉིད་བྱོན་ནས་ལུང་བསྟན་མང་དུ་བཙལ་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རླབས་པ་དང་། དབོན་སྟོན་སྐྱེར་སྒང་པ་ལྷ་སའི་ཇོ་ཁང་དུ་ཕེབས་པའི་ཚེ་ཡང་མཁའ་འགྲོ་མ་འདིས་རྣལ་འབྱོར་རྒྱུད་གསུངས་པ་དང་དབང་བཞི་རྫོགས་པར་བསྐུར། རི་གོང་པ་ཆེན་པོ་སྐྱེར་སྒང་དུ་བཞུགས་སྐབས་མཁའ་འགྲོ་མ་འདིས་ཞལ་གཟིགས་ནས་དབང་དང་གདམས་པ་མང་པོ་བསྩལ། དེ་ནས་རིམ་བཞིན་ཆོས་རྗེ་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། མཁྱེན་ལྡན་ཤངས་པ་དཀར་པོ། མཉམ་མེད་སངས་རྒྱས་དཔལ་བཟང་། ཆོས་རྗེ་ནམ་མཁའ་རྒྱལ་མཚན། ངག་དབང་རྒྱལ་མཚན་དཔལ་བཟང་སོགས་ཀྱང་དབང་དང་གདམས་པ་དུ་མས་རྗེས་སུ་བཟུང་བ་ཡིན། དེ་ལྟར་ཤངས་ཆོས་གདམས་པའི་བརྒྱུད་རྐང་འཛིན་པའི་ཐོག་མཐའ་བར་གསུམ་དུ་མཁའ་འགྲོ་མ་སུ་ཁ་སིདྡྷིས་བླ་རབས་མང་པོར་དབང་དང་གདམས་པ་ཕངས་མེད་དུ་བསྩལ་བས་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན་ལ། རིག་པ་ངོ་སྤྲོད་པར་མཆོག་ཏུ་འགྱུར་བའི་མཁའ་འགྲོ་མ་ཞིག་ཡིན་པ་ཡང་། གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱི་ཞི་བྱེད་ལམ་སྐོར་ལྔ་པར་རིག་པ་ལ་ངར་བཏོན་པས། རྟོག་པ་རང་གྲོལ་དུ་ཞིག་ནས། རིག་པ་གཅེར་བུར་གནས་པ་འདི་ནི་སུ་ཁ་མ་ཧཱ་སིདྡྷིའི་གདམས་པ་ཡིན་ཞེས་གསུངས་པ་སོགས་ཀྱིས་མཚོན་པས་མཁའ་འགྲོ་མ་འདི་ཉིད་ནི་གྲུབ་ཆེན་ཕ་དམ་པའི་རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུའི་གྲས་ཤིག་ཀྱང་ཡིན། ཡང་མཁའ་འགྲོ་མ་འདི་དང་། ནི་གུ་མ། མཁའ་འགྲོ་ལཀྵི་ཀཾ་ར་གསུམ་རྗེ་བཙུན་བྷ་རོ་སྐུ་གཤེགས་ལ་ཉེ་བའི་དུས་བོད་དུ་རྫུ་འཕྲུལ་གྱིས་བྱོན་ཞིང་རྭ་ལོ་ཙཱ་བ་ལ་ལྷོ་བལ་དུ་ཕེབས་ནས་བླ་མ་མཇལ་རན་པའི་དྲན་བསྐུལ་མཛད།

I.3.2 - Four root-lamas
གཉིས་པ། རྩ་བའི་བླ་མ་རྣམ་པ་བཞི།
མཁས་གྲུབ་ཁྱུང་པོས་བསྟེན་པའི་རྩ་བའི་བླ་མ་བཞིའམ་ཐུན་མོང་གི་བླ་མ་བཞི་ནི། ཐུའུ་བཀཱན་གྲུབ་མཐའ་སོགས་ཀྱི་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེར་ཡོངས་གྲགས་སུ་བླ་མ་རྡོ་རྗེ་གདན་པ་དང་། མངའ་བདག་མེ་ཏྲི་པ། གྲུབ་ཆེན་རཱ་ཧུ་ལ། སྦས་པའི་རྣལ་འབྱོར་བཅས་སུ་འདོད་ཀྱང་། དཔའ་བོ་གཙུག་ལག་ཕྲེང་བས་སྦས་པའི་རྣལ་འབྱོར་གྱི་ཚབ་ཏུ་བཻ་རོ་ཙ་ན་རཀྵི་ཏ་འདྲེན་གནང་ཡོད། སྐབས་འདིར་བཞེད་པ་སྔོན་མ་ལྟར་སྦས་པའི་རྣལ་འབྱོར་འདི་ཉིད་མཁས་གྲུབ་ཁྱུང་པོའི་རྩ་བའི་བླ་མ་བཞིའི་གྲས་སུ་གཞག་རྒྱུ་ཡིན། འོན་ཏེ་རྣམ་ཀུན་སྦས་པའི་རྣལ་འབྱོར་གྱི་སྐོར་ཞིང་བ་ཧ་ཅང་ཉུང་། དེས་མ་ཟད་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་ཐོན་པའི་བླ་མ་མེ་ཏྲི་པ་དང་ར་ཧུ་ལ། ནི་གུ་མ་སོགས་ཀྱི་མཚན་ཚང་མའི་མཇུག་ཏུ་གུཔྟ་སྟེ་སྦས་པའི་དོན་སྨོས་སྲོལ་ཡོད་པས། དབྱིན་ཡིག་གི་དཔྱད་གཞི་འགར་སྦས་པའི་རྣལ་འབྱོར་ཞེས་པའི་མཚན་དེའི་འོག་ཏུ་གུག་རྟགས་ནང་མཻ་ཏྲི་པ་ཞེས་འཁྲུལ་ནས་བྲིས་པའང་སྣང་བས། ཁོ་བོས་ནི་སྦས་པའི་རྣལ་འབྱོར་པ་ཞེས་སུ་འབོད་པ་དེ་ཉིད་བླ་མ་གཞན་ཞིག་ལ་ལོགས་སུ་འདོད་དེ་གཤམ་དུ་དགོད་པར་བྱ་བ་ལ།
I.3.2.1 Dorjé Denpa
གཅིག །བླ་མ་རྡོ་རྗེ་གདན་པ།
དེ་ཡང་དུང་དཀར་ཚིག་མཛོད་དུ་རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ་ཐོན་པ་ལས་རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ་དང་། འབྲིང་རོལ་པའི་རྡོ་རྗེ། ཆུང་བ་དོན་ཡོད་རྡོ་རྗེའོ་ཞེས་དང་། དེབ་སྔོན་དུ་དོན་ཡོད་རྡོ་རྗེ་ནི་རྡོ་རྗེ་གདན་པ་ཆེ་བའི་མཚན་ཞེས་འཁོད་པའི་ལུང་ཁུངས་ཁག་གཉིས་ནང་། རྡོ་རྗེ་གདན་པ་ཆེ་བའི་མཚན་མི་མཐུན། རྡོ་རྗེ་གདན་པ་ཆུང་བ་ནི་ཁ་ཆེ་པཎ་ཆེན་ཤྲཱི་བྷ་དྲའི་བླ་མ་ཡིན། འོ་ན་མཁས་གྲུབ་ཁྱུང་པོའི་བླ་མ་རྡོ་རྗེ་གདན་པ་ནི་དེ་དག་ལས་གང་ཡིན་ཞེ་ན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྡོ་རྗེ་གདན་པ་བར་པ་ལས་རབ་ཏུ་བྱུང་ཞེས་འཁོད་པ་ལྟར་ན་རྡོ་རྗེ་གདན་པ་བར་པ་འདི་ཉིད་མཁས་གྲུབ་ཁྱུང་པོའི་བླ་མ་ཡིན་པ་གསལ་པོར་གསུངས་ཡོད། འོན་ཀྱང་འདི་ལ་འགལ་འདུ་ཅུང་ཞིག་སྣང་སྟེ། ཤངས་པའི་ཡིག་ཆ་རྣམས་སུ་ཐོན་པའི་རྒྱལ་བའི་ལུང་གིས་རབ་ཏུ་ཟིན་པའི་བླ་མ་རྡོ་རྗེ་གདན་པ་བསོད་ནམས་འབྱུང་གནས་ཞེས་དང་། དུང་དཀར་ཚིག་མཛོད་དུ་རྡོ་རྗེ་གདན་པ་བར་པ་ལ་རོལ་པའི་རྡོ་རྗེ་ཞེས་པའི་མཚན་གཉིས་མི་མཐུན་པས། དེ་གཉིས་ཀ་བླ་མ་རྡོ་རྗེ་གདན་པའི་མཚན་མི་འདྲ་བའམ་ཡང་ན་མི་མི་འདྲ་བར་ངོས་འཛིན་དགོས་ཚུལ་ཐད་མུ་མཐུད་དཔྱད་པར་འཚལ། འདིར་ཤངས་ཆོས་ཀྱི་དཔྱད་ཡིག་འགར་ཐོན་པ་གཞིར་བཟུང་ནས་བརྗོད་རྒྱུ་སྟེ། བླ་མ་རྡོ་རྗེ་གདན་པ་བསོད་ནམས་འབྱུང་གནས་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་རྒྱ་གར་དུ་བྲམ་ཟེའི་རིགས་ལས་སྐུ་འཁྲུངས་ཤིང་། བི་ཀྲ་མ་ལ་ཤཱི་ལའི་མཁས་པ་སྒོ་དྲུག་གི་ནང་གསེས་ཤར་སྒོ་སྲུང་བའི་མཁས་པ་ཆེན་པོ་ཤཱནྟི་པ་ལས་རབ་ཏུ་བྱུང་། རྗེ་ནཱ་རོ་པ་དང་གནས་བརྟན་བྱང་ཆུབ་བཟང་པོ། ཇོ་བོ་རྗེ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ཆེར་གསན་བསམ་མཐར་ཕྱིན་མཛད་པ་ཡང་། གསོལ་འདེབས་རང་བྱུང་སྒྲ་དབྱངས་ལས་འཕགས་ཡུལ་ཤར་ནུབ་དབུས་ཀྱི་པཎྜི་ཏ། །གྲུབ་ཐོབ་རྣལ་འབྱོར་ཚོགས་ཀྱི་ཐུགས་བཅུད་བཞེས། །ཐོས་པའི་རྒྱ་མཚོར་རྣམ་དཔྱོད་ནོར་བུས་གཏམས། དགོས་དགུའི་འབྱུང་གནས་གྱུར་ལ་གསོལ་བ་འདེབས་ཞེས་གསུངས་པ་བཞིན་ནོ། །ཁོང་ནི་བཅུ་ཕྲག་རིག་པའི་གནས་ལ་མཁས་ཤིང་གསང་སྔགས་ཕྱི་ནང་གི་ཆོས་ཚུལ་མཐའ་དག་ཐོགས་མེད་དུ་སྒྲུབ་པར་ནུས། ལྷག་པར་སྒྲ་ཚད་ལ་ཤིན་ཏུ་མཁས། དེ་ནས་རྒྱ་གར་ས་ཡི་ཐིག་ལེ། སྐལ་བཟང་རྒྱལ་བའི་འབྱུང་གནས་གྲོང་ཁྱེར་ཆེན་པོ་མ་ག་དྷ་སོགས་སུ་སངས་རྒྱས་ཀྱི་བསྟན་པ་ལ་མཛད་པ་རྒྱ་ཆེར་སྤེལ། ཡང་གསོལ་འདེབས་རང་བྱུང་སྒྲ་དབྱངས་སུ་ཐུབ་དབང་རྒྱལ་སར་ཐུབ་པའི་མཛད་པ་སྐྱོངས། །འཕགས་བོད་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན། །འཇིག་རྟེན་ལྷ་དང་བཅས་པའི་ཕྱག་བྱས་པ། །མི་ཡི་སེང་གེ་ཁྱོད་ལ་གསོལ་བ་འདེབས་ཞེས་གསུངས་པ་ལྟར་རྒྱ་གར་གྱི་ཡུལ་དབུས་རྡོ་རྗེ་གདན་དུ་ཐུབ་པའི་མཛད་པ་སྐྱོང་བར་བརྩོན་པས་རྡོ་རྗེ་གདན་པ་མངོན་ཤེས་ཅན་ཞེས་འཕགས་བོད་མཁས་གྲུབ་དུ་མའི་གཙུག་རྒྱན་དུ་གྱུར། གཞན་ཡང་བླ་མ་ཆེན་པོ་འདིས་ཇོ་བོ་རྗེའི་རྗེས་ཀྱི་ལོ་བདུན་སོང་མཚམས་སུ་བི་ཀྲ་མ་ལ་ཤཱི་ལའི་མཁན་པོའང་ཅུང་ཟད་མཛད། འདིས་རྡོ་རྗེ་གདན་ཆུང་མ་དང་ཟངས་ཐང་མར་གྲགས་པ་སོགས་དེ་བཞིན་གཤེགས་པའི་སྐུ་དུ་མ་ཐུགས་དམ་དུ་བཞེངས་པ་སོགས་ཀྱི་མཛད་པ་མང་དུ་བསྐྱངས། རྣམ་ཀུན་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུར་གྲགས་པ་དེ་རྣམས་ཀྱང་བླ་མ་རྡོ་རྗེ་གདན་པ་འདི་ཉིད་ཀྱིས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་གྲལ་དུ་སློབ་དཔོན་ཇི་ཙམ་ཕེབས་པ་ལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པ་ལས། རྒྱ་གར་བའི་གྲུབ་ཆེན་ཐམས་ཅད་དེར་འདུས་པ་མ་ཡིན་ཚུལ་འབྲུག་པ་ཀུན་མཁྱེན་གྱིས་བཞེད། དེའི་རྒྱུ་མཚན་ཡང་སྤྱིར་རྒྱ་གར་དུ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཁོ་ནའི་དུས་སུ་ལྔ་སྟོང་ལྷག་ཙམ་བྱུང་བར་བཤད་པས་སོ། །རྗེ་མར་པས་དཔལ་རྡོ་རྗེ་གདན་པ་འདི་ཉིད་མངའ་བདག་མེ་ཏྲི་པའི་སློབ་མ་ཆེན་པོ་བཞིའི་གྲས་སུ་གཏོགས་པར་གསུངས་མོད་ཀྱི། རྗེ་མི་བསྐྱོད་རྡོ་རྗེས་བསྒྲིགས་པའི་རྗེ་བཙུན་རི་ཁྲོད་དབང་ཕྱུག་དང་མེ་ཏྲི་པ་ཡབ་སྲས་ཀྱི་རྣམ་ཐར་སོགས་སུ་མི་གསལ་བས་དཔྱད་པར་རིགས་སོ།
།མཁས་གྲུབ་ཁྱུང་པོ་རྒྱ་གར་དུ་ཐེངས་དང་པོར་ཕེབས་པའི་སྐབས་བླ་མ་རྡོ་རྗེ་གདན་པ་འདི་ཉིད་དང་མཇལ་ནས། ཁོང་ལ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་། མཚན་ཚུལ་ཁྲིམས་མགོན་དུ་བཏགས་པས། བླ་མ་རྡོ་རྗེ་གདན་པ་ཤངས་ཁྲག་ཤོར་ནས་ཁྱུང་པོ་རྣལ་འབྱོར་ལས་མིང་སྤོར་མི་ནུས། དེ་རྗེས་བླ་མ་རྡོ་རྗེ་གདན་པས་མཁས་གྲུབ་ཁྱུང་པོར་འདུལ་བ་ལུང་དང་བསྟན་བཅོས་མདོ་རྩ། མི་གཡོ་བའི་སྒྲུབ་ཐབས་དང་བཅས་པ། སྒྲོལ་མའི་རྒྱུད་གདམས་པ་དང་བཅས་པ། མཚན་བརྗོད་དབང་རྒྱུད་སྒྲུབ་ཐབས་དང་བཅས་པ། གསང་སྔགས་རྗེས་སུ་ཡིད་རང་། སྒྲུབ་པའི་ལམ་རིམ། རྩོད་པའི་ལམ་རིམ། བྱ་བའི་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་རྒྱུད་སྒྲུབ་ཐབས་དང་བཅས་པ་སོགས་སྔ་ཕྱིར་ཆོས་ཀྱི་གདམས་པ་མང་དུ་གསུངས།
བླ་མ་རྡོ་རྗེ་གདན་པའི་བོད་ཀྱི་ཞལ་སློབ་ཀྱི་གྲས་སུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཕུད། བོད་མི་རྒྱ་གར་དུ་ཕྱིན་པ་ལ་འཕྲིན་ལས་ཆེ་བ་སྟེ་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་མཛད་མྱོང་བའི་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་ཡང་རྡོ་རྗེ་གདན་པ་ཆེན་པོའི་སློབ་མ་ཡིན་ལ། གདན་པ་ཆུང་བ་དང་གདམས་ངག་ཕར་ཞུ་ཚུར་ཞུ་ཡིན། བོད་དུ་ཆོས་སྐྱོང་ཕྱག་བཞིའི་ཆོས་སྐོར་དར་བ་ལ་ལོ་ཙཱ་བ་འདི་དང་སྟེང་པ་ལོ་ཙཱ་བ། ཁེ་གད་འཁོར་ལོ་གྲགས་རྣམས་སྐུ་དྲིན་ཆེ་བ་ཡིན། ལྷག་པར་སངས་རྒྱས་འོད་དཔག་མེད། མཁའ་འགྲོ་མ་གསང་བ་ཡེ་ཤེས། དེས་ལྭ་བ་པའམ་སྤྱོད་པ་བ། དེས་དུར་ཁྲོད་པའམ་བི་རུ་པ། དེས་རྡོ་རྗེ་གདན་པ་ཆེ་བ། འདིས་འུ་ཡུག་གི་ལ་སྟོད་དམར་པོ་ལ་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཞིག་ལོགས་སུ་ཡོད་ལ། གདམས་ངག་གི་ལུང་རྒྱུན་ཡང་མ་ཉམས་པར་གནས་ཡོད། ལ་སྟོད་དམར་པོས་བསྟེན་མྱོང་བའི་བླ་མ་རྡོ་རྗེ་གདན་པ་དེ་མཁས་གྲུབ་ཁྱུང་པོའི་བླ་མ་རྡོ་རྗེ་གདན་པ་འདི་ཉིད་ཡིན་པ་འཇམ་མགོན་ཀོང་སྤྲུལ་སོགས་ཀྱིས་བཞེད། འོན་ཀྱང་ཙ་མི་ལོ་ཙཱ་བས་བསྟེན་མྱོང་བའི་བླ་མ་རྡོ་རྗེ་གདན་པ་དེ་མཁས་གྲུབ་ཁྱུང་པོའི་བླ་མ་རྡོ་རྗེ་གདན་པ་ཡིན་མིན་དང་། དེང་བོད་ཀྱི་དགོན་སྡེ་འགའ་ཞིག་ཏུ་བླ་མ་རྡོ་རྗེ་གདན་པས་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བླ་མ་རྡོ་རྗེ་གདན་པའི་གསུང་བསྟོད་པ་ངོ་མཚར་ཚིགས་བཅད་མ་ཞེས་པ་ཤོ་ལོ་ཀ་བཅུ་དྲུག་ཅན་གྱི་བསྟོད་པ་ཞིག་ཀྱང་འདོན་སྲོལ་འདུག་པ་དེ་མཁས་གྲུབ་ཁྱུང་པོའི་བླ་མ་རྡོ་རྗེའི་གདན་པས་མཛད་མིན་སོགས་ཀྱི་སྐོར་ད་དུང་མུ་མཐུད་དཔྱད་པར་འཚལ།
I.3.2.1 Maitripa Gupta
གཉིས། རྒྱལ་སྲས་མཻ་ཏྲི་གུཔྟ།
རྒྱལ་སྲས་མཻ་ཏྲི་གུཔྟ་སྟེ་བོད་སྐད་དུ་བྱམས་པ་སྦས་པ། གསང་མཚན་གཉིས་མེད་རྡོ་རྗེ་ཞེས་བྱ་བ་ཡིན་ལ། ཁོང་ནི་ཐོག་མར་རྒྱ་གར་ཡུལ་དབུས་དྲ་བྱི་ལའི་གྲོང་ཁྱེར་ཛ་ག་ནི་ཀ་རར་བྲམ་ཟེའི་རིགས་སུ། ཡབ་ན་གུ་དང་། ཡུམ་ཙིན་ཏེ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་དྷརྨ་ཞེས་གསོལ། དེ་ཡང་གསོལ་བ་འདེབས་པ་བྱམས་པའི་སྒྲ་དབྱངས་ལས་བྲམ་ཟེའི་རིགས་ལས་མུ་སྟེགས་པཎྜི་ཏ། །ནཱ་རོ་ཏཱ་པ་མཇལ་ཏེ་ནང་པར་གྱུར་ཞེས་པ་ལྟར་དགུང་ལོ་བཅུ་གཉིས་ནས་བཅུ་བདུན་བར་མུ་སྟེགས་པའི་ཆོས་ལ་སྦྱངས་པ་མཛད་ནས་མཁས་པར་གྱུར་པ་དང་། དེ་རྗེས་ནཱ་རོ་ཏཱ་པ་དང་མཇལ་ཞིང་ཁོང་དང་རྩོད་པ་ཕམ་པས་བདག་ནི་ལས་ངན་མུ་སྟེགས་ཀྱི། བསྟན་པའི་རྒྱར་ཚུད་ཐུགས་རྗེས་བཟུང་ཞེས་གསུངས་ནས་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཞུགས། ནཱ་རོ་པ་ལས་དབུ་ཚད་ཕར་ཕྱིན་སོགས་གསན་པ་དང་། གསང་སྔགས་ཀྱི་དབང་དང་གདམས་ངག་མཐའ་ཡས་པ་ཞུས། ཕྱིས་རྗེ་བཙུན་རི་ཁྲོད་དབང་ཕྱུག་གིས་སྤྲོ་བ་དང་སྐྱོ་བས་རྗེས་སུ་བཟུང་། མི་ལོ་སུམ་ཅུ་སོ་དགུའི་རིང་དམ་པའི་ཆོས་ཀྱི་ཕྱིར་དཀའ་སྤྱད་མཐར་ཕྱིན་པ་མཛད། དེ་རྗེས་ཀྱི་མི་ལོ་སུམ་ཅུ་སོ་དགུའི་རིང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནས། མཐར་ནུབ་ཕྱོགས་ཨོ་རྒྱན་གྱི་ཞིང་ཁམས་སུ་བྱོན། སྙིང་པོ་དོན་གྱི་བརྒྱུད་པ་དར་བར་མཛད། ཐེངས་ཤིག་གསང་སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་འཛིན་ཏེ་ཕག་མོ་མཆོད་པའི་ཆང་བསྣམས་པ་གཟིགས་པས་བི་ཀྲ་མ་ལ་ཤཱི་ལའི་དགེ་འདུན་པ་རྣམས་ཀྱིས་གནས་ལས་དབྱུང་བའི་ཚེ། ཆུ་བོ་གང་ལ་ཁྲི་སྙན་སཱ་ལའི་ལྤགས་གདན་བཏིང་ཞིང་སྦ་བེར་གྱིས་སྐྱ་བ་མཛད་ནས་རི་བོ་གསེར་གླིང་གི་དགོན་པར་ཐད་ཀར་བཞུད་པའི་གྲུབ་རྟགས་བསྟན་པས་དེ་རྣམས་འགྱོད་ཅིང་ཕྱིས་ཕར་ལ་གུས་ཕྱག་བྱས། གནས་བརྟན་ཆེན་པོ་མར་མེ་མཛད་ཀྱིས་རང་གི་ཐུགས་དམ་སྒྲོལ་མ་ལ་གསོལ་བ་བཏབ་སྟེ་ཞུས་པས། སེམས་དང་པོར་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལས་རྩུབ་མོ་བྱས་པས་སྡིག་ཤིན་ཏུ་ཆེ། རི་རབ་ལ་དཀྲིས་པས་ལན་གསུམ་དུ་འཁོར་བའི་སེམས་ཅན་ཆེན་པོའི་ལུས་ལ་བྱ་སྣ་ཚོགས་ཀྱིས་ཟ་བའི་སྡུག་བསྔལ་ཡུན་རིང་དུ་མྱོང་དགོས་པར་གསུངས། སྦྱང་ཐབས་ཞུས་པས་མཐའ་འཁོབ་ཏུ་ཐེག་པ་ཆེན་པོའི་ཆོས་བསྟན་ཞིང་ཉིན་རེར་ཚ་ཚ་བདུན་བཏབ་ན་གྲོལ་གསུངས། དེ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འདི་ཉིད་མཐའ་འཁོབ་བོད་ཀྱི་ཡུལ་དུ་བྱོན་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུ་མཚན་གྱི་གྲས་ཤིག་ཀྱང་ཡིན།
དེ་ཡང་མདོ་སྔགས་ལམ་བཟང་མཐར་ཕྱིན་མཻ་ཏྲི་པ་ཞེས་སུ་གྲགས་པ་ལྟར། བླ་མ་མཻ་ཏྲི་པ་འདི་ཉིད་མདོ་སྔགས་གཉིས་ཀར་མཁས་པའི་རྩེར་སོན་ལ། ཁྱད་པར་དུ་སྐབས་དེའི་རྒྱ་གར་གྱི་བླ་མ་རྣམས་ལས་ཟབ་མོ་ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་མཛད་མཁན་གྱི་བླ་མ་གལ་ཆེན་ཞིག་ཡིན། དེ་ཉིད་ཀྱིས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་རྒྱ་གར་ལྷོ་ཕྱོགས་འོད་མའི་ཚལ་དུ། ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ལ་སོགས་པའི་རྒྱུད་ལྔ་དང་། དོ་ཧ། ཕྱག་རྒྱ་ཆེན་པོ་དག་པ་ཡེ་ཤེས། སྐུ་གསུམ་ལམ་ཁྱེར། དགྱེས་རྡོར་ལ་སོགས་པའི་སྒྲུབ་ཐབས་མང་དུ་གནང་། ལྷག་པར་དུ་མཻ་ཏྲི་པ་ས་ཀོ་ས་ལ་བི་ཀཱའི་དུར་ཁྲོད་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་མགོན་ནག་གི་བསྒྲུབ་ཐབས་དང་བཅས་པ་གནང་བ་འདི་ཉིད། ཕྱིས་ཤངས་ཆོས་ཀྱི་བཀའ་སྲུང་གཙོ་བོར་གྱུར་ལ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་གཞན་རྣམས་ལ་ཡང་ཤུགས་རྐྱེན་ཆེས་ཆེར་ཐེབས། མཁས་གྲུབ་ཁྱུང་པོའི་སློབ་མ་ལ་སྟོད་པ་དཀོན་མཆོག་མཁར་ལ་ཡང་མཻ་ཏྲི་པ་ནས་བརྒྱུད་པའི་འཁོར་ལོ་བཞི་ཁྲིད། མཻ་ཏྲི་པ་ནས་བརྒྱུད་པའི་མཁའ་སྤྱོད་དཀར་མོ་དང་མགོན་དཀར་ཡིད་བཞིན་ནོར་བུ་གཉིས་ཀྱི་འཁོར་ལོ་བཞི་ལ་རྟེན་པའི་ཚེ་ཁྲིད་སོགས་ཀྱི་བཀའ་བབས་པའི་མཚོན་པས་ཤངས་པའི་བརྒྱུད་འཛིན་ཀུན་གྱིས་གང་དེའི་ཡེ་ཤེས་མགོན་པོའི་ཆོས་སྐོར་སོགས་ཉམས་ལེན་བྱས་དང་བྱེད་མུས་ཡིན།
གཞན་ཡང་བླ་མ་འདི་ནི་ཇོ་བོ་རྗེའི་བླ་མ་དང་། བོད་ཀྱི་རྭ་ལོ་རྡོ་རྗེ་གྲགས་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས་ཀྱི་སློབ་དཔོན་དང་། མར་པ་ལོ་ཙཱ་བའི་ཕྱག་ཆེན་གྱི་ལྟ་བའི་སྒྲོ་འདོགས་ཡོངས་སུ་ཆོད་ས་ཞིག་ཡིན་པ་ཡང་། མར་པ་ལོ་ཙཱ་བས་ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །སེམས་གནད་དུ་བསྣུན་པའི་བརྡ་དོན་གཅིག །བྲམ་ཟེ་ཆེན་པོའི་ཞལ་ནས་ཐོས། །སྐད་ཅིག་དེ་ལ་གཉིད་ཀྱང་སད་ཅེས་དང་། རྗེ་འགྲན་གྱི་དོ་མེད་རྣམ་གཉིས་བཞུགས། །གཙོ་བོ་དཔལ་ཆེན་ནཱ་རོ་པ། དེ་འོག་རྒྱལ་སྲས་མཻ་ཏྲི་པ་ཞེས། ཡང་རྗེ་མཻ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྤར་ཟིན་བྱས། དོན་སྤྲོས་བྲལ་གཉུག་མའི་ངོ་བོར་རྟོགས་ཞེས་པ་ལ་སོགས་པའི་མགུར་མང་དུ་གསུངས་པས་མཚོན་མར་པ་ལོ་ཙཱ་བ་དང་སྐབས་དེའི་བོད་ཀྱི་བླ་མ་མང་པོར་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡིན། དེ་ལྟར་བོད་ཀྱི་གྲུབ་པ་ཐོབ་པ་གསུམ་གྱི་ཡ་གྱལ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་ལྷོ་བྲག་མར་པ་ལོ་ཙཱ་བ་གཉིས་ཀྱི་ཕྱག་རྒྱ་ཆེན་པོའི་གདམས་པའི་འགོ་ཁུངས་བླ་མ་མཻ་ཏྲི་པ་ཆེན་པོ་འདི་ཉིད་ལ་གཏུགས་པ་ཡིན། དེའི་ཕྱིར་དེ་གཉིས་ཀྱི་བརྒྱུད་པའི་རྩ་བ་ཏི་ལོ་དང་ནཱ་རོ་ལ་གཏུགས་ཀྱང་། ཕྱིས་རང་རང་ཉམས་ལེན་གྱི་ཐབས་ལམ་ཅུང་ཟད་མི་འདྲ་བའི་དབང་གིས་ཕྱག་ཆེན་གའུ་མ་དང་ལྷན་ཅིག་སྐྱེས་སྦྱོར་ཞེས་ཐ་སྙད་མི་འདྲ་བ་གཉིས་སུ་སོང་བ་ཡིན། དེ་ལྟར་བོད་དར་ནང་བསྟན་གྱི་གྲུབ་མཐའ་ཆེ་བ་བཞིའི་ཁོངས་གཏོགས་སུ་གྱུར་པ་ལས་བཀའ་བརྒྱུད་པའམ་ཕྱག་ཆེན་པའི་རྩ་བའི་སྡེ་པ་གཉིས་ཏེ། དྭགས་པོ་བཀའ་བརྒྱུད་དང་ཤངས་པ་བཀའ་བརྒྱུད་ལ་དྭགས་ཤངས་ཆུ་བོ་གཉིས་འདུས་ཞེས་ཡོངས་སུ་གྲགས་པ་བཞིན་ཆུ་བོ་འདི་གཉིས་ཀྱི་ལྟ་བའི་འགོ་ཁུངས་གཅིག་ཏུ་གྱུར་པ་ཡིན།
I.3.2.3 Rahula Gupta
གསུམ། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ།
དེ་ཡང་རི་ནག་པོའི་ཁོང་གསེང་གི་པཎྜི་ཏ་འཆི་མེད་གྲུབ་པ་སྒྲ་གཅན་འཛིན་སྦས་པའི་རྡོ་རྗེ་དེ་ཉིད་རྒྱ་གར་གྱི་ལྷོ་ཕྱོགས་ཨེ་ལ་བྷེ་ཤའི་ཡུལ་གྱི་གྲོང་ཁྱེར་བྷི་ར་ཛི་རུ་རྒྱལ་རིགས་ཤིག་ཏུ་འཁྲུངས། དེ་མ་ཐག་སྤྲུལ་པའི་ལྷ་བཞིས་ཡེ་ཤེས་ཀྱི་སྣང་བ་བསྟན་པ་སོགས་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་བལྟམས་པ་ཡང་། གསོལ་འདེབས་རིན་ཆེན་སྒྲ་དབྱངས་ལས་དེ་ཚེ་འོད་དང་སྒྲ་སྙན་དྲི་བཟང་བཅས། །སྤྲུལ་པའི་ལྷ་བཞིས་ཡེ་ཤེས་སྣང་བ་བསྟན། ངོ་མཚར་དགེ་བའི་མཚན་མ་ལས་བརྩམས་ཏེ། །དེ་བ་ས་ཏཱར་གྲགས་ལ་གསོལ་བ་འདེབས་ཞེས་གསུངས་པ་ལྟར་ཡིན། དེ་ནས་དགུང་ལོ་ཉི་ཤུའི་བར་དུ་དམ་ཆོས་ལ་སྦྱངས་པ་ལྷུར་ལེན་མཛད་མཐར་ཚོགས་གསུམ་རིན་ཆེན་རྡུལ་མང་བརྩེགས་པ་ལས། །ཡོན་ཏན་ལྷུན་པོ་གླིང་བཞིའི་དབུས་ན་མཐོ། །གྲུབ་པ་ལྷ་མཆོག་བྱེ་བས་བསྟན་གྱུར་པ། །སྒྲ་ཅན་འཛིན་སྦས་ཞབས་ལ་གསོལ་བ་འདེབས་ཞེས་གསལ་བ་ལྟར་གང་དེའི་ལུང་རྟོགས་ཀྱི་ཡོན་ཏན་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་དབུས་ན་ཆེས་མཐོ་ཞིང་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་རི་ཡི་རྒྱལ་པོ་རི་རབ་ལྟ་བུ་ཡིན།
གྲུབ་ཆེན་རཱ་ཧུ་ལ་དང་ཐོག་ལན་པའི་སྤྱིལ་བུར་ཕེབས་རྗེས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་འཕན་ཡུལ་འཆད་ཁ་དགོན་དུ་གདན་དྲངས་ནས་ཟླ་བ་བཅུ་གཅིག་རིང་དབང་བསྐུར་བྱིན་རླབས་དང་གདམས་པ་མཐའ་ཡས་པ་གནང་བ་ཡང༌། མཁས་གྲུབ་ཁྱུང་པོའི་རྣམ་ཐར་ལས་ཐོག་མར་རྒྱུད་སྡེ་ཆེན་པོ་ལྔ་དལ་གཅིག་ཏུ་དབང་བསྐུར། དེའི་རྗེས་ལ་རྒྱུད་སྡེ་ལྔ་སོ་སོའི་དབང་བཞི་རྫོགས་རེ་དང་། ཏིང་ངེ་འཛིན་གྱི་དབང་རེ་རེ་ཡང་བསྐུར་ནས། དེ་རྣམས་ཀྱི་བསྒྲུབ་ཐབས་རེ་ཡང་གནང་ངོ་ཞེས་ཐོག་མར་དབང་བསྐུར་བའི་ཆོ་ག་བརྒྱད་དང་མཐུན་པར་རྒྱུད་སྡེ་དུ་མའི་དབང་བསྐུར་ཏེ་ཡི་དམ་ལྷ་རྣམས་ཀྱི་སྐུ་བསྒོམ་པ་དང་། སྔགས་བཟླ་བ། ཕྱག་མཚན་ལ་རེག་པ། ལམ་བསྒོམ་པ་སོགས་ཀྱི་དབང་ཆ་ཡོངས་སུ་སྦྱིན། དེ་རྗེས་རིམ་བཞིན་རྒྱུད་བརྟག་གཉིས་དང་། སམ་བྷུ་ཊི་དང་། བདེ་མཆོག་རྩ་རྒྱུད་དང་། རལླི་དང་། དགྱེས་རྡོར་སྒྲུབ་ཐབས་མཚོ་སྐྱེས་རྡོ་རྗེ་དང་། དེ་ཉིད་བཞི་དང་། ཕྱག་རྒྱ་བཞི་ལྡན་དང་། རྫོགས་རིམ་ལྔ་ལྡན་དང་། བདེ་མཆོག་ལུ་ཧི་པ་དང་། དཔའ་བོ་གཅིག་པ་དང་། རྗེ་བཙུན་མ་བརྒྱུད་པ་གསུམ་མ་དང་། མ་ཧཱ་མ་ཡ་ཀུ་ཀུ་རི་པའི་ཆོས་བདུན་དང་། དེ་ཉིད་འབྲེལ་ལུགས་ཆེན་མོ་དང་། ཤནྟི་པ་ཡི་དེ་ཉིད་ལྔ་ལྡན་དང་། འཇིགས་བྱེད་ཀྱི་རྟོགས་པ་བདུན་པ་དང་། དགྲ་ནག་དང་གསང་བ་སྦས་པ། ཕྲན་ཚེགས་ཉེར་མཁོའི་མན་ངག་རྣམ་པ་བརྒྱད་སོགས་གདམས་ངག་ཤིན་ཏུ་མང་པོ་གསན། ལྷག་པར་དུ་རྫོགས་རིམ་ལ་འཁོར་ལོ་ལྔའརྫོགས་རིམ་དང་། རླུང་ཤིང་རྟ་ཅན། བུམ་པ་ཅན། འཁོར་ལོ་བཅིངས་གྲོལ། འཕོ་བ་ཡེ་ཤེས་སྐར་ཁུང་མ། རྫོགས་རིམ་དེ་ཉིད་གསུམ་པ་རྣམས་ཞུས་ཞེས་འཁོད་པ་རྣམས་ལས་བླ་མ་ཤངས་པའི་རླུང་ཤིང་རྟ་ཅན་དང་བུམ་པ་ཅན། འཕོ་བ་ཡེ་ཤེས་སྐར་ཁུང་མ་སོགས་ནི་ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མིན་ཆོས་སྐོར་ཤ་སྟག་ཡིན། ཡང་མགོན་པོ་ཕྱག་དྲུག་པའི་བསྐང་གསོའི་བླ་བརྒྱུད་གསོལ་འདེབས་སུ་ཡང༌རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས། །དཔལ་ལྡན་ཤ་ཝ་རི་དབང་ཕྱུག་ལ་གསོལ་བ་འདེབས། །རྗེ་བཙུན་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས། །གྲུབ་ཆེན་ར་ཧུ་ལ་ལ་གསོལ་བ་འདེབས། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་འདེབས་ཞེས་འཁོད་པ་བཞིན། ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས་སྒྲུབ་ཐབས་དགོས་པ་ཀུན་འབྱུང་གདམས་ངག་གི་རྒྱལ་པོ་དང་། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་གི་ཡི་གེ་སོགས་མན་ངག་འགའ་ཡང་གནང་བ་མཚོན།
སྤྱིར་སློབ་མ་རྣམས་རང་གི་བླ་མ་ལས་ཆོས་ཞུ་སྐབས། སློབ་མ་བླ་མའི་མདུན་དུ་ཕེབས་ནས་ཆོས་ཞུ་བའི་གསོལ་བ་འདེབས་དགོས་ཀྱི་ཡོད་པ་ཡང་། འདུལ་བའི་མདོ་ལས་མ་གསོལ་བར་མི་བྱའོ་ཞེས་གསུངས་པ་ལྟར་ཡིན། དེ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཀྱང་ཡང་དག་གི་ཆོས་ཤིག་འཚོལ་རྒྱུའི་ཕྱིར། ཐག་རིང་རྒྱ་གར་གྱི་ཡུལ་དུ་ཞབས་གཉིས་ཀྱི་བཞོན་པར་བརྟེན་ནས་རྩོད་མེད་ཀྱི་བླ་མ་དག་འཚོལ་བར་ཕེབས་ཤིང་ཆོས་ཞུ་རྒྱུའི་གསོལ་བ་གྲངས་མེད་བཏབ་ཡོད། འོན་ཀྱང་ཏིང་ངེ་འཛིན་རྒྱལ་པོ་ལས་གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ་ཞེས་གསུངས་པ་བཞིན་གྲུབ་ཆེན་རཱ་ཧུ་ལར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཆེད་དུ་གསོལ་བ་མ་བཏབ་ཀྱང་། གྲུབ་ཆེན་འདི་ཉིད་ཀྱིས་མཁས་གྲུབ་ཁྱུང་པོ་ཉིད་གསང་སྔགས་མཆོག་འགྱུར་གྱི་གདམས་པའི་སྣོད་དུ་མཁྱེན་ཏེ་རྗེས་སུ་བཟུང་བའི་ཕྱིར་བོད་དུ་དངོས་སུ་དག་སྣང་མིན་པ་བྱོན་པའི་བླ་མ་གཅིག་པུ་དེ་རང་ཡིན། དེར་བརྟེན་མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་གི་ཡི་གེར་གདམས་ངག་སྒོ་སྐྱེལ་མཛད་པའི་ལོ་རྒྱུས་བཤད་ནས་སྤྲོ་བ་སྐྱེད་ཅེས་པ་ལྟར་ཤངས་པའི་བརྒྱུད་འཛིན་པ་ཀུན་གྱིས་བླ་མ་གང་དེར་རྩེ་གཅིག་ཏུ་དད་མོས་དང་། དེ་ཉིད་ཀྱི་གསེར་ཞལ་ལས་འཁྲུངས་པའི་གདམས་ངག་དེ་དག་ལ་ཡང་དགའ་བ་བསྒོམས་ནས་ཉམས་སུ་ལེན་དགོས་པ་གལ་ཆེ།
གཞན་ཡང་ལམ་རིམ་ཆེན་མོར་དེ་ནས་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མའི་ལུང་བསྟན་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང་། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས་ཞེས་འཁོད་པ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དགུང་ལོ་བཅུ་གཉིས་ནས་བཅོ་བརྒྱད་ཀྱི་བར་བླ་མ་རཱ་ཧུ་ལ་ཁྱོན་ལོ་དྲུག་བསྟེན་ནས་གསང་སྔགས་ཀྱི་དབང་གདམས་ངག་དང་བཅས་པ་མང་དུ་ཞུས་པ་དང་སྒྲ་ཚད་སོགས་ལ་ཡང་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེར་བརྟེན་གྲུབ་ཆེན་རྭ་ཧུ་ལ་ནི་མཁས་གྲུབ་ཁྱུང་པོ་དང་ཇོ་བོ་རྗེ་གཉིས་ཀའི་བླ་མ་ཡིན། ཡང་རི་བོ་ནག་པོ་ཞེས་བྱའི་ཤིང་གི་རིའི། ཁོང་སེང་ཉིད་དུ་འཇའ་ལུས་རྡོ་རྗེར་བཞུགས་ཞེས་འཁོད་པ་བཞིན་འདི་ཉིད་ལ་འཆི་མེད་གྲུབ་པ་ཚེ་ཡི་རིག་འཛིན་བརྙེས་ནས་ད་ལྟ་ཡང་རི་ནག་པོའི་གཙུག་ལག་ཁང་ན་བཞུགས་པ་རྗེ་ཙོང་ཁ་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་སོགས་ཀྱིས་གསུངས། རཱ་ཧུ་ལ་རང་ཉིད་ཀྱིས་མཛད་པའི་རྒྱ་གཞུང་དུ་ཁོང་རང་ཉིད་དང་མེ་ཏྲི་པ་གཉིས་དུར་ཁྲོད་ཆེན་པོ་བརྒྱད་དུ་གནས་པའི་གྲུབ་ཆེན་བརྒྱད་ཀྱི་ཁོངས་སུ་ཡང་འདྲེན་ནོ།
།ཞར་ལ་ཞུ་རྒྱུར། མཁས་གྲུབ་ཁྱུང་པོའི་རྣམ་ཐར་དང་དེ་མིན་གྱི་དཔྱད་གཞི་ཁུངས་བཙན་མང་ཆེ་བར་གྲུབ་ཆེན་རྭ་ཧུ་ལ་འདི་ཉིད་བོད་དུ་ཕེབས་པའི་ཐེངས་གྲངས་གཅིག་ཁོ་ན་ལས་འཁོད་མེད་པ་ཧ་ཅང་གསལ་ཡང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ་བོད་དུ་ཆོས་སྐྱེལ་བ་ལ་ལན་གསུམ་བྱོན་ཏེ་སྐྱེད་རྫོགས་མཐའ་ཡས་པ་གནང་ཞེས་དང་། དུང་དཀར་ཚིག་མཛོད་དུ་བླ་མ་ར་ཧུ་ལ་གུཔྟ་བཛྲ་རྒྱ་གར་ནས་བོད་དུ་ཐེངས་གསུམ་ཕེབས་ཏེ་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་གདམས་པ་མང་དུ་གནང་ཞིང་། སློབ་མ་ཡང་གྲངས་ཀྱིས་མི་ཆོད་པ་བྱུང་ཞེས་འཁོད་པ་ལྟར་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དཔའ་བོ་གཙུག་ལག་ཕྲེང་བའི་རྗེས་སུ་འབྲངས་ཏེ་གྲུབ་ཆེན་རཱ་ཧུ་ལ་འདི་ཉིད་བོད་དུ་ཐེངས་གསུམ་ཕེབས་པར་འདོད་པ་དེ་ནི་ཤངས་ཆོས་ཀྱི་ཁུངས་བཙན་དཔྱད་ཡིག་རྣམས་དང་འགལ་བས་དོན་དངོས་དང་མི་མཐུན་སྙམ། དེ་མིན་གྲུབ་ཆེན་འདི་ཉིད་བོད་དུ་དུས་ཡུན་ཇི་ཙམ་བཞུགས་པའི་སྐོར་མཁས་གྲུབ་བེའུ་བུམ་དུ་རཱ་ཧུ་ལ་བོད་དུ་ཟླ་བ་དྲུག་བཞུགས་སོ་ཞེས་གྲགས་པར་གསུངས་ཀྱང༌། ཁོ་བོས་ནི་མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཁག་ཏུ་གསལ་བར་འཁོད་པ་ལྟར་འཕན་ཡུལ་ཁོ་ནར་ཟླ་བ་བཅུ་གཅིག་བཞུགས་པར་འདོད།
སྤྱིར་རཱ་ཧུ་ལའམ་སྒྲ་གཅན་འཛིན་ཞེས་པའི་མཚན་ཐོགས་པ་ཡང་། སྟོན་པའི་སྲས་རཱ་ཧུ་ལ་དང་། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གྲས་སུ་རིགས་དམངས་རིགས་ཡིན་པའི་གྲུབ་ཆེན་རཱ་ཧུ་ལ་ཞེས་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་བླ་མ་རཱ་ཧུ་ལ་བཛྲཞེས་པ། (དེ་ཉིད་བྲམ་ཟེ་ས་ར་ཧྭ་དང་མཚུངས་པ་ཇོ་ནང་ཏཱ་ར་ནཱ་ཐ་དང་ཁེ་སི་དབུ་མན་ Keith Dowman གྱིས་བཞེད་)བོད་ཀྱི་ལོ་ཆེན་བཻ་རོ་ཙ་ན་དང་དུས་མཉམ་པའི་ཀ་ཏེའི་རྒྱལ་པོ་རཱ་ཧུ་ལ་བྷོ་བྷ། འགོས་ཁུག་པ་ལྷས་བཙས་ཀྱི་གསང་འདུས་གསན་སའི་ཁ་ཆེ་གྲི་བསྟན་གྱི་མཁས་པ་ཙནྡྲ་རཱ་ཧུ་ལ། བྷར་མའི་རྒྱལ་པོ་ཛ་ཡ་པུ་རྱའི་དུས་སུ་བྱོན་པའི་འདུལ་བ་ལ་མཆོག་ཏུ་མཁས་ཤིང་ཕྱིས་ཁྱིམ་པར་བབས་པའི་གནས་བརྟན་རཱ་ཧུ་ལ། དུས་འཁོར་ལྷན་སྐྱེས་རཱ་ཧུ་ལ་ཤྲཱི་བྷ་དྲའི་ལུགས་གཏོད་མཁན་གྱི་རཱ་ཧུ་ལ། འདི་ནི་ཁ་ཆེ་པཎ་ཆེན་ཡིན་ཆག་ལོ་ཆོས་རྗེ་དཔལ་གྱི་བསྟེན་མྱོང་བའི་བླ་མ་རཱ་ཧུ་ལ། ལྕེ་ཙནྡྲཀཱིརྟིའི་ཉེ་གནས་རཱ་ཧུ་ལ་བཛྲ། མཁས་དབང་དགེ་འདུན་ཆོས་འཕེལ་རྒྱ་གར་དུ་ཕེབས་སྐབས་ཀྱི་པཎྜི་ཏ་རཱ་ཧུ་ལ་སོགས་མང་དུ་ཡོད་མོད་ཀྱི། དེ་དག་ནི་སྐབས་འདིར་བརྗོད་པའི་ཇོ་བོ་རྗེ་དང་མཁས་གྲུབ་ཁྱུང་པོའི་བླ་མ་ར་ཧུ་ལ་འདི་ཉིད་མ་ཡིན།
I.3.2.4 Abhayakara
བཞི། སྦས་པའི་རྣལ་འབྱོར་པ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་ལ་ཕེབས་ཐེངས་གཉིས་པར་བླ་མ་འདི་ཉིད་དང་མཇལ་ནས་གསེར་སྲང་ལྔ་བརྒྱ་ཕུལ་ཞིང་། བདེ་མཆོག་ལྷ་ལྔ་དང་། མཁའ་སྤྱོད་དཀར་དམར། ཨིན་དྲ་བོ་དྷི། ཀུ་ཀུ་རི་པའི་ཆོས་བདུན། རིམ་ལྔ་གདན་ཐོག་གཅིག་མ། སྦྱོར་དྲུག །ཐབས་ལམ། འཕོ་བ། བར་དོ་ལ་སོགས་པའི་གདམས་པ་མང་དུ་ཞུས། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ཞེས་པ་ནི་བླ་མ་འདི་ཉིད་དང་། མཁའ་འགྲོ་ནི་གུ་མ། སུ་ཁ་སིདྡྷི། རཱ་ཧུ་ལ། རྡོ་རྗེ་གདན་པ་བཅས་ཀྱིས་གནང་བ་ཞིག་ཡིན། བླ་མ་འདིའི་སྐོར་གྱི་རྣམ་ཐར་ཞིབ་པ་ད་ཕན་མ་མཐོང་།
དེ་ལྟར་དམ་ཚིག་བཞི་སྟེ་བླ་མ་བརྒྱུད་པ་དང་ལྡན་ཞིང་ཡང་དག་པའི་དོན་རྟོགས་པ། དམ་ཚིག་དང་ལྡན་ཞིང་བྱིན་རླབས་འབྱུང་བ། རྒྱུད་སྡེ་ལ་མཁས་ཤིང་ཆོ་གའི་ཁ་སྐོང་ཤེས་པ། སྙིང་རྗེ་ཆེ་ཞིང་ཆགས་པ་མེད་པ་བཅས་དང་ལྡན་པའི་གོང་གསལ་གྱི་བླ་མ་རྣམས་ཀྱིས་ཟབ་རྒྱས་ཆོས་ཀྱི་གཏེར་མཛོད་ལས་དབང་བྱིན་རླབས་དང་བཅས་པ། རྒྱུད་སྒྲུབ་ཐབས་དང་བཅས་པའི་རིན་ཆེན་གསེར་ལས་ལྷག་པའི་ཟབ་ཆོས་དེ་རྣམས་ཕངས་སེམས་ཀྱི་ཞགས་པས་མ་བཅིངས་པར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་ལག་ཏུ་གཏད་པས། ཁོང་ཉིད་མདོ་སྔགས་ཆོས་ཀྱི་ཡོན་ཏན་ལ་ཡོངས་སུ་མངའ་བརྙེས་པར་གྱུར་པས་བླ་མ་ཁྱོན་བརྒྱ་དང་ལྔ་བཅུའི་ནང་གི་བླ་མ་གཞན་རྣམས་ལས་ཀྱང་བཀའ་དྲིན་ཆེ་བས། དེ་དག་ལ་མཁས་གྲུབ་གྲུབ་ཁྱུང་པོའི་རྩ་བའི་བླ་མ་རྣམ་པ་བཞི་ཞེས་འབོད་པ་ཡིན།

I.3.3 - Tibetan masters
གསུམ་པ། མཁས་གྲུབ་ཁྱུང་པོས་བསྟེན་གནང་བའི་བོད་ཀྱི་བླ་མའི་སྐོར།
མཁས་གྲུབ་ཁྱུང་པོ་འཕགས་ཡུལ་དུ་མ་ཕེབས་གོང་སློབ་དཔོན་གཡུང་དྲུང་རྒྱལ་ལས་བོན་གསན་པ་དང་། དེ་རྗེས་བླ་མ་འབྱུང་གནས་སེང་གེ་ལས་རྫོགས་ཆེན་གསན་པ། འཕགས་ཡུལ་ནས་བོད་དུ་ལན་གསུམ་འཁོར་རྗེས་དགེ་བཤེས་གླང་རི་ཐང་པ་ལས་བསྙེན་པར་རྫོགས་པ། དེ་མིན་བླ་མ་འཛིམས་ལོ་ཙཱ་བ་ཡང་བསྟེན་པ་དཔྱད་ཡིག་འགའ་ཞིག་ཏུ་འཁོད་པ་ལྟར་ན། ཁོང་གིས་སྐུ་ཚེ་གང་པོར་ཁྱོན་བོད་ཀྱི་བླ་མ་བཞི་ཙམ་ལས་བསྟེན་མེད་ཅེས་ཁ་ཚོན་གཅོད་དཀའ་ཡང་། མཚན་གསལ་པོར་འཁོད་པ་ད་ཕན་དེ་ཙམ་ལས་མ་མཐོང༌། སྐབས་འདིར་འདི་དག་གི་མཛད་རྣམ་རགས་ཙམ་བརྗོད་པ་ལ།
I.3.3.1 Yungdrung Trogyel
གཅིག །སློབ་དཔོན་གཡུང་དྲུང་རྒྱལ།
སློབ་དཔོན་འདི་ཉིད་ནི་མཁས་གྲུབ་ཁྱུང་པོ་དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས། བསྟེན་གནང་བའི་བོན་གྱི་བླ་མ་ཞིག་ཡིན་ལ། ཕལ་ཆེར་སྙེ་མོ་ཁུལ་ཏེ་མཁས་གྲུབ་ཁྱུང་པོའི་འཁྲུངས་ཡུལ་དང་བར་ཐག་མི་རིང་བའི་ས་ཁུལ་གང་རུང་ཞིག་གི་བླ་མ་ཞིག་ཡིན་པ་འདྲ་སྟེ། མཁས་གྲུབ་ཁྱུང་པོས་ཐོག་མར་བླ་མ་འདི་ཉིད་བསྟེན་སྐབས་དགུང་ལོ་བཅུ་གསུམ་ལས་སོན་མེད་པས། སྤྱིར་རྒྱང་རིང་དུ་ཕེབས་ནས་ཆོས་གསན་མི་སྲིད། བླ་མ་འདིའི་མཚན་ལ་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་དུ་བླ་མ་འདིའི་མཚན་ལ་གཡུང་དྲུང་ཁྲོ་རྒྱལ་ཞེས་པ་ཞིག་ཀྱང་འཁོད་འདུག །བླ་མ་འདིའི་སྐོར་གྱི་མཛད་རྣམ་ཞིབ་པ་ད་ཕན་ཁོ་བོས་མ་མཐོང་བས། རྣམ་དཔྱོད་ལྡན་པ་ཚོས་གཟིགས་ཚེ་འདིའི་སྐབས་སུ་བསྣན་པར་བྱའོ།
I.3.3.2 Jungné Sengé
།གཉིས། བླ་མ་འབྱུང་གནས་སེང་གེ
མཁས་གྲུབ་ཁྱུང་པོ་རྒྱ་གར་ལ་མ་ཕེབས་གོང་ཐོག་མར་བོན་གྱི་བསྟན་པ་ལ་ཞུགས་ཀྱང་ཐུགས་བློ་བསྐོང་མ་ཐུབ་པར། བླ་མ་འབྱུང་གནས་སེང་གེའི་དྲུང་དུ་ཕེབས་ནས་རྟ་དང་། དར་ཟབ། གསེར་སོགས་ཟང་ཟིང་གི་འབུལ་རྟེན་མང་དག་ཅིག་ཕུལ་ཏེ། གསང་སྔགས་སྔ་འགྱུར་རྙིང་མའི་ལུགས་ཀྱི་རྫོགས་ཆེན་ཀློང་སྡེ་དང༌། སེམས་སྡེ། མན་ངག་གི་སྡེ་སོགས་མང་དུ་གསན་པས། སེམས་སྨད་བཅོ་བརྒྱད་ལ་ཤིན་ཏུ་མཁས་པར་གྱུར་ནས་སློབ་མ་ཡང་སུམ་བརྒྱ་ཙམ་བྱུང༌། འོན་ཀྱང་མཁས་གྲུབ་ཁྱུང་པོའི་མཛད་རྣམ་སོགས་ཀྱི་དཔྱད་ཡིག་རྣམས་སུ་མཁས་གྲུབ་ཁྱུང་པོས་བླ་མ་འདི་བསྟེན་ནས་རྫོགས་ཆེན་གྱི་གདམས་པ་གསན་པ་ཙམ་ལས། བླ་མ་འདིའི་སྐོར་ཞིབ་ཕྲ་འཁོད་པ་ད་ཕན་མ་མཐོང་། དེས་ན་མཁས་གྲུབ་ཁྱུང་པོས་ས་ཆ་གང་དང་དུས་ཇི་ཙམ་དུ་བླ་མ་འདི་བསྟེན་པ་སོགས་ཀྱི་སྐོར་རྣམ་དཔྱོད་ལྡན་པ་ཚོས་གཟིགས་ཚེ་འདིར་བསྣན་གས་པར་བྱའོ།
I.3.3.3 Dzim Lotsawa
།གསུམ། བླ་མ་འཛིམས་ལོ་ཙཱ་བ།
བླ་མ་འཛིམས་ལོ་ཙཱ་བ་འདི་ནི་འགྲོ་མགོན་ཕག་མོ་གྲུ་པས་བསྟེན་མྱོང་བའི་བླ་མའི་གྲས་ཤིག་དང་། མཁས་གྲུབ་ཁྱུང་པོའི་བླ་མ་ཡང་ཡིན་པ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱི་མཛད་རྣམ་དུ་གསལ། ཆོས་རྗེ་རྨོག་ལྕོག་པ་དཔལ་ཕག་མོ་གྲུ་པ་དང་མཇལ་རྗེས། ཕན་ཚུན་གསུང་སྒྲིང་མང་དུ་མཛད་པས། འཛིམས་ཀྱི་བླ་མ་བྱང་ཆུབ་སེམས་དཔའ་འདི་མཁས་གྲུབ་ཁྱུང་པོའི་བླ་མ་གནང་མྱོང་བ་ཡང་མཁྱེན་ཏེ། བརྒྱུད་པ་གཅིག་པར་འདུག་དགོངས་ནས་གཙང་དུ་བླ་མ་དེའི་དྲུང་དུ་གདམས་ངག་ཞུ་བར་ཕེབས་སྙམ་ཙ་ན། རྗེ་བཙུན་མ་བྱོན་ནས་ཡར་ལ་འགྲོ་མི་དགོས་འོ་བརྒྱལ། ཇོ་བོ་འདི་པ་གདམས་པ་ཅན་ཞིག་འདུག་པས་འདི་ལ་ཉོན་ཅིག་གསུངས་པས། ཆོས་རྗེ་རྨོག་ལྕོག་པས་དགེ་བཤེས་ཕག་མོ་གྲུ་པ་ལ་ཇ་མང་ཚད་ཅིག་ཕུལ་ནས་དབྱར་གཅིག་གི་རིང་བླ་མ་འཛིམས་ཀྱི་ཕག་མོ་ཀེང་རུས་ཀྱི་དྲ་བ་ཅན་དང་། མཁའ་སྤྱོད་སྒྲུབ་པ། རྫོགས་རིམ་རྣམ་གསུམ། རྩ་ཁ་བཅུ་པའི་གདམས་པ། དབྱངས་ཅན་མ། ནོར་རྒྱུན་མ། བསམ་མི་ཁྱབ། རིམ་ལྔ་རིམ་གྱེས་པ། བདེ་མཆོག་དཔའ་བོ་གཅིག་པ། བིལཱ་པའི་ལམ་རྒྱས་པ། ངག་གི་དབང་ཕྱུག་གྲགས་པའི་ཡེ་གེ་གསུམ་པའི་གདམས་པ་སོགས་མང་དུ་ཞུས། གོང་གི་གདམས་པ་དེ་དག་ནི་བླ་མ་འཛིམས་ལོ་ཙཱ་བའི་ཐུན་མིན་ཆོས་སྐོར་འབའ་ཞིག་མིན་ནམ་སྙམ།
སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོར་འཛིམས་པ་ཤེས་རབ་འོད་ཀྱིས་འཛིམས་གསང་ཆེན་ཐེག་མཆོག་གླིང་ཕྱག་བཏབ་ནས་དགོངས་པ་མ་རྫོགས་བར་གནས་འདིའི་བདག་པོ་མཛད། དེ་རྗེས་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་བླ་མ་འཛིམས་ལོ་ཙཱ་བའམ་འཛིམས་བློ་ཆེན་ཞེས་པ་འདི་ཉིད་བྱོན་ནས་འཛིམས་ཀྱི་དགོན་གནས་བསྐྱངས། ལོ་ཙཱ་བ་འདི་ཉིད་ནི་རྒྱུད་སྡེ་སྤྱི་དང་ཁྱད་པར་རྣལ་འབྱོར་རྒྱུད་ལ་ཤིན་ཏུ་མཁས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པས་སྙན་གྲགས་གང་སར་ཁྱབ། དེར་བརྟེན་འཁོན་དཀོན་མཆོག་རྒྱལ་པོས་ཀྱང་འབྲོག་མི་དང་། འཛིམས་ལོ་ཙཱ་བ་འདི་ཉིད་བླ་མར་བསྟེན་ནས་གདམས་པ་མང་དུ་གསན། འཛིམས་ལོ་ཙཱ་བའི་རྗེས་ཙམ་དུ་འཛིམས་ཀྱི་དགོན་དེ་ས་ཆེན་ཀུན་དགའ་སྙིང་པོས་བདག་གིར་མཛད་པ་དང་སྦྲགས། བྱང་སེམས་ཟླ་བ་རྒྱལ་མཚན་དགོན་དེའི་རྒྱལ་ཚབ་ཏུ་མངའ་གསོལ། འཛིམས་ལོ་ཙཱ་བའི་མཛད་རྣམ་ཞིབ་པ་ད་ཕན་མ་མཇལ་བས་མཁས་གྲུབ་ཁྱུང་པོས་བླ་མ་འདི་དུས་གང་ཞིག་དང་། དུས་ཡུན་ཇི་ཙམ་བསྟེན་ནས་གདམས་པ་གང་དང་གང་ཞུས་པའི་སྐོར་མུ་མཐུད་དཔྱད་པར་འཚལ།
I.3.3.4 Langri Thangpa
བཞི། དགེ་བཤེས་གླང་རི་ཐང་པ།
དགེ་བའི་བཤེས་གཉེན་གླང་རི་ཐང་པ་ནི་འཕན་ཡུལ་གཉའ་གོང་གསེར་མ་གཤོངས་སུ་ཡབ་ཇོ་བོ་དར་མ་མདོ་བཟང་གི་སྲས་སུ་ཤིང་ཕོ་རྟ་སྟེ་སྤྱི་ལོ་1054ལོར་སྐུ་འཁྲུངས། རུས་ཤུགས་ཚང་། ཁོང་རང་ཉིད་ཀྱི་ཞང་པོ་གྲོག་མོ་མཁར་བ་ལས་རབ་ཏུ་བྱུང་ནས་མཚན་རྡོ་རྗེ་སེང་གེར་བཏགས། དང་པོར་འཚོ་བ་དཀའ་ཐུབ་ལ་གནས་ཤིང་སྡེ་སྣོད་གསུམ་སྦྱངས། སྡེ་སྣོད་གསུམ་གྱི་བརྗོད་བྱའི་དོན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་དྲིལ་ནས་ཉམས་སུ་ལེན་པའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་ལ་ཉམས་ལེན་གནད་སྨིན་གྱིས་ལན་གཅིག་གི་ཚེ་ཚེ་རབས་ཐམས་ཅད་དུ་དགེ་སློང་གི་དངོས་པོ་དང་མི་བྲལ་བའི་དམ་བཅའ་བརྟན་པོ་མཛད་པས། དཔལ་ལྷ་མོ་དྲེའུའི་སྐད་ལྷང་ངེ་བྱོན་ནས་དེའི་བར་དུ་ངས་ཁྱེད་ཀྱི་གྲོགས་བྱ་གསུངས། ཁོང་གིས་བཀའ་གདམས་སྐུ་མཆེད་གསུམ་ག་ལ་གཏུགས་ཤིང་། དགེ་བཤེས་སྣེའུ་ཟུར་པ་ལ་ཡང་ལམ་རིམ་གྱི་ཁྲིད་གསན། ལྷག་པར་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་ལ་བཀའ་གདམས་གཞུང་དྲུག་གི་བཤད་པ་མཐའ་དག་དང་། ལྐོག་ཆོས་སུ་བདག་བས་གཞན་གཅེས་པའི་བྱང་ཆུབ་སེམས་སྒོམ་པའི་མན་ངག་བློ་སྦྱོང་དོན་བདུན་མའི་ཁྲིད་ལེགས་པར་གསན་ཏེ་ཉམས་ལེན་མཐིལ་ཕྱིན་མཛད་པས་དགེ་བཤེས་པོ་ཏོ་བའི་ཐུགས་སྲས་རྣམས་ལས་དགེ་བཤེས་ཤ་ར་བ་དང་འདི་གཉིས་ལ་དབུས་ཀྱི་ཉི་ཟླ་ཟུང་གཅིག་ཅེས་པའི་མཚན་སྙན་གང་སར་ཁྱབ།
པོ་ཏོ་བ་ཆེན་པོ་གཤེགས་ཁར་ཁོང་ལ་ཁྱེད་གནས་གཅིག་ཏུ་མ་བཞུགས། དངོས་པོ་ཅི་ཡང་བདག་གིར་མ་འཛིན། དེ་གཉིས་སེམས་ལ་ཞོག་གསུངས། དེ་རྗེས་གླང་ཐང་གི་ཤར་གྱི་རི་དེའུ་དེའི་ཁར་བྱོན་ཞིང་དཔོན་ཤཱཀྱ་བས་ཞབས་ཏོག་བྱས་ནས་ལོ་གསུམ་སྒྲུབ་པ་མཛད། རབ་བྱུང་གཉིས་པའི་ཆུ་བྱ་སྤྱི་ལོ་1093ལོར་འཕན་པོ་ལྷུན་གྲུབ་ཁུལ་དུ་གླང་ཐང་དགོན་པ་བཏབ། དགེ་བཤེས་པོ་ཏོ་བའི་མཛད་པ་བཞིན་བཀའ་གདམས་གཞུང་དྲུག་དང་། བྱང་ཆུབ་ལམ་སྒྲོན། བྱམས་ཆོས་སྡེ་ལྔ་ལ་སོགས་པའི་གཞུང་ཆེ་བ་རྣམས་ཀྱིས་སློབ་མ་བསྐྱངས། དགེ་བཤེས་གླང་ཐང་པ་འདི་ཉིད་ཀྱིས་རྟག་ཏུ་སྲིད་པ་འཁོར་བའི་ཉེས་དམིགས་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་བསྒོམས་པས། ཁམས་གསུམ་འཁོར་བ་འདི་གསོས་དུས་མེད་པའི་ནད་དང་ཐར་དུས་མེད་པའི་བཙོན་ཁོ་ནར་གཟིགས། རབ་ཏུ་བྱུང་བ་ནས་སྐུ་ཚེ་ཧྲིལ་པོར་ཞལ་འཛུམ་པ་ལན་གསུམ་ལས་མ་བྱུང༌། དེར་བརྟེན་མི་རྣམས་ཀྱིས་གླང་རི་ཐང་པ་ངོ་ནག་པ་ཞེས་ཀྱང་གྲགས། ཐེངས་ཤིག་གླང་ཐང་པ་ཆོས་གསུངས་བཞིན་བཞུགས་པའི་པང་དུ་བུད་མེད་གཅིག་གིས་བུ་སྐྱེས་མ་ཐག་པ་ཞིག་ཁྱེད་རང་གི་བུ་ཡིན་ཟེར་ནས་བསྐྱལ་བར། ཞལ་ངོ་འགྱུར་བ་ཙམ་མེད་པར་བུ་དེ་གསོ་བར་མཛད། བུ་ཆེར་འོང་དུས་ཕ་དེས་ཁོའི་བུ་སྔོན་མ་རྣམས་ནར་མ་སོན་པའི་རྒྱུ་མཚན་བཅས་བཟོད་གསོལ་གྱིས་བུ་ཁྲིད་པ་ཕྱིར་གནང་བའི་ཐོག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ་དཀའ་བའི་གནས་ལ་བསླབས་པར་མཛད། ཐོག་མར་གླང་ཐང་པ་དང་། ཤ་བོ་སྒང་པ་གཉིས་ཆོས་ཕར་ཞུ་ཚུར་ཞུ་ཡིན་ཀྱང་། ཕྱིས་ཤ་བོ་སྒང་པ་པདྨ་བྱང་ཆུབ་ཀྱིས་གླང་ཐང་པ་བྱང་ཆུབ་ཀྱི་སེམས་ཚན་ཆེ། ངས་ཕན་འདོགས་པ་ལ་སྲོག་གཏོང་ནུས། གནོད་སྐྱེལ་བ་ལ་མི་ནུས། ཁོང་གིས་གཉིས་ཀ་ནུས་ཞེས་བསྟོད་བསྔགས་མཛད། གཞན་ཡང་སྐུ་མྱ་ངན་ལས་འདའ་ཁར་སེམས་ཅན་གྱི་དོན་དུ་དམྱལ་བར་སྐྱེ་བར་སྨོན་ལམ་བཏབ་པ་ཡིན་ཏེ་མི་འགྲུབ་པ་འདྲ། དག་པའི་སྣང་བ་འབའ་ཞིག་འཆར་གྱི་འདུག་གསུངས་ནས་ཐུགས་ཁྲལ་ཡང་མཛད། སེམས་དཔའ་ཆེན་པོ་འདི་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བྱང་ཆུབ་ཀྱི་སེམས་སྒོམ་པ་ཙམ་མ་ཟད། ཉམས་ལེན་གྱི་གནད་མཐའ་དག་གཅིག་ཏུ་སྒྲིལ་བའི་གསུང་སྟེ། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག་ཅེས་ལ་སོགས་པའི་བློ་སྦྱོང་ཚིག་བརྒྱད་མ་སྟེ་བཀའ་གདམས་ཀྱི་བེའུ་བུམ་ཕྲ་མོར་གྲགས་པ་དེ་མཛད། དེ་ལྟ་བུའི་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་མཐར་དགུང་གྲངས་བདུན་ཅུར་ཕེབས་པ་སྤྱི་ལོ་1123ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་མཛད་པའི་རིང་བསྲེལ་དང་ཐུགས་ལྗགས་སྤྱན་གསུམ་ཞུགས་མེ་མ་བཞེས་པར་བྱོན་པ་གླང་ཐང་དགོན་གྱི་གདུང་རྟེན་ཉི་ཟླ་མར་གྲགས་པ་དེའི་གཟུངས་སུ་བཞུགས། དགེ་བཤེས་གླང་ཐང་པའི་རྗེས་སུ་གླང་ཐང་གི་གདན་ས་འདི་ཉིད་གླང་ཐང་ཞང་དང་། མདོ་སྡེ་བ། དགེ་བཤེས་གཉེན། སློབ་དཔོན་སྒོམ་པ། དགེ་བཤེས་མགར། སློབ་དཔོན་གཙང་པ་སོགས་ཀྱིས་རིམ་པར་བསྐྱངས། སློབ་དཔོན་གཙང་པས་གླང་ཐང་རིན་ཆེན་སྒང་སངས་རྒྱས་དབོན་ལ་ཕུལ་བས། ཕྱིས་རིམ་བཞིན་དཔལ་ས་སྐྱའི་ལུགས་སུ་གྱུར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཐོག་མར་འཕགས་ཡུལ་དུ་ཕེབས་སྐབས་རྒྱ་གར་གྱི་བླ་མ་རྡོ་རྗེ་གདན་པས་ཁོང་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གླང་རི་ཐང་པ་ལས་བསྙེན་པར་རྫོགས་ཤིག་ཅེས་ལུང་བསྟན་པ་ལྟར་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་ནས་ལན་གསུམ་པར་བོད་དུ་ཕྱིར་ལོག་ཕེབས་རྗེས། གླང་ཐང་དགོན་དེ་ཉིད་དུ་བྱོན་ནས་སེམས་དཔའ་ཆེན་པོ་གླང་ཐང་པའི་སྐུ་མདུན་དུ་བསྙེན་རྫོགས་དགེ་སློང་གི་སྡོམ་པ་བཞེས་ཤིང་། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ་འདིས་གླང་རི་ཐང་པས་གཙོ་བོར་བློ་སྦྱོང་ཚིགས་བརྒྱད་མས་སྨིན་པར་བྱས་པའི་གྲྭ་པ་ཉིས་སྟོང་ཙམ་འདུས་པའི་ནང་ནས་གྲགས་ཆེ་བ་ལ། ཡར་ཀླུངས་ཀྱི་ལྕགས་ཞིང་པ། ལུང་མོ་བ་མདོ་སྡེ། ཞང་བཙུན་གཉན། མགར་ཞང་ཞུང་པ། ཁྱུང་པོ་རྣལ་འབྱོར། ཤའོ་སྒང་པ། གཡག་འདུལ་འཛིན། མ་ཐང་པ། ཉེ་མལ་བ། གླང་ཐང་ཞང་ལ་སོགས་པ་མང་དུ་བྱོན་ཞིང་ཞེས་འཁོད་པ་ལྟར་བློ་སྦྱོང་ཚིག་བརྒྱད་མ་གཙོ་བོར་གྱུར་པའི་གདམས་པ་འགའ་ཞིག་ཀྱང་གསན་བཞེས་གནང་། དེས་ན་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཀྱང་དཔལ་ལྡན་ཤངས་པའི་བཀའ་བརྒྱུད་འདི་རྒྱ་གར་གྱི་རྡོ་རྗེ་གདན་པ་དང་། བོད་ཡུལ་གྱི་སངས་རྒྱས་གླང་རི་ཐང་པའི་རྣམ་ཐར་སྐྱོང་དགོས། གཙང་སྒོམ་གྱི་བརྒྱུད་འཛིན་ཡིན། འཇོལ་ཉོག་གི་བརྒྱུད་འཛིན་མིན་ཞེས་གསུངས་པ་བཞིན་ཕྱིས་ཀྱི་ཤངས་པའི་བརྒྱུད་འཛིན་ཚད་ལྡན་རྣམས་ཀྱང་དགེ་བཤེས་གླང་རི་ཐང་པའི་གདུལ་ཁྲིམས་ཀྱི་རྣམ་ཐར་སྐྱོང་མཁན་ཤ་སྟག་ཏུ་གྱུར་པས། ཤངས་པའི་བརྒྱུད་འཛིན་རྣམས་ལ་མཁན་ཆེན་ཞི་བ་ཚོའི་སྡོམ་རྒྱུན་དྲི་མེད་མངའ་བ་ཡང་སེམས་དཔའ་ཆེན་པོ་འདི་ཁོ་ནའི་བཀའ་དྲིན་གྱི་བདག་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན།
འོན་ཏེ་མཁས་གྲུབ་ཁྱུང་པོས་དགེ་བཤེས་གླང་ཐང་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་ཞིབ་ཕྲའི་ལོ་ཚིགས་ངེས་པར་དཀའ་ཡང་། འཕན་ཡུལ་གྱི་གནས་བཤད་ངོ་མཚར་རིག་གནས་ཀྱི་བང་མཛོད་ཅེས་པར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་དགུང་ལོ་བདུན་ཅུ་ལ་གླང་ཐང་པའི་མདུན་དུ་བསྙེན་པར་རྫོགས། དེ་དུས་གླང་ཐང་པ་དགུང་ལོ་ཞི་བཅུ་ཡིན་ཞེས་གསལ་བར་འཁོད་མོད། གལ་ཏེ་མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་ཆོས་འབྱུང་མཁས་དགའ་ལྟར་སྤྱི་ལོ978ལོར་བརྩིས་པའི་དགུང་ལོ་བདུན་ཅུ་སྟེ་སྤྱི་ལོ1048ལོ་དང་། སུམ་པའི་ཆོས་འབྱུང་ལྟར་སྤྱི་ལོ་990ལོར་བྱས་པའི་དགུང་ལོ་བདུན་ཅུ་སྟེ་སྤྱི་ལོ1060ལོར་འཁེལ་བས། ལོ་ཚིགས་སྔ་མ་སྤྱི་ལོ1048ལོ་ལྟར་ན་གླང་ཐང་དགོན་ཡང་ཕྱག་མ་བཏབ་གོང་ད་དུང་ལོ45ཡོད་པ་མ་ཟད། སྐབས་དེ་དུས་གླང་ཐང་པ་དགུང་ལོ་བཞི་བཅུར་ཕེབས་ཞེས་ཟེར་བས། དགོན་གནས་འདེབས་དུས་ཁོང་དགུང་ལོ་བརྒྱད་ཅུ་གྱ་ལྔར་ཕེབས་དགོས་པས། སྐུ་ཚེའི་ཚད་ལོ་གྲངས་བདུན་ཅུ་ལས་མེད་པ་དང་འགལ་ལ། གླང་ཐང་པའི་ཡོངས་གྲགས་ཀྱི་འཁྲུངས་ལོ་ཡང་སྤྱི་ལོ1054ལོ་ཡིན་པས་སྐབས་དེ་དུས་ཁོང་མ་འཁྲུངས་གོང་ད་དུང་ལོ་དྲུག་ཡོད་པ་ཡིན། ཡང་ལོ་ཚིགས་ཕྱི་མ་སྤྱི་ལོ1060ལོ་ལྟར་ན། གླང་ཐང་པ་སྐུ་འཁྲུངས་ནས་དགུང་གྲངས་དྲུག་ལས་ཕེབས་མེད་པའི་བྱིས་པ་ཞིག་གིས་མཁས་གྲུབ་ཁྱུང་པོར་བསྙེན་རྫོགས་ཀྱི་སྡོམ་པ་གནང་ག་ལ་སྲིད། གཞན་ཡང་སྐབས་དེ་དུས་མཁས་གྲུབ་ཁྱུང་པོ་རྒྱ་གར་ནས་ལན་གསུམ་འཁོར་མི་སྲིད་པས་གོང་གི་ལོ་དུས་དེ་ལས་ངེས་པར་ཕྱི་བ་ཞིག་ཡིན་དགོས།

I.3.4 - One hundred and fifty lamas
བཞི་པ། ཞར་བྱུང་བླ་མ་བརྒྱ་དང་ལྔ་བཅུའི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་དུ་རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་ཕྱིན། རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན་ཞེས་འཁོད་པ་བཞིན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་གྱི་མཁས་པ་བརྒྱ་ཕྲག་ཕྱེད་དང་གཉིས་བསྟེན་པ་དེ་ཁོང་གི་མཛད་རྣམ་གཞན་སོགས་ཤངས་པའི་ཚད་ལྡན་གྱི་དཔྱད་ཡིག་རྣམས་དང་གཅིག་མཚུངས་ཡིན། ཡང་རྡོ་རྗེ་གདན་གྱི་དུས་མཆོད་ཆེན་མོའི་སྐབས་བླ་མ་རྡོ་རྗེ་གདན་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་། མཁའ་འགྲོ་མ་སུ་ཁ་སིདྡྷི་དང་། རྡོ་རྗེ་མཆེད་གསུམ་ལ་སོགས་པའི་བླ་མ་བརྒྱ་ལྔ་བཅུ་ལ་གསེར་མང་པོ་ཕུལ། ཚོགས་ཀྱི་མཆོད་པ་མང་པོ་བྱས་པས། བླ་མ་འགའ་ཞིག་གིས་གནད་ཀྱི་གདམས་པ་མང་དུ་གནང་ངོ་། ཁ་ཅིག་གིས་ལུང་བསྟན་མང་པོ་མཛད་དོ་ཞེས་གསལ་བ་ལྟར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དུ་ཐེངས་གསུམ་པ་ཕེབས་པའི་ཚེ། རྡོ་རྗེ་གདན་དུ་བླ་མ་བརྒྱ་དང་ལྔ་བཅུ་ལ་ཚོགས་ཀྱི་མཆོད་པ་རྒྱ་ཆེར་མཛད། སྐབས་དེར་ཡང་བླ་མ་བརྒྱ་དང་ལྔ་བཅུ་ཞེས་ཐོན་ཡོད། དེ་ནི་རྗེ་མར་པའི་རྣམ་ཐར་བླ་མ་དགྱེས་པའི་བསྟོད་དབྱངས་སུ་ནཱ་རོ་མཻ་ཏྲི་མ་གཏོགས་པའི། བླ་མ་བརྒྱ་དང་བརྒྱད་ཅུ་བཞུགས་ཞེས་འཁོད་པ་ལྟར་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་སྔ་རྟིང་ཁྱོན་དུ་བསྟེན་པའི་བླ་མ་བརྒྱ་དང་བརྒྱད་ཅུ་ལས་སུམ་ཅུས་ཉུང་བ་དང་། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་སྔ་ཕྱི་ཁྱོན་དུ་བླ་མ་བརྒྱད་ཅུ་གྱ་གསུམ་བསྟེན་མྱོང་བ་ལས་དྲུག་ཅུ་རེ་བདུན་གྱིས་མང་བ་ཡིན། འོན་ཀྱང་མཁས་གྲུབ་ཁྱུང་པོའི་རྣམ་ཐར་ཁུངས་མ་ཁག་ཏུ། མཁས་གྲུབ་ཁྱུང་པོས་དངོས་སུ་བསྟེན་པའི་རྒྱ་གར་དང་བལ་པོའི་བླ་མ་ཁྱོན་སུམ་ཅུ་སོ་བདུན་གྱི་མཚན་ཙམ་ལས་ཐོན་མེད། དེ་དག་གི་མཚན་རྣམས་རྣམ་ཐར་དུ་ཐོན་པའི་གོ་རིམ་བཞིན་འདིར་དྲངས་ན། སྐོར་ནི་རུ་པ། བལ་པོའི་པཎྜི་ཏ་བྷ་སུ་ན་མ་ཏི་དང༌། པཎྜི་ཏ་ཨ་ཐུ་ལ་བཛྲ། བླ་མ་རྡོ་རྗེ་གདན་པ། རྗེ་བཙུན་ཤྲཱི་བྷ་དྲ་པ་ན་ངྷ། བཻ་རོ་ཙ་ན། དུས་ཞབས་པ་ཆུང་བའི་སློབ་མ་ཁ་ཆེ་དགོན་པ་བ། ཞིང་གི་རྡོ་རྗེ། མི་མཉམ་རྡོ་རྗེ། རིན་ཆེན་རྡོ་རྗེ། ཀ་ན་ཀ་ཤཱི་ལ། བྲམ་ཟེ་རཏྟ་ཕ་ལ། ཕམ་ཐིང་པ། དྭ་ཆེན་པོ། སུ་མི་ཏི་ཀིརྟི། དྷརྨ་ཕ་ལ། ན་ཏེ་གྷནྡ་པ་(དེབ་སྔོན་དུ་ན་ཏེ་ཀ་ར་ཞེས་འཁོད་)རྗེ་བཙུན་མ་རིན་ཆེན་ལྷ་མོ། གྲུབ་ཐོབ་ཉི་མའི་སྙིང་པོ། བླ་མ་མེ་ཏྲི་པ། ནི་གུ་མ། སྦས་པའི་རྣལ་འབྱོར་པ། པཎྜི་ཏ་རོལ་པའི་རྡོ་རྗེ། ཨརྱ་དེ་བ། མཁའ་འགྲོ་མ་སུ་མ་ཏི། ཌཱ་ཀི་མ་སུ་ཁ་སིདྡྷི། མཁའ་འགྲོ་མ་གང་ག་དྷ་ར། ཀུན་ཏུ་བཟང་མོ། པཎྜི་ཏ་བདེ་བའི་རྡོ་རྗེ། པཎྜི་རོལ་པའི་རྡོ་རྗེ། འཇིགས་མེད་རྡོ་རྗེ། བླ་མ་ཨ་ཏ་ཡ་བཛྲ། པཎ་ཆུང་། རྒྱལ་པོ། བྷ་རོ། ཇོ་བོ་རྗེ། གྲུབ་ཆེན་ར་ཧུ་ལ་སོགས་ཡིན། འདི་དག་ལས་མཁས་གྲུབ་ཁྱུང་པོ་རྒྱ་བལ་དུ་མ་ཕེབས་གོང་བླ་མ་གཅིག་དང་། ཕེབས་ཐེངས་དང་པོར་བསྟེན་པའི་བླ་མའི་མཚན་འཁོད་པ་ཁྱོན་བཅུ་གཅིག་དང་། ཐེངས་གཉིས་པར་ཉེར་གསུམ། (ཐེངས་གསུམ་པར་སྔོན་གྱི་བླ་མར་མཆོད་འབུལ་དང་གདམས་པ་འགའ་ཞུས་)རྒྱ་གར་ནས་བོད་དུ་ཕེབས་རྗེས་སུ་བླ་མ་གཉིས་བཅས་བསྟེན་པ་ཡིན། གཞན་ཡང་རྒྱ་གར་ཆོས་འབྱུང་དུ་སློབ་དཔོན་ཀ་མ་ལ་རཀྵིཏ་འདི་ཇོ་བོ་རྗེ་དང་། ཁྱུང་པོ་རྣལ་འབྱོར་པ་ལ་སོགས་པའི་ཡང་བླ་མ་སྐུ་དྲིན་ཆེ་བ་གཅིག་ཡིན་པར་གདའ་ཞེས་འཁོད་པ་ལྟར་བི་ཀྲ་མ་ལ་ཤི་ལའི་མཁན་པོ་མཛད་མྱོང་བའི་རྣལ་འབྱོར་པ་ཀ་མ་ལ་རཀྴི་ཏ་འདི་ཉིད་དང་བཅས་ད་ཕན་ལོ་རྒྱུས་ཆོས་འབྱུང་ཁག་ཏུ་མཚན་གསལ་བར་འཁོད་པའི་བླ་མ་ཁྱོན་སུམ་ཅུ་སོ་བརྒྱད་མཆིས། དེ་ཡང་འཇིག་རྟེན་གྱི་ཁ་དཔེར་མང་ལ་བརྟེན་ན་མཁས་པ་ཡིན་ཞེས་སུ་གྲགས་པ་ལྟར་ཁོང་གིས་སྐུ་ཚེ་གང་པོར་དཀའ་སྡུག་ཁྲི་ཕྲག་ཁྱད་བསད་ཀྱིས་འཕགས་བོད་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་མཆོད་དེ་གདམས་ངག་ཡིད་བཞིན་ནོར་བུའི་ཟབ་བཅུད་མཐའ་དག་ལེགས་པར་བླངས་པས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན་ལ་མངའ་བརྙེས་ནས་བོད་ཁ་བ་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་སྤར་རོ།

།སྨྲས་པ། ལྔ་བཅུ་ཕྲག་གསུམ་འཕགས་བོད་མཁས་གྲུབ་མཁྱེན་པའི་ཐུགས་ཀྱི་གྲུ་ཆར་གྱིས། །མཁས་གྲུབ་ཁྱུང་པོའི་ཐུགས་རྒྱུད་ཞིང་ས་ཚེ་རབས་གཏན་དུ་བརླན་མཛད་ཅིང་། །མདོ་སྔགས་རབ་འབྱམས་གཞུང་བཟང་རྩི་བཅུད་གོ་ལའི་རྩེ་མོར་རྒྱས་པ་ཡིས། །རྡོ་རྗེ་འཆང་དབང་བླ་མའི་དྲིན་གྱིས་བོད་ཁམས་སྐྱེ་འགྲོའི་དོན་གཉིས་བསྒྲུབས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

I.4 - Monasteries and retreat places
།ལེའུ་བཞི་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་འབྲེལ་བའི་དགོན་སྡེ་དང་སྒྲུབ་གནས་ཀྱི་སྐོར།
སྤྱིར་རང་རེ་བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་ཆེན་གང་འདྲ་ཞིག་ཡིན་རུང་། རང་ཉིད་འཚོ་ཞིང་གཞེས་པའི་སྐབས་དེའི་སྤྱི་ཚོགས་དང་མི་རྣམས་ལ་ཆོས་ལུགས་སོགས་ཀྱི་རིག་གནས་བརྒྱུད་སྤེལ་བྱེད་པར། སྔོན་འགྲོའི་ཆ་རྐྱེན་གསུམ་ངེས་པར་དུ་ཚང་དགོས་པ་ལས། གཅིག་ནི་ཕྱོགས་བཞིའི་སྐྱེ་འགྲོ་ཀུན་གྱི་བློ་སེམས་འགུག་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་ཡིན་ཏེ། དེ་ནི་རིག་གནས་བརྒྱུད་སྤེལ་གྱི་མ་རྩ་ལྟ་བུ་ཞིག་ཡིན་པ་དང་། གཉིས་ནས་དུས་ཀྱི་ཆ་རྐྱེན་ཏེ་རིག་གནས་ལ་གཙིགས་མཐོང་ཆེ་བ་དང་། རིག་གནས་སྦྱོང་བར་མོས་པ་དང་ཁོམ་པ་ཡོད་པའི་དུས་སྐབས་ཤིག་དགོས། གསུམ་ནས་ཡུལ་གྱི་ཆ་རྐྱེན་ཏེ་བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་ཆེན་མང་པོ་ཞིག་ཆོས་བྱེད་མི་སྣ་ཡིན་སྟབས། རིག་གནས་སྤེལ་སའི་གནས་གཞི་སྟེ་རང་ལུགས་ཀྱི་བརྒྱུད་པ་དར་སྤེལ་དང་སྒྲིག་འཛུགས་བྱེད་སའི་དགོན་སྡེ་ཞིག་དགོས་པ་ཡིན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཆ་མཚོན་ན་ཡང་། རང་རྒྱུད་སྨིན་པར་བྱེད་པའི་ལམ་སྦྱོང་སྐབས་ཀྱི་གནས་གཞི་དང༌། གཞན་རྒྱུད་འདུལ་བར་བྱེད་པའི་ཐབས་སྟོན་དུས་ཀྱི་གནས་གཞི་གཉིས་ཡོད་པ་ལས་དང་པོ་དེ་དག་མང་ཆེ་བ་ནི་འདུ་འཛི་གཡེང་བའི་བདུད་ཀྱི་བར་ཆད་མེད་པའི་རི་ལུང་ཁུག་ཀྱོག་ཏུ་གནས་ལ། གཉིས་པ་ནི་རིག་གནས་དར་འཕེལ་གཏོང་བདེ་བའི་འདུ་འཛོམས་ཅུང་ཆེ་བའི་ས་ཁུལ་དུ་གནས་པ་ཡིན།

I.4.1 - ...
དང་པོ། བོད་དུ་སློབ་གཉེར་གནང་རིང་གི་དགོན་གནས་སྐོར།
དེ་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དགུང་ལོ་བཅུ་ནས་བཟུང་སྟེ་ཡི་གེ་འབྲི་ཀློག་དང་། རྒྱ་རྩིས། དུས་འཁོར་སོགས་ལ་སྦྱངས་པ་མཛད་པ་དང་། དགུང་ལོ་བཅུ་གསུམ་ནས་བཟུང་སྟེ་སྔ་རྗེས་སུ་གཡུང་དྲུང་བོན་གྱི་བསྟན་པ་དང་སྔ་འགྱུར་རྙིང་མའི་ཆོས་སྒོར་ཞུགས་ཏེ་མཁས་པར་གྱུར། དེར་བརྟེན་མཁས་གྲུབ་ཁྱུང་པོ་ལ་སློབ་པ་ལམ་གྱི་གནས་སྐབས་སུ་རིག་གནས་མི་འདྲ་བ་སྦྱོང་སའི་དགོན་གནས་འགའ་ཞིག་ཡོད་པ་རགས་ཙམ་སྒྲིང་བ་ལ།
I.4.1.1 ...
གཅིག །བོན་ལ་སློབ་གཉེར་གནང་སའི་དགོན་གནས།
དེ་ཡང་མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཁག་དང་། དེ་མིན་གྱི་ཁུངས་བཙན་དཔྱད་ཡིག་རྣམས་སུ། ཁོང་དགུང་ལོ་བཅུ་གཉིས་སམ་བཅུ་གསུམ་ལ་སོན་སྐབས་བླ་མ་གཡུང་དྲུང་རྒྱལ་བ་སློབ་དཔོན་དུ་བསྟེན་ཏེ་བོན་ལ་སྦྱངས་པ་མཛད་པའི་སྐོར་གསལ་བར་འཁོད་ཡོད་མོད། འོན་ཀྱང་བོན་ལ་སློབ་གཉེར་གནང་སའི་དགོན་གནས་དེའི་མཚན་དང་ས་ཆ་གང་དུ་ཡིན་མིན་སྐོར་གཅིག་ཀྱང་འཁོད་མེད། མ་གཞི་མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་འཁྲུངས་ཡུལ་སྙེ་མོ་ཁུལ་དུ་བོན་དགོན་རྨེའུ་ཡི་གདན་ས་ཆེན་མོ་དཔལ་ལྡན་ཟངས་རི་དགོན་སོགས་ཡོད་པས། ཕལ་ཆེར་དེ་དག་གང་རུང་ཞིག་ཏུ་མིན་ནམ་སྙམ་སྟེ། རྩོམ་པ་པོ་ཞོལ་མུ་ཡི་འཆི་མེད་རྡོ་རྗེའི་སེམས་སུ་མཁས་གྲུབ་ཁྱུང་པོ་བོན་ལ་སྦྱངས་པ་མཛད་པ་དང་། བོན་དགོན་གྱི་ཁྲིར་མངའ་གསོལ་བའི་དགོན་གནས་དེ་ནི་སྙེ་མོ་ཁུལ་གྱི་བོན་དགོན་ཆེ་ཤོས་ཤིག་ཡིན་པ་དང༌། རི་ལྡེབས་སུ་ཆགས་ཡོད་པར་གསུངས་པ་རྣམས་བདེན་ན་དཔལ་ལྡན་ཟངས་རི་དགོན་དེ་ཉིད་ཡིན་པར་ངེས། འོན་ཀྱང་དགོན་འདི་ཕྱག་འདེབས་པའི་དུས་ཚོད་ནི་སྤྱིར་རབ་བྱུང་གཉིས་པའི་མེ་བྱི་སྤྱི་ལོ1096ལོ་ཡིན་ལ། སྐབས་དེར་མཁས་གྲུབ་ཁྱུང་པོ་རྒྱ་གར་ནས་ལན་གསུམ་པ་འཁོར་ཟིན་པས་དུས་སྔ་ཕྱི་འགལ། དེས་ན་མཁས་གྲུབ་ཁྱུང་པོས་བོན་ལ་སློབ་གཉེར་གནང་སའི་དགོན་གནས་སམ། ཡང་ན་སློབ་དཔོན་གཡུང་དྲུང་རྒྱལ་བ་བཞུགས་སའི་དགོན་གནས་དང་། དེ་མིན་ཕྱིས་མཁས་གྲུབ་ཁྱུང་པོ་བོན་ལ་མཁས་པར་གྱུར་ཏེ་ཚོགས་པ་སྐྱོང་སའི་དགོན་གནས་སོགས་ནི་ཁོ་བོར་འོལ་ཚོད་ཀྱིས་བརྗོད་པའི་སྤོབས་པ་བྲལ་བས་རྣམ་དཔྱོད་ལྡན་པ་ཚོའི་དཔྱད་བྱ་ཁོ་ནར་སྣང༌།
I.4.1.2 ...
གཉིས། རྙིང་མ་པར་སློབ་གཉེར་གནང་སའི་དགོན་གནས།
མཁས་གྲུབ་ཁྱུང་པོ་བོན་གྱི་བསྟན་པ་དང་གྲྭ་སློབ་རྣམས་ལས་ཞལ་གྱེས་རྗེས་བླ་མ་འབྱུང་གནས་སེང་གེའི་དྲུང་དུ་རྫོགས་ཆེན་གསན་པའི་སྐོར་ཁོང་རང་ཉིད་ཀྱི་མཛད་རྣམ་དང་། འབྲེལ་ཡོད་ཀྱི་དཔྱད་ཡིག་རྣམས་སུ་གསལ་བར་འཁོད་མོད། འོན་ཀྱང་ཁོང་གསང་སྔགས་རྙིང་མའི་ཆོས་སྒོར་ཞུགས་སའི་དགོན་གནས་དེ་གང་དུ་ཡིན་མིན་སྐོར་མིག་སྔའི་དཔྱད་ཡིག་དེ་དག་ཏུ་གཅིག་ཀྱང་འཁོད་མེད་པས། རྣམ་དཔྱོད་ལྡན་པ་ཚོས་འདིའི་སྐོར་གསལ་བར་མཁྱེན་ཚེ་སྐབས་འདིར་བསྣན་པར་རིགས་སོ།
I.4.1.3 ...
།གསུམ། བོད་དུ་ཕྱག་ཆེན་གསན་སའི་དགོན་གནས་ཤོ་མ་ར།
དེ་ཡང་ལྡེའུ་ཆོས་འབྱུང་དུ་བོད་ཀྱི་ཁོད་ཀྱི་ཤོད་ཤོ་མ་རར་བྱས་ཞེས་གསལ་བ་ལྟར། སྐྱི་ཤོད་ཤོ་མ་ར་ནི་སྤྱི་ལོའི་དུས་རབས་བདུན་པའི་སྐབས་ཏེ་སྤུར་རྒྱལ་གྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དར་རྒྱལ་མང་པོ་རྗེས་བློན་ཆེན་མགར་སྟོང་བཙན་ལ་རོགས་བགྱིས་ཏེ་བོད་ཀྱི་ཁོད་བཤམས་སའི་གནས་གཞི་གལ་ཆེན་ཞིག་ཡིན། སྐྱི་ཤོད་ཅེས་ཡིག་རྙིང་འགའ་ཞིག་ཏུ་ཐོན་པ་ལྟར་སྤྱིར་སྐྱིད་ཆུ་རྒྱུག་ཁུལ་ཞིག་ཏུ་ཡིན་པ་ཐེ་ཚོམ་མེད། དེས་ན་ཤོ་མ་ར་ཞེས་པའི་ས་དེ་ནི་དབུས་ཁུལ་ཏེ་ལྷ་ས་དང་ཅུང་བར་ཐག་ཉེ་བའི་ས་ཆ་གང་རུང་ཞིག་ཏུ་ཡོད་དགོས་པ་ལས། མིག་སྔའི་དཔྱད་ཡིག་རྣམས་སུ་སྟོད་ལུང་དང་འཕན་པོའི་ཁོངས་གཉིས་གང་རུང་ཞིག་ཏུ་ཡོད་པར་བཞེད། དེབ་སྔོན་དུ་དེ་ནས་མཁས་གྲུབ་ཁྱུང་པོས་སྟོད་ལུང་ཤོ་མ་རར་སྐོར་ནི་རུ་པའི་ཆོས་མ་ལུས་པ་གསན་ཞེས་པའི་ནང་ཤོ་མ་ར་དེ་སྟོད་ལུང་གི་ཁོངས་སུ་བརྩིས་པ་འབྲུག་པའི་ཆོས་འབྱུང་སོགས་དང་མཐུན། འོན་ཀྱང་མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཁུངས་མ་རྣམས་སུ་ད་ལྟ་སྒོམ་སྤྱོད་གསུམ་འཛོམ་པའི་ཆོས་གཅིག་བསྩལ་དགོས་སྙམ་ནས་གྲྭ་པ་རྣམས་བཞག་ནས་སྟོད་ལུང་ལ་ཡོང་། ལྷ་ས་བསྐོར། ཤོ་མ་རར་སྐོར་ནི་རཱུ་པའི་སྤྱན་སྔར་ཕྱིན་ནས་ཞེས་འཁོད་པ་བཞིན་མཁས་གྲུབ་ཁྱུང་པོས་སྔ་རྗེས་སུ་བོན་དང་རྙིང་མ་བཅས་ལ་ཞུགས་ཀྱང་ཐུགས་ཡིད་མ་ཚིམས་པར། ཐོག་མར་སྟོད་ལུང་དང་། དེ་ནས་ལྷ་ས། དེ་རྗེས་ཕྱོགས་མ་རར་རིམ་གྱིས་ཕེབས་པའི་ལམ་ཐིག་དེའི་ཐོག་ནས་གསལ་བར། མ་གཞི་མཁས་གྲུབ་ཁྱུང་པོ་ཕེབས་པའི་སྐུ་དུས་སུ་ཤོ་མ་ར་དེ་སྟོད་ལུང་གི་ཁོངས་སུ་མེད་པར་མི་སྲིད་ཀྱང་། གལ་ཏེ་དེ་ལྟར་ཡིན་ན་སྤྱིར་ལྷ་ས་བསྐོར་མི་དགོས་པར་སྟོད་ལུང་ནས་ཐད་ཀར་ཕེབས་ན་ཆོག་ཀྱང་། ལྷ་ས་བསྐོར་ཞེས་པས་གཅིག་ནས་གནས་མཇལ་བ་སོགས་ཀྱི་དོན་ཡོད་སྲིད་པ་དང་། གཉིས་ནས་འགྲོ་ལམ་བསྐོར་ཏེ་ཕེབས་པ་དེས་ལྷ་ས་བརྒྱུད་རྗེས་རིམ་བཞིན་བྱང་ཤར་དུ་ཕེབས་པའི་ཚུལ་འདྲ་བར་སྣང་། དེར་བརྟེན་མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་ཡང་ཤོ་མ་རར་སྐོར་ནི་རུ་པའི་སྤྱན་སྔར་ཕེབས་ཞེས་པ་ཁོ་ན་ལས་སྟོད་ལུང་ཤོ་མ་ར་ཞེས་ཐད་ཀར་འཁོད་མེད། དེས་མ་ཟད་དེང་གི་དུས་སུ་སྟོང་ལུང་རྫོང་ཁོངས་སུ་ཤོ་མ་ར་ཞེས་པའི་ས་མིང་མ་རྙེད་པས་ཁོ་བོས་ནི་འཕན་པོ་དབུ་རུ་ལུང་དུ་ཡོད་པའི་ཤོ་མ་ར་ཞེས་པ་དེ་རང་ཡིན་པར་སེམས།
གང་ལགས་ཤེ་ན། ད་ལྟའི་ཆར་འཕན་པོ་ལྷུན་གྲུབ་རྫོང་ཕུ་མདོ་ཡུལ་ཤོག་འབའ་རྡོ་ཚོན་གྱི་ཤོ་མ་ར་གྲོང་ཚོ་དང་སྔར་གྱི་དབུ་རུ་ལུང་ཡུལ་ཤོག་སྲིད་གཞུང་གནས་ཡུལ་གྱི་ནུབ་ངོས་རི་ལྡེབས་སུ་ཤོ་མ་རའི་དགོན་ཤུལ་དངོས་སུ་མཇལ་རྒྱུ་འདུག །ཤོ་མ་ར་དགོན་འདི་དུས་ཇི་ཙམ་ལ་སུས་ཕྱག་བཏབ་མིན་གསལ་བར་མི་འཁོད་ཀྱང་། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དཔལ་ཕག་མོ་གྲུ་པའི་སློབ་མ་ཁམས་པ་མི་གསུམ་ཞེས་པའི་གྲས་ཀྱི་བླ་མ་ལ་མོས་གུས་མཐར་ཕྱིན་པ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་བྱང་སྟག་ལུང་དགོན་པའི་གདན་ས་དང་པོ་ཤོ་མ་ར་གཙུག་ལག་ཁང་དུ་བསྙེན་རྫོགས་ཏེ་དགེ་སློང་གི་སྡོམ་པ་བཞེས་སའི་གནས་གཞི་ཡང་ཡིན་པ་སྟག་ལུང་ཆོས་འབྱུང་སོགས་སུ་གསལ། སྟག་ལུང་ཐང་པ་གནས་འདིར་བྱོན་དུས་ནི་དགུང་ལོ་ཉེར་དགུ་པ་སྤྱི་ལོ་1170ལོ་ནས་དགུང་ལོ་སོ་བརྒྱད་པ་སྤྱི་ལོ་1179ལོ་བར་ཙམ་སྟེ། མི་ལའི་རྫོང་དྲུག་དང་འདྲ་བར་སེང་གླིང་རྒོད་ཚང་སོགས་སྟག་ལུང་ཐང་པའི་རྫོང་དྲུག་ཏུ་གྲགས་པ་རྣམས་སུ་སྐུ་མཚམས་དམ་པོར་བཅད་ནས་བཞུགས་པའི་རིང་གི་དུས་གང་རུང་ལས། ལྷོ་རོང་ཆོས་འབྱུང་དུ་དེ་ནས་སྟག་ལུང་ཐང་པ་བསྙེན་རྫོགས་བཞེད་ཀྱང་ཁྱུང་ཚང་བ་ནི་གཤེགས། ཤོ་མ་རར་བྱོན། ཁང་ཆེན་པས་ཞུ་སྣ་བྱས་ནས་མཁན་པོ་ཞང་ཤོ་མ་ར་དང་། སློབ་དཔོན་མར་པ་སྟོན་གསལ་བ། གསང་སྟེ་སློབ་དཔོན་ཞང་སྟོན་སྒོས་མིག་པའི་དྲུང་དུ། དགུང་ལོ་སུམ་ཅུ་རྩ་གཅིག་ཆུ་ཕོ་འབྲུག་ལོ་ལ་བསྙེན་པར་རྫོགས་པར་མཛད་ཅེས་འཁོད་པ་ལྟར། སྟག་ལུང་ཐང་པ་དགུང་ལོ་སུམ་ཅུ་སོ་གཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པས། དགུང་ལོ་སོ་གཅིག་ཏུ་ཕེབས་པ་སྟེ་ཆུ་འབྲུག་སྤྱི་ལོ1172ལོའི་ཡས་མས་སུ་ཡིན། སྟག་ལུང་ཐང་པ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་སྐབས་མཁན་པོ་ཞང་ཤོ་མ་ར་ཞེས་པ་ཞིག་ཡོད་པས། ཁོང་གནས་དེར་ཕེབས་ནས་བསྙེན་རྫོགས་ཀྱི་སྡོམ་པ་མ་བཞེས་པའི་གོང་སྟེ་སྤྱི་ལོ1172ལོའི་སྔོན་དུ་དགོན་གནས་འདི་ཉིད་ཕྱག་བཏབ་ཟིན་དགོས་པས། ཕྱག་འདེབས་པ་པོ་ནི་ཕལ་ཆེར་མཁན་ཆེན་ཤོ་མ་ར་འདི་ཉིད་མིན་ནམ་སྙམ། དགོན་འདི་ཉིད་ནི་བསྟན་པ་ཕྱི་དར་དུས་སུ་དགེ་འདུན་ཞལ་གྲངས་བདུན་སྟོང་ཙམ་ཟིན་པའི་གཞི་ཁྱོན་ཧ་ཅང་ཆེ་བ་ཞིག་ཡིན། འོན་ཀྱང་དུས་ཇི་ཙམ་ལ་ཐོར་ཞིག་ཏུ་སོང་མིན་སྐོར་ཞིབ་པར་མི་གསལ་ཡང་། དུང་དཀར་ཚིག་མཛོད་དུ་ཤོ་མ་རར་དགོན་པ་ཆེན་པོ་ཞིག་ཡོད་འདུག་ཀྱང་རྗེས་སུ་རབ་བྱུང་གསུམ་པའི་ལྕགས་བྱི་སྤྱི་ལོ་1240ལོར་ཡོན་རྒྱལ་རབས་ཀྱི་དམག་དཔོན་དོར་རྟའི་དམག་དཔུང་བོད་དུ་ཡོང་སྐབས་བྱང་རྒྱུད་ཀྱི་དགོན་པ་མང་པོ་གཏོར་སྐབས་རྩ་མེད་སོང་བ་ཡིན་ནམ་སྙམ་ཞེས་འཁོད། དགོན་ཤུལ་དེར་སྤྱི་ལོ་2011ལོར་དགུང་ལོ་གྱ་གསུམ་ལ་ཕེབས་པའི་བགྲེས་སོང་ཡེ་ཤེས་ལགས་སོགས་ཀྱིས་མཚོན་པའི་ཡུལ་དེའི་མི་རྣམས་ཀྱིས་བསྙེན་རྫོགས་ལྷ་ཁང་ཞེས་འབོད་ལ་གདུག་ཅན་སོག་པོ་ཇུན་གར་བའི་དམག་དཔུང་གིས་གཏོར་བཤིག་ཏུ་བཏང་བར་གྲགས།
མཁས་གྲུབ་ཁྱུང་པོ་ཤོ་མ་རར་བྱོན་པའི་དུས་ནི་རྒྱ་བལ་དུ་མ་ཕེབས་པའི་གོང་ཙམ་སྟེ། ཁོང་རྒྱ་གར་ལ་ཐོག་མར་ཕེབས་པའི་དུས་སུ་དགུང་ལོ་ལྔ་བཅུར་སོན་པ་ཤངས་ཆོས་དཀར་ཆག་སོགས་ཀྱི་དཔྱད་ཡིག་རྣམས་སུ་འཁོད་པ་གཞིར་བྱས་ན། ཁོང་གི་འཁྲུངས་ལོ་སྤྱི་ལོ་978ལོར་བརྩིས་པའི་དགུང་ལོ་ལྔ་བཅུ་སྟེ་སྤྱི་ལོ1028ལོ་ཡན་དུ་ཡིན་དགོས། མཁས་གྲུབ་ཁྱུང་པོ་གནས་དེར་མ་ཕེབས་གོང་སྐོར་ནི་རུ་པས་གྲྭ་སློབ་རྣམས་ལ་ཕྱག་རྒྱ་ཆེན་པོའི་གདམས་པ་སོགས་གནང་བས། སྐབས་དེའི་དུས་སུ་ཡང་དགོན་གནས་ཤིག་ཡོད་པར་སེམས། དེས་ན་གོང་དུ་བཤད་པ་བཞིན་ཤོ་མ་ར་དགོན་འདི་ཉིད་ཐོག་མར་སྐོར་ནི་རུ་པའི་དུས་སུ་གནས་གཞི་བཏབ་ཟིན་པ་གཞིར་བྱས་ཐོག །ཕྱིས་སུ་མཁན་ཆེན་ཞང་ཤོ་མ་ར་སོགས་ཀྱིས་དགོན་གནས་རིམ་བཞིན་བསྐྱངས་ཡོད་ལ། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་སོག་དམག་གིས་རྩ་གཏོར་དུ་བཏང་བ་ཡིན་སྙམ།

I.4.2 - Retreat places
།གཉིས་པ། མཁས་གྲུབ་ཁྱུང་པོའི་སྒྲུབ་གནས་ཀྱི་སྐོར།
ཇི་སྐད་དུ། ཇོ་བོ་ལྷ་གཅིག་གིས་སྒྲུབ་ལ་འབད་པས་དོན་ཡོད་བྱ་ཞེས་གསུངས་པ་བཞིན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཐོག་མར་མདོ་སྔགས་ཆོས་གཞུང་ལ་སོགས་རིག་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་པ་མཛད་རྗེས། ཐོས་ཚད་ཀྱི་གདམས་པ་རྣམས་ཉམས་དགའ་བའི་དབེན་གནས་མང་པོར་རྩེ་གཅིག་ཏུ་བསྒོམས་ནས་དལ་བའི་རྟེན་འདི་ཉིད་སྙིང་པོའི་དོན་དང་ལྡན་པར་མཛད་ལ། ཆོས་ཡོད་པ་ཙམ་གྱིས་མ་ཆོག་པར་ནན་ཏན་གྱིས་ཉམས་སུ་བཞེས་པའི་རྣམ་ཐར་བསྐྱངས་པས། དབེན་གནས་རི་ཁྲོད་དེ་དག་ནི་ཁོང་གི་སེམས་ཉིད་གོང་དུ་འཕོ་བའི་གནས་ཁྱད་པར་ཅན་དང་། དཀའ་སྤྱད་ཀྱིས་སྒྲུབ་པ་ལ་ཞུགས་པའི་ལོ་རྒྱུས་ཀྱི་བདེན་དཔང་ཡང་ཡིན། དེ་དག་ལས་ད་ཕན་ངོས་ཟིན་ཐུབ་པ་སྐོར་ཅིག་དགོད་རྒྱུ་སྟེ།
I.4.2.1 Ngarköngang
གཅིག །སྔར་དཀོན་སྒང་མགོན་པོའི་སྒྲུབ་ཕུག
སྔར་དཀོན་སྒང་མགོན་པོའི་སྒྲུབ་ཕུག་ནི་དེང་འཕན་པོ་ལྷུན་གྲུབ་རྫོང་དགའ་ཆོས་གྲོང་བརྡལ་སྔར་དཀོན་སྒང་གྲོང་ཚོའི་ཕུར་གནས་ཤིང་། དེ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕགས་བལ་དུ་ཕེབས་ཟིན་རྗེས་དང་། འཕན་ཡུལ་འཆད་ཁ་དགོན་ཕྱག་མ་བཏབ་ཙམ་སྟེ་སྤྱི་ལོ1115ལོའི་ཡས་མས་སུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་པ་ལ་ཞུགས་ཏེ་མགོན་པོ་གང་དེས་ཞལ་གཟིགས་གནང་མྱོང་སའི་གནས་ཁྱད་པར་ཅན་ཞིག་ཡིན། ཡུལ་དེར་སྔར་དཀོན་ཞེས་ཐོགས་དགོས་དོན་ནི། ཁུལ་དེའི་དམངས་ཁྲོད་དུ་ཐོག་མར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལུང་པ་འདིའི་ཤར་ངོས་སུ་བཞུགས་མྱོང་བའི་ས་དེར་རྩམ་པ་གསེར་ལས་ཀྱང་དཀོན་པས་ས་མིང་ལའང་གསེར་དཀོན་ཞེས་དང་། དེ་རྗེས་སྔར་དཀོན་གྲོང་ཚོའི་ཕུ་ཡི་སྒྲུབ་ཕུག་དེར་ཕེབས་པས་རྩམ་པ་སྔར་ལས་ཀྱང་དཀོན་པར་གྱུར། དེས་ན་མཁས་གྲུབ་ཁྱུང་པོས་བྲག་ཕུག་མདུན་གྱི་བྲག་རྡོག་གཅིག་གི་སྟེང་དུ་སྔར་དཀོན་སྔར་ལས་དཀོན་པར་ཤོག །གསེར་དཀོན་གསེར་ལས་དཀོན་པར་ཤོག །རྩམ་པའི་རས་ཕད་ཁེངས་པར་ཤོག་ཅེས་རྩ་མ་རས་བརྡབས་ནས་མཁས་གྲུབ་ཁྱུང་པོ་རང་ཉིད་གནམ་དུ་འཕུར། སྒྲུབ་ཕུག་མདུན་དུ་ཁུལ་དེའི་ཁ་རྒྱུན་དུ་རས་སྐྱེ་བརྡེབས་ས་ཞེས་གྲགས་པའི་བྲག་རྡོ་དཀར་པོ་ཞིག་ཀྱང་དངོས་སུ་མཇལ་རྒྱུ་འདུག
།དེ་ཡང་དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པར་ཨེ་མ་འཁོར་འདུས་ངོ་མཚར་ཅན། །མ་འོངས་དམ་ཅན་སྒྲུབ་བྱས་ན། །དམ་ཚིག་ལ་གནས་སྡོམ་པ་བཟུང་། །གཏོར་མ་དག་ལ་བརྩོན་པར་བྱ་ཞེས་དང་། ཡང་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་གཏོར་མ་ལ་རགས་པས། ཐུགས་དམ་གཏོར་མས་བསྐོང་། ཕྲིན་ལས་གཏོར་མ་ཕུལ་ནས་འཆོས་དགོས་པ་ཡིན་པས་ཞེས་གསུངས་པ་བཞིན་མགོན་པོར་རྟག་གཏོར་དང་འཕྲལ་གཏོར། གློ་བུར་ལས་བཅོལ་གྱི་གཏོར་མ་སོགས་ཀྱི་གཏོར་མའི་རིགས་རྣམས་ཕུལ་རྒྱུ་གལ་འགངས་ཆེ་ཡང་། ཤིན་ཏུ་ཡ་མཚན་པ་ཞིག་ལ་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་བྱེད་པའི་དུས་རྒྱགས་ཕྱེ་མ་བྱུང་ནས་ཞེས་པ་ལྟར་མཁས་གྲུབ་ཁྱུང་པོར་རང་ཉིད་མཆོད་རྒྱུའི་རྒྱགས་ཕྱེ་མེད་པ་དང་། ཐ་ན་མགོན་པོར་ཕུལ་རྒྱུའི་རྒྱུན་གཏོར་གཏོང་བའི་རྒྱུ་ཡང་ཆད་ནས་དགོང་མོ་ཞིག་བྲག་ཕུག་གི་སྒོར་ཕེབས་ཏེ་ཀྵེ་ཏྲ་པཱ་ལ་དང༌། ཛི་ན་མི་ཏྲ། ཊཀྐི་རཱ་ཛ། བདུད་མགོན་ཀྵ་ཤད་སོགས་མགོན་པོའི་འཁོར་རྣམ་བཞིའི་མཚན་འབོད་ནས་ང་ལ་རྒྱགས་ནམ་ཡང་མེད་དེ། མགོན་པའི་རྒྱུན་གཏོར་ཆད་ནས་མི་འདུག་གོ་བྱས་ནས་འོ་འདོད་ཆེན་པོ་འབོད་ཅེས་གཏོར་རྫས་གཙོ་བོ་རྩམ་པ་ཡིན་པ་དེའང་ཆད་པའི་གསུངས་ཚུལ་དེ། གོང་དུ་བཀོད་པའི་རྩམ་པ་གསེར་ལས་དཀོན་པའི་དམངས་ཁྲོད་ཀྱི་ཤོད་རྒྱུན་དེ་དང་ཡོངས་སུ་མཚུངས་པས་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་པ་གོར་མ་ཆག
།མཁས་གྲུབ་བེའུ་བུམ་དུ་དབེན་ཞིང་འདུ་འཛི་བྲལ་བ་དང་། ནག་ཕྱོགས་ལ་འགའ་བའི་མི་མ་ཡིན་གདུག་པ་ཅན་གནས་པའི་ས་མ་ཡིན་པ་དང་། གྲིབ་ཅན་དང་དམ་ཚིག་ཉམས་པའི་གནས་མ་ཡིན་ཞིང་། རང་གི་ཡིད་དང་མཐུན་པའི་སྤྱིལ་བུའམ། དུར་ཁྲོད་ལ་སོགས་པ་མཁའ་འགྲོ་འདུ་བའི་གནས་སོ་ཞེས་མགོན་པོ་འདི་ཉིད་ཉམས་སུ་ལེན་པའི་གནས་ཁྱད་པར་ཅན་རྣམས་དང་མཐུན་པར་གསེར་དཀོན་གྱི་སྒྲུབ་ཁང་དེ་ནི་ཁུ་སིམ་ལྷིང་འཇགས་ཀྱི་རི་ཁུག །དགེ་སྦྱོར་ཡོན་ཏན་ཐམས་ཅད་ངང་གིས་འཕེལ་བའི་ས། བྲག་རི་གཡང་གཟར་གྱི་ལྡེབས་སུ་ཆགས་ཤིང་ཕྱོགས་བཞི་གང་ནས་བལྟས་ཀྱང་སྒྲུབ་ཁང་གི་སྒོ་མཐོང་བར་དཀའ་བ་ཞིག་ཏུ་གནས་འདུག །སྒྲུབ་ཁང་དེའི་ནང་གི་རྒྱ་ཁྱོན་ལ་ཧ་ལམ་སྨི་གྲུ་བཞི་མ་ཉེ་ཤུར་ཉེ་བ་དང་མཐོ་ཤོས་ལ་སྨི་ལྔ་ཙམ་འདུག །དེའི་བྱང་ངོས་སུ་རྡོ་ལས་བརྩིགས་པའི་བཞུགས་ཁྲི་གཅིག་དང་། བཞུགས་ཁྲི་དེའི་ཁ་སྤྲོད་དུ་ཕ་བོང་དཀར་པོ་ཞིག །དེ་མིན་བཞུགས་ཁྲིའི་ནུབ་ངོས་ཀྱི་འགྲམ་དུ་ཆུ་མིག་གཅིག་ཀྱང་མཇལ་རྒྱུ་འདུགམི་ལ་ལས་སྔར་དཀོན་ཕུར་སྒྲུབ་ཕུག་བརྒྱ་དང་བརྒྱད་མཇལ་རྒྱུ་ཡོད་པར་བརྗོད་ཀྱང་། མཁས་གྲུབ་ཁྱུང་པོའི་བྲག་ཕུག་འདི་དང་ཐག་ཅུང་ཉེ་བའི་སར་ཤུག་པ་སྒྲུབ་ཁང་ཞེས་ཉེ་འཁོར་དུ་ཤུག་སྡོང་གཉིས་ཡོད་པའི་སྒྲུབ་ཕུག་གཅིག་སྟེ་ཡོངས་གྲགས་སུ་གཉིས་ལས་མཇལ་རྒྱུ་མི་འདུག །སྒྲུབ་ཕུག་དེ་ནི་ཇོ་ནང་ཏཱ་ར་ནཱ་ཐས་འཇོག་པོ་ཤུག་བྲག་ཏུ་འབོད་པ་དེ་ཡིན་ཞིང་། འདིའི་ནང་དུའང་མཁས་གྲུབ་ཁྱུང་པོ་བཞུགས་མྱོང་བར་གསུངས། ལོ་ལྟར་བོད་ཟླ་ལྔ་པའི་ཚེས་བཅུ་ཉིན་ལུང་པ་དེའི་མི་རྣམས་མཁས་གྲུབ་ཁྱུང་པོའི་མགོན་པོའི་སྒྲུབ་ཁང་གི་ཉེ་འཁོར་དུ་ཚེས་བཅུའི་ལྷ་གསོལ་བསང་གཏོང་དང་བཅས་དབྱར་སྐྱིད་གཏོང་སྲོལ་ཡང་འདུག །དེའི་དུས་སྒྲུབ་ཁང་དེར་མི་བཅུ་ཙམ་ཉལ་ནས་སྡོད་ཐུབ་ཀྱི་ཡོད།
ཡ་མཚན་པ་ཞིག་ལ་སྒྲུབ་ཁང་དེའི་སྒོ་ནི། ཤངས་ཀྱི་སྲིན་མོར་ཡོད་པའི་མཁས་གྲུབ་ཁྱུང་པོ་ཟང་ཐལ་ལ་ཕེབས་ཤུལ་གྱི་བྲག་རི་དེ་དག་དང་འདྲ་བར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་སྟོད་དང་དབུ་གཡོན་དུ་ཅུང་ཙམ་བཀྱོག་པའི་དབྱིབས་དང་འདྲ་ལ། མགོན་པོ་ཕྱག་དྲུག་དཀྲིག་དཀྲིག་ཞབས་ཕུད་པའི་སྐུ་ལུས་ཀྱི་བཞུགས་སྟངས་དང་ཡང་ཤིན་ཏུ་འདྲ་བར་སྣང་།
I.4.2.2 Lenpé Chilbu
གཉིས། ལན་པའི་སྤྱིལ་བུ།
ལན་པའི་སྤྱིལ་བུ་ཞེས་པའི་དགོན་གནས་འདིའི་མཚན་མི་འདྲ་བ་ཡང་། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར་ཇོ་བོ་ལེན་པ་སྤྱིལ་ཕུར་ཕེབས་དུས་ཞེས་དང་། ཀློང་རྡོལ་བླ་མའི་གསུང་འབུམ་དུ་ཇོ་བོ་ཨ་ཏི་ཤ་ལེན་པ་སྤྱིལ་པུར་ཕེབས་སྐབས་ཞེས་པའི་ནང་ལེན་པ་སྤྱིལ་པ་ཞེས་ཐོན་པ། དེ་མིན་དཔྱད་ཡིག་གཞན་རེ་ཟུང་ལ་སྐྱིལ་བུ་ཞེས་པ་སོགས་ཀྱང་ཐོན་མོད། འདིར་ཤངས་པའི་དཔྱད་ཡིག་རྣམས་ལ་ཡོངས་སུ་གྲགས་པ་ལྟར་ལན་པའི་སྤྱིལ་བུ་ཞེས་བྲིས་པ་ཡིན། དགོན་ཤུལ་འདི་ནི་དེང་འཕན་པོ་ལྷུན་གྲུབ་རྫོང་ལྕང་ར་ཤར་ཡུལ་ཤོག་ལན་པ་གྲོང་ཚོའི་ལྷོ་ངོས་ཀྱི་ཕུར་ཤིང་སེ་བ་སོགས་ཡོད་པའི་ནགས་ཁྲོད་དུ་གནས་ཤིང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གནས་དེར་སྒོམ་སྒྲུབ་ལ་ཞུགས་པའི་ཚེ་ཌཱ་ཀི་མ་དཔག་ཏུ་མེད་པ་བྱོན་ནས་ཁོང་གི་དགོན་གནས་ཤངས་སུ་ཡོད་པའི་ལུང་བསྟན་མཛད་པ་ཡང་། མཁས་གྲུབ་ཁྱུང་པོའི་རྣམ་ཐར་ལས་ལན་པའི་སྤྱིལ་བུར་སྒོམ་ཙ་ན། མཁའ་འགྲོ་མ་དཔག་ཏུ་མེད་པ་འདུས་ནས། ཁྱེད་ཀྱི་དགོན་པ་ཤངས་ན་ཡོད་ཀྱིས་དེར་གདུལ་བྱ་སྐྱོངས་ཞེས་གསུང་ངོ་ཞེས་འཁོད་པ་ལྟར་ཡིན། ཡང་རྣམ་ཐར་དེ་ཉིད་ལས་དེ་ནས་ཤངས་ལ་འགྲོ་སྙམ་ཙ་ན། ཐོ་རངས་གཅིག་ཁ་བ་ཆེན་པོ་བྱུང་བའི་ནམ་ལང་མ་ཐག་ཨ་ཙ་ར་གཅིག་མཇལ་ཟེར་གྱིན་འདུག་ཟེར་བ་ལ། ང་མཚམས་སུ་ཡོད་པས་མི་འཕྲད་བྱས་པས། ང་རྒྱ་གར་ཐག་རིང་ནས་འོང་པས་ན་བ་ཡིན། འཕྲད་དགོས་ཟེར་བས་འཕྲད་དོ་ཞེས་གསལ་བ་ལྟར། མཁས་གྲུབ་ཁྱུང་པོ་མཁའ་འགྲོའི་ལུང་བསྟན་བཞིན་ཤངས་ལ་ཕེབས་སྙམ་པའི་ཐོ་རངས་ཤིག་གནས་འདིར་གྲུབ་ཆེན་ར་ཧུ་ལ་བྱོན་ནས་ཁོང་དང་ཐོག་མར་མཇལ། མཁས་གྲུབ་ཁྱུང་པོ་ལན་པར་ཕེབས་པའི་དུས་ནི་འཆད་ཁ་དགོན་ཕྱག་བཏབ་རྗེས་དང་ཤངས་ཞོང་ཞོང་དགོན་ཕྱག་མ་བཏབ་གོང་དུ་ཡིན་པས་ཧ་ལམ་སྤྱི་ལོ1115ལོ་ནས་སྤྱི་ལོ་1121ལོའི་བར་མིན་ནམ་སྙམ། འོན་ཀྱང་གནས་དེར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དུས་ཡུན་ཇི་ཙམ་བཞུགས་མིན་གྱི་དཔྱད་གཞི་ཁ་གསལ་མ་རྙེད་པས་ཁ་ཚོན་གཅོད་པར་དཀའ།
དགོན་འདིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དགོན་གནས་འདིར་བཞུགས་མྱོང་བ་ཕུད། གཞན་ཡང་དབུས་གཙང་མཁས་པ་མི་བཅུའི་གྲས་ཀྱི་རྦ་ཚུལ་ཁྲིམས་བློ་གྲོས་ཀྱིས་གནས་འདི་བཟུང་བ་དང་། བཀའ་གདམས་བསྟན་པའི་སྤྱི་མེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡེར་པ་ནས་ཀ་བ་ཤཱཀྱ་དབང་ཕྱུག་གིས་སྤྱན་དྲངས་ཏེ་ཟླ་བ་གཅིག་ཙམ་རིང་བཞུགས་ནས་ཆོས་རྗེ་འབྲོམ་སྟོན་པ་སོགས་ཀྱི་སློབ་མ་རྣམས་ལ་ཆོས་གསུང་མྱོང་བ་མ་ཟད། ཆོས་བློན་བྲན་ཀ་དཔལ་གྱིས་ཇོ་བོར་བར་ཆད་གཏོང་བར་བརྩམས་པ། ཇོ་བོས་རྟ་མགྲིན་ཤྭ་ན་བཞིས་བསྐོར་བའི་སྒྲུབ་ཐབས་མཛད་ནས་བྲན་ཀ་བཏུལ་བའི་ལོ་རྒྱུས་བཀའ་གདམས་ཕ་ཆོས་དང་མྱང་ཆོས་འབྱུང་སོགས་སུ་བྱུང་བ་བཞིན་ཆོས་བློན་བྲན་ཀ་དཔལ་དེ་ཉིད་གནས་འདིར་ཐོག་མར་ཇོ་བོའི་བསྟན་པ་སྲུང་བའི་སྲུང་མར་བསྐོས། ད་དུང་ཇོ་བོ་རྗེས་ཞང་ཀ་མ་པའི་ཡུམ་ལ་བུ་བཟང་པོ་ཀ་མ་པ་འདི་ཉིད་འབྱུང་བར་ལུང་བསྟན་པ་སོགས་མཛད།
དེ་མིན་ཕྱག་རྒྱ་ཆེན་པོ་སོ་ལུགས་(དུང་དཀར་ཚིག་མཛོད་དུ་སྐམ་ལུགས་ཞེས་འཁོད་)ཀྱི་བརྒྱུད་འཛིན་སྐྱེས་མཆོག་བསམ་གཏན་དཔལ་བ་(སྤྱི་ལོ1291ལོ་ནས་1366ལོ་བར་)ཐོག་མར་རང་ཉིད་ཀྱི་མཁན་པོ་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་ཕྱིར་ཕེབས། མཁན་པོ་ཆིབས་བརྡབས་བྱུང་ནས་སྐུ་གཤེགས་རྐྱེན་ཐུགས་སེམས་ལ་སྐྱོ་ཤས་དྲག་པོ་སྐྱེས་ནས། དུས་རབས་བཅུ་བཞི་པའི་ནང་སྤྲོ་ཞིང་མཁན་པོ་གཞོན་རིན་དང་ལྷན་དུ་འཕན་ཡུལ་ལན་པའི་ཕུར་རྒྱ་བྲག་ཆོས་རྗེ་རྡོ་རྗེ་གཞོན་ནུའི་དྲུང་དུ་ཕེབས། ལུང་པའི་མདར་སླེབས་པ་ཙམ་ནས་བླ་མའི་ཚུལ་ཁྲིམས་ཀྱི་དྲི་བཟང་ཚོར་བས་མོས་གུས་ཆེས་ཆེར་སྐྱེས་ནས་དོན་བརྒྱུད་ཁྲིད་སོགས་ཆོས་མང་དུ་གསན་རྗེས་བླ་མ་ཡང་སངས་རྒྱས་སུ་མཐོང་བ་སོགས་ཀྱི་ཉམས་རྟོགས་ཕུན་སུམ་ཚོགས་པ་སྐྱེས། དད་ལྡན་གྱི་སློབ་མ་མང་པོར་ཕྱག་རྒྱ་ཆེན་པོའི་ཁྲིད་གསུངས་པས་རིའི་རྩ་བ་ཐམས་ཅད་རང་ཤོང་གི་སྤྱིལ་བུས་བཀང་ཞེས་པ་དེའི་ཐོག་ནས་མ་གཞི་ལན་པའི་སྤྱིལ་བུ་ཞེས་པའི་ས་མིང་དེ་ནི་ཇོ་བོ་རྗེ་དང་མཁས་གྲུབ་ཁྱུང་པོ་སོགས་བཞུགས་པའི་དུས་ཏེ་སྤྱི་ལོའི་དུས་རབས་བཅུ་གཅིག་བཅུ་གཉིས་པའི་ནང་ཡོད་ཀྱང་། སྐྱེས་མཆོག་བསམ་གཏན་དཔལ་བ་བཞུགས་པའི་སྐུ་དུས་སུ་སློབ་མ་རྣམས་སྒྲུབ་པ་ཉམས་ལེན་གནང་སའི་སྤྱིལ་བུ་མང་པོས་ཁེངས་ཡོད་རྐྱེན་ས་མིང་དེའི་དོན་སྔར་ལས་ཀྱང་གསལ་པོར་མཚོན་པར་བྱས་ཡོད། ཞར་ལ་ཞུ་རྒྱུར། སྐྱེས་མཆོག་བསམ་གཏན་དཔལ་བ་དང་གང་དེའི་སློབ་མ་རྣམས་ཀྱིས་ཆོས་ལུགས་གཞན་ལ་ཆགས་སྡང་ཕྱོགས་རིས་སུ་བཅད་པའི་གཏམ་ཚིག་ཙམ་ཡང་མི་སྒེང་བ་མ་ཟད། སྐྱ་སེར་སྐྱེ་བོ་ཀུན་ལ་དག་སྣང་སྒོམ་པ་ཡང་། དེབ་སྔོན་ལས་རང་ཚེ་བློས་བཏང་ནས་སྒྲུབ་པ་ལ་འཇུག །ཆོས་ལུགས་གང་ལའང་ཚིག་གཅིག་ཙམ་མི་སྨོད། ཕྲད་པའི་སྐྱེ་བོ་རབ་ཏུ་བྱུང་བ་ལྟ་ཞོག །ཁྱིམ་པ་ལ་ཡང་དག་སྣང་སྒོམ་པ་ནི་འདི་རྣམས་ཀྱི་ཆོས་ལུགས་ཡིན་ནོ་ཞེས་འཁོད་པ་ལྟར་གྱི་ངོ་མཚར་བའི་མཛད་པ་རྣམས་ངེད་ཕྱི་རབས་པ་རྣམས་ཀྱིས་སློབ་སྦྱོང་བྱེད་དགོས་པ་གལ་ཆེའོ།
I.4.2.3 Ratö
།གསུམ། རྭ་སྟོད་མགོན་པོ་རིའི་སྒྲུབ་ཁང་།
།སྔོན་སེ་འབྲས་དགེ་གསུམ་མ་བྱུང་གོང་བོད་ཡུལ་དབུས་སུ་མཚན་ཉིད་ཀྱི་གདན་ས་ཆེན་པོ་དྲུག་བྱུང་བ་སྟེ་སྟོད་ལུང་གསང་ཕུ་དང་། རྭ་སྟོད་བདེ་བ་ཅན། ཚལ་གུང་ཐང་། དགའ་གདོང་། སྐྱོར་མོ་ལུང་། ཟོལ་ཕུ་བཅས་ཡོངས་གྲགས་སུ་གསང་བདེ་གུང་གསུམ་དང་། དགའ་སྐྱོར་ཟོལ་གསུམ་ཞེས་འབོད་པའི་གྲས་ཀྱི་མཉེས་ཐང་བདེ་བ་ཅན་ཏེ་དེང་རྭ་སྟོད་དགོན་པ་ཡིན། དགོན་དེའི་རྒྱབ་ཀྱི་མགོན་པོ་རིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྒྲུབ་ཁང་སྟེང་འོག་གཉིས་ཡོད་པ་ལས། འོག་མ་དེ་ནི་རི་སྐེད་ཙམ་གྱི་རྩི་ཤིང་གི་ཁྲོད་དུ་གནས་ལ། སྟེང་མ་དེ་ནི་རི་རྩེར་གནས། སྒྲུབ་ཕུག་དེ་གཉིས་སུ་མཁས་གྲུབ་ཁྱུང་པོ་བཞུགས་པའི་ལོ་རྒྱུས་ཁོང་གི་མཛད་རྣམ་ཁག་ཏུ་མ་གསལ་ཡང་ཁུལ་དེའི་ལོ་རྒྱུས་ཀྱི་མྱོང་བ་ལྡན་པའི་བློ་ལྡན་འགས་གསུངས་པར་གཞིགས་ན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཐོག་མར་སྒྲུབ་ཕུག་འོག་མ་དེ་དང་དེ་རྗེས་སྒྲུབ་ཁང་གོང་མ་དེར་མགོན་པའི་སྒྲུབ་པར་ཞུགས་མྱོང་ལ། ཐེངས་ཤིག་སྒྲུབ་ཁང་གོང་མར་མགོན་པོའི་སྐུ་མཚམས་ལ་ཞུགས་པའི་སྐབས་གསོལ་དཔོན་གྱིས་ཐུག་པ་ལུད་པ་དེར་ཆུ་བླུག་ཕྱིར། རྐང་པ་ཡ་གཅིག་ཐབ་ཀྱི་འགྲམ་དུ་བཞག་ཅིང་ཡ་གཅིག་ཆུ་མིག་གི་ངོགས་སུ་བསྐྱངས་ནས་ཆུ་བླངས་ཞེས་པའི་ཤོད་རྒྱུན་རབ་རིབ་ཙམ་ཐོས། སྒྲུབ་ཕུག་གོང་མ་དེར་མཁས་གྲུབ་ཁྱུང་པོས་དུས་ཡུན་རིང་པོ་སྒོམ་སྒྲུབ་ལ་བརྩོན་སྟབས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་གིས་ཞལ་གཟིགས་པས་རི་དེའི་མིང་ལ་ད་ལྟའང་མགོན་པོ་རི་ཞེས་ཐོགས་པས་མཚོན་པ་ཡིན། གཞན་ཡང་སྒྲུབ་ཕུག་གོང་མའི་བྱང་ཤར་གྱི་རྒྱབ་རིར་ཤངས་པ་བཀའ་བརྒྱུད་ཀྱི་དགོན་གནས་རྨོག་ལྕོག་རི་ཁྲོད་ཆགས་ཡོད་པ་དང་། མགོན་པོ་རིའི་ཤར་ངོས་རི་གཤམ་དུ་ཆགས་པའི་མཉེས་ཐང་སྒྲོལ་མ་ལྷ་ཁང་གི་གཙང་ཁང་ལྷོ་མར་ཡང་ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་བཞུགས་པ་སོགས་མགོན་པོ་རིའི་ཉེ་འཁོར་དུ་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་དར་བའི་དོན་དངོས་དེས། སྒྲུབ་ཕུག་དེ་གཉིས་སུ་མཁས་གྲུབ་ཁྱུང་པོ་དངོས་སུ་བཞུགས་མྱོང་བ་དཔགས་ཐུབ། མཁས་གྲུབ་ཁྱུང་པོ་གནས་དེར་ཕེབས་པའི་དུས་ཚོད་གཏན་ཁེལ་བརྗོད་དཀའ་ཡང་། མ་མཐར་ཡང་རྒྱ་གར་ལ་ཐེངས་གཉིས་པ་ཕེབས་རྗེས་སུ་ཡིན་དགོས། གང་ལགས་ཤེ་ན། རྒྱ་གར་ལ་ཕེབས་ཐེངས་གཉིས་པར་རྒྱལ་བ་མེ་ཏྲི་པས་མགོན་པོའི་སྒྲུབ་ཐབས་གནང་བས་སོ། །ཐེངས་གཉིས་པ་དང་གསུམ་པའི་དབར་བོད་དུ་བཞུགས་པའི་དུས་ཡུན་ཐུང་ལ་གཙོ་བོར་དབང་བསྐུར་ཆོས་བཤད་ཅུང་ཙམ་གནང་བ་དང་། ཐེངས་གསུམ་པར་རྡོ་རྗེ་གདན་དུ་མཆོད་པ་འབུལ་རྒྱུའི་ལོངས་སྤྱོད་སྒྲུབ་པ་ཙམ་ལས་སྒྲུབ་པ་ལ་ཞུགས་པའི་ཁོམ་པ་སྤྱིར་བྱུང་མེད། དེས་ན་མཁས་གྲུབ་ཁྱུང་པོ་གནས་དེར་སྒྲུབ་པ་ལ་ཞུགས་པའི་དུས་ནི་རྒྱ་གར་དུ་ཐེངས་གསུམ་པ་ཕེབས་རྗེས་དང་ཞོང་ཞོང་དགོན་ཕྱག་མ་བཏབ་བར་གྱི་དུས་གང་རུང་ཞིག་ཏུ་ཡིན་དགོས། འོན་ཀྱང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྒྲུབ་ཁང་དེ་གཉིས་ལ་དུས་ཡུན་ཇི་ཙམ་བཞུགས་མྱོང་བ་དང་། སྒྲུབ་ཁང་སྟེང་འོག་གཉིས་ཀའི་ཉེ་འཁོར་དུ་སྔར་གྱི་གྱང་ཤུལ་མང་དག་ཅིག་འདུག་པ་དེ་དག་མཁས་གྲུབ་ཁྱུང་པོ་འདིར་བཞུགས་པའི་དུས་སུ་བཏབ་པའི་དགོན་གནས་ཡིན་མིན་དང་། ཡང་ན་དེ་མིན་གྱི་དུས་གང་ཙམ་དུ་སུས་ཕྱག་བཏབ་པ་དང་དུས་ཇི་ཙམ་དུ་ཐོར་ཞིག་ཏུ་སོང་བ། ཡང་སྙིང་ཤངས་པ་བཀའ་བརྒྱུད་ཀྱི་དགོན་གནས་ཡིན་མིན་སོགས་ཀྱི་སྐོར་མིག་སྔར་ཁུངས་བཙན་གྱི་དཔྱད་གཞི་མི་མཐོང་བས་ཚིག་ཐོག་ཚིག་ལ་འཁེལ་བའི་གཏམ་ངེས་པ་འདྲེན་པ་ཞིག་བརྗོད་པར་དཀའ།
I.4.2.4 Thobgyel Dechen
བཞི། ཐོབ་རྒྱལ་བདེ་ཆེན་རི་ཁྲོད།
བདེ་ཆེན་རི་ཁྲོད་ནི་དེང་རྣམ་གླིང་རྫོང་ཐོབ་རྒྱལ་ཡུལ་ཤོག་ལང་གྲོ་གྲོང་ཚོའི་ཁོངས་སུ་གནས་ཤིང་། ད་ལྟ་དགའ་ལྡན་རབ་རྒྱས་དགོན་གྱི་དགོན་ལག་ཏུ་གྱུར་ཡོད། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་འུ་ཡུག་ཆབ་ཚན་ནས་གནས་འདིའི་གཤམ་དུ་བཞུགས་ཞག་གནང་སྐབས་སུ་རི་ཁྲོད་འདིར་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་ཆོ་ག་བསྐྱོངས་དགོས་པའི་བཀའ་མངགས་གནང་བ་ལྟར་ཕྱིས་སུ་དམ་ཚིག་སྒྲུབ་གནས་ཞེས་ཀྱང་འབོད། གནས་འདི་ནི་རྭ་ལོ་རྡོ་རྗེ་གྲགས་དང་མཁས་གྲུབ་ཁྱུང་པོ་གཉིས་ཀྱིས་སྔ་རྗེས་སུ་ཞབས་བཅགས་མྱོང་བའི་གནས་གཞི་གལ་ཆེན་ཞིག་ཡིན་པའི་ཤོད་སྲོལ་ཁུལ་དེའི་དམངས་ཁྲོད་དུ་ས་དར་རྡོ་དར་དུ་ཁྱབ་ནས་ཡོད། མ་གཞི་མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཁག་ཏུ་ཁོང་གནས་འདིར་ཕེབས་པའི་སྐོར་དངོས་སུ་འཁོད་མེད་ཀྱང་། ཞོང་ཞོང་དགོན་ཕྱག་མ་བཏབ་གོང་སྟེ་གྲུབ་ཆེན་རཱ་ཧུ་ལ་ཕེབས་སྐྱེལ་ཞུ་བར་བྱོན་པའི་ལམ་བར་དུ་ཤངས་སུ་ཕེབས་པའི་སྐོར་འཁོད་ཡོད་པས། ཧ་ལམ་དེའི་སྐབས་སུ་གནས་དེར་བྱོན་པ་མིན་ནམ་སྙམ།
རི་ཁྲོད་འདིར་དུས་འགྱུར་སྐབས་གཏོར་སྐྱོན་ཚབས་ཆེན་ཕོག་པས། མཁས་གྲུབ་ཁྱུང་པོ་གནས་འདིར་བྱོན་པའི་ངེས་ལྡན་གྱི་དཔང་རྟགས་རྙེད་པར་དཀའ་ཡང་། དགོན་འདིའི་ནུབ་ངོས་ཀྱི་རི་རྩེ་ཙམ་དུ་མཁས་གྲུབ་ཁྱུང་པོའི་སྒྲུབ་ཕུག་ཏུ་གྲགས་པ་གཅིག་དང་། སྔར་གནས་འདིར་མ་ཎི་ཁྲི་འཁོར་ཞིག་བཞུགས་པ་དེ་ཕྱི་ཀོ་བ་དང་། བར་དུ་མཁས་གྲུབ་ཁྱུང་པོའི་ན་བཟའ་ཆ་ཚང་ཞིག་གིས་བཏུམས་ཡོད་པ་རིག་གསར་སྐབས་མ་ཎི་འཁོར་ལོ་དེ་དགོན་པའི་བྱང་ངོས་ཀྱི་རི་ལྡེབས་ནས་ཆབ་ཏུ་བཏང་། ན་བཟའ་ལྷག་རོ་འགའ་ཞིག་བསྒྲུགས་ཏེ་ཡུལ་མི་འགས་གོས་སུ་བརྩེམས་ནས་གྱོན་མྱོང་ཡང་འདུག །ཡང་རི་ཁྲོད་འདི་དང་ཐག་ཉེ་བར་མཁས་གྲུབ་ཁྱུང་པོའི་སྨན་གཞོང་དུ་གྲགས་པའི་རྡོ་ལེབ་གཉིས། རི་ཁྲོད་དེ་རང་དུ་མཆོད་རྟེན་གྱི་གཟུངས་ལས་ཐོན་པའི་མཁས་གྲུབ་ཁྱུང་པོའི་སྨན་སྒམ་གྱི་ལྷག་རོ་རེད་ཟེར་བའི་པང་ལེབ་གཅིག(1.3x0.28m)སོགས་ཡོད་པར་དཔགས་ན། རི་ཁྲོད་འདི་ཉིད་མཁས་གྲུབ་ཁྱུང་པོས་ཕྱག་བཏབ་ཅེས་ཁ་ཚོན་གཅོད་དཀའ་ཡང་ཁོང་གནས་འདིར་ཕེབས་མྱོང་བ་གསལ་པོར་མངོན། ད་དུང་སྔར་གྱི་རྟེན་ཤུལ་རྡོ་གཡམ་ཞིག་གི་སྟེང་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་བྲིས་སྐུ་ཞིག་མཇལ་རྒྱུ་འདུག་པ་དེས། མཁས་གྲུབ་ཁྱུང་པོ་ཐོག་མར་ཕེབས་མྱོང་བའི་གནས་ཤིག་ཡིན་པ་ལ། དབོན་སྟོན་སྐྱེར་སྒང་པའི་སྐུ་དུས་སམ་དེའི་ཕྱིས་སུ་ཤངས་པའི་ཆོས་བརྒྱུད་འཛིན་པའི་བླ་མའང་དངོས་སུ་བཞུགས་མྱོང་བ་མཚོན། དགོན་དེའི་དཀར་ཆག་ཀྱང་དུས་འགྱུར་གྱི་འཇིགས་པ་ལས་གཡོལ་མ་ཐུབ་པར་རྩ་གཏོར་དུ་སོང་བས་དགོན་གནས་དེ་དར་རྒུད་ཀྱི་ལོ་རྒྱུས་ཁུངས་བཙན་བརྗོད་པར་དཀའ།
དེ་ལྟར་གོང་དུ་བཤད་པ་བཞིན་སྨན་གཞོང་དང་སྨན་སྒམ་དེ་ཉིད་མཁས་གྲུབ་ཁྱུང་པོའི་ཡིན་མིན་སྐོར་རགས་ཙམ་དཔྱད་ན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དུ་ཐེངས་གཉིས་པ་ཕེབས་སྐབས་པཎྜི་ཏ་རོལ་པའི་རྡོ་རྗེ་ལས་སྨན་དཔྱད་སྡེ་སྐོར་བདུན་གསན་མྱོང་བས་གསོ་རིག་སྐོར་གྱི་རིག་གཞུང་ཤེས་བྱ་མཁྱེན་པ་ནི་སྨོས་མེད་ཡིན། གཞན་ཡང་གྲུབ་ཆེན་རཱ་ཧུ་ལས་མཁས་གྲུབ་ཁྱུང་པོ་ཐོག་མར་མཇལ་སྐབས། མཁས་གྲུབ་ཁྱུང་པོས་ང་མཚམས་སུ་ཡོད་པས་མི་མཇལ་བྱས་པས། ང་གྲུབ་ཆེན་རཱ་ཧུ་ལ་རྒྱ་གར་ཐག་རིང་ནས་འོངས་པས་ན་བ་ཡིན་འཕྲད་དགོས་ཟེར་ནས་འཕྲད་དེ། སྨན་པ་ལ་བསྟན་པས་ཁྲག་ཏུ་འདུག་ཟེར་ནས། གཏར་ཁ་བྱེད་པར་བྱས་པ་དང་། རྣལ་འབྱོར་པའི་གཏར་ཁ་དེས་མི་ཡོང་གསུངས་ནས་ནམ་མཁའ་ལ་སྐྱིལ་དྲུང་དུ་བཞུགས་ཏེ། སྐུ་ལུས་ལས་ཁྲག་མང་པོ་བཏོན་ནས་ནམ་མཁའ་ལ་འཆགས་སོ། ཡང་ས་ལ་བཞུགས་ནས་རླུང་ལངས་འདུག་གསུངས་ནས། སྐུ་མཉེ་བྱེད་དགོས་བྱས་ཏེ་རྩི་མར་བྱུགས་པས། རྣལ་འབྱོར་པའི་སྐུ་མཉེ་དེས་མི་ཡོང་གསུངས་ཙ་ན། ཡང་འུ་རུ་འུ་རུ་འདུག་པ་དང་ནམ་མཁའ་ལ་བཞུགས་ནས་བ་སྤུའི་བུ་ག་ཐམས་ཅད་ནས་ཀུན་དྷ་མང་པོ་བཏོན་ཏེ། ནམ་མཁའ་ལ་འཆགས་པ་དང་། དེ་རྣམས་བ་སྤུའི་བུ་གར་སིབ་སིབ་བསྡུས་ནས་སྐུ་མཉེ་མཛད་དེ། ནམ་མཁའ་ལ་ཌཱ་ཀི་མ་མང་པོས་བསྐོར་ནས་གར་སྣ་ཚོགས་བསྒྱུར་རོ་ཞེས་འཁོད་པ་ལྟར། གྲུབ་ཆེན་རཱ་ཧུ་ལ་བསྙུང་པའི་ཚུལ་བསྟན་པ་དང་། མཁས་གྲུབ་ཁྱུང་པོས་གཏར་ཁ་དང་སྐུ་མཉེ་བྱེད་ཕྱིར་རྩི་མར་བྱུགས་པ་དེས་གྲུབ་ཆེན་གྱི་ཐུགས་འདོད་དེ་ཙམ་མི་ཁེངས་ཀྱང་། གནས་ཚུལ་དེའི་ཐོག་ནས་མཁས་གྲུབ་ཁྱུང་པོས་ནད་བཅོས་ཀྱི་ལག་ལེན་གང་ཙམ་མཁྱེན་པ་ཡང་གསལ་པོར་མངོན། དེར་བརྟེན་ཁོ་བོས་མཁས་གྲུབ་ཁྱུང་པོ་གནས་འདིར་ཕེབས་པར་འདོད་ལ། ཕེབས་དུས་ནི་གྲུབ་ཆེན་ར་ཧུ་ལ་བོད་དུ་འབྱོར་རྗེས་ཀྱི་ཟླ་བ་བཅུ་གཅིག་གི་རྗེས་དང་། གྲུབ་ཆེན་འདི་ཉིད་བོད་ནས་མང་ཡུལ་སྐྱིད་གྲོང་བརྒྱུད་ཕྱིར་ལོག་ཕེབས་པའི་ལམ་བར་གྱི་དུས་གང་རུང་ལ་འཁེལ་བ་མིན་ནམ་སྙམ། ཡང་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོའི་མཛད་རྣམ་དུ་གཅུང་པོས་ཁྱུང་པོ་ཚུལ་ཁྲིམས་མགོན་པོས་རབ་བྱུང་ཆས་སྒྲུབ་པས། ཆོས་སུ་ཐོབ་རྒྱལ་དགོངས་ཞེས་དང་། ཡོན་བདག་གྲྭ་རིས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། བདེ་ཆེན་གཟིམ་ཁང་དུ་བཞུགས་ཤིང་། རས་ཆེན་སངས་རྒྱས་སེང་གེ་སོགས་སློབ་མ་མང་པོ་སྨིན་གྲོལ་ལ་བཀོད་ཅེས་འཁོད་པ་ལྟར། ཚིག་དུམ་གོང་མ་དེའི་དོན་གསལ་བར་རྟོགས་དཀའ་ཡང་། རབ་བྱུང་བསྒྲུབས་ཏེ་ཕྱིས་སུ་ཐོབ་རྒྱལ་དུ་ཡོད་པའི་གདན་ས་ཞིག་སྐྱོང་རྒྱུའི་ཐུགས་དགོངས་ཡོད་ལ། ཐོབ་རྒྱལ་ཞེས་པའི་ས་ཁོངས་ཀྱང་གསལ་བར་བརྗོད་ཡོད། སྐུ་ཚེའི་མཇུག་ཏུ་བདེ་ཆེན་གཟིམ་ཁང་བཞུགས་པའི་སྐོར་ལུང་ཚིག་འོག་མ་དེའི་ནང་གསལ་བར་འཁོད་ཡོད་པས། དགོན་གནས་འདིར་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་དང་། རས་ཆེན་སངས་རྒྱས་སེང་གེ །ཤངས་དཀར་རིན་ཆེན་རྒྱལ་མཚན་སོགས་རིན་ཆེན་བདུན་བརྒྱུད་ཕྱི་མའི་བླ་རབས་འགའ་ཞིག་གིས་གདན་ས་མཛད་པས། དེ་དག་གི་རིང་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་བརྒྱུད་སྤེལ་བྱ་ཡུལ་གྱི་ལྟེ་བའི་ས་ཆ་དེ་མིན་ནམ་སྙམ་མོ།
I.4.2.5 Sinmo
ལྔ། སྒྲུབ་གནས་སྲིན་མོ།
སྲིན་མོ་མཁའ་འགྲོའི་གནས་སུ་གྲགས་པ་འདི་ནི་ཞོང་ཞོང་གི་བྱང་ཤར་ངོས་ཀྱི་སྲིན་མོ་ཞེས་པའི་ལུང་ཤུར་དུ་ཆགས་ཤིང་། མཁས་གྲུབ་ཁྱུང་པོའི་སྐུ་དུས་ནས་སྒྲུབ་པ་གཙོ་བོར་བྱེད་སའི་གནས་ཤིག་ཡིན། སྲིན་མོའི་ལུང་པ་འདིར་སྲིན་ཆེན་དང་སྲིན་ཆུང་གཉིས་ཡོད་པ་ལས་སྲིན་ཆེན་ནི་སྒྲུབ་གནས་སྲིན་མོའི་གནས་གཞི་གཙོ་བོ་དེ་ཡིན་ལ། སྲིན་ཆུང་དུ་རྒྱུད་སྡེ་ལྔའི་རང་བྱོན་དུ་གྲགས་པའི་བྲག་རི། བྲག་རིའི་ལྡེབས་སུ་དར་དཀར་པོ་ཞིག་གི་རང་བྱོན་ཡོད་པ་དེ་ལ་ཁུལ་དེའི་དམངས་གཞས་ཤིག་ཏུ་ཞོང་ཞོང་ཁྱུང་པོའི་རི་ལ། །མཁའ་འགྲོའི་དར་གཅིག་བཏང་ཡོད། ཆོས་བསྐལ་ཡོད་པའི་མི་ཚོ། །དར་གྱི་སྣེ་ནས་འཇུས་ཤོག །ཆོས་བསྐལ་མེད་པའི་མི་ཚོ། །དར་ལ་གཟིགས་མོ་གཟིགས་ཤོག་ཅེས་པ་ལྟར་གཏོང་སྲོལ་ཡོད་པ་ཙམ་ལས་དགོན་གནས་ཆགས་ཤུལ་མེད། སྲིན་ཆེན་དུ་དམངས་གཙོའི་བཅོས་བསྒྱུར་གྱི་སྔོན་ཙམ་ནས་ཐོར་ཞིག་ཏུ་སོང་བའི་བཙུན་དགོན་ཞིག་གི་འདུ་ཁང་དང་མགོན་ཁང་། ཤོག་ཁང་། གསང་སྤྱོད་སོགས་ཀྱི་གྱང་ཤུལ་འགའ་ད་ལྟ་ཡང་མཇལ་རྒྱུ་འདུག །དགོན་དེའི་འདུ་ཁང་ཡང་གཤམ་ནས་བལྟས་ན་བྲག་ཐལ་མོ་སྦྱར་བ་འདྲ་བ་དང་། སྟེང་ནས་བལྟས་ན་བདེ་མཆོག་གི་གསང་བ་རང་བྱུང་དུ་གྲུབ་པའི་བྲག་ཀེར་རེར་ལངས་པ་ཞིག་གི་འགྲམ་དུ་ཡོད། བྲག་རི་དེའི་རྩེ་མོར་མགོན་པོ་ཕྱག་དྲུག་དང་རྟ་མགྲིན། བདེ་མཆོག་ཡབ་ཡུམ་གྱི་བརྐོས་སྐུ་ཡོད་པ་དེར་སྔར་མགོན་ཁང་མིན་ནམ་སྙམ། དེ་མིན་ངོ་མཚར་ཉམས་ཀྱིས་ཕྱུག་པའི་བྲག་རིའི་ཁྲོད་རང་བྱོན་དང་སྒྲུབ་ཕུག་མང་དག་ཅིག་མཇལ་རྒྱུ་འདུག
།དེ་ཡང་ནི་གུའི་བརྒྱུད་འདེབས་ཨེ་ཡིག་མ་ལས་སྣང་བ་སྒྱུ་མར་རྟོགས་པས་ཆགས་སྡང་གྲོལ། །རང་སེམས་སྒྱུ་མར་ཤར་བས་འཁྲུལ་པ་དག །རྨི་འཛིན་སྒྱུ་མར་གསལ་བས་འོད་གསལ་ཤར། །སྒྱུ་མའི་དོན་རྟོགས་ཁྱུང་པོ་རྣལ་འབྱོར་ལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས་ཞེས་གསུངས་པ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཆོས་ཉིད་སྒྱུ་མའི་དོན་མངོན་སུམ་དུ་རྟོགས་པས། ཐེངས་ཤིག་དགེ་བཤེས་རོང་པོ་དཀོན་རྒྱལ་གྱིས་དངུལ་དང་དར་ཟབ་མང་དུ་ཕུལ་ཏེ་ཁྱུང་པོ་རྣལ་འབྱོར་ལ། ཁྱོད་རྒྱ་གར་ཡུལ་ལ་ལན་གསུམ་ཕྱིན། བླ་མ་བརྒྱ་དང་ལྔ་བཅུ་ཙམ་བསྟེན། སྣང་བ་རང་བཞིན་མེད་པར་རྟོགས་པས། བྲག་འདི་ལ་ཕར་ཐལ་ཚུར་ཐལ་དང་ནམ་མཁའ་ལ་སྐྱིལ་དཀྲུང་བཅས་ནས་སྡོད་ཅིག་ཅེས་བརྗོད་པ་ལྟར། མཁས་གྲུབ་ཁྱུང་པོས་ཀྱང་བསྒྲུབ་པའི་མཐུ་ལ་གྲུབ་པའི་རྟགས་དགོས་ཞེས་པའི་འཇིག་རྟེན་གྱི་ཁ་དཔེ་ལྟར་བྲག་ལ་ཕར་ཐལ་ཚུར་ཐལ་དང་། ནམ་མཁའ་ལ་སྐྱིལ་དཀྲུང་བཅས་པ། གཅིག་དང་དུ་མར་སྣང་བ་སྟེ་སྤྲུལ་པས་འགྲོ་དོན་ནུས་པའི་རྟགས་སྟོན་པ་ལ་སོགས་པའི་རྫུ་འཕྲུལ་འགའ་བསྟན་པས་རོང་པོ་དང་གྲྭ་པ་ཐམས་ཅད་དད་ནས་ཡོན་ཏན་འདི་ལྟ་བུ་གདམས་ངག་གང་སྒོམ་པ་ལས་བྱུང་ཟེར་བ་ལ་ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །སྒྱུ་མ་ལྟ་བུར་ཉམས་བླངས་པས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །སྣང་ཡང་བདེན་མེད་ཆོས་རྣམས་ལ། །བྱིས་པས་བདེན་པར་བཟུང་བས་འཁྲུལ། །མེད་བཞིན་སྣང་བ་ཨེ་མ་ཧོ་ཞེས་གསུངས་ཤིང་། ཆོས་ཉན་པས་རོང་པོས་ཟླ་བ་བཅུ་གཅིག་གི་རྗེས་ཡི་དམ་གྱི་ཞལ་མཐོང་བ་དང་སྣང་བ་བདེན་མེད་དུ་རྟོགས། དེས་ན་སྲིན་མོའི་ཉེ་འཁོར་གྱི་བྲག་རི་མང་པོར་མཁས་གྲུབ་ཁྱུང་པོ་ཟང་ཐལ་དུ་ཕེབས་པའི་ཤུལ་ངོ་མཚར་ཅན་ཁྱོན་བཅུ་ཙམ་མིག་མདུན་དུ་དངོས་སུ་མཇལ་རྒྱུ་ཡོད་པ་ལས། ཁ་རྒྱུན་དུ་ཨ་ནེ་དགོན་པའི་རྒྱལ་སྒོ་ཞེས་གྲགས་པའི་བྲག་ཁུང་དེའི་འོག་ཏུ་ར་ལུག་དེད་ན་དེ་ཚོའི་བཤལ་ནད་ཀྱང་སེལ་ཐུབ་ཟེར་བས་བྱིན་རླབས་དང་ངོ་མཚར་ཆེ།
མཁས་གྲུབ་ཁྱུང་པོའི་རི་བྲག་ལ་ཐོགས་མེད་དུ་ཕེབས་པའི་རྫུ་འཕྲུལ་དེ་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱི་སློབ་མའི་གྲས་སུ་དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད་ཅེས་པ་ལྟར་སྔ་འགྱུར་རྙིང་མའི་སྐྱེས་ཆེན་དམ་པ་འགའ་ཞིག་ལ་ཡོད་ལ། དེ་མིན་རྗེ་མར་པར་མཁའ་འགྲོ་དང་བགེགས་རྣམས་ཀྱི་འཇིགས་པའི་གཟུགས་དངོས་སུ་བསྟན་ནས་མར་པ་འཛིན་དུ་བྱུང་བ་ལ། མར་པས་རི་བྲག་ལ་སྤྲིན་གྱི་གསེབ་ལ་བྱོན་པ་ལྟར། ཐོགས་རྡུགས་མེད་པར་རྗེས་ནར་མར་བྱོན་པའི་ཕྱི་བཞིན་བགེགས་རྣམས་ཀྱིས་ཀྱང་དེད་པའི་ཚེ་ཞེས་འཁོད་པ་ལྟར་མར་པ་ལོ་ཙཱ་བར་རི་བྲག་ལ་ཐོགས་མེད་དུ་བྱོན་པའི་པའི་རྫུ་འཕྲུལ་མངའ་བ་དང་། རྗེ་བཙུན་མི་ལ་རས་པས་བྲག་ལ་སོགས་པའི་དངོས་པོ་རྣམས་ལ་ཐོགས་མེད་དུ་འབྱོན་པ་དང་། ཕ་བོང་བཞོན་ནས་རྒྱུག་ནུས་པ་སོགས་སྣང་བ་བདེན་མེད་དུ་རྟོགས་པའི་གྲུབ་པའི་ཡོན་ཏན་དེ་དག་བརྗོད་ཀྱིས་ག་ལ་ལངས། མཁས་གྲུབ་ཁྱུང་པོའི་གྲུབ་རྟགས་འདི་ནི་ནི་གུ་ཆོས་དྲུག་གི་རྨི་ལམ་ཉིང་འཕྲུལ་རང་དག་སྐབས། མི་ལམ་ཉིད་འདུན་པས་སྦྱངས་པའི་སྟོབས་ཀྱིས་བྱུང་བ་ཡང་། ནི་གུ་ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ་ལས་སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་སྣང་བ་དང་ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱངས་སྦྱངས་ཡིན་སྙམ་དུ་བསམས་ནས། འབྱུང་བཞི་ཕྲ་རགས་དང་། སེམས་ཅན་ཕྲ་རགས་ཐམས་ཅད་ལ་ཕར་ཐལ་ཚུར་ཐལ་ཡར་ཐལ་མར་ཐལ་དུ་བྱས་ལ་སྦྱང་ངོ༌། ཁྱད་པར་དུ་ཅིར་སྣང་ཐམས་ཅད་ལ་སྦྱང་ངོ་ཞེས་སོགས་གསུངས་པས་མཚོན་ནུས་པ་ཡིན། རྫུ་འཕྲུལ་འདི་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་ཚེ་འདི་ཙམ་མ་ཟད། སྔོན་བྱང་ཕྱོགས་གངས་ཅན་དུ་ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཞེས་པར་སྐྱེ་བ་བཞེས་པའི་ཚེ་ཡང་དེ་ལྟ་བུའི་རྫུ་འཕྲུལ་མངའ་བ་ཡང་། བླ་མ་རྡོ་རྗེ་གདན་པས་ཁྱེད་ནི་ཉན་ཐོས་ཚོགས་བསྐོར་ནས། །མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །རི་དང་ཆུ་ལ་ཐོགས་མེད་ཅིང་། །གཅིག་དང་དུ་མར་སྣང་བ་སོགས། །སྤྲུལ་པ་སྣ་ཚོགས་གཟུགས་འཆང་བའི། །དགྲ་བཅོམ་ཆེན་པོ་ཉིད་གྱུར་པས་ཞེས་འཁོད་པ་ལྟར་ཡིན། དེ་ལྟར་དངོས་པོ་རྣམས་ལ་ཐོགས་མེད་དུ་འབྱོན་པའི་རྫུ་འཕྲུལ་འདི་རྗེ་བཙུན་མི་ལས་ང་དངོས་པོ་རྣམས་ལ་ཐོགས་མེད་འདི། །སྣང་སེམས་གཅིག་ཏུ་འདྲེས་པའི་རྟགས་ཞེས་གསུངས་པ་བཞིན་སྣང་སེམས་ཆུ་ལ་ཆུ་བཞག་པ་ལྟ་བུ་དབྱེར་མེད་གཅིག་ཏུ་འདྲེས་པའི་ངོ་མཚར་བའི་གྲུབ་པའི་ཟློས་གར་ཞིག་གོ
།སྲིན་མོའི་བཙུན་དགོན་ཤུལ་གྱི་ཤར་ངོས་རི་ལྡེབས་དེར་ཡང་མཁས་གྲུབ་ཁྱུང་པོའི་སྒྲུབ་ཕུག་དང་ཁ་རྒྱུན་དུ་བྲག་སྐྱ་རལ་བ་ཞེས་ཟེར་བའི་བྲག་རིར་ཟང་ཐལ་ལ་བསྟུད་མར་ཕེབས་པའི་ཤུལ། བྲག་ལྡེབས་ཤིག་ཏུ་ཨ་ཡིག་རང་བྱོན། དེའི་གཡས་ངོས་བྲག་རྡོག་གཅིག་གི་སྟེང་དུ་བྲག་གི་དུང་དཀར་རང་བྱོན་སོགས་མ་བཞེངས་ལྷུན་གྱིས་གྲུབ་པའི་རང་བྱུང་གི་རྟེན་བྱིན་ཅན་མང་དུ་མཇལ་རྒྱུ་འདུག །འོན་ཀྱང་ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག་ཏུ་སྲིན་མོའི་བྲག་དཀར་པོ་ཡོད་སར་ཨོ་རྒྱན་སྒྲུབ་ཕུག་ཡོད་ཅེས་ཟེར་ཚུལ་གསུངས་ཀྱང་སྲིན་མོའི་གནས་འདི་མཁས་གྲུབ་ཁྱུང་པོའི་སྔོན་དུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཡིན་མིན་ཁུངས་བཙན་གྱི་དཔྱད་གཞིར་མི་གསལ་བས་མུ་མཐུད་དཔྱད་པར་བྱའོ། །བྲག་རི་དེ་དག་ལ་ཐུན་མིན་གྱི་ཁྱད་ཆོས་འགའ་ཞིག་ཡོད་པ་སྟེ། ཁ་མདོག་ཟངས་དང་འདྲ་བ་སྟོད་ལུང་ཚལ་སྣའི་ཟངས་ཡག་བྲག་ལྟ་བུ་དང་། བྲག་ལྡེབས་མང་ཆེ་བར་ཆུ་རིས་དང་ཐིག་ལེའི་རྣམ་ཅན་གྱི་རི་མོ་ཡོད་པ། ཟང་ཐལ་ལ་ཕེབས་པ་དེ་དག་ལ་མཁས་གྲུབ་ཁྱུང་པོའི་དབུ་དང་ཕྱག་དཔུང་སོགས་སྐུ་ལུས་ཀྱི་ཤུལ་གསལ་བར་ཡོད་པ་དང་། བྲག་ལ་སྤྲིན་གསེབ་ལྟར་བཤགས་ནས་ཕེབས་པའི་ཤུལ་ཡང་མངོན་རྒྱུ་འདུག །དེ་ལྟར་ས་གསུམ་ཁྱོན་ལ་མཇལ་བར་དཀའ་བའི་ཟང་ཐལ་དུ་ཕེབས་སའི་བྲག་རི་དེ་དག་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་དབང་མེད་དུ་གཡོ་བ་དང་། ལས་ངན་སྡིག་གྲིབ་ཐམས་ཅད་གཙང་དག་ཏུ་སོང་སྙམ་པའི་སྣང་བ་ཡང་ངང་ངམ་ཤུགས་སུ་འཆར་གྱིན་འདུག །སེམས་མེད་ཀྱི་བྲག་རི་སྐྱ་བོ་དེ་དག་གི་གསེབ་ལས་མཁས་གྲུབ་ཁྱུང་པོ་དངོས་སུ་ཕེབས་པའི་གོམ་སྒྲ་ཚོར་ཐུབ་ལ། གསེར་ཆོས་རྣམ་པ་ལྔ་གསུངས་པའི་ཡིད་འཕྲོག་གི་སྙན་དབྱངས་དང་སྤྲུལ་བསྒྱུར་ཡོན་ཏན་གྱི་བྲོ་གར་ལ་རོལ་བའི་སྟོན་མོ་ཡང་ཕྱོགས་ཀུན་དུ་ཁྱབ་ཀྱིན་གདའ།
I.4.2.6 Chokpotsé
དྲུག །ཡི་དམ་གྱི་གནས་ལྕོག་པོ་རྩེ།
སྒྲུབ་གནས་ལྕོག་པོ་རྩེ་ནི་དེང་རྣམ་གླིང་རྫོང་པདྨ་སྟེང་ཡུལ་ཤོག་གི་ཁོངས་སུ་གནས་ཤིང༌། སྔར་གྱི་ལོ་རྒྱུས་ཐོག་ཤངས་པ་བཀའ་བརྒྱུད་ཀྱི་གནས་གཞི་གལ་ཆེན་ཞིག་ཡིན་པ་ཡང་། དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་དུ་ལུང་བསྟན་གྱི་ངན་ལྕོག་ལྕོག་རྩེ་ཡིན་པས་དེ་དང་ཉེར་གཞོང་གཞོང་དུ་དགོན་པ་བཏབ་ཅེས་འཁོད་པ་ལས་ལུང་བསྟན་གྱི་ངན་ལྕོག་ལྕོག་རྩེ་ཡིན་ཞེས་དོན་གསལ་བར་སྟོན་རྒྱུ་མེད་པ་དེ་ནི་ཕྱིས་ཀྱི་རྩོམ་སྒྲིག་པ་ཁོ་ནའི་སྐྱོན་དུ་ངེས་ཏེ། དེའི་དོན་ནི་ལུང་བསྟན་གྱི་གནས་ལྕོག་པོ་རྩེ་ཡིན་པར་གོ་དགོས། དེ་ལྟར་གནས་འདི་ནི་མཁས་གྲུབ་ཁྱུང་པོར་མཁའ་འགྲོས་ལུང་བསྟན་པའི་གནས་ཤིག་ཡིན་པ་དང་། ཞོང་ཞོང་དགོན་མ་བཏབ་གོང་མཁས་གྲུབ་ཁྱུང་པོ་ཐོག་མར་གནས་འདིར་བཞུགས་མྱོང་བ་གསལ་པོར་མཚོན། དེ་ནི་ཤངས་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གནས་རྣམས་ཀྱི་གྲས་སུ་ཡང་འདྲེན་པ་གོང་དུ་བཤད་པའི་སྒྲུབ་གནས་སྲིན་མོ་དང་འདྲ་བ་ཡིན། ཕྱིས་འཇག་ཆེན་བྱམས་པ་དཔལ་དང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སོགས་ཤངས་ཆོས་ཉམས་སུ་བཞེས་པའི་བླ་མ་མང་དག་ཅིག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་བདེ་མཆོག་གི་གནས་རི་རྩ་ཆེན་ཞིག་ཡིན། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གནས་འདིར་ཕེབས་སྐབས་རིན་པོ་ཆེ་ལྕགས་པོ་རྩེ་པ་ལས་ནི་གུ་ཆོས་དྲུག་དང་གའུ་མའི་རྡོ་རྗེའི་ཚིག་རྐང་སོགས་ཤངས་ཆོས་འགའ་ཞིག་གསན་པའི་སྐོར་འཁོད་ཡོད་པ་དེས་སྐབས་དེར་གནས་འདིར་ཤངས་ཆོས་ཉམས་ལེན་དང་འཆད་ཉན་གྱི་སྲོལ་སྐྱོང་བཞིན་པ་གསལ་པོར་མངོན། དེ་ཡང་དམངས་ཁྲོད་ཀྱི་ངག་རྒྱུན་དུ་གནས་འདི་ནི་ལྷ་སའི་ལྕོག་པོ་རི་དང་ཞལ་སྤྲོད་དུ་གནས་ཡོད་པས་བྱིན་རླབས་ཀྱང་དེ་དང་ཁྱད་མེད་པར་གྲགས། ད་ལྟ་མཁས་གྲུབ་ཁྱུང་པོའི་དགོན་གནས་དངོས་སུ་མཇལ་རྒྱུ་མེད་ཀྱང་། བྲག་ལྡེབས་སུ་བདེ་མཆོག་རང་བྱོན་དང་། བདེ་མཆོག་ཕོ་བྲང་། སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་རང་བྱོན། སྒྲུབ་ཕུག་བརྒྱ་དང་བརྒྱད། ཆོས་བདག་ཇག་པ་མེ་ལེན་གྱི་ལྷ་རྟེན། ལྷ་མོ་དྲེལ་བཞོན་མའི་རང་བྱོན། དེ་མིན་སྔར་གྱི་གྱང་ཤུལ་མང་དག་ཅིག་མཇལ་རྒྱུ་འདུག་པར་དཔགས་ན་སྔར་གྱི་དུས་རབས་རིམ་པར་གནས་དེར་ཅུང་གཞི་ཁྱོན་ཆེ་བའི་དགོན་གནས་དང་སྒྲུབ་གནས་སྤེལ་མར་བྱུང་བ་མངོན། སྒྲུབ་གནས་འདི་ནི་མཁས་གྲུབ་ཁྱུང་པོ་ཤངས་སུ་ཕེབས་རྗེས་སུ་ཕྱག་བཏབ་པའི་དགོན་གནས་བརྒྱ་རྩ་བརྒྱད་ཀྱི་གྲས་ཤིག་མིན་ནམ་སྙམ། གཞན་ཡང་པ་སྣམ་རྫོང་གི་སྐེད་འོག་རྟ་རྭའི་གཤམ་ཙམ་ན་ཁྱུང་པོ་ཆོས་བརྩོན་གྱི་སྒྲུབ་གནས་ཕུག་པ་ཞིག་ཡོད་པ་དེར་འགའ་ཞིག་གིས་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱི་སྒྲུབ་ཕུག་ཡིན་ཟེར་བ་སོགས་ནི་ལོ་རྒྱུས་ལ་རྨོངས་པའི་བླུན་གཏམ་ཙམ་དུ་ཟད་པས་འདི་དང་འདི་འདྲ་བའི་དགོན་སྡེ་དང་སྒྲུབ་གནས་རྣམས་འདིར་བརྗོད་པར་མི་བྱའོ།
།ཇི་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཐར་པ་འདོད་པ་རི་ཁྲོད་གནས་པར་བྱེད་ཅེས་པ་དང་། རིན་པོ་ཆེའི་ཕུང་པོའི་མདོ་ལས་འོད་སྲུང་དགེ་སློང་གང་དག་དགོན་པའི་གནས་སུ་འགྲོ་བར་འདོད་ན། ཆོས་རྣམ་པ་བརྒྱད་ཡིད་ལ་བསམ་པར་བྱའོ། །བརྒྱད་གང་ཞེ་ན། རང་གི་ལུས་ཡོངས་སུ་སྤང་བར་བྱའོ་སྙམ་པ་དང་། སྲོག་ཡོངས་སུ་བཏང་བར་བྱའོ་སྙམ་པ་དང་། བཀུར་བསྟི་རྣམས་སྤང་བར་བྱའོ་སྙམ་པ་དང་། ཆགས་ཤིང་སྲེད་པ་ཐམས་ཅད་སྤང་བར་བྱའོ་སྙམ་པ་དང་། རི་ཁྲོད་དུ་རི་དྭགས་ལྟར་གནས་པར་བྱའོ་སྙམ་པ་དང་། དགོན་པར་གནས་པའི་སྤྱོད་པ་གང་ཡིན་པ་ལ་བསླབ་པར་བྱའོ་སྙམ་པ་དང་། ཆོས་ཀྱི་འཚོ་བས་གནས་པ་དང་། ཉོན་མོངས་པས་འཚོ་བར་མི་བྱའོ་སྙམ་པ་སྟེ། དེ་ནི་ཆོས་བརྒྱད་ཅེས་བྱའོ་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོས་རང་ཉིད་ཀྱི་ཉམས་རྟོགས་གོང་མཐོར་བཏང་ནས་ཐར་པའི་ལམ་བཟང་སྒྲུབ་པ་དང་། གདུལ་བྱ་གཞན་ཡང་སྨིན་གྲོལ་གྱི་ལམ་ལ་འགོད་ཕྱིར་འཁོར་བའི་ཁྱིམ་དང་འདུ་འཛིའི་གནས་སོགས་ཀྱི་ཆོས་རྣམ་པ་བརྒྱད་དེ་དག་རབ་ཏུ་སྤངས་ཏེ་རི་ཁྲོད་རྣམས་སུ་དུས་ཡུན་རིང་པོའི་ནང་འཕགས་བལ་བོད་གསུམ་དུ་གསན་སྦྱོང་མཛད་པའི་མཐའ་ཡས་ཀྱི་གདམས་ངག་དེ་དག་ཉམས་ལེན་དཔྱིས་ཕྱིན་པ་གནང་ཡོད། དེ་ལྟར་གྲྭ་སློབ་ཀྱི་ཚོགས་པ་སྐྱོང་སའི་དགོན་གནས་ཤིག་གཏན་ཁེལ་མ་བྱུང་གོང་། མཁས་གྲུབ་ཁྱུང་པོས་གནས་ངེས་མེད་དུ་ཕེབས་ནས་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ཁོ་ནས་དུས་འདའ་བར་མཛད་དོ།

I.4.3 - Cheka
།གསུམ་པ། ཕྱག་བཏབ་པའི་དགོན་གནས་ཐོག་མ་འཕན་ཡུལ་འཆད་ཁ་དགོན།
འཆད་ཁ་དགོན་འདི་ཉིད་གང་དུ་གནས་མིན་གྱི་ཐད་སྤྱིར་གལ་ཆེའི་ལོ་རྒྱུས་ཡིག་ཆ་མང་ཆེ་བ་གཅིག་མཐུན་དུ་འཕན་ཡུལ་དུ་ཡིན་པར་ངོས་འཛིན་པ་མ་ཟད། དེང་འཕན་པོ་འཇོག་པོའི་མདར་འཆད་ཁ་དགོན་གྱི་དགོན་ཤུལ་དངོས་སུ་མཇལ་རྒྱུ་ཡོད་ཀྱང་། དུང་དཀར་ཚིག་མཛོད་དུ་ཐོག་མར་འཕན་པོ་འཇོག་པོའི་ཕུ་(ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་གི་ཕུ་)ལ་འགད་དཀར་གྱི་དགོན་པ་བཏབ་ནས་གནས་གཞི་བཟུང་བས་དེར་སློབ་མ་ཉིས་སྟོང་ཙམ་འདུས་ནས་མ་ཤོང་བས་བླ་མ་རང་ཉིད་ཡུལ་སོ་སོར་ཕེབས་ནས་དབྱར་སྟོན་གཉིས་ཀྱི་རིང་ཆོས་གསུངས་ཞེས་འཁོད་པའི་གུག་རྟགས་ནང་གི་མཆན་འགྲེལ་དུ་ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་གི་ཕུ་ཞེས་གསལ་འདུག །མཆན་འགྲེལ་དེ་སུས་མཛད་མིན་མི་ཤེས་ཀྱང་། མཆན་དེའི་གོང་གི་ལུང་ཚིག་འདིར་ཞིབ་པར་བརྟགས་ན་འཕན་ཡུལ་འཇོག་པོའི་ཕུ་ཞེས་གསལ་བར་ཐོན་ཀྱང་། དེའི་འགྲེལ་པར་ཨ་ན་ཨུ་ཚུགས་ཀྱིས་ཉང་བྲན་ཡུལ་ཤོག་གི་ཕུ་ཞེས་བརྗོད་ན་ནི་ཉང་བྲན་གྱི་ཕུར་འཕན་པོ་ཟེར་བའི་ས་མེད་ལ། མགོ་བོ་ལ་རྐང་པ་ཞེས་འགྲེལ་བ་ལྟ་བུའི་གཏམ་འདི་འདྲ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་འཚམ་པ་ཡིན། དེའི་རྒྱུ་མཚན་ནི་ཉང་བྲན་གྱི་ཕུ་ལ་མཁས་གྲུབ་ཁྱུང་པོས་དགོན་གནས་བཏབ་པའི་སྐོར་ལོ་རྒྱུས་ཡིག་ཆ་གཞན་གང་དུའང་མི་གསལ་བའི་ཁར། ས་ཆ་དེའི་ཉེ་འཁོར་དུ་དེ་དང་འབྲེལ་ཡོད་ཀྱི་ཤོད་རྒྱུན་ཐོས་རྒྱུ་མི་འདུག་ལ་ས་ཡུལ་ངོས་བཟུང་རྒྱུ་ཡང་མི་འདུག །འོན་ཀྱང་དེ་དང་མིང་འདྲ་བར་འཇོག་རི་ངག་དབང་བསྟན་འཛིན་གྱིས་ཕྱག་བཏབ་གནང་བའི་ཉང་བྲན་འཇོག་པོ་རི་ཁྲོད་ཅེས་པ་ཞིག་ཡོད། བླ་མ་དེའི་འཁྲུངས་ཡུལ་འཕན་པོ་འཇོག་པོ་ཡིན་པས་རི་ཁྲོད་ཀྱི་མིང་ལའང་དེ་ལྟར་ཐོགས། སྐུ་གཤེགས་ཁར་རང་གི་སློབ་མ་སྟེ་ལམ་རིམ་མྱུར་ལམ་བླ་བརྒྱུད་དུ་བཞུགས་པའི་འཇོག་རི་བླ་མ་རྣམ་གྲོལ་ལ་བདག་ཏུ་གནང་བ་ཞིག་ཡིན། དེར་བརྟེན་དུང་དཀར་ཚིག་མཛོད་ཀྱི་འགྲེལ་མཆན་ནང་འཕན་ཡུལ་འཇོག་པོ་དང་ཉང་བྲན་འཇོག་པོ་རི་ཁྲོད་གཉིས་རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་བཞིན་འཁྲུལ་བའོ།
།དེ་ཡང་འཇིག་རྟེན་གྱི་གཏམ་དཔེར་འཕན་ཡུལ་སྐྱ་མོ་ན། བྱིའུ་ལ་ལྷུ་ཐང་རྩི་ཞེས་པ་ལྟར། སྤྱིར་སྐབས་དེའི་འཕན་ཡུལ་བ་ནི་མི་ངན། དད་པ་ཆུང་། ས་བཙའ། མགོ་མཁྲེགས་ཞེས་མགོ་ལེགས་ཀྱིས་རྗེ་མར་པར་གསུངས་པ་བཞིན་ཡིན་སྲིད་ཀྱང་། མཁས་གྲུབ་ཁྱུང་པོའི་སྙན་པ་ཕྱོགས་བཞིར་གྲགས་པས། རྟེན་འབྲེལ་ཡིག་ཆུང་གི་ལུང་མྱང་ཆོས་འབྱུང་དུ་དྲངས་པར་པད་མའི་མཚོ་ལ་ངང་པ་འདུ། དྲི་ལྡན་མེ་ཏོག་བུང་བ་འདུ། ཤ་ཡི་དྲི་ལ་ཤ་སྦྲང་འཁོར། །འབྲོག་བཟང་དུ་ནི་རི་དྭགས་འདུ་ཞེས་པ་ལྟར་སྣོད་ལྡན་གྱི་གྲྭ་སློབ་དུ་མའི་ཚོགས་པ་འཕན་ཡུལ་སྐྱ་མོར་རང་བཞིན་དུ་བསྡུས་ནས་དགོན་གནས་ཕྱག་འདབ་པའི་དགོས་པ་ཇེ་ཆེར་སོང་། དེར་བརྟེན་མཁས་གྲུབ་ཁྱུང་པོས་འོད་དཔག་མེད་ཀྱི་རྣམ་སྤྲུལ་དགེ་བཤེས་གླང་རི་ཐང་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་རྗེས་འཕན་ཡུལ་འཇོག་པོའི་ཕུ་སྟེ་སྔར་དཀོན་སྒང་མགོན་པོའི་སྒྲུབ་ཕུག་ཏུ་སྒྲུབ་པར་ཞུགས། དེར་སེམས་བསྐྱེད་དང་དབང་བསྐུར་གནང་བས། གྲྭ་པ་མི་ཤོང་བར་ཐོག་མར་འཇོག་པོའི་མདའ་ཡི་འཆད་ཀར་དགོན་གནས་བཏབ་སྟེ་སློབ་མ་ཉིས་སྟོང་ཙམ་འདུས།
བོད་ཀྱི་ཆོས་འབྱུང་དཔྱད་ཡིག་རྣམས་སུ་འཇོག་པོའི་འཆད་ཁ་ཞེས་པ་དེར་འབྲི་སྟངས་མི་འདྲ་བ་འགའ་ཞིག་བྱུང་བ་སྟེ། Illustration
དེ་ལྟར་གོང་དུ་བཀོད་པ་བཞིན་འཇོག་པོ་དང་ཇོག་པོ་གཉིས་ནི་འཕན་པོ་སོགས་ཀྱི་ཡུལ་ལུང་འགར་ཇ་ཞེས་པ་སྐབས་འགར་འ་འཕུལ་ཅན་གྱི་འཇ་སྒྲ་རུ་ཀློག་པའང་ཡོད་པས་དེ་གཉིས་སྒྲ་ཉེ་བས་མི་འགལ་ཞིང་། འཆད་དཀར་དང་འཆད་ཁ་གཉིས་ཀྱང་ཡུལ་སྐད་ལ་ལར་ཀ་དང་ཁ་སྒྲ་འདྲ་བ་དང་བརྗོད་བདེའི་དབང་གིས་འབྲི་སྲོལ་མི་མཐུན་པ་འདི་འདྲ་ཆགས་པ་ཡིན། ཁོ་བོས་ནི་འདིར་འཆད་ཁ་ཞེས་པ་སྟེ་མཆད་ཀ་དང་འདྲ་བར་དུར་ཁྲོད་ཀྱི་དོན་ལ་འཇུག་པ་དེ་སྤྱོད་རྒྱུ་ཡིན། མཚན་དེ་ལས་མཁས་གྲུབ་ཁྱུང་པོས་དགོན་འདི་ཕྱག་མ་བཏབ་པའི་གོང་ངམ། ཡང་ན་ཕྱག་བཏབ་རྗེས་ཀྱི་དུས་གང་རུང་ཞིག་ལ་ཕལ་ཆེར་ས་དེར་དུར་ཁྲོད་ཡོད་པ་ཡང་མཚོན་ནུས་པ་ཡིན།
འཕན་ཡུལ་འཇོག་པོ་ཞེས་པ་ཡང་། དེང་འཕན་པོ་ལྷུན་གྲུབ་རྫོང་དགའ་ཆོས་གྲོང་བརྡལ་ནས་ཤར་ལྷོའི་མཚམས་ཀྱི་སྤྱི་ལེ་བརྒྱད་ཙམ་གྱི་སར་ལུང་ཤུར་ཞིག་ཡོད་པ་དེའི་སྤྱི་མིང་ལ་འཇོག་པོ་ཞེས་ད་ལྟའང་འབོད་ཀྱི་འདུག །ལུང་པ་དེའི་མདའ་སྟེ་དགའ་ཆོས་གྲོང་བརྡལ་ཁོངས་སེབ་གྲོང་ཚོའི་ཤར་ངོས་རི་ལྡེབས་སུ་འཆད་ཁ་ཞེས་རྒྱ་ཁྱོན་ཧ་ལམ་སྨི་གྲུ་བཞི་མ་བཞི་སྟོང་ལྷག་ཡོད་པའི་དགོན་ཤུལ་ཞིག་ཀྱང་ད་ལྟ་དངོས་སུ་མཇལ་རྒྱུ་འདུག །དེ་ནི་ལོ་རྒྱུས་ཡིག་ཆ་ཕལ་མོ་ཆེར་འཁོད་པ་བཞིན་མཁས་གྲུབ་ཁྱུང་པོས་འཇོག་པོའི་མདའ་རུ་འཆད་དཀར་དགོན་པ་བཏབ་ཅེས་པ་དང་ཡོངས་སུ་མཐུན་པ་མ་ཟད། ལུང་པ་དེའི་ཕུར་མཁས་གྲུབ་ཁྱུང་པོ་བཞུགས་མྱོང་བའི་སྒྲུབ་ཕུག་སོགས་དངོས་སུ་མཇལ་རྒྱུ་ཡོད་ལ། ཉེ་བའི་ཆར་རྡོ་གཡམ་སྟེང་མཁའ་འགྲོ་ནི་གུ་མའི་བྲིས་སྐུ་སོགས་ཀྱང་དངོས་སུ་རྙེད་སོན་བྱུང་བ་ཁོ་བོས་ཐོས་པས། མཁས་གྲུབ་ཁྱུང་པོས་ཕྱག་བཏབ་པའི་འཇོག་པོ་འཆད་ཁ་དགོན་ནི་གནས་དེ་རང་དུ་ཡིན་པ་ཁ་ཚོན་བཅད་ཆོག །ཡང་ལྷ་བཞིའི་ལོ་རྒྱུས་སུ་ཁྱེད་ལ་དགོན་གནས་ལོགས་སུ་འགལ་བ་ཡོད་དམ་གསུངས་ནས། དབུས་ཀྱི་འཆད་ཀར་སྤྱན་དྲངས་ནས་གདམས་ངག་ཞུས་ཞེས་གྲུབ་ཆེན་རཱ་ཧུ་ལས་མཁས་གྲུབ་ཁྱུང་པོར་དགོན་གནས་ལོགས་སུ་ཡོད་མིན་བཀའ་འདྲི་གནང་བས། མཁས་གྲུབ་ཁྱུང་པོས་གྲུབ་ཆེན་ར་ཧུ་ལ་འཆད་ཁ་དགོན་འདི་ཉིད་དུ་གདན་དྲངས་ནས་ཟླ་བ་བཅུ་གཅིག་ཙམ་རིང་དབང་དང་གདམས་ངག་དུ་མ་གསན། རཱ་ཧུ་ལ་ཕེབས་སྐྱེལ་ཟིན་རྗེས་ཀྱང་སླར་དགོན་འདིར་ཕེབས་ནས། སྣེའུ་སྟོན་པ་ཡོན་ཏན་ཚུལ་ཁྲིམས་ལ་སོགས་པའི་སློབ་མ་རྣམས་ལ་རཱ་ཧུ་ལའི་གདམས་ངག་ལོ་གསུམ་གྱི་བར་གནང་བ་དང་། གྲུབ་ཆེན་ར་ཧུ་ལ་མ་ཕེབས་གོང་དགོན་དེར་ལོ་ཤས་འགྲོ་དོན་བསྐྱངས་པ་བཅས་མཁས་གྲུབ་ཁྱུང་པོས་གནས་དེར་སྔ་རྟིང་བསྡོམས་པས་མ་མཐར་ཡང་ལོ་ངོ་ལྔ་ལྷག་ཙམ་བཞུགས་མྱོང་།
འོན་ཀྱང་བསྟན་པའི་འཕེལ་འགྲིབ་ཀྱི་བགྲོད་དང་བསྟུན་ཏེ་ཕྱིས་དགོན་གནས་དེར་བཀའ་གདམས་པའི་ཆོས་བརྒྱུད་འཛིན་པའི་རྟེན་གཞི་བཙུགས་པ་འདྲ་སྟེ། ཁུལ་དེའི་མི་རྣམས་ཀྱི་ངག་རྒྱུན་དུ་དགོན་དེ་ནི་འཕན་ཡུལ་དགེ་བཤེས་བདུན་དུ་གྲགས་པའི་ནང་གསེས་དགེ་བཤེས་འཆད་ཁ་བས་ཕྱག་བཏབ་ཅེས་བརྗོད་སྲོལ་ཡང་འདུག །འོན་ཏེ་ཡོངས་གྲགས་ལྟར་དགེ་བཤེས་འཆད་ཁ་བའི་(སྤྱི་ལོ1101ལོ་ནས1175ལོ་བར་)དགོན་གནས་གཙོ་བོ་དེང་མལ་གྲོ་རྫོང་བཀྲ་ཤིས་སྒང་ཡུལ་ཤོག་སྐྱིད་ཁུ་གྲོང་ཚོའི་ཁོངས་སུ་གནས་པའི་འཆད་ཁ་དགོན་དུ་ཡིན་པ། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར་དེའི་རྗེས་སུ་མལ་གྲོར་བྱོན་ནས་འཆད་ཁ་རྙིང་མའི་དགོན་པ་བཏབ། དེར་འགྲོ་དོན་ལོ་བཅུགཅིག་བསྐྱངས། ཚོགས་པ་དགུ་བརྒྱ་ཙམ་འདུས་ཞེས་དགེ་བཤེས་ཤར་བ་པའི་བྱང་ཆུབ་ཐུགས་ཀྱི་བཀའ་བབས་བྱ་འཆད་ཁ་བས་མལ་གྲོ་འཆད་ཁ་དགོན་བཏབ་སྟེ་དེར་འགྲོ་དོན་ལོ་བཅུ་གཅིག་བསྐྱངས་པའི་སྐོར་གསལ་བར་འཁོད་པ་ལས། འཕན་ཡུལ་དུ་དགོན་གནས་བཏབ་ཡོད་མེད་བརྗོད་པར་དཀའ། འོན་ཏེ་ཆོས་འབྱུང་འདིའི་ལྕགས་དཔར་མར་བྱ་འཆད་ཁ་བས་སེ་སྤྱིལ་བུ་ལ་འཆད་ཁ་གསར་མ་འདེབས་པའི་ལུང་བསྟན་མཛད་ཅེས་དང༌། ཤིང་དཔར་མར་སེ་སྤྱི་ཕུ་བས་སྔར་འཆད་ཁ་བ་ཆེན་པོས་ལུང་བསྟན་པ་བཞིན། ཤིང་སྤྲེལ་ལ་འཆད་ཁ་གསར་མ་བཏབ་ཅེས་མལ་གྲོ་འཆད་ཁ་དགོན་ལ་འཆད་ཁ་རྙིང་མ་དང་། བྱ་འཆད་ཁ་བའི་སློབ་མ་སེ་སྤྱིལ་ཕུ་བས་བཏབ་པ་ལ་འཆད་ཁ་གསར་མ་ཞེས་ཡོངས་སུ་གྲགས། དེས་ན་མཁས་གྲུབ་ཁྱུང་པོའི་དགོན་གནས་ཤངས་སུ་སྤོས་རྗེས། སྔར་ཁོང་གིས་ཕྱག་བཏབ་པའི་འཆད་ཁ་དགོན་གྱི་ཤུལ་དུ་དགེ་བཤེས་འཆད་ཁ་བས་སླར་ཕྱག་བཏབ་པ་མི་སྲིད་ཀྱང་། ཕལ་ཆེར་སེ་སྤྱི་ཕུ་བས་བྱ་འཆད་ཁ་བའི་ལུང་བསྟན་བཞིན་ཕྱག་བཏབ་པའི་དགོན་གནས་འཆད་ཁ་གསར་མ་ཞེས་པ་དེ་ཡིན་བཟོ་ཡོད་པ་ཙམ་ལས་ཁ་ཚོན་གཅོད་པར་དཀའ།
དགོན་གནས་འདིར་སྤྱི་ལོ་1959ལོའི་གོང་བཙུན་མ་ཞལ་གྲངས་160ཡོད་པ་བོད་གཞུང་དབུས་ཁུལ་དགོན་ཁག་གཞུང་ཁྲའི་ནང་གསལ། སྤྱི་ལོ་1966ལོའི་རིག་གནས་གསར་བརྗེའི་སྐབས་དགོན་པ་འདི་རྩ་གཏོར་དུ་སོང་། གཞན་ཡང་སུམ་པའི་ཆོས་འབྱུང་དུ་དེ་ནས་ཇོག་པོའི་ཤངས་སུ་བྱོན་ཏེ་ཞེས་འཁོད་པ་ལྟར་ན། འཕན་པོའི་འཇོག་པོ་དང་གཡས་རུ་ཤངས་གཉིས་ས་ཆ་གཅིག་ཏུ་ངོས་འཛིན་པ་སོགས་ཀྱི་རིགས་ནི་འགལ་འཛོལ་ཆེས་ཆེ་བས་སྤང་བར་བྱའོ།

I.4.4 - Shong Shong
།བཞི་པ། ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་ཞོང་ཞོང་རྡོ་རྗེ་གདན།
གཡས་རུའི་ས་ཡི་ལྟེ་བ་ཤངས་ཞོང་ཞོང་གི་གནས་འདི་ཉིད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཕྱག་མ་བཏབ་གོང་། སྤུར་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་ཐོག་གཉིས་པ་རྒྱལ་པོ་མུ་ཁྲི་བཙན་པོས་བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་པ་སྟེ། དབུ་རུ་ན་འདུ་གནས་བཅུ་གསུམ། གཡོན་རུ་ན་བདུན། གཡས་རུ་ན་བརྒྱད། རུ་ལག་ན་དགུ་བཅས་ཡོད་པ་ལས། གཡས་རུར་བརྒྱད་ཡོད་པའི་གྲས་སུ་ཤངས་ཀྱི་ཞོང་ཞོང་ནི་ཤངས་ནང་གི་གནམ་གླིང་གི་འགྲམ་ཞེས་འཁོད་པ་ལྟར་ཤངས་རྣམ་གླིང་གི་ཉེ་འགྲམ་དུ་ཡོད་པའི་ཞོང་ཞོང་འདི་ཉིད་ནི་བོད་རྒྱལ་མུ་ཁྲི་བཙན་པོའི་སྐུ་དུས་སུ་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་གྱི་གྲས་སུ་གཏོགས་པ་ཡིན། ཡང་སྤྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་གཏན་ལ་ཕབ་པའི་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་གི་ཐོག་མ་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ལས་ཡུལ་ཁམས་དབང་རིས་ཕྱེ་བའི་གཏན་འབེབས་བཞིན་བོད་ཡུལ་འདི་ཉིད་དབུ་རུ་དང་། གཡོ་རུ གཡས་ལུ རུ་ལག །སུམ་པའི་རུ་བཅས་རུ་ཆེན་ལྔ་སྟེ་དམག་ཤོག་ཆེན་པོ་ལྔ་རུ་ཕྱེ། དེ་དག་ལས་གཡས་རུ་ནི་ཤངས་ཀྱི་ཞོང་པ་ཚལ་(དེང་ཞོང་ཞོང་དགོན་ཡོད་ས་)ལྟེ་བར་བྱས་པའི་རུ་མཚམས་ཀྱང་། ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས་ཤར་ཕྱོགས་སྲག་(ཆོས་འབྱུང་མཁས་པའི་དགའ་སྟོན་དུ་པྲགས་ཞེས་འཁོད་)གི་གླང་མ་གུར་ཕུབ། ནུབ་བྱེ་མ་ལ་དགུ། བྱང་རྨི་ཏི་ཆུ་ནག །ལྷོ་སྙེ་ནམ་གཡག་པོ་སྣ་ཞེས་འཁོད་པའི་ཤར་ཕྱོགས་ཕྲགས་ཀྱི་གླང་མ་གུར་ཕུབ་སྟེ་དེང་འཕན་པོའི་སྟག་ལུང་གི་ཉེ་འཁོར་དང་། ནུབ་བྱེ་མ་ལ་དགུ་ནི་དེང་ངམ་རིང་རྫོང་ཁོངས། བྱང་རྨི་ཏི་ཆུ་ནག་ནི་ལྷ་རི་རྫོངས་ཁོངས་ཀྱི་རྨི་ཏི་ཁ། ལྷོ་སྙེ་ནམ་གཡག་པོ་སྣ་ནི་དེང་གཉའ་ནང་རྫོང་ཁོངས་བཅས་ཡིན་པར་གཞིགས་ན། སྐབས་དེར་ཞོང་ཞོང་གི་ས་འདི་ཉིད་ལྟེ་བར་བྱས་པའི་གཡས་རུའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་རྟོགས་ཐུབ། གཞན་ཡང་སྨན་རིའི་སློབ་དཔོན་བསྟན་འཛིན་རྣམ་དག་གིས་དགའ་ལྡན་ཆོས་འཁོར་གྱི་ཤར་ཕྱོགས་གཤང་ཆུའི་ཕར་ཁ་ན། མེའུ་ཚང་གི་གདན་ས་གཤང་གི་ཞོང་ཞོང་ཚལ་ཞེས་པ་དེ་འདུག །འདི་ནི་གཡས་རུའི་འདུ་གནས་ཤངས་ཀྱི་ཞོང་ཞོང་ཟེར་བ་དེ་ཡིན་ཞེས་གསུངས་པར་གཞིགས་ན། བོད་སིལ་བུའི་དུས་ཀྱི་བར་སྐབས་ཤིག་རིང་ཞོང་ཞོང་འདི་ཉིད་ནི་རྨེའུ་ཚང་གི་གདན་ས་ཡིན་པ་སོགས་ལོ་ངོ་ཉིས་སྟོང་ལྷག་གི་སྔོན་ནས་གནས་འདི་ནི་གཡུང་དྲུང་བོན་གྱི་གནས་གཞི་གལ་ཆེན་ཞིག་དང་། བོད་ཀྱི་ལོ་རྒྱུས་གར་སྟེགས་ཐོག་ཆོས་སྲིད་ཀྱི་མཛད་པ་བསྐྱངས་ཡུལ་གལ་ཆེའི་གྲས་ཤིག་ཀྱང་ཡིན།
I.4.4.1 Foundation
གཅིག །མཁས་གྲུབ་ཁྱུང་པོས་ཕྱག་བཏབ་པའི་སྐོར།
དེ་ཡང་སྔར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བླ་མ་རྡོ་རྗེ་གདན་པ་ཆེན་མོར་རི་མ་ལ་ཡའི་རྩེ་ར་གསེར་སྲང་བཅུ་གསུམ་ཕུལ་ནས་ཚེས་བཅུའི་མཆོད་པ་མཛད་པའི་ཚེ་རྩོད་ལྡན་གདུལ་དཀའི་སེམས་ཅན་ལ། །སྐྱོ་བ་མ་བྱེད་བྱང་སེམས་སྦྱོངས། བདེ་མཆོག་རང་བྱོན་དཀྱིལ་འཁོར་གྱི། །ས་རུ་གདུལ་བྱ་ཁྲི་ཕྲག་བྱུང་ཞེས་ལུང་བསྟན་མཛད་པ་ལྟར་རྒྱབ་རི་བདེ་མཆོག་ཡབ་ཡུམ་གྱི་དཀྱིལ་འཁོར་རང་བྱོན་གྱི་གནས་ཞོང་ཞོང་དུ་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་སོགས་བྱུང་བ་དང་། ཡང་ཐེངས་ཤིག་རྡོ་རྗེ་གདན་དུ་གསེར་སྲང་བརྒྱད་ཅུས་ཚོགས་མཆོད་ཅིག་ཕུལ་ནས་གསོལ་བ་བཏབ་པའི་ཐོ་རངས་བླ་མ་ཨ་ཏ་ཡ་བཛྲདང་། ཌཱ་ཀི་མ་སུ་ཁ་སིདྡྷི། རྗེ་བཙུན་མ་སྒྲོལ་མ་བཅས་བྱོན་ནས་ཕྱི་རོལ་དབང་ཕྱུག་ཆེན་པོ་དང་། །བདེ་མཆོག་ཁ་སར་པ་ཎི་རྣམས། །རང་བྱོན་གཟུགས་སུ་ཡོད་པ་ཡི། །གནས་སུ་གདུལ་བྱ་འདྲེན་པར་འགྱུར་ཞེས་པ་ལྟར་ཕྱི་རོལ་པའི་ལྷ་ཆེན་པོ་དབང་ཕྱུག་དང་། བདེ་མཆོག །སྤྱན་རས་གཟིགས་ཁ་སར་པ་ཎི་སོགས་ཀྱི་རང་བྱོན་ངོ་མཚར་ཅན་ཡོད་པའི་གནས་ཏེ་ཞོང་ཞོང་དུ་གདུལ་བྱ་དཔག་མེད་འདྲེན་པར་ལུང་བསྟན། ཚད་དང་ལྡན་པའི་བླ་མ་ཡི་དམ་གྱིས་དགེ་བཅུ་ཚང་བའི་ཞོང་ཞོང་གི་གནས་འདི་ཉིད་མཁས་གྲུབ་ཁྱུང་པོའི་དགོན་གནས་སུ་ལུང་བསྟན་པ་ཡང་། ཁོ་བོའི་བསམ་པར་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་སྟེ། ཐོག་མར་སྤྱིར་བླ་མའི་མཛད་འཕྲིན་དང་། སློབ་མའི་ཉམས་ལེན། བརྒྱུད་པའི་དར་འཕེལ་བཅས་ཀྱི་དགོས་པ་དམིགས་བསལ་ཡོད་པ་ཕུད། དེ་མིན་སྔར་བཙན་པོ་སྲོང་བཙན་གྱི་སྐུ་དུས་སུ་གཡས་རུའི་སྟོང་སྡེ་བཅུར་ཕྱེ་བའི་སྐབས་གཡས་རུ་སྟོད་སྨད་ཀྱི་རུ་དཔོན་ཁྱུང་པོ་སྟག་བཟང་སྟོང་དང་མགོས་ཁྲི་གཉེན་ཡང་འཕྱོས། རུ་དར་དར་ནག་སྙིང་དཀར་བྱ་ཁྱུང་བྲིས་པ་དང་སྐྱ་ཁྲ་གོང་ཁྲ་སོགས་ཡོད་པར་གཞིགས་ན། ཞོང་ཞོང་ལྟེ་བར་བྱས་པའི་གཡས་རུའི་སྟོད་སྨད་ཀྱི་ས་ཆ་རྣམས་སུ་ཁྱུང་པོའི་རིགས་རྒྱུད་འཚོ་སྡོད་བྱེད་ལ་དེ་དག་གི་གནས་བབས་ཀྱང་མཐོ་པོ་བཟུང་ཡོད་པས། བཙན་པོ་སྲོང་བཙན་གྱི་སྐུ་དུས་ནས་དེ་ཁུལ་གྱི་ས་ཆ་འགའ་ཞིག་ཁྱུང་པོའི་རིགས་རུས་ལ་དབང་བ་མཚོན། དེས་མ་ཟད་མཁས་གྲུབ་ཁྱུང་པོས་དགོན་གནས་འདེབས་སྐབས་སུ་ཡང་སྤྱི་དཔོན་ཁྱུང་པོ་ཡིན་པས། ཞོང་ཞོང་གི་གནས་དེ་ནི་སྤུར་རྒྱལ་བཙན་པོའི་དུས་ནས་ཁྱུང་པོའི་རིགས་ཀྱི་མངའ་ཁོངས་ཡིན་པའམ་ཁྱུང་པོ་དང་འབྲེལ་བ་ངེས་ཅན་ཡོད་པའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ལ་དམིགས་ནས། བླ་མ་ཡི་དམ་གྱིས་ཀྱང་གནས་དེ་མཁས་གྲུབ་ཁྱུང་པོར་ལུང་བསྟན་པ་ཡིན་སྙམ།
སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཨོ་རྒྱན་རིན་པོ་ཆེས་ཞོང་ཞོང་དགོན་གནས་བརྒྱ་རྩ་བརྒྱད། ཚོགས་པ་ཁྲིམས་འཚོའི་རྒྱ་མཚོ་འབྱུང་ཞེས་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕན་ཡུལ་འཆད་ཁ་དགོན་དུ་སློབ་མ་རྣམས་ལ་བླ་མ་རཱ་ཧུ་ལའི་ཆོས་སྐོར་གསུངས་ཏེ་ལོ་གསུམ་སོང་རྗེས། ལན་པའི་སྤྱིལ་བུར་སེང་གེའི་གདོང་པ་ཅན་ལ་སོགས་པའི་མཁའ་འགྲོ་མ་མང་པོས་ལུང་བསྟན་པ་བཞིན། བླ་མ་གང་ཉིད་དགུང་ལོ་བརྒྱ་དང་སུམ་ཅུ་ཙམ་དུ་ཕེབས་པའི་ཚེ་དཔོན་སློབ་སུམ་སྟོང་དང་འགྲོགས་ནས་ཤངས་སུ་བྱོན། ཞོང་ཞོང་གིས་གཙོས་པའི་དགོན་གནས་བརྒྱ་རྩ་བརྒྱད་ལོ་གསུམ་གྱི་ནང་བཏབ། དེ་དག་གི་སྤྱི་དཔོན་ཁྱུང་པོས་མཛད་ཅིང་དབུས་གཙང་ཁམས་གསུམ་གྱི་གྲྭ་སློབ་དུ་མ་འདུས། དེ་ལྟར་ཞོང་ཞོང་གི་གནས་འདི་བླ་མ་དང་ཌཱ་ཀི་མ་མང་པོས་སྔ་རྗེས་སུ་ལུང་བསྟན་ལ་བྱིན་གྱིས་བརླབས་པ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རབ་བྱུང་གཉིས་པའི་ལྕགས་གླང་སྤྱི་ལོ1121ལོ་ཙམ་དུ་དངོས་སུ་ཕྱག་བཏབ། དེ་ནི་དགོན་གནས་བརྒྱ་རྩ་བརྒྱད་ཀྱི་ལྟེ་གནས་དང་ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་ཡང་ཡིན། ད་བར་ལོ་ངོ་དགུ་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་པའི་དགོན་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཡང་། ཁུལ་དེའི་དམངས་གཞས་ཤིག་ཏུ་གནས་ལ་དང་པོ་མཇལ་དང་པོ་མཇལ། །གནས་ལ་དང་པོ་ཞོང་ཞོང་ཁྱུང་པོ་མཇལ། །ཞོང་ཞོང་ཁྱུང་པོ་གསེར་ཁྲིའི་སྟེང་ལ་བཞུགས། །ཕྱག་དང་མཆོད་པ་གཡུ་ཁྲིའི་སྟེང་ལ་ཕུལ་ཞེས་དང་། ནི་གུའི་བརྒྱུད་འདེབས་སུ་གནས་ཞོང་ཞོང་དཔལ་གྱི་དགོན་པ་རུ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས་ཞེས་པ། ཤངས་ལུགས་མཁའ་སྤྱོད་དཀར་དམར་གཉིས་ཀྱི་ཚོགས་མཆོད་དང་རྗེས་མཆོག་འཕྲིན་ལས་ཡར་འཕེལ་དུ་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་ཞིང་། །ཞང་ཞུང་རྡོ་རྗེའི་གདན་མཆོག་ནས། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་ལ། །མཁས་གྲུབ་ཁྱུང་པོ་ཞེས་སུ་གྲགས་ཞེས་པ་སོགས་ཞོང་ཞོང་གི་དགོན་འདི་ཉིད་ནི་མཁས་གྲུབ་ཁྱུང་པོའི་གནས་གཞི་གལ་ཆེན་ཞིག་ཡིན་ལ། ཤངས་ཁུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་གནས་ཀྱི་གྲས་ཤིག་ཀྱང་ཡིན།
༡ དགོན་འདིའི་མཚན་གྱི་འབྲི་སྟངས་མི་འདྲ་བའི་སྐོར།
སྤྱིར་གཞོང་གཞོང་ཞེས་པ་ཡང་དགོན་གནས་འདིའི་གཞོང་པ་དང་འདྲ་བའི་ས་བབ་ཀྱི་ཆགས་ཚུལ་ལ་ཞིག་སྟེ་དེ་ལྟར་དུ་མཚན་ཐོགས། འོན་ཏེ་ཞོང་ཞོང་ཞེས་པ་དེར་ཡི་གེ་འབྲི་སྟངས་མི་མཐུན་པ་མང་བས། ལོ་རྒྱུས་ཡིག་ཆ་འགའ་ཤས་སུ་ཐོན་པའི་མཚན་མི་འདྲ་བ་བཅུ་ཙམ་གཤམ་དུ་དགོད་རྒྱ་སྟེ། Illustration
དེ་ལྟར་གོང་དུ་བཀོད་པ་བཞིན་དགོན་གནས་འདིའི་མཚན་གྱི་འབྲི་ཚུལ་མི་མཐུན་པ་མང་དག་ཅིག་ཡོད་པ་དེ་དག་ལ་དཔྱད་པ་ཅུང་ཞིག་བྱས་ན། (༡)ཞང་ཞང་། མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཤིང་དཔར་མར་འཁོད་པའི་ཞང་ཞང་ཞེས་པ་དེ་ཞང་པོ་དང་། ལྷག་པར་ཞང་པོའི་དབུས་སྐད་ཞང་ཞང་དང་ནོར་ཉེན་ཡོད་པས་མི་འོས། (༢)ཞང་ཞུང༌། དེང་གསར་དུ་བཀལ་བའི་ཞོང་ཞོང་དགོན་གྱི་སྒོ་བྱང་ཐོག་ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་འཕྲིན་ལས་ཡར་འཕེལ་དུ་འཁོད་པ་ཞིན་ཞང་ཞུང་ཞེས་བཀོད་ཡོད་མོད། འདི་ནི་མངའ་རིས་ཀྱི་ཞང་ཞུང་ཞེས་པའི་ཡོངས་གྲགས་ཀྱི་ས་མིང་དང་འཁྲུལ་གཞི་ཧ་ཅང་ཆེ་བས་འབྲི་བར་མི་འོས། (༣)ཞུང་ཞུང་དང་ཞང་ཚལ། བོད་སོག་ཆོས་འབྱུང་དུ་ཞུང་ཞུང་ཞེས་པ་དང་། ལེགས་བཤད་རིན་ཆེན་མཛོད་དུ་ཐོན་པའི་ཞང་ཚལ་གཉིས་ནི་ཞོང་ཞོང་གི་སྒྲ་ཡོངས་སུ་བསྒྱུར་བས་མི་འོས། (༤)ཞང་ཞོང་དང་གཞོང་ཤོང༌། ཤངས་ཞོང་། གཞོངས་གཞོངས་སོགས་ནི་ཞོང་ཞོང་ཞེས་པའི་སྒྲ་དང་ཉེ་ཡང་འགའ་ཞིག་ནི་ཡུལ་སྐད་ཀྱི་དབང་དུ་སོང་བ་འདྲ་ལ། ཚིག་རང་ངོས་ནས་དོན་བརྗོད་པར་དཀའ་བས་མི་འོས། ལྷག་མ་གཞོང་གཞོང་དང་། ཞོང་ཞོང་ཞེས་པ་གཉིས་འཁོད་པའི་དཔྱད་ཡིག་འགའ་ཞིག་དཔེ་མཚོན་དུ་འདྲེན་པར་བྱ་བ་ལ། Illustration
གོང་གི་རེའུ་མིག་ལས་གསལ་བར་གཞོང་གཞོང་ཞེས་པའི་ཚིག་འདི་གཞོང་པའི་དོན་ཐད་ཀར་སྟོན་ནུས་པས་གསལ་ཆ་ཆེ་བར་སྣང་ལ། དུང་དཀར་ཚིག་མཛོད་ཀྱིས་མཚོན་པའི་ཉེ་དུས་ཀྱི་དཔྱད་ཡིག་འགར་གསལ་བར་འཁོད་པས་སྐྱོན་དུ་འགྱུར་མི་སྲིད་ཀྱང་། ཞོང་ཞོང་ཞེས་པའི་ཚིག་འདི་ནི་སྔར་གྱི་ཆོས་འབྱུང་ལོ་རྒྱུས་ཁུངས་བཙན་ཕལ་མོ་ཆེར་ཐོན་སྟབས། ཁོ་བོས་ཀྱང་ཉུང་ཁ་མང་པོར་བསྟུན་དགོས་པའི་ངག་སྒྲོས་བཞིན་ཞོང་ཞོང་ཞེས་པའི་ཚིག་འདི་ཉིད་བཀོལ་སྤྱོད་བྱས་པ་ཡིན།
༢ ཕྱག་བཏབ་པའི་ལོ་དུས་སྐོར།
ཞོང་ཞོང་དགོན་འདི་ཉིད་ཕྱག་བཏབ་པའི་ལོ་དུས་སྐོར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་མི་འདྲ་བ་ཁག་ཏུ་གསལ་བར་འཁོད་མེད་ཀྱང་ཡོངས་གྲགས་སུ་རབ་བྱུང་གཉིས་པའི་ལྕགས་གླང་སྤྱི་ལོ1121ལོ་ཡིན་པར་འདོད། ལོ་ཚིགས་འདི་ལ་དོགས་གཞི་ཅུང་ཟད་ཡོད་དེ། སྔར་ཁོ་བོས་མཁས་གྲུབ་ཁྱུང་པོའི་འཁྲུངས་འདས་ལོ་ཚིགས་བརྗོད་པའི་སྐབས་སུ། ཆོས་རྗེ་རྨོག་ལྕོག་པས་བླ་མ་ཤངས་པ་སྔ་རྟིང་ཁྱོན་དུ་ལོ་དྲུག་དང་ཟླ་བ་བདུན་བསྟེན་པའི་ནང་ནས་སྔར་ལོ་ལྔ་དང་། བར་དུ་དབུས་སུ་ཕེབས་ཏེ་སྔ་ཕྱིར་ཁམས་པ་ཨ་སེང་(དེབ་དམར་དུ་བྱང་ཆུབ་སེམས་དཔའ་ཨ་སེང་ཞེས་ཀྱང་འཁོད་)སོགས་བླ་མ་མང་དུ་བསྟེན་པ་ལས་དགེ་བཤེས་གཡོར་པོ་ཅན་ཁོ་ནའི་དྲུང་དུ་ཕར་ཕྱིན་གསན་པ་ལ་ལོ་ལྔ། དེ་རྗེས་ཞོང་ཞོང་དུ་ཕེབས་ནས་ལོ་གཅིག་དང་ཟླ་བ་བདུན་སོང་རྗེས་མཁས་གྲུབ་ཁྱུང་པོ་སྐུ་གཤེགས་པའི་སྐོར་བཤད་ཟིན། གལ་ཏེ་ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་དེ་སྔར་ལྟར་མ་མཐར་ཡང་སྤྱི་ལོ1100ལོའི་གོང་ཡིན་ན། ཆོས་རྗེ་རྨོག་ལྕོག་པ་དགུང་ལོ་བཅུ་དྲུག་ལ་ཕེབས་པ་སྤྱི་ལོ1116ལོར་ཞོང་ཞོང་དུ་བླ་མ་ཤངས་པ་ཐོག་མར་མཇལ་བས། རབ་བྱུང་གཉིས་པའི་མེ་སྤྲེལ་སྤྱི་ལོ་1116ལོ་དེའི་གོང་ཞོང་ཞོང་དགོན་འདི་ཉིད་ཕྱག་བཏབ་ཟིན་པ་དགོས།
འོན་ཀྱང་དུང་དཀར་ཚིག་མཛོད་དུ་དེ་ནས་མཁས་གྲུབ་ཁྱུང་པོ་དགུང་ལོ་དོན་གཉིས་ལ་ཕེབས་པ་སྤྱི་ལོ1121ལོར་ཤངས་སུ་ཕེབས་ནས་གཞོང་གཞོང་ལ་སོགས་པའི་དགོན་པ་བརྒྱ་དང་བརྒྱད་ལོ་གསུམ་གྱི་ནང་བཏབ་ཅེས་འཁོད་མོད། གལ་ཏེ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་འཁྲུངས་ལོ་དེ་སྤྱི་ལོ་978ལོར་བརྩིས་ན་དགོན་འདི་ཕྱག་འདེབས་སྐབས་ཁོང་དགུང་གྲངས་143ལ་ཕེབས་པ་ཡིན་ཞིང་། སྤྱི་ལོ་990ལོར་བརྩིས་ན་དགུང་གྲངས་131ལ་ཕེབས་ཡོད་པ་ཡིན། འོན་ཀྱང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཁས་གྲུབ་ཁྱུང་པོའི་དགུང་གྲངས་དོན་གཉིས་ལ་གསུངས་པ་ལྟར་བྱས་ན་འཁྲུངས་ལོ་སྤྱི་ལོ་1049ལོ་ཡིན་པས། སྐབས་དེར་མཁས་གྲུབ་ཁྱུང་པོ་རྒྱ་གར་ནས་ལན་གསུམ་ཆ་ཚང་འཁོར་ཟིན་རྗེས་ལོ་བརྒྱད་ཙམ་ལས་སོང་བས། དགུང་གྲངས་དོན་གཉིས་ལ་ཞོང་ཞོང་དགོན་ཕྱག་བཏབ་པར་བཞེད་པ་དེ་ནི་གཏན་ནས་མི་སྲིད།
ཡང་མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་དེ་ནས་གླང་རི་ཐང་པ་ཆེན་པོ་ལ་བསྙེན་རྫོགས་བྱས་ནས་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་བྱས་ཞེས་གསལ་བ་བཞིན། མཁས་གྲུབ་ཁྱུང་པོས་དགེ་བཤེས་གླང་ཐང་པ་ལས་དགེ་སློང་གི་སྡོམ་པ་བཞེས་རྗེས་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པར་ཞུགས་པ་ཡིན། ལུང་ཚིག་འདིར་གླང་རི་ཐང་པ་ཆེན་པོ་ཞེས་པའི་མཚན་གསལ་བས་སྐབས་དེ་དུས་དགེ་བཤེས་གླང་རི་ཐང་པས་གླང་ཐང་དགོན་ཕྱག་བཏབ་ཟིན་པ་མཚོན། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དགེ་བཤེས་གླང་ཐང་པས་རབ་བྱུང་གཉིས་པའི་ཆུ་བྱ་སྤྱི་ལོ་1093ལོར་གླང་ཐང་དགོན་ཕྱག་བཏབ་པར་གསུངས་པས་མཁས་གྲུབ་ཁྱུང་པོའི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་དུས་ནི་ལོ་དེའི་རྗེས་སུ་ཡིན་དགོས། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཟིན་རྗེས་མཁས་གྲུབ་ཁྱུང་པོས་དགེ་བཤེས་གླང་ཐང་པ་ལས་བློ་སྦྱོང་ཚིག་བརྒྱད་མ་སོགས་ཀྱི་ཆོས་ཅུང་ཟད་གསན་པའི་སྐོར་ཡིག་ཆ་འགར་འཁོད་པས་དེར་དུས་ཅུང་ཟད་ཅིག་བཞུགས་སྲིད་པ་དང་། དེ་ནས་སྔར་དཀོན་སྒྲུབ་ཕུག་ཏུ་མགོན་པོའི་སྒྲུབ་པ་ལ་ཞུགས་པ། རིམ་གྱིས་འཆད་ཁ་དགོན་ཕྱག་བཏབ་ནས་ལོ་ཤས་རིང་ཚོགས་པ་བསྐྱངས་པ། གྲུབ་ཆེན་ར་ཧུ་ལ་ཕེབས་ནས་ཟླ་བ་བཅུ་གཅིག་སྟེ་ལོ་གཅིག་མ་ཟིན་ཙམ་འཆད་ཁ་དགོན་དུ་བཞུགས་ཏེ་མཁས་གྲུབ་ཁྱུང་པོར་གདམས་པ་གནང་བ། གྲུབ་ཆེན་འདི་ཉིད་མང་ཡུལ་སྐྱིད་གྲོང་བར་ཕེབས་སྐྱེལ་ལ་བྱོན་པའི་ལམ་བར་དུ་ཡུལ་ལུང་མང་པོར་ཕེབས་ཏེ་ཆོས་དང་གདམས་པ་གནང་བ། སླར་ལོ་གསུམ་རིང་འཆད་ཁར་བཞུགས་ནས་སློབ་མ་རྣམས་ལ་ར་ཧུ་ལའི་གདམས་པ་གནང་བ། དེ་ནས་ཤངས་སུ་མ་ཕེབས་བར་བཅས་ལ་ཧ་ལམ་ལོ་བདུན་ཙམ་གྱི་དུས་ཡུན་མ་མཐར་ཡང་འགོར་སྲིད་པས། གླང་ཐང་དགོན་ཕྱག་བཏབ་པའི་ལོ་སྟེ་སྤྱི་ལོ་1093ལོ་ནས་ལོ་བདུན་ཙམ་སོང་རྗེས་ཏེ་སྤྱི་ལོ་1100ལོའི་རྗེས་སུ་ཡིན་དགོས། ཡང་ཐུའུ་བཀྭན་གྲུབ་མཐའི་ནང་དུ་མཁས་གྲུབ་ཁྱུང་པོས་དེར་ལོ་སུམ་ཅུའི་རིང་འགྲོ་དོན་མཛད་ཅེས་ཞོང་ཞོང་དུ་ལོ་སུམ་ཅུ་ཙམ་བཞུགས་པར་འདོད་པ་དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་ཙམ་ཟིན་པར་དུས་ཡུན་རིང་པོ་དགོས་པས་ཡིན། དེར་བརྟེན་ལོ་སུམ་ཅུ་དེ་ལྟར་ན་ཁོང་གི་འདས་ལོ་སྤྱི་ལོ་1128ལོར་བརྩིས་པ་དེའི་གོང་གི་ལོ་སུམ་ཅུ་སྟེ་སྤྱི་ལོ་1098ལོར་ཞིང་ཞོང་དགོན་ཕྱག་བཏབ་ཟིན་པ་དགོས། དེ་ནི་གོང་དུ་བཤད་པའི་སྤྱི་ལོ་1100ལོ་དང་ཧེ་བག་ལོ་གཉིས་ལས་མེད། དེས་ན་ཁོ་བོས་ཞོང་ཞོང་དགོན་ཕྱག་བཏབ་པའི་ལོ་དུས་ཀྱང་གཏན་ཁེལ་བརྗོད་དཀའ་ཡང་། སྤྱིར་སྤྱི་ལོ་1100ལོ་ཙམ་གྱི་རྗེས་དང་སྤྱི་ལོ་1116ལོ་ཙམ་གྱི་སྔོན་དུ་ཡིན་པར་སེམས། ལོ་དུས་འདིའི་སྐོར་ངེས་ལྡན་གྱི་སྡོམ་ཚིག་བརྗོད་དཀའ་བས་མུ་མཐུད་དཔྱད་པར་འཚལ།
༣ ཕྱི་ནང་གི་བཀོད་པའི་སྐོར།
དེ་ཡང་ཤངས་པདྨ་སྟེང་གི་བརྡ་ཚོགས་ཀྱི་གཞས་ཆེན་ཞེས་པའི་ནང་མདུན་རི་གླང་ཆེན་འགྱིང་འདྲ། །འགྱིང་ཞིང་བདེ་བར་གནས་ཡོད་ཅེས་པ་ལྟར། པདྨ་སྟེང་གི་མདུན་དང་ཞོང་ཞོང་དགོན་གྱི་རྒྱབ་ཏུ་གནས་པའི་རི་དེའི་དབྱིབས་གླང་པོ་ཆེ་དང་འདྲ་ལ། དེ་མིན་སྤང་རིའི་ལྡེབས་སུ་རྫ་རྡོ་ལས་གྲུབ་པའི་སེང་གེའི་གཟུགས་བརྙན་མགོ་ཤར་དུ་བསྟན་པ་ཞིག་གི་རང་བྱོན་གསལ་པོར་ཡོད། དེ་ལ་ཁ་བ་ཅུང་ཞིག་བབས་ན་དེ་བས་ཀྱང་གསལ་དུ་འགྲོ་བ་དང་། དེའི་ཤར་དུ་བྱ་རྒྱལ་ཁྱུང་ཆེན་ནམ་མཁའ་ལས་བབས་ཏེ་གཤོག་པ་གཉིས་སྐྱོང་བཞིན་ཆུ་འཐུང་བའི་རང་བྱོན། དེའི་རོང་དུ་ཆུ་ཕྲན་ངོ་མཚར་ཅན་ཞིག་རྒྱུག་པ་ཆར་ཤོད་ཆེ་བའི་སྐབས་རི་ལྡེབས་བརྒྱུད་ཞོང་ཞོང་གྲོང་ཚོར་སླེབས་ཀྱི་ཡོད་ལ་ཁ་རྒྱུན་དུ་གླང་པོའི་ལྕགས་ཐག་ཅེས་གྲགས། དེ་མིན་ཉེ་འཁོར་དུ་སྤྱན་རས་གཟིགས་ཁ་སར་པ་ཎི་དང་དབང་ཕྱུག་ཆེན་པོ། བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་རང་བྱོན་ཡང་བགྲང་ལས་འདས་པ་ཞིག་ཡོད་པར་གྲགས། དགོན་འདིའི་ནང་རྟེན་ལ་མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་མཁའ་འགྲོ་ནི་གུ་མའི་ཐུགས་དམ་རྗེ་བཙུན་མ་དང་། བླ་མ་རྡོ་རྗེ་གདན་པའི་རྟེན་བསྟན་གཙོ་ཞིགགཤིན་རྗེ་གཤེད་དང་དགྱེས་རྡོར་གྱི་རྡོ་སྐུ། བླ་མ་ཨ་ཏ་ཡ་ན་བཛྲའི་ཐུགས་དམ་རྡོ་རྗེ་དྲིལ་བུ། ཐང་སྐུ་ཤངས་ལོ་མ་སོགས་མང་དུ་བཞུགས་པ་ལས། རྟེན་རྩ་ཆེན་འགའ་ཞིག་འགྲོ་མགོན་སངས་རྒྱས་སྟོན་པའི་ཕྱག་ཏུ་འབྱོར། ཡང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྣམ་ཐར་དུ་དཔལ་རྡོར་སྔར་ཤངས་སུ་ཁྱུང་པོའི་བྲིས་ཐང་ཆེན་མོ་ཕལ་ཐོག་གཉིས་ཡོད་ངེས་དང་། སོར་ཐོག་གི་རྒྱུད་སྡེ་ལྔའི་བྲིས་ཐང་ཐོག་ཚད་མ་གཉིས་ཀྱི་དཔེ་ལེན་ལ་བརྫངས་པས་ཞེས་འཁོད་པ་ལྟར་ན་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་དགོན་འདིར་སྤྱིར་བཏང་གི་ཐོག་ཚད་གཉིས་ཡོད་ངེས་ཀྱི་མཁས་གྲུབ་ཁྱུང་པོའི་བྲིས་ཐང་ཆེན་པོ་ཞིག་དང་། ཐོག་ཚད་གཅིག་ཡོད་པའི་རྒྱུད་སྡེ་ལྔའི་བྲིས་ཐང་ཞིག་ཀྱང་བཞུགས་པ་མཚོན། ཕྱིས་འདི་དག་ཕལ་ཆེར་གཏོར་བརླག་ཏུ་སོང་བས། སྤྱི་ལོ་1919ལོར་སི་ཏུ་ཆོས་ཀྱི་རྒྱ་མཚོ་དགོན་འདི་ཉིད་དུ་ཕེབས་སྐབས། དེ་ནས་ཤངས་ཞོང་དུ། འོག་གི་ལམ་ཁར་མཁས་གྲུབ་ཁྱུང་པོའི་ཞབས་རྗེས། ཕྱག་མཛུབ་ཀྱིས་རྫུ་འཕྲུལ་གྱིས་བྲིས་པའི་མ་ཎི་ཡིག་དྲུག །ལྷ་ཁང་དམར་པོ་གཅིག །སྔར་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་ཡོད་ཤུལ་ད་ལྟ་ཀ་གཉིས་མར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་འདྲ་སྐུ་མི་ཚད་ཁྱུང་པོ་གདུ་གུ་མ་རང་གི་ཕྱག་ནས་མ་ཞེས་པ་སོགས་ལས་གོང་གསལ་གྱི་རྩ་ཆེའི་ནང་རྟེན་དེ་དག་བཞུགས་མེད། མཁས་གྲུབ་ཁྱུང་པོའི་འདྲ་སྐུ་མི་ཚད་མ་དེས་ན་ཚ་བཞེས་ཐུབ་པར་གྲགས་པ་དང་། མཁས་གྲུབ་ཁྱུང་པོའི་ཞབས་རྗེས་གསལ་བའི་རྡོ་དེ་ཕྲུ་གུ་མི་སྦྲུམ་པའི་བུད་མེད་ལ་མཆོག་ཏུ་ཕན་པས་དེང་བུ་རྡོ་ཞེས་ཡོངས་སུ་གྲགས་པ། དེ་མིན་མཁས་གྲུབ་ཁྱུང་པོའི་ཞབས་རྗེས་གཅིག་སྔར་ཤངས་ཆུའི་འགྲམ་གྱི་གཞུང་ལམ་དེ་བཟོ་སྐབས་ལམ་འོག་ཏུ་ཤོར་ནས་ད་ལྟ་མཇལ་རྒྱུ་མེད། དེ་མིན་ཕྱག་མཛུབ་ཀྱིས་བྲིས་པའི་མ་ཎི་ཡིག་དྲུག་དེ་ཡང་འགའ་ཞིག་གིས་ཤངས་ཚལ་གྱིས་བྲིས་པར་གྲགས་པ། མཁས་གྲུབ་ཁྱུང་པོའི་རྣམ་ཐར་རྡོར་བརྐོས་པ་དེང་གསར་བཞེངས་གནང་བའི་འདུ་ཁང་གི་ཕྱི་རྩིག་ལྡེབས་སུ་མཇལ་རྒྱུ་ཡོད་པ་བཅས་དང་། ད་དུང་མཁས་གྲུབ་ཁྱུང་པོའི་ཕྱག་བཟོ་རྫ་དུང་གཅིག །འཇག་ཆེན་གྱི་ལི་སྐུ་ཞིག །སྔར་གྱི་ཞོང་ཞོང་སྐུ་འབུམ་ཆེན་མོ་ལས་ཐོན་པའི་མཁས་གྲུབ་ཁྱུང་པོའི་ཚེམས་གསུམ་དང་ཚ་ཚ་བཅུ་ལྷག་ཙམ་བཞུགས་ཡོད་པའི་བྱང་ཆུབ་མཆོད་རྟེན། དེའི་གཡས་གཡོན་དུ་ཁང་བུ་བརྩེགས་པའི་མཆོད་རྟེན་རེ་དང་མདུན་དུ་ཉེ་བའི་ཆར་གསར་དུ་བཞེངས་པའི་རྒྱ་ནག་ལུགས་ཀྱི་མཆོད་རྟེན་གཅིག་སོགས་ཡོད། ཞོང་ཞོང་དགོན་གྱི་ཉེ་འཁོར་དུ་ཅུང་གྲགས་ཆེ་བའི་གནས་བཞི་སྟེ་ཞོང་ཞོང་བླ་མའི་གནས། ལྕོག་པོ་རྩེ་ཡི་དམ་གྱི་གནས། སྲིན་མོ་མཁའ་འགྲོའི་གནས། འཇག་ཆོས་སྐྱོང་གི་གནས་ཞེས་སུ་གྲགས་པ་ལས། ཞོང་ཞོང་བླ་མའི་གནས་འདི་ནི་མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་གཞི་ཁྱོན་ཧ་ཅང་ཆེ་བས་དགོན་པ་ཡང་ཤར་ནུབ་གཉིས་སུ་ཕྱེ་བ་ཡིན། དགོན་པ་ནུབ་ནི་ད་ལྟའི་དགོན་གནས་ཡུལ་དང་། དགོན་པ་ཤར་ནི་ད་ལྟའི་དགོན་འདིའི་ཤར་ངོས་ཀྱི་སྤྱི་ལེ་གཅིག་ཙམ་གྱི་སར་ཡོད། ད་ལྟའི་དགོན་གནས་ཡུལ་ནས་གདོང་དཀར་སྒང་ཞེས་པའི་ཐང་ཚུན་ཆད་ཀྱི་རི་ལྡེབས་སུ་ཆོས་ཁྲི་བརྒྱ་རྩ་བརྒྱད་(དེང་ངོས་གསལ་པོར་ཟིན་ཐུབ་པ་སྟེ་རྩིག་རྨང་ལྷག་པ་བརྒྱད་མཇལ་རྒྱུ་འདུག་)ཡོད་པ་ལས་འགའ་ཞིག་གི་རྩིག་ཤུལ་དང་། གྲྭ་ཤག་སོགས་ཀྱི་རྩིག་ཤུལ་ཡང་མང་དག་ཅིག །དེ་མིན་མཐའ་འཁོར་དུ་ལྕགས་རིའི་ཤུལ་འགའ་ཞིག་ཀྱང་ཡོད་པ་ལས། ལ་ལ་ཉེ་འཁོར་གྱི་གྲོང་མིས་བསྔོགས་དང་སྔོག་མུས་ཡིན་པ་སོགས་འབར་འབུར་ལྡང་ལྡིང་གི་ས་ཤུལ་དེ་དག་ནི་སྔར་ཤངས་ཆོས་ཀྱི་གནས་གཞི་རྒྱ་ཆེར་བཙུགས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཉག་གཅིག་ཡིན།
I.4.4.2 Rise and fall
གཉིས། བར་དུ་དར་རྒུད་ཇི་ལྟར་བྱུང་ཚུལ་སྐོར།
དེ་ཡང་དགོན་གནས་ཐོག་མར་ཕྱག་བཏབ་པའི་དུས་སུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་ལྷན་དུ་འཕན་ཡུལ་ནས་ཕེབས་པའི་གྲྭ་སློབ་སུམ་སྟོང་ཙམ་ཞིག་ལས་མེད་ཀྱང་། དགོན་གནས་ཕྱག་བཏབ་རྗེས་བླ་མ་ཤངས་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་དྲི་བསུང་བོད་ཡུལ་གྱི་ཕྱོགས་བཞི་ཐམས་ཅད་དུ་འཐུལ་བས་དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། ཕྱོགས་བཞི་མཚམས་བརྒྱད་ནས་འདུས་པའི་གྲྭ་སློབ་ཀྱི་ཚོགས་པ་མང་དུ་བྱུང་ནས་དགོན་གནས་རིམ་བཞིན་འཕེལ་རྒྱས་ཕྱིན། ལྷག་པར་དུ་རྒྱང་རིང་ཁམས་ཀྱི་ཕྱོགས་ནས་ཀྱང་སློབ་མ་མང་དུ་འདུས། དེ་རྗེས་རིམ་བཞིན་ཚོགས་པ་ཁྲི་ཚོ་ལྔ་འདུས་པ་དང་། ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་འདུས་པའི་དུས་སུ། བཤད་གྲྭ་ཆེན་མོ་བ་ཕྲག་དོག་སྐྱེས་ཏེ། ཡང་ན་ཞོང་ཞོང་པའི་ཞབས་ལ་འཐུད། ཡང་ན་གྲྭ་པ་ཉུང་དུས་སུ་བླ་མ་བཀྲོངས་ལ་གྲྭ་ས་མེད་པར་བྱའོ་ཞེས་གྲོས་བྱས་པ་བཞིན། སྟོན་ཁ་གྲྭ་པ་ཉུང་དུས་དམག་སྟོང་ཚོ་ལྔས་མཐའ་བསྐོར་ཡང་ཏིང་ངེ་འཛིན་སྤྲུལ་པའི་དམག་གིས་དེ་དག་ལས་རྣམ་པར་རྒྱལ་སྟབས། མཁས་གྲུབ་ཁྱུང་པོ་ཉིད་ཁོ་ཚོའི་རྩ་བའི་བླ་མར་བཟུང་ཞིང་ཅི་ཡོད་པ་ཐམས་ཅད་ཕུལ་བ་ལས་ཤངས་བརྒྱུད་འཛིན་པའི་མི་འབོར་དེ་བས་མང་དུ་འཕེལ་ནས་ཤངས་ཆོས་ཀྱི་ལང་ཚོ་ཤིན་ཏུ་དར་བར་མཛད། མུ་གེ་བྱུང་བའི་དུས་སུ་ཡང་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་པ་བཞིན་སྔ་དྲོ་ཐང་ཆེན་པོ་ལ་ནས་བཏབ་པ་ཕྱི་དྲོ་སྨིན་ནས་ཟད་མི་ཤེས་པའི་སྟོན་ཐོག་བྱུང་སྟེ་མུ་གེ་ལས་ཐར་བའི་ལོ་རྒྱུས་ཀྱི་གནས་ཚུལ་དེ་རྒྱུ་མཚན་དུ་བྱས་ནས། མི་ལ་ལས་ཞོང་ཞོང་བཙས་མའི་སྒང་ལ། རྒྱ་མཚོ་ཡུར་མའི་སྒང་ཞེས་པའི་དམངས་ཁྲོད་ཀྱི་ཤོད་རྒྱུན་དེ་ཡང་ཞོང་ཞོང་ཉེ་འཁོར་གྱི་ས་རྣམས་རྗེ་བཙུན་སྒྲོལ་མ་དང་མཁས་གྲུབ་ཁྱུང་པོ་སོགས་ཀྱིས་བྱིན་གྱིས་བརླབས་པས་འབྲས་བཟང་མྱུར་དུ་སྨིན་ཐུབ་པ་དེ་ཤངས་ཁུལ་གྱི་རྒྱ་མཚོ་སོགས་ཀྱི་ས་ཆ་རྣམས་དང་ཧེ་བག་ཆེ་ཞེས་ཟེར། ཡང་རྭ་ལོ་ཙཱ་བའི་རྣམ་ཐར་ལས་ཞོང་ཞོང་ལ་སོགས་པའི་དགོན་གནས་ཆེ་ཕྲ་ཐམས་ཅད་དུ་མང་བསྐོལ་ཆེན་པོ་དང་། གཏོང་སྒོ་དང་ཆོས་རྫས་དུ་མ་སྦྱོར་འཇགས་སུ་མཛད། ཞོང་ཞོང་དུ་བཞུགས་ཚེ་ཁྱུང་པོ་ལ་ནས་ཁལ་ཁྲི་ཚོ་གསུམ་ཕུལ་ཏེ་ཆོས་འཁོར་བཙུགས་ཞེས་འཁོད་པར་གཞིགས་ན། དེ་དུས་ཞོང་ཞོང་ནི་དགོན་གནས་ཆེ་ཕྲ་རྣམས་ཀྱི་གྲས་སུའང་ཚུད་པར་གསུངས་པས་གྲྭ་སློབ་འདུ་འཛོམས་ཆེ་བའི་དུས་ཤིག་ཡིན་པར་མངོན། དེ་མིན་ཤངས་ར་ཐང་གི་སྒོར་གཞས་ཉི་ཟླ་སྐར་གསུམ་མཇལ་བྱུང་ཞེས་པའི་ནང་དུའང་གཞོན་པས་མ་སོང་གཞོན་པས་སོང༌། །གཞོན་པས་ལ་མོའི་སྐེད་ལ་སོང་། །མཇལ་ཡང་མཇལ་བྱུང་སྐལ་བཟང་ཟླ་བ་མཇལ་བྱུང༌། །སྐལ་བཟང་ཟླ་བ་མུན་པ་སེལ་ཡས་ལ་དགོས་པ་ཡོད། །མུན་པ་གསལ་ནས་དགའ་བའི་བཟང་བཟང་ལ་ལོག་འགྲོ། །སྐྱིད་པའི་གཞོང་གཤོང་ལ་ལོག་འགྲོ་ཞེས་སོགས་གསལ་བ་དེས་དགོན་གནས་དེ་ནི་སྐབས་དེའི་ཤངས་པ་བ་ཚོའི་དད་སེམས་ཀྱི་ཁ་ཕྱོགས་ས་ཡང་ཡིན་པ་མཚོན་ཐུབ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་གཤེགས་རྗེས་ཆོས་རྗེ་རྨོག་ལྕོག་པས་གཙོ་བྱས་ནས་ཞོང་ཞོང་གི་སྐུ་འབུམ་དང་ལྷ་སྐུ་སོགས་གསར་དུ་བཞེངས་པ་ཡང་། ཆོས་རྗེ་རྨོག་ལྕོག་པའི་རྣམ་ཐར་དུ་དེ་ནས་བླ་མ་སྐུ་གཤེགས་ནས་ལྷ་དང་སྐུ་འབུམ་མ་ཚར་བར་དུ་གཡོག་ཅི་དགོས་ཐམས་ཅད་བྱས། ཆ་རྐྱེན་ཅི་ཡོད་ཐམས་ཅད་བླ་མའི་ཕྱོགས་སུ་བཏང་ནས་ཝ་(དབྱར་)དགུན་གཉིས་ཀྱི་ཟླ་བ་ལ་བླ་མའི་བྱ་བ་རྣམས་ཚར་བར་བྱས་སོ་ཞེས་འཁོད་པ་ལྟར་ཡིན། དེ་ནས་བོད་སོག་ཆོས་འབྱུང་དུ་སངས་རྒྱས་སྟོན་པའི་སློབ་མ་ཨ་མེས་སེང་གེས་ཤངས་པའི་གདན་ས་བསྐྱངས་ཞེས་པ་ལྟར། འགྲོ་མགོན་སངས་རྒྱས་སྟོན་པའི་སློབ་མ་ཨ་མེས་སེང་གེས་ཀྱང་ཤངས་པའི་གདན་ས་ཞོང་ཞོང་འདི་ཉིད་བསྐྱངས་པའི་ལོ་རྒྱུས་གསལ་བ་སོགས་བླ་མ་ཤངས་པ་སྐུ་གཤེགས་རྗེས་ཆོས་རྗེ་རྨོག་ལྕོག་པ་དང་། ཨ་མེས་སེང་གེ་སོགས་ཤངས་པའི་བླ་མ་གཞན་འགའ་ཞིག་གིས་ཞོང་ཞོང་གི་གདན་ས་བསྐྱངས་པ་ཙམ་མ་གཏོགས། རིན་ཆེན་བདུན་བརྒྱུད་སྔ་མའི་ཕྱི་མ་བཞི་དང་། རིན་ཆེན་བདུན་བརྒྱུད་ཕྱི་མ་རྣམས་མང་ཆེ་བས་གནས་གཞི་ལོགས་སུ་བཟུང་བ་སྟེ། རིན་ཆེན་བདུན་བརྒྱུད་སྔ་མའི་བཞི་པ་ཆོས་རྗེ་རྨོག་ལྕོག་པས་ཤངས་ལྷ་ཕུ་རྨོག་ལྕོག་དགོན་དང་ལྐུགས་ལུང་གཉིས། བརྒྱུད་པ་ལྔ་པ་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེས་སྐྱེར་སྒང་དགོན། བརྒྱུད་པ་དྲུག་པ་སངས་རྒྱས་སྟོན་པ་ཆོས་ཀྱི་ཤེས་རབ་ཀྱིས་ཡོལ་ཕུ་བྲག་རྩ་དགོན། བརྒྱུད་པ་བདུན་པ་སངས་རྒྱས་གཉན་སྟོན་གྱིས་ཡོལ་ཕུ་རི་གོང་དགོན་སོགས་བཏབ་ནས་རང་རང་གི་གནས་གཞི་བཟུང་སྟེ་ཤངས་ཆོས་སྤེལ་བས་ཞོང་ཞོང་གི་དགོན་གནས་འདི་ཉིད་དུས་སྐབས་ཤིག་རིང་འཕེལ་རྒྱས་ཀྱི་གོམ་མཚམས་མ་འཇོག་ཀ་མེད་དུ་གྱུར།
ཡང་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཁྱུང་ཚང་པ་ཡེ་ཤེས་བླ་མའི་སློབ་མ་རྡར་སྒོམ་གྱིས་ཀྱང་ཞོང་ཞོང་གི་གདན་ས་འདི་ཉིད་བསྐྱངས་ཡོད་པ་འདྲ་སྟེ། ལྷོ་རོང་ཆོས་འབྱུང་དུ་ཞོང་ཞོང་འཛིན་པའི་ཆེད་དུ་དགུང་ལོ་བཅུ་དྲུག་པ་ལ་མཁན་པོ་བྱ་ལག་པའི་དྲུང་དུ་རབ་ཏུ་བྱུང་ཞེས་དང་། རྡར་སྒོམ་གྱིས་ལ་སྟོད་པ་རྒྱན་འོད་ཟེར་ལས། ཤངས་པ། གདུག་གུ་པའི་གདམས་པ་མང་དུ་གསན་ཞེས་འཁོད་པ་ལྟར་རས་ཆུང་སྙན་བརྒྱུད་ཀྱི་བཀའ་བབས་འཛིན་པའི་བླ་མ་རྡར་སྒོམ་གྱིས་ཞོང་ཞོང་གི་གདན་ས་འདི་ཉིད་འཛིན་པའི་ཆེད་དུ་རབ་ཏུ་བྱུང་བ་དང་། ལ་སྟོད་པ་རྒྱན་འོད་ཟེར་ལས་ཀྱང་ཤངས་པའི་གདམས་པ་མང་དུ་གསན། འོན་ཀྱང་བླ་མ་འདི་ཉིད་ཀྱིས་དངོས་སུ་དུས་ཇི་ཙམ་ལ་ཞོང་ཞོང་གི་གདན་ས་ཇི་ལྟར་བསྐྱངས་པའི་ལོ་རྒྱུས་ཞིབ་པ་ད་ཕན་མ་མཐོང་བས་དཔྱད་པར་འཚལ། སྤྱི་ལོའི་དུས་རབས་བཅུ་བཞི་པར་དགོན་གནས་སྤྱི་ཐོར་ཞིག་ཏུ་སོང་ཡང་། ཆོས་རྗེ་བྱམས་པ་དཔལ་བས་ཞོང་ཞོང་སྐུ་འབུམ་ཆེན་མོ་ཞེས་མཁས་གྲུབ་ཁྱུང་པོའི་རིང་བསྲེལ་སོགས་བཞུགས་ཡོད་པ་དེར་མཁའ་འགྲོ་ཆོས་སྐྱོང་གི་གྲོགས་དན་འོག་ཞིག་གསོ་མཛད་པ་ཡང་། རྫ་སོ་འགྱེལ་བའི་ཚེ་ཕ་ཇོ་ལུག་སྐྱེས་ཀྱི་རྨི་ལམ་དུ་བུད་མེད་དང་། ཁྱད་པར་མི་ཉག་པ་མང་པོས་བླ་མ་འཇག་པའི་རྫ་བཟོ་བ་ཡིན་ཟེར། རྫ་བཟོ་མཁན་ཚོའི་གཡོག་བུད་མེད་སྔོ་སངས་མ་ཆེན་མོ་ཞིག་གིས་བྱེད་པ་རྨིས་པས། བདག་ལ་རྫ་རྨི་ཐབས་མེད་དེ་སྐུ་རིམས་ཤིག་སྒྲུབ་རོགས་ཞེས་བླ་མ་བྱམས་པ་དཔལ་ལ་ཞུས་པས། བླ་མས་སྐུ་འབུམ་ཞིག་གསོ་བྱ་བའི་གྲོགས་མཁའ་འགྲོ་ཆོས་སྐྱོང་གིས་གནང་བ་ཡིན་གསུངས། ཞིག་གསོ་གྲུབ་རྗེས་ཐུགས་དགོངས་ལ་འབུལ་བ་ལེགས་པོ་ཞིག་ཡོད་ན་མཁན་ཆེན་པ་རབ་གནས་ལ་སྤྱན་འདྲེན་སྙམ་མ་ཐག །རིན་པོ་ཆེ་པ་མངོན་སུམ་དུ་མདུན་གྱི་ནམ་མཁའ་ལ་བྱོན་ནས་རབ་གནས་ངས་བྱས་པས་ཆོག་ཅེས་གསུངས་པ་བཞིན་མཛད། སྐབས་དེར་སྐུ་འབུམ་ལ་ཞིག་གསོ་གནང་སྐབས་ཀྱི་རྫའི་ཆོས་འཁོར་བཅུ་གསུམ་སོགས་ཀྱི་ལྷག་རོ་རེ་ཟུང་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད། དེས་ན་སྐབས་དེ་དུས་ཞོང་ཞོང་དུ་མཁས་གྲུབ་ཁྱུང་པོའི་སྐུ་འབུམ་ཙམ་ལས་དགོན་གནས་སྤྱི་ཐོར་ཞིག་ཏུ་སོང་བ་ཡིན། ལྷག་པར་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་སོག་པོ་ཇུན་གར་བའི་དམག་གིས་གཏོར་སྐྱོན་ཚབས་ཆེན་བཏང་བ་སྟེ། དུས་རབས་བཅོ་བརྒྱད་པའི་ནང་ཞོང་ཞོང་གི་དགོན་གནས་སྤྱི་ཧ་ལམ་རྩ་གཏོར་དུ་སོང་ཡང་། ཞོང་ཞོང་སྐུ་འབུམ་དེ་ངེས་པར་ཡོད་དགོས་པ་ཡིན། འོན་ཏེ་ཇུན་གར་བའི་དམག་དཔུང་ཤངས་སུ་འབྱོར་རྗེས་སྐུ་འབུམ་ལ་ཡང་གཏོར་སྐྱོན་བཏང་བ་འདྲ་སྟེ། དམངས་ཁྲོད་དུ་ཤངས་གཞུང་རྣམ་རྒྱལ་གླིང་གི །ལྕང་མའི་བསིལ་གྲིབ་འོག་ལ་ཞེས་ཐོག་མར་ཤངས་ཆུའི་ཉེ་འཁོར་དུ་ནགས་ཚལ་མང་པོ་ཡོད་ཀྱང༌། གདུག་ཅན་སོག་དམག་གིས་མེར་བསྲེག་བཏང་བས། ཕྱིས་ལྕང་མ་གཅིག་ལས་མེད་པར། །བསིལ་གྲིབ་གང་ནས་ཆགས་པ་ཞེས་པའི་ཤོད་རྒྱུན་དེ་བྱུང་བར་གྲགས། དེས་ན་ཁོ་པ་ཚོས་ནགས་ཚལ་ཙམ་མ་ཟད་ཤངས་ཁུལ་གྱི་དགེ་ལུགས་པ་ཕུད་པའི་ཆོས་བརྒྱུད་གཞན་གྱི་དགོན་སྡེ་དང་། ཡུལ་ལུང་སྤྱི་ལ་གཏོར་སྐྱོན་ཚད་མེད་གཏོང་བའི་སྐབས་ཞོང་ཞོང་སྐུ་འབུམ་ལ་ཡང་གནོད་འཚེ་ཕོག །འོན་ཏེ་གཏོར་སྐྱོན་ཇི་ཙམ་བཏང་ཡོད་མེད་སོགས་ད་ཕན་གྱི་དཔྱད་ཡིག་ནང་མ་མཐོང་བས་དཔྱད་པར་འཚལ། ཡང་ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག་ལས་དེང་སང་རྟོགས་ལྡན་རྒས་གཞོན་ལྔ་སྣང་། སྤྱིར་རྨོག་ལྕོག་ནས་བདག་ཏུ་འཛིན་པ་ཡིན་འདུག་ཅེས་འཁོད་པ་ལྟར་དུས་རབས་ཉི་ཤུ་པའི་སྟོད་ཆ་སྟེ་སྤྱི་ལོ1919ལོར་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དགོན་གནས་འདིར་ཕེབས་སྐབས་རྟོགས་ལྡན་རྒན་གཞོན་ལྔ་ལས་མེད་ལ། དགོན་བདག་ཀྱང་རྨོག་ལྕོག་ནས་འཛིན་གྱི་ཡོད་པ་སོགས་ཉམས་དམས་ཤུགས་ཆེ་བྱུང་ལ། ཕྱིས་ཀྱི་བར་སྐབས་ཤིག་ནང་རྩ་གཏོར་དུ་སོང་བ་སྤྱི་ལོ་1985ལོར་ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོས་བསྐྱར་བཞེངས་མཛད།
དེ་རྗེས་སྤྱི་ལོ་2001ལོར་ལྷ་རྩེ་སྐྱབས་མགོན་རིན་པོ་ཆེ་ཞོང་ཞོང་དགོན་དུ་ཕེབས་སྐབས་ཡི་དམ་ཆོས་སྐྱོང་གིས་ལུང་བསྟན་པ་ལྟར་ཞོང་ཞོང་གི་དགོན་གནས་འདི་ཉིད་སླར་ཡང་ཉམས་གསོ་གནང་རྒྱུའི་དམ་བཅས་པ་བཞིན། སྤྱི་ལོ2008ལོའི་ཟླ་བཙཔ་ནས་བཟུང་དགོན་གནས་བསྐྱར་བཞེངས་ཀྱི་དབུ་བཙུགས། རིན་པོ་ཆེ་ཉིད་ཀྱིས་དབུ་ཁྲིད་ཐོག་ནང་སའི་བུ་སློབ་མང་པོས་སྦྱིན་བདག་གནང་སྟེ་ཁྱོན་གསེར་རྒྱ་མ་བརྒྱ་དང་། ནི་གུ་མའི་སྐུ་འདྲ་ཆུང་བ་ཆིག་སྟོང་། མཐོ་ཚད་ལ་སྨི་དྲུག་ཡོད་པའི་མཁས་གྲུབ་ཁྱུང་པོའི་སྐུ་འདྲ། སྐུ་འདྲ་གཞན་ཆིག་སྟོང་སོགས་ཀྱི་ནང་རྟེན་མང་དུ་བཞེངས་པ་དང་། དབུས་ཀྱི་འདུ་ཁང་ཆེན་མོའི་མཐོ་ཚད་ལ་སྨི15དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ625ཡོད། དགོན་པའི་ཕྱི་རོལ་དུ་མ་ཎི་འཁོར་ལོ་ཆེ་བ་བརྒྱ་དང་ཞི་བཅུ་ཞེ་གཅིག་བཞེངས་པ་སོགས་སྔར་གྱི་དགོན་ཤུལ་དེ་གར་གནས་གཞི་རྒྱ་ཆེན་གསར་དུ་བཞེངས། སྤྱི་ལོ་2010ལོའི་ཟླ་བ9པའི་ཚེས19ཉིན་དགོན་གནས་བསྐྱར་བཞེངས་ཀྱི་ལས་གྲ་ཡོངས་སུ་མཇུག་བསྒྲིལ་བས་ཤངས་སྟོན་སྐྱབས་མགོན་སངས་རྒྱས་དཔལ་གྱིས་སྣེ་ཁྲིད་དེ་ཞོང་ཞོང་དགོན་པར་ཆེད་མངགས་མི་སྣ་མངགས་གཏོང་དང་། རྒྱ་ཡུལ་གྱི་བུ་སློབ་གཞན་རྣམས་མནའ་མཁར་ཟི་ལིང་དུ་ལྷན་འཛོམས་ཐོག་རབ་ཏུ་གནས་པའི་ཆོ་ག་རྒྱས་ད་པར་མཛད།
I.4.4.3
གསུམ། གྲྭ་སློབ་ཀྱི་འཐབ་སྦྱོར་དང་ཞོང་ཞོང་གི་ཉམས་རྒུད།
མཁས་གྲུབ་ཁྱུང་པོ་སྐུ་འཚོ་བཞུགས་ཀྱི་དུས་སུ། ཞོང་ཞོང་དུ་གྲྭ་སློབ་ཁྲི་ཚོ་ལྔ་འདུས་ཙ་ན། དེ་རྣམས་ཟང་ཟིང་གི་བྱ་བ་འབའ་ཞིག་ལ་མགོ་འཁོར་བས་ཉན་བཤད་དང་སྒོམ་སྒྲུབ་དེ་ཙམ་མ་བྱུང་རྐྱེན་བླ་མ་སྐྱོ་བ་སྐྱེས་ཏེ་ཞག་བདུན་ཕུག་ཅིག་ཏུ་གབ་ནས་ཏིང་ངེ་འཛིན་བསྒྲུབས་པ་དང་། སོས་ཁ་མེ་ཏོག་རྒྱས་པའི་དུས་ཤིག་གྲྭ་པ་རྣམས་སྤང་ཁར་ཁྲིད་ནས་སུམ་ཅུ་རྩ་གསུམ་གྱི་ཤིན་ཏུ་ཡིད་དབང་འཕྲོག་པའི་ལྟད་མོ་བསྟན་པས་ཐམས་ཅད་དགའ། དེའི་ཕྱི་ཉིན་ཡང་ལྟད་མོ་ལ་ཤོག་ཅེས་གསུངས་པ་བཞིན་གཤིན་རྗེ་མི་ཤ་བརློན་པ་ཟ་བའི་འཇིགས་སྐྲག་གི་ངང་ཚུལ་བསྟན་ནས་དེ་རྣམས་ལ་ཆགས་སྡང་ཡུལ་སྣང་ཐམས་ཅད་ཀུན། །རང་གི་སེམས་ལས་བྱུང་བ་སྟེ་ཞེས་པ་ལ་སོགས་པའི་ཆོས་དང་བར་དོའི་ཆོས་བསྟན་པས་ཐམས་ཅད་བཤད་སྒྲུབ་ལ་བསྐུལ།
ལྷག་པར་དུ་ཚོགས་པ་ཆེ་དུས་ཁམས་པའི་མི་ཚང་རྣམས་འབུལ་བ་སྔོན་ལ་བྱེད་པར་མ་འཆམ་པས་དུས་གཅིག་ཏུ་ཆོས་ཁྲི་བརྒྱ་རྩ་བརྒྱད་བརྩིགས་ནས་འབུལ་བ་ལ་འགྲན་བསྡུར་བྱས། དེང་དགོན་པའི་ཉེ་འཁོར་གྱི་རི་ལྡེབས་སུ་ཆོས་ཁྲི་མང་པོའི་རྩིག་ཤུལ་དངོས་སུ་མཇལ་རྒྱུ་ཡོད། བླ་མས་ཀྱང་སྐུ་ལུས་བརྒྱ་རྩ་བརྒྱད་དུ་སྤྲུལ་ནས་ཆོས་གསུངས། ཡང་ཐེངས་ཤིག་གསང་བ་སྤྱི་རྒྱུད་བཤད་པའི་འཚོ་བ་འདྲེན་པ་ལ། དབུས་གཙང་ཁམས་གསུམ་གྱི་གྲྭ་པ་རྣམས་མ་འཆམ་པར། དམ་སེལ་དུ་འགྲོ་བར་བྱུང་བ་དང་། རྒྱལ་ཆེན་རིགས་བཞིའི་ལྷ་ཚོགས་རྣམས་བྱུང་ནས་ཐར་མེད་གནས་སུ་སྐྱེ་བ་དང༌། །ཐར་པའི་གནས་གཅོད་བྱེད་པ་ནི། །མི་མཐུན་དག་ལས་འབྱུང་བར་འགྱུར། །དེ་ཕྱིར་དམ་ཚིག་སྨྲོས་མི་དགོས། །མཐུན་པའི་དཀའ་ཐུབ་དག་ལ་ནི། །ཚེ་གཅིག་སངས་རྒྱས་རྙེད་མི་དཀའ་ཞེས་པ་དེ་དང་མཐུན་པར། རྒྱུད་ཟླ་གསང་ཐིག་ལེར་དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དོན་བྱས་ན་སྔགས་མཁན་གྱི། །སྔགས་ལ་སོགས་པ་མི་འགྲུབ་པས་ཞེས་གསལ་བ་ལྟར། དམ་ཚིག་ནི་རང་རྒྱུད་ལ་གསང་སྔགས་ཆོས་ཀྱི་ཡོན་ཏན་སྐྱེ་བའི་གཞི་རྟེན་ལགས་པས། དེ་དང་ལྡན་ན་ཚེ་གཅིག་ལ་སངས་རྒྱས་ཐོབ་པར་མི་དཀའ། དེ་དང་མི་ལྡན་ན་ཐར་མེད་ཀྱི་གནས་སུ་སྐྱེ་བས། དམ་ཚིག་སྲུང་ལ་བརྩོན་པར་མདོ་རྒྱུད་སོགས་ནས་མང་དུ་བསྐུལ་ཡང་། དབུས་གཙང་ཁམས་གསུམ་གྱི་གྲྭ་པ་རྣམས་ཀྱིས་དེ་ལྟར་དུ་མ་བསྒྲུབས་པས། མཁས་གྲུབ་ཁྱུང་པོས་ཟླ་བ་བདུན་མི་ཟས་མི་ཟ་བར་དམ་བཅས་ཤིང་། ཤིང་ཏཱ་ལ་གཅིག་གི་ཚད་ཙམ་གྱི་ནམ་མཁའ་ལ་བཞུགས་ནས་བྱམས་ཆོས་སྡེ་ལྔ་དང་གསང་བ་སྤྱི་རྒྱུད་ཀྱི་བཤད་ཁྲིད་གནང་། གཞན་ཡང་མཁས་གྲུབ་ཁྱུང་པོའི་རྣམ་ཐར་ལས་དེ་ནས་ཚོགས་པ་ཁྲི་ཚོ་བཅོ་བརྒྱད་ཚོགས་པའི་དུས་སུ། བཤད་གྲྭ་བ་ཆེན་མོ་ཕྲག་དོག་སྐྱེས་ཏེ། ཡང་ན་ཞོང་ཞོང་པའི་ཞབས་ལ་འདུད། ཡང་ན་གྲྭ་པ་ཉུང་དུས་སུ་བླ་མ་བཀྲོངས་ལ་གྲྭ་ས་མེད་པར་བྱའོ་ཞེས་པ་ལྟར། དགོན་གནས་ནང་ཁུལ་གྱི་གནད་དོན་དེ་དག་ཕུད་ཞོང་ཞོང་དགོན་གྱི་ལྷོ་ནུབ་མཚམས་སུ་ཆགས་པའི་བྱིའུ་འོག་བཤད་གྲྭའི་བླ་མ་ཕྲག་དོག་དུག་གིས་མྱོས་ཏེ། གྲྭ་ས་གཞོམ་པ་དང་བླ་མ་དགྲོང་རྒྱུའི་ཇུས་ངན་བཤམས་པ་བཞིན། གྲྭ་པ་ཉུང་བའི་སྟོན་དུས་ཤིག་གློ་བུར་དུ་དམག་མི་ལྔ་སྟོང་གིས་ཞོང་ཞོང་དགོན་གྱི་མཐའ་བསྐོར་ཡང་། མཁས་གྲུབ་ཁྱུང་པོས་ཏིང་ངེ་འཛིན་སྤྲུལ་པའི་དམག་གིས་དེ་རྣམས་དེད་ནས་ཤི་རྨས་མེད་པར་བྱས། མཐར་གྲྭ་ས་ཆེན་པོའི་དམག་ཕམ་སྟེ་གྲྭ་སློབ་རྣམས་མཁས་གྲུབ་ཁྱུང་པོའི་ཞབས་ལ་གཏུགས། དེ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཚོ་བཞུགས་སྐབས་ཀྱི་ཚོགས་པ་འདུ་འཛོམས་ཤིན་ཏུ་ཆེ་བའི་དུས་སུ་གྲྭ་སློབ་རྣམས་ཐབ་ཁ་ལ་གཡེངས་ནས་ཆོས་མི་བྱེད་པ་དང་། འབུལ་བ་ལ་འགྲན་བསྡུར་བྱེད་པ་སོགས་ཀྱི་གནས་ཚུལ་དེ་དག་གིས་སྐབས་དེ་དུས་གྲྭ་སློབ་ཚོགས་པ་ནང་ཁུལ་དང་། ཉེ་འཁོར་གྱི་དགོན་སྡེ། དེ་མིན་འཚོ་བ་འདྲེན་པའི་སྦྱིན་བདག་འགའ་ཞིག་ཕན་ཚུན་ཕྲག་དོག་དང་འགྲན་སེམས་སོགས་ཀྱིས་བཟི་རྐྱེན། ཞོང་ཞོང་གི་གནས་དེ་ཉིད་དང་ཤངས་པའི་ཆོས་བརྒྱུད་སྤྱི་རིམ་བཞིན་ཉམས་རྒུད་དུ་ཕྱིན། མཐུན་སྒྲིལ་གྱི་བློ་ཤུགས་གཅིག་སྒྲིལ་མེད་པ་དེ་ནི་གཅིག་བྱས་ན་འཐབ་འཁྲུག་མང་བའི་བོད་སིལ་བུའི་སྤྱི་ཚོགས་ཀྱི་ལྷག་རོ་ཡང་ཡིན་སྲིད།
དེ་ལྟར་ཚོགས་པའི་མཐར་ཐུག་དང་སློབ་མའི་མཐར་ཐུག །ཚེ་ཡི་མཐར་ཐུག་རྣམས་འཛོམས་པའི་ཚེ། སངས་རྒྱས་འོད་དཔག་མེད་དང་བླ་མ་རྣམས་ཀྱི་ཞལ་ནས་ད་རེས་བྱོན་ན་ལུས་མ་སྤངས་པར་འཇའ་ལུས་སུ་འཚང་རྒྱ་བ་ཡིན་ཏེ། ད་རྣམ་སྨིན་གྱི་ལུས་འདི་བཞག་ནས་བདེ་བ་ཅན་དུ་འཚང་རྒྱ་བར་གྱུར་ཏོ། སྐུ་ལུས་འདི་མེ་ལ་མ་སྦྱངས་ན་ཞོང་ཞོང་འདི་རྡོ་རྗེ་གདན་གཉིས་པར་འགྱུར་ཏོ། །ཁྱོད་ཀྱི་ཆོས་བརྒྱུད་རྣམས་ཆུ་བོའི་གཞུང་བཞིན་དུ་འགྱུར་ཏོ་ཞེས་གསུངས་པ་ལྟར་མཁས་གྲུབ་ཁྱུང་པོ་འདི་ཉིད་བདེ་བ་ཅན་དུ་སྐྱེ་བར་ལུང་བསྟན་པ་དང་། ལྷག་པར་ཁོང་གི་སྐུ་ལུས་མ་སྦྱངས་ན་ཞོང་ཞོང་འདི་ཉིད་རྡོ་རྗེ་གདན་གཉིས་པར་འགྱུར་བ་དང་། ཆོས་བརྒྱུད་རྣམས་ཆུ་བོའི་གཞུང་བཞིན་དུ་འཕེལ་བའི་ལུང་བསྟན་བཟང་པོ་མཛད་ཀྱང་། མཁས་གྲུབ་ཁྱུང་པོ་སྐུ་གཤེགས་རྗེས་སུ་བུ་སློབ་ཚོས་ཁོང་གི་ཞལ་ཆེམས་བཞིན་སྐུ་གདུང་ཟངས་ཀྱི་གའུར་བཅུག་ནས་སྐུ་དམར་གདུང་མ་བཞག་པར་ཞུགས་འབུལ་བྱས། དེ་ལྟར་མཁས་གྲུབ་ཁྱུང་པོ་སྐུ་འཚོ་བཞུགས་ཀྱི་དུས་སུ་འཆམ་མཐུན་དེ་ཙམ་མེད་པས་མ་ཚད། ཐ་ན་སྐུ་གཤེགས་རྗེས་ཀྱི་སྐུ་གདུང་ཡང་དབང་ཤུགས་ཆེ་བའི་ཁམས་པའི་གྲྭ་པ་རྣམས་ཀྱིས་གཙོས་ཞུགས་འབུལ་བྱས་པ་དེ་འབྲོག་མི་ལོ་ཙཱ་བ་སྐུ་འདས་རྗེས་སྐུ་ལུས་མ་སྤངས་པར་འཚང་རྒྱ་བར་བཞེད་ན་ཡང་། སྲས་རྣམས་ཀྱིས་སྤུར་སྦྱོང་བ་སོགས་བྱས་པས་རྟེན་འབྲེལ་ཅུང་ཞིག་མ་འགྲིག་པའི་ལོ་རྒྱུས་དང་ཆ་འདྲ་བ་ཡིན། དེ་ཡང་འཇིག་རྟེན་གྱི་ཁ་དཔེར་རྟེན་འབྲེལ་འགོ་ནས་འགྲིག་ན། བྱ་བ་རྗེས་སུ་འགྲུབ་ཡོང་ཞེས་སུ་གྲགས་པ་དང་། ཆོས་རྗེ་རྨོག་ལྕོག་པས་དེས་ན་སྐྱེ་བ་ཐམས་ཅད་དུ་རྟེན་འབྲེལ་དག་པ་འབའ་ཞིག་སྒྲིག་པ་གལ་ཆེ་བར་གདའོ་ཞེས་གསུངས་ཀྱང་། སྐབས་དེར་རྟགས་དང་རྟེན་འབྲེལ་ཅུང་ཟད་འཕྱུགས་པའི་དབང་གིས་ཞོང་ཞོང་གི་དགོན་འདི་ཉིད་རྡོ་རྗེ་གདན་གཉིས་པར་གྱུར་རྒྱུ་ལྟ་ཞོག་ཕྱིས་ཉམས་དམས་ཤུགས་ཆེ་བྱུང་བ་དང་། ལྷག་པར་ཤངས་པའི་ཆོས་བརྒྱུད་འདི་ཉིད་ཆུ་བོའི་གཞུང་བཞིན་འཕེལ་བའི་བཀག་རྡོར་གྱུར་པས་ཤངས་པའི་ཚེ་སྲོག་ལ་འཇིགས་པ་ལན་མང་བྱུང༌། དེ་ནི་རྗེ་མར་པས་ང་ནཱ་རོ་པཎ་ཆེན་གྱི་བུ་བརྒྱུད་འདི་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་ཞིང་། བཀའ་བརྒྱུད་ཀྱི་བསྟན་པ་ལ་པཎ་ཆེན་ནཱ་རོའི་ལུང་བསྟན་བཟང་པོ་ཡང་ཡོད་ཅེས་གསུངས་པ་དང་ཧེ་བག་ཤིན་ཏུ་ཆེ་བ་ཡིན། ཡང་དུས་རབས་བཅོ་ལྔ་པར་མཉམ་མེད་སངས་རྒྱས་དཔལ་བཟང་ལྷ་ཕུ་སྐུགས་ལུང་དུ་ཕེབས་སྐབས་དེ་ནས་ཞག་གཉིས་ཙམ་སྐུག་ལུང་གི་སྒོ་ཕྱེ་ནས་གཙུག་ལག་ཁང་གི་ནང་དུ་ཕྱིན་པས། རྟེན་དང་གསུང་རབ་མང་དུ་བཞུགས་ཤིང་འདུག་པ་མཐོང་ནས། གྲུབ་ཐོབ་བྱོན་པའི་གནས་ཡུན་རིང་པོར་ཞབས་ཏོག་མེད་པ། ཤངས་པ་བཀའ་བརྒྱུད་པ་ལ་ཤེད་དང་བུ་སློབ་མེད་པའི་རྟགས་སུ་འདུག་སྙམས་ནས་མཆི་མ་མང་པོ་ཤོར་ཞེས་ཐལ་རྡུལ་གྱིས་སྒྲིབ་པའི་ཤངས་པ་བཀའ་བརྒྱུད་ཀྱི་གནས་བབས་གཟིགས་པས་ཤངས་པའི་ཆོས་བརྒྱུད་འཛིན་པའི་སྐྱེས་ཆེན་དེ་དག་ཀྱང་ཐུགས་སེམས་ཤིན་ཏུ་སྐྱོ་བར་གྱུར། གནད་དོན་འདི་དག་ནི་ཤངས་པའི་སྔ་རབས་ཀྱི་ལོ་རྒྱུས་ཐོག་འཁྲབ་པའི་སྐྱོ་གར་ཞིག་ཡིན་ལ། ཕྱིས་འབྱུང་གི་འགྲོ་ལམ་སྟེང་དུ་ཡང་མཆིལ་མའི་ཐལ་བ་བཞིན་ངེས་པར་བོར་འོས་པ་ཞིག་ཡིན།
I.4.4.4
བཞི། དགོན་སྡེའི་ཆོ་ག་ཕྱག་ལེན་སྐོར།
དེ་ཡང་བོད་དར་ནང་བསྟན་གྱི་ཆོས་བརྒྱུད་གཞན་རྣམས་དང་འདྲ་བར་ཡུལ་ལུང་སྤྱིའི་ཆོས་སྲིད་ཀྱི་གནས་བབས་དང་སེམས་ཅན་གྱི་བསོད་ནམས་སོགས་ལ་ཉི་ཟླའི་འཆར་ནུབ་དང་འདྲ་བའི་འཕེལ་འགྲིབ་བྱུང་བ་དང་བསྟུན་ནས་ཤངས་པ་བཀའ་བརྒྱུད་ཀྱི་དགོན་གནས་འདི་ཡང་ཐོག་མར་ཤངས་ལུགས་བརྒྱུད་པ་རང་ཟིན་གྱིས་ཉམས་ལེན་བྱེད་ཀྱི་ཡོད་པར་ངེས་ཀྱང་། ཕྱིས་རིམ་བཞིན་ཆོས་བརྒྱུད་གཞན་གྱིས་ཤངས་ཆོས་ཀྱི་ཉམས་ལེན་འགར་རྒྱ་ཁྱབ་ཆེ་བའི་ཤུགས་རྐྱེན་ཐེབས་ཞོར་ཞོང་ཞོང་གི་དགོན་གནས་འདིར་ཡང་དར་རྒུད་སྣ་ཚོགས་བྱུང་ཡོད། དེང་དགེ་འདུན་ཞལ་གྲངས་བཅུ་བཞུགས་པ་དེ་དག་གིས་གཙོ་ཆེར་ཤངས་ཆོས་ཁོ་ནའི་ཕྱག་ལེན་ཉམས་སུ་བཞེས་པ་སྟེ། ཉིན་ལྟར་མཁས་གྲུབ་ཁྱུང་པོའི་གསོལ་འདེབས་དང་ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་གསོལ་འདེབས། ནི་གུའི་བརྒྱུད་འདེབས་གནས་སྦྱར་མ་སོགས་དབྱངས་རྟ་དང་སྦྲགས་ནས་མགུར་བཞེས་སྲོལ་ཡོད། དགོན་འདིར་བོད་དར་ནང་བསྟན་གྱི་དགོན་སྡེ་གཞན་དང་འདྲ་བར་གསོ་སྦྱོང་དང་། དབྱར་གནས། དགག་དབྱེ་བཅས་ཀྱི་གཞི་གསུམ་ཆོ་གའི་ཉམས་ལེན་གཙང་མ་གནང་མུས་ཏེ། ཟླ་བ་རེ་རེའི་ཚེས་བཅོ་ལྔ་དང་གནམ་གང་གཉིས་ལ་གསོ་སྦྱོང་རེ་དང་། དབྱར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་ཟླ་བ་བདུན་པའི་ཚེས་ཉེར་དགུའི་བར་དབྱར་ཁྲིམས་ཁས་བླངས་པས་དབྱར་གནས་དང་། ཟླ་བ་བདུན་པའི་ཚེས་སུམ་ཅུ་ཉིན་དབྱར་གནས་གྲོལ་སྐབས་དགག་དབྱེ་བཅས་ཡིན། དེ་མིན་ལོ་རེའི་དམིགས་བསལ་གྱི་ཆོས་ལུགས་བྱེད་སྒོར་ཆ་མཚོན་ན། ལོ་རེའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་དར་ཆེན་སྐུ་བཞེངས་དང་། བོད་ཟླ་གཉིས་པ་ཙམ་དུ་བཀའ་འགྱུར་གསུང་སྒྲོག །བོད་ཟླ་ལྔ་པའི་ཚེས་བཅུ་ཉིན་ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་དགོངས་རྫོགས་དུས་ཆེན། བོད་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་སྐྱབས་རྗེ་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་དགོངས་རྫོགས་དུས་ཆེན། བོད་ཟླ་དྲུག་པའི་ཚེས་བཞི་ཉིན་མཁས་གྲུབ་ཁྱུང་པོའི་ཚེ་དབང་གནང་སྲོལ། དེ་ནི་རྨོག་ལྕོག་པའི་རྣམ་ཐར་དུ་བླ་མ་ཤངས་པའི་མཆོད་པའི་(པུ་ཙ་)ནུབ་མོ། མཆོད་རྫས་གཞན་ནི་མེད་པས་ཡོན་ཆབ་དང་མེ་ཏོག་ཕུལ་ནས་གསོལ་བ་བཏབ་པས། བླ་མ་དང་མགོན་པོ་འོད་དཔག་མེད་བྱོན་ནས། དབུ་མ་བདུད་རྩིས་བཀང་བའི་ཚེ་སྒྲུབ་དེ་གསུངས་པ་ཡིན་ནོ་ཞེས་འཁོད་པའི་ཚེ་སྒྲུབ་འདི་ཡིན་ལ། ཞོང་ཞོང་སྐྱབས་རྗེ་རིན་པོ་ཆེ་དགོངས་པ་མ་རྫོགས་བར་ཚེ་སྒྲུབ་དེ་གནང་སྲོལ་ཡོད། དགུན་ཟླ་རྭ་བའི་ཚེས་བཅུ་བཞི་སྟེ་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་མཁས་གྲུབ་ཁྱུང་པོའི་དགོངས་རྫོགས་དུས་མཆོད། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཐོ་རངས་ནས་བོད་ཟླ་དང་པོའི་ཚེས་གཅིག་བར་གྱི་ཐོ་རངས་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་སོགས་གཏོང་སྲོལ་ཡོད། གོང་གསལ་གྱི་དགོངས་རྫོགས་དུས་ཆེན་དེ་དག་ལ་ཤངས་པ་བཀའ་བརྒྱུད་ཀྱི་མགུར་མཚོ་དང་ཤངས་པའི་བླ་མ་མཆོད་པ། མཆོད་བརྗོད་(རྣམ་ཐར་གསོལ་འདེབས་)ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་ཚོགས་མཆོད་སོགས་འདོན་གནང་སྲོལ་ཡོད་པ་སོགས་དེ་དག་གིས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དགོངས་པ་གཞན་དོན་དུ་གཤེགས་རྗེས་ལོ་སུམ་བརྒྱ་ཙམ་རིང་གྲུབ་ཐོབ་མང་དུ་བྱུང་སྟེ། ཤངས་པའི་ལུགས་སྲོལ་རྒྱས་པར་མཛད་ཀྱང་། དེང་སང་ནི་ས་དགེ་ཕྱག་གསུམ་གྱི་ནང་དུ་སིམ་པ་ལྟར་གྱུར་ཏེ་ཆོས་བརྒྱུད་སྒེར་དུ་འཛིན་པ་མི་སྣང་ངོ་ཞེས་གསལ་བ་ལས་ལོ་སུམ་བརྒྱ་ཙམ་རིང་ཤངས་པའི་ལུགས་སྲོལ་རྒྱས་པར་མཛད་པ་དེ་བདེན་ཡང་། དེང་ཆོས་བརྒྱུད་སྒེར་དུ་འཛིན་པ་མི་སྣང་ཞེས་པ་དེ་ནི་དོན་དངོས་དང་ཅུང་ཟད་མི་འཚམ་པ་མཚོན་ལ། དགོན་གནས་འདི་དང་ལྷག་པར་མདོ་ཁམས་ཁུལ་གྱི་ཤངས་པའི་སྒྲུབ་ཁང་མང་པོར་ཤངས་པའི་ཆོས་སྐོར་ཉམས་སུ་ལེན་བཞིན་པ་དེ་ནི་ཤངས་ཆོས་འདི་ཉིད་མི་ཡུལ་ནས་ཡོངས་སུ་ཡལ་མེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཀྱང་ཡིན།

I.4.5 - ...
ལྔ་པ། ཞར་བྱུང་དགོན་གནས་བརྒྱ་རྩ་བརྒྱད་ཀྱི་སྐོར།
མཁས་གྲུབ་ཁྱུང་པོས་ཤངས་ཁུལ་དུ་བཏབ་པའི་དགོན་གནས་ཀྱི་གྲངས་ངེས་ཚུལ་ཡང་མི་མཐུན་པ་འགའ་ཞིག་ཡོད་དེ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་ལས་དཔོན་སློབ་སུམ་སྟོང་གིས་ཤངས་སུ་བྱོན་ནས། ཞང་ཞང་གི་གནས་ཀྱིས་སྣ་དྲངས་པའི་གནས་དགོན་བརྒྱ་རྩ་བརྒྱད་ལོ་གསུམ་ལ་བཏབ་ཅེས་པ་དང་། ཤངས་པའི་མགུར་མཚོར་དེ་ནས་དཔོན་སློབ་སུམ་སྟོང་གི་ཤངས་སུ་བྱོན་ཏེ་ཞང་ཞོང་གིས་སྣ་དྲངས་པའི་དགོན་གནས་བརྒྱ་དང་རྩ་བརྒྱད་ལོ་གསུམ་གྱི་ནང་དུ་བཏབ་ཅེས་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་བླ་མ་ཌ་ཀིའི་ལུང་བསྟན་བཞིན་སློབ་མ་སུམ་སྟོང་དང་མཉམ་དུ་དབུས་ཀྱི་འཕན་ཡུལ་ནས་གཡས་རུ་ཤངས་སུ་ཕེབས་ཏེ་ཞོང་ཞོང་གིས་ཐོག་དྲངས་པའི་དགོན་གནས་བརྒྱ་རྩ་བརྒྱད་བཏབ་པར་གསུངས་ལ། དེ་མིན་གྱི་ལོ་རྒྱུས་ཆོས་འབྱུང་གལ་ཆེ་བ་འགའ་ཞིག་གི་ནང་དུའང་ཡོངས་གྲགས་སུ་དགོན་གནས་བརྒྱ་རྩ་བརྒྱད་བཏབ་པའི་སྐོར་འཁོད་ཡོད་པ་སྟེ། དེབ་སྔོན་དུ་ལོ་གསུམ་གྱི་ནང་དུ་ཞོང་ཞོང་ལ་སོགས་པའི་དགོན་གནས་བརྒྱ་རྩ་བརྒྱད་བཏབ་ཅེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཤངས་ཞོང་ཞོང་གི་གཙུག་ལག་ཁང་སོགས་དགོན་གནས་བརྒྱ་རྩ་བརྒྱད་ལོ་གསུམ་གྱི་ནང་དུ་བཏབ་ཅེས་འཁོད་ལ། དེ་མིན་བོད་སོག་ཆོས་འབྱུང་དུ་གངས་ཅན་བོད་ཡུལ་རིན་ཆེན་ས་གཞིའི་དབུས། །ཁྱུང་པོའི་ཐུགས་བསྐྱེད་བཙན་པོའི་དགེ་མཚན་མཐུས། །ཤངས་གཞུང་དགེ་འདུན་ཁྲི་ཕྲག་བརྒྱད་འདུས་ཤིང་། གདན་ས་བརྒྱ་རྩར་བཀའ་བརྒྱུད་བསྟན་པ་དར་ཞེས་འཁོད་པ་སོགས། མདོར་ན་མཁས་གྲུབ་ཁྱུང་པོའི་རྣམ་ཐར་སོགས་ཀྱིས་མཚོན་པའི་ཚད་ལྡན་ཡིག་ཆ་ཕལ་ཆེ་བར་དགོན་གནས་བརྒྱ་རྩ་བརྒྱད་བཏབ་པ་དེ་གཅིག་མཐུན་ཡིན་མོད། འོན་ཀྱང་རིན་འབྱུང་ལྷ་སྐུ་སུམ་བརྒྱ་ཞེས་པའི་ནང་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་ལུང་དྲངས་པར་ཞོང་ཞོང་སོགས་གནས་བཞི་རྩ་བརྒྱད་ལོ་གསུམ་ལ་བཏབ་སློབ་མ་ཡང་ཤིན་ཏུ་མང་བ་འདུས་ཞེས་འཁོད་པའི་དགོན་གནས་ཀྱི་གྲངས་བཞི་རྩ་བརྒྱད་ནི་སྤྱི་བྱིངས་དང་མི་མཐུན་པས་སྤང་བར་བྱའོ།
།བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་དམངས་ཁྲོད་ཀྱི་ངག་རྒྱུན་མང་པོར་གྲངས་གནས་བརྒྱ་རྩ་བརྒྱད་ཀྱི་སྐོར་མཐོང་ཐོས་སུ་གྱུར་པ་མང་དག་ཅིག་ཡོད་པ་ཡང་། བོད་ཀྱི་རྒྱལ་ཐོག་སོ་གཉིས་སམ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱལ་བློན་འཁོར་འབངས་རྣམས་ཀྱིས་ལྷ་ཁང་བརྒྱ་རྩ་བརྒྱད་བརྩིགས་པའི་སྐོར། མ་ཎི་བཀའ་འབུམ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གསུམ་གླིང་དགུ་ཐམས་ཅད་དུ་བྱོན་ཏེ་དགེ་བ་བཅུའི་ཁྲིམས་བཅས། ལྷ་ཁང་བརྒྱ་རྩ་བརྒྱད་བརྩིགས་ཏེ་ཆོས་ཁྲིམས་དར་གྱི་མདུད་པ་འདྲ་བ་བཅས་ནས། བོད་འབངས་ཐམས་ཅད་བདེ་བ་ལ་བཀོད་དོ་ཞེས་དང་། ལྡེའུ་ཆོས་འབྱུང་དུ་དེ་ལྟར་སྤྲུལ་པའི་རྒྱལ་པོ་འདིས་ཐམས་ཅད་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པར་བྱས་ཞེས་སོགས་འཁོད་པ་ལྟར་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས་ཀྱིས་གཙོས་པའི་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཡོད་པ་དེ་གལ་ཆེའི་ཆོས་འབྱུང་རྣམས་སུ་ཡོངས་གྲགས་ཡིན། གཞན་ཡང་ཤོད་རྒྱུན་ལ་ལར། གསང་སྔགས་རྙིང་མའི་ཉེ་བརྒྱུད་གཏེར་མའི་བརྒྱུད་འཛིན་གཏེར་སྟོན་གྲྭ་པ་མངོན་ཤེས་བསམ་ཡས་མཆིམས་ཕུའི་གེ་གོང་དུ་བཞུགས་པའི་དུས་ཨོ་རྒྱན་པདྨས། ཁྱེད་ནི་སྐལ་པ་དང་ལྡན་པས་དགོན་གནས་བརྒྱ་རྩ་བརྒྱད་བཞེངས་དགོས་ཞེས་པའི་ལུང་བསྟན་བྱུང་བར། གྲྭ་པ་མངོན་ཤེས་ཀྱིས་ང་ཡིས་ལྷ་ཁང་བརྒྱ་རྩ་བརྒྱད་ལས་གཅིག་ཀྱང་འགྲུབ་པར་དཀའ་ཞུས། དེ་རྗེས་གུ་རུ་ཨོ་རྒྱན་གྱིས་དཀའ་བ་མེད། ཁྱེད་ཀྱིས་བསམ་ཡས་པེ་ཧར་དཀོར་མཛོད་གླིང་གི་ཀ་བ་སེང་གདོང་ཅན་གྱི་འོག་ན་ཛམ་བྷ་ལ་དམར་པོས་ནོར་བསྒྲུབས་ཡོད་པས་དེ་ལེན་ཞིག་ཅེས་གསུངས་པ་ལྟར་ནོར་གཏེར་རྣམས་བླངས་པས་དགོན་གནས་དེ་དག་ཡོངས་སུ་གྲུབ་ཅེས་པའི་བརྗོད་སྲོལ་འདུག །དེར་བརྟེན་བདུད་འཇོམས་ཆོས་འབྱུང་དུ་ཡང་ཛམ་པ་ལ་བསྒྲུབས་པས་དངོས་གྲུབ་གསེར་གྱི་བདོག་པ་སྩལ་བ་ལ་གཞི་མཛད་དེ་གྲྭ་ནང་གི་མདར་དཔལ་གྲ་ཐང་གི་ཆོས་གྲྭ་ཆེན་པོ་བཏབ་པས་མཚོན་གནས་གཞི་མང་དུ་བཞེངས་ཞེས་འཁོད། དེ་མིན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལྷ་ཁང་བརྒྱ་རྩ་བརྒྱད་དུ་ཐེག་པ་ཆེན་པོའི་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས་ཞེས་དང་། དེའི་ཚེ་མ་ག་དྷར་བྲམ་ཟེ་སུ་བི་ཥ་ནུ་ཞེས་བྱ་བས་དཔལ་ནཱ་ལེནྡྲའི་གནས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་མི་ནུབ་པའི་ཕྱིར་མ་མོ་འཛིན་པ་བརྒྱ་རྩ་བརྒྱད་ཀྱི་ཆོས་གཞི་བྱས་ཞེས་པ་ལ་སོགས་སྔར་རྒྱ་གར་ཡུལ་དུ་ཡང་གྲངས་གནས་བརྒྱ་རྩ་བརྒྱད་བྱས་པའི་གནས་གཞི་སོགས་བཙུགས་པ་མང་དུ་ཐོན་ཡོད། རྣམ་ཀུན་མི་རྣམས་ཀྱིས་མཆོད་རྟེན་བརྒྱ་དང་བརྒྱད་དང་། ཆུ་མིག་བརྒྱ་དང་བརྒྱད། སྒྲུབ་ཕུག་བརྒྱ་དང་བརྒྱད། ཕྲེང་རྡོག་བརྒྱ་དང་བརྒྱད་སོགས་བརྗོད་སྲོལ་ཡོད་པ་དང་། ད་དུང་མདོ་རྒྱུད་བསྟན་བཅོས་རྣམས་སུ་སྒོམ་སྤངས་ཤེས་སྒྲིབ་བརྒྱ་དང་བརྒྱད། ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་བརྒྱ་དང་བརྒྱད། རྨི་ལམ་གྱི་མཚན་མ་བརྒྱ་རྩ་བརྒྱད་ལ་སོགས་པའི་གྲངས་གནས་བརྒྱ་རྩ་བརྒྱད་དང་འབྲེལ་བའི་རྣམ་གྲངས་ཇི་སྙེད་ཅིག་ཐོན་ཡོད།
མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་དགོན་གནས་བརྒྱ་རྩ་བརྒྱད་དེ་དག་ཕུད་གཞན་ཡང་། དེ་ནས་ཚོགས་པ་ཆེ་དུས་སུ་ཁམས་པའི་མི་རྣམས་འབུལ་བྱེད་པ་ལ་མ་འཆམ་མོ། དུས་གཅིག་ལ་ཆོས་ཁྲི་བརྒྱ་རྩ་བརྒྱད་བརྩིགས་ནས། དེའི་སྟེང་དུ་སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་བསྟན་ཏེ་བཞུགས། ཆོས་ཁྲི་རེའི་མདུན་དུ་མི་ཚང་རེས་འབུལ་བ་འགྲན་ནས་བྱས་སོ་ཞེས་དང་། གཟིམས་གཡོག་རིན་ཆེན་རྡོ་རྗེས་བརྒྱ་རྩ་བརྒྱད་ཀྱི་ཆོས་ཁྲི་ལ། །བལྟ་བས་མ་ངོམས་སྐུ་ལུས་རེ། །མཐའ་བྲལ་ཐེག་ཆེན་ཆོས་སྒྲ་སྒྲོགས། །སྣ་ཚོགས་སྤྲུལ་པ་ཕྱོགས་བཅུར་སྟོན་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་ཁམས་པ་མི་དྲག་རྣམས་འབུལ་བ་ལ་མ་འཆམ་པ་དང་འགྲན་བསྡུར་གྱིས་ཆོས་ཁྲི་བརྒྱ་རྩ་བརྒྱད་བརྩིགས་ནས་འབུལ་བ་བྱེད་པ་དང་། བླ་མས་ཀྱང་སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་ལ་སྤྲུལ་ནས་ཆོས་གསུངས་པ་སོགས་བརྒྱ་རྩ་བརྒྱད་ཀྱི་གྲངས་གནས་མཚོན་པའི་ཚིག་དེ་མཛད་རྣམ་ཆ་ཚང་ལ་ཁྱོན་ཐེངས་ལྔ་ཙམ་ཐོན་ཡོད།
གྲངས་གནས་བརྒྱ་རྩ་བརྒྱད་ཀྱི་མཚོན་དོན་སྐོར་ཅུང་ཙམ་ཞིག་བརྗོད་པར་བྱ་བ་ལ། བརྒྱད་དང་བརྒྱད་(༡༠༨)འདི་ཉིད་གྲུབ་པ་ལ་གྲངས་གནས་གསུམ་ཡོད་པ་ལས། གཅིག་གིས་ཕོ་ཐབས་དང་། བརྒྱད་ཀྱིས་མོ་ཤེས་རབ་མཚོན་ཞིང་། དེ་གཉིས་ཀྱི་དབུས་སུ་གནས་པའི་ཐེག་ལེའི་རྣམ་ཅན་ལྟ་བུའི་ཀླད་ཀོར་དེས་ཐབས་ཤེས་ཟུང་དུ་འཇུག་པ་མཚོན། ཡང་ཕྲེང་རྡོག་བརྒྱ་རྩ་བརྒྱད་ཀྱི་སྐབས་སུ་བརྒྱ་ནི་ཡོངས་སུ་རྫོགས་པའི་དོན་ཏེ་རྣམ་ཀུན་གྱི་འདོན་ཆའི་གྲས་སུ་ཡོད་པའི་ཡིག་བརྒྱ་སོགས་དང་འདྲ་ལ། བརྒྱད་ནི་བརྒྱ་པོ་དེ་དག་ལ་ཆད་ཆག་བྱུང་བའི་གསབ་སྣོན་ལྟ་བུར་བརྩི་སྲོལ་ཡོད། དེར་བརྟེན་གྲངས་གནས་དེའི་དམིགས་བསལ་གྱི་ཆོས་ལུགས་མཚོན་དོན་ལ་གཞིགས་ནས་ནང་ཆོས་བརྒྱུད་འཛིན་པ་མང་པོས་དགོན་གནས་སོགས་གནས་གཞི་ཁྱད་འཕགས་ཅན་གྱི་གྲངས་འདྲེན་པའི་སྐབས་སུ་བརྒྱ་རྩ་བརྒྱད་ཅེས་བགྲང་བས། འདི་ནི་རིམ་བཞིན་ནང་ཆོས་པ་རྣམས་ཀྱི་བསམ་བློའི་ནང་ཁྱད་དུ་འཕགས་པ་དང་རྟེན་འབྲེལ་རང་བཞིན་གྱི་མཚོན་དོན་མངའ་བའི་གྲངས་ཤིག་ཏུ་གྱུར་ཡོད། དེས་ན་ནི་ཁོ་རིག་སེ་(Nicole Riggs)ཡིས་མཁས་གྲུབ་ཁྱུང་པོའི་དགོན་གནས་བརྒྱ་རྩ་བརྒྱད་བརྗོད་པའི་སྐབས་སུ་གྲངས་དེ་ནི་བོད་མིའི་གོམས་ལུགས་སུ་བརྩི་བའི་རྟེན་འབྲེལ་གྱི་གྲངས་ཤིག་ལས་དོན་དངོས་སུ་བཏབ་པའི་དགོན་གྲངས་ཡིན་མི་སྲིད་ཅེས་གསུངས་པ་ཡིན། འོན་ཀྱང་རྣམ་ཀུན་ང་ཚོས་གོ་ཐོས་ཐུབ་པའི་གྲངས་གནས་བརྒྱ་རྩ་བརྒྱད་དེ་དག་ཕལ་ཆེ་བ་ནི་མང་པོའི་མཚོན་དོན་ཙམ་ལས་གྲངས་ངེས་མ་ཡིན་ཀྱང་། དེ་དག་ཚང་མ་དེ་ཁོ་ན་ཙམ་ལས་མཐའ་གཅིག་ཏུ་གནས་གཞིའི་གྲངས་འདྲེན་རྒྱུ་མེད་པ་ཡང་ཁ་ཚོན་གཅོད་པར་དཀའ།
དེར་བརྟེན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཕྱག་བཏབ་པའི་དགོན་གནས་བརྒྱ་རྩ་བརྒྱད་དེ་དག་གྲངས་ངེས་ཡིན་མིན་ཐད་རང་ཉིད་ཀྱི་ལྟ་ཚུལ་རགས་ཙམ་བརྗོད་རྒྱུ་སྟེ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕན་ཡུལ་ནས་ཤངས་སུ་ཕེབས་རྗེས་ལོ་གསུམ་གྱི་ནང་ཞོང་ཞོང་ལ་སོགས་པའི་དགོན་གནས་བརྒྱ་རྩ་བརྒྱད་བཏབ་པའི་སྐོར་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེར་ཡོངས་སུ་གྲགས། དེང་གི་ཆར་ལོ་ཟླའི་འཕེལ་འགྲིབ་དབང་གིས་དགོན་གནས་བརྒྱ་རྩ་བརྒྱད་དེ་དག་སོ་སོའི་མཚན་དང་ཕྱག་བཏབ་ཡུལ་སོགས་ཞིབ་པར་ངོས་ཟིན་དཀའ་ཡང་དེ་ནི་མེད་པར་མི་ཁྱབ་ཏེ། ཁྱུང་པོ་གཉིས་པས་སྒོམ་ཆེན་པ་ལ་ནོར་གྱིས་དགོས་པ་མེད་གསུང་ཞིང་། སྒོམ་ཆེན་པ་ལ་ཁང་པ་བཟང་པོ་མི་དགོས། སྤང་སྤྱིལ་དང་། ས་ཕུག་དང་བྲག་ཕུག་ཏུ་འཆི་རྒྱུ་ཡིན་གསུང་ཞེས་འཁོད་པ་ལྟར། སྒྲུབ་བརྒྱུད་ཀྱི་ཤིང་རྟའི་ཁོངས་སུ་གཏོགས་པའི་ཤངས་པ་བཀའ་བརྒྱུད་ཀྱི་ངོས་ནས་བརྗོད་ན་བཀའ་བརྒྱུད་པ་གཞན་རྣམས་དང་འདྲ་བར། སྒྲུབ་པ་ཉམས་ལེན་གཙོ་བོར་བྱེད་པས་སྐབས་དེའི་དགོན་གནས་ཞེས་པ་ཡང་དེང་གི་ཚོགས་ཆེན་འདུ་ཁང་དང་གཙུག་ལག་ཁང་སོགས་ཡོངས་སུ་ཚང་བ་མཐའ་གཅིག་ཏུ་ངེས་མི་སྲིད། དེར་བརྟེན་དགོན་གནས་འདི་དག་མང་ཆེ་བ་ནི་གཞི་ཁྱོན་ཆུང་བའི་སྒྲུབ་ཁང་ཤ་སྟག་ཡིན་སྲིད་ལ། ལྷག་དོན་མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་ཞོང་ཞོང་དུ་གྲྭ་སློབ་ཁྲི་ཕྲག་བརྒྱད་དང་བཅོ་བརྒྱད་སོགས་ཀྱི་ཚོགས་པ་འདུ་འཛོམས་ཤིན་ཏུ་ཆེ་བའི་སྐབས་མཁས་གྲུབ་ཁྱུང་པོས་སློབ་མ་རྣམས་ཀྱི་ཁམས་དང་མོས་པ་ལ་གཞིགས་ནས་གདམས་པ་མི་འདྲ་བ་གནང་ཐོག་དེ་དག་ཞོང་ཞོང་དང་ཐག་མི་རིང་བའི་ཉེ་འཁོར་དུ་ཉམས་ལེན་དང་སྒོམ་སྒྲུབ་བྱེད་དུ་འཇུག་པར་ཡང་གནས་གཞི་མང་པོ་ཞིག་དགོས་ངེས་ཡིན། མ་གཞི་དུས་སྐབས་འདི་ནི་ཆོས་སྲིད་ཀྱི་དབང་ཤུགས་གཅིག་སྒྲིལ་མེད་པའི་བོད་སིལ་བུའི་མཇུག་ཡིན་པས་དཔལ་འབྱོར་གྱི་འཁོས་ཀ་ཅུང་ཞན་པའི་ཁར། སྟོད་མངའ་རིས་ཁུལ་དུ་ལོ་ཆེན་རིན་ཆེན་བཟང་པོས་བཏབ་པ་བཤད་རྒྱུན་ལ་ཁྱོན་དགོན་སྡེ་108ལྷག་ཡོད་པ་དང་། དོན་དངོས་ཐོག་ངེས་པར་དེ་ལས་ཉུང་བ་མེད་ཅེས་འཁོད་པ་ལྟར་སྟོད་ཁུལ་དུ་དགོན་སྡེ་མང་དག་ཅིག་བཏབ་པ་དང་། བཀའ་གདམས་པའི་རྭ་སྒྲེང་དགོན་དང་། དྭགས་པོ་བཀའ་བརྒྱུད་ཀྱི་དྭགས་ལྷ་སྒམ་པོ་སོགས་དགོན་གནས་མང་པོ་ཞིག་གསར་དུ་འདེབས་པའི་དབུ་ཚུགས་སྟབས་ཤངས་ཁུལ་ཁོ་ནར་དགོན་གནས་བརྒྱ་རྩ་བརྒྱད་བཏབ་ཅེས་བཤད་ན་ཡིད་ཆེས་དཀའ་བའི་གནས་སུ་གྱུར་མོད། འོན་ཀྱང་སྒོམ་སྒྲུབ་ཀྱི་ཉམས་རྟོགས་རྩེར་སོན་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གྲྭ་སློབ་ཀྱི་ཚོགས་པ་ཆེན་པོ་དེ་ལྟ་བུས་ཕུལ་བའི་དད་རྫས་ཀྱི་གྲོགས་དན་ཡོད་ངེས་པ་ཡང་།
མཁས་གྲུབ་ཁྱུང་པོ་དང་དུས་མཉམ་པའི་རྭ་ལོ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་དུ་སྐབས་དེར་བླ་མ་རྭ་ལོ་ཙཱ་བ་ལ་དད་ལྡན་རྣམས་ཀྱིས་འབུལ་བ་ཁྲི་རྭ་ཅན་དང་སྟོང་རྭ་ཅན་ཞེས་ཕྱུག་ཟོག་སྟོང་ཚོ་དང་ཁྲི་ཚོ་བྱས་ནས་འབུལ་སྲོལ་ཡོད། དེ་ནི་ད་ལྟ་ཡང་ནག་ཆུའི་ས་ཆ་འགའ་ཤས་སུ་ནོར་ལུག་སོགས་ཀྱི་སེམས་ཅན་ཅི་རིགས་བརྒྱ་འབུལ་བྱེད་སྲོལ་ཡོད་པ་དེ་དང་འདྲ། སྔར་རྭ་ལོ་ཙཱ་བ་གཅིག་པུས་མཁས་གྲུབ་ཁྱུང་པོ་ཞོང་ཞོང་དུ་བཞུགས་སྐབས་ནས་ཁལ་ཁྲི་ཚོ་གསུམ་ཕུལ་བ་སོགས་ཀྱིས་མཚོན་པ་ཡིན། དེ་མིན་མཁས་གྲུབ་ཁྱུང་པོས་ཡི་དམ་ཆོས་སྐྱོང་གི་འཕྲིན་ལས་འོག་དེ་ལྟ་བུའི་མཐུན་རྐྱེན་སྒྲུབ་སྲིད་པ་ཡང་གོང་དུ་བཤད་པ་ལྟར་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་ཛམ་བྷ་ལའི་ནོར་གཏེར་ལ་བརྟེན་ནས་དགོན་གནས་བརྒྱ་རྩ་བརྒྱད་དེ་དག་བཏབ་པ་དང་འདྲ་བ་ཡིན།
མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་གྲྭ་སློབ་ཀྱི་ཚོགས་པ་ཁྲི་བརྒྱད་ཙམ་འདུས་པ་ཡོངས་གྲགས་ཡིན་པས། ཁྲི་བརྒྱད་པོ་དེ་དག་དགོན་གནས་བརྒྱ་རྩ་བརྒྱད་ལ་བགོས་ནས་ཚོད་རྩིས་བརྒྱབ་ན། ཧ་ལམ་དགོན་རེར་གྲྭ་སློབ་740ཙམ་རེ་ཐོབ་ཐུབ། ལྷག་པར་སྒྲུབ་པ་ཉམས་ལེན་བྱེད་སྐབས་གནས་གཞི་དེ་བས་མང་བ་ཞིག་ཡོད་དགོས་པ་དོན་དངོས་དང་མཐུན་ལ། ཕྱིས་ཀྱི་ཤངས་པའི་བླ་རབས་འགའ་ཞིག་གི་སྐབས་དགོན་གནས་བརྒྱད་རྩ་བརྒྱད་དེ་དག་ལ་ཉམས་གསོ་ཞུས་པའི་ལོ་རྒྱུས་ཀྱང་གསལ་པོར་འཁོད་ཡོད་པ་དཔེར་ན་(ཤངས་དཀར་བ་རིན་ཆེན་རྒྱལ་མཚན་) ཁོང་གིས་གཙོ་འགན་བཞེས་ཐོག་དེ་སྔ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་གསར་བསྐྲུན་མཛད་པའི་དགོན་གནས་བརྒྱ་དང་བརྒྱད་དེ་དག་ལ་ཉམས་གསོ་མཛད་ཅེས་དང་། སངས་རྒྱས་དཔལ་བཟང་གིས་མཁས་གྲུབ་ཁྱུང་པོས་བསྐྲུན་པའི་དགོན་གནས་བརྒྱ་རྩ་བརྒྱད་དེ་དག་རེ་རེའི་ནང་དབང་བསྐུར་དང་ཆོས་བཤད། དངོས་སློབ་རྣམས་ཀྱི་ནང་ནས་བཅུ་གསུམ་མཆོག་འགྱུར་གྱི་གོ་འཕང་བརྙེས་པའི་གྲུབ་ཆེན་ཆགས་ཞེས་པ་སོགས་འཁོད་པས། གལ་ཏེ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཤངས་ཁུལ་དུ་དགོན་གནས་བརྒྱ་རྩ་བརྒྱད་དེ་དག་ཕྱག་བཏབ་མེད་ན་གོང་གསལ་གྱི་གནད་དོན་དེ་དག་ཀྱང་ཡོང་ག་ལ་སྲིད། དེ་མིན་དེང་ཞོང་ཞོང་དགོན་གྱི་ཉེ་འཁོར་དུ་ཅུང་གྲགས་ཆེ་བའི་གནས་བཞི་སྟེ་ཞོང་ཞོང་བླ་མའི་གནས། ལྕག་པོ་རྩེ་ཡི་དམ་གྱི་གནས། སྲིན་མོ་མཁའ་འགྲོའི་གནས། འཇག་ཆོས་སྐྱོང་གི་གནས་ཞེས་གྲགས་པ་དེ་དག་གི་གནས་ཤུལ་ངོས་ཟིན་རྒྱུ་འདུག་ཅིང་། དེ་མིན་གནས་ཤུལ་དེ་དག་གི་ཉེ་འཁོར་དུ་རྒན་ཆེན་དགོན་པ་དང་། གྱང་དམར། སྤྱི་ཁང་ཆེན་པོ། གཡུང་དྲུང་བྲག །ཡང་དགོན་ལ་སོགས་སྒྲུབ་ཕུག་དང་རྩིག་རོ་སོགས་མང་དུ་མཇལ་རྒྱུ་འདུག་པས། ཁོ་བོའི་བསམ་པར་མཁས་གྲུབ་ཁྱུང་པོས་ཕྱག་བཏབ་པའི་དགོན་གནས་བརྒྱ་རྩ་བརྒྱད་རྣམས་ནི་དངོས་སུ་ཡོད་ཀྱང་། སྒྲུབ་པ་ཉམས་ལེན་གཙོ་བོར་བྱེད་སའི་གཞི་ཁྱོན་ཅུང་ཆུང་བའི་གནས་གཞི་འབའ་ཞིག་མིན་ནམ་སྙམ།

།སྨྲས་པ། ཐུགས་རྒྱུད་མཐའ་བྲལ་ཆུ་གཏེར་ཀློང་དུ་གདམས་ངག་རིན་ཆེན་ནོར་བུས་བརྒྱན། །རང་རྒྱུད་རྟོག་པའི་དྲ་བ་བསལ་ཕྱིར་སྒྲུབ་གནས་དུ་མར་ཏིང་འཛིན་བསྒྲུབས། །བརྒྱ་རྩ་བརྒྱད་ཀྱི་གདན་ས་བཏབ་ནས་ལུང་རྟོགས་བསྟན་པའི་འོད་ཆེན་བཀྱེས། །སྙིགས་དུས་བསྐལ་པའི་གདུལ་བྱ་མཐའ་དག་ལྷ་ཆོས་བདུད་རྩིས་ཚིམས་པར་མཛད། །ཅེས་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ།

I.5 -
།ལེའུ་ལྔ་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་བརྩམས་ཆོས་དང་སྐུ་ཕྲེང་སྐོར་སོགས་ཀྱི་དོགས་དཔྱོད།
དེ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དེ་ཉིད་ནི། སྤྱིར་སངས་རྒྱས་བསྟན་པའི་གསལ་བྱེད། སྒོས་གངས་ཅན་ལྗོངས་ཀྱི་མུན་སེལ་ཡིན་ལ། ལྷག་པར་དུ་བསྟན་པ་ཕྱི་དར་གྱི་གསང་སྔགས་བསྟན་པའི་ལུགས་བཟང་སྐྱོང་བའི་སྲོག་ཤིང་གི་གྲས་སུ་གྱུར་པ་གང་དེས་སྐུ་ཚེ་ཧྲིལ་པོའི་རིང་གི་ནུས་ཤུགས་ཡོད་ཚད་བཏོན་ནས་དཀའ་སྤྱད་ལྷུར་ལེན་གྱི་འབད་པ་དང་། གཞན་དོན་མཐའ་སྐྱོང་གི་བསམ་པས། སྐབས་དེའི་སྤྱི་ཚོགས་དང་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཐོག་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་ཁྱབ་ཡོད། སྔར་ཆོས་རྗེ་རྨོག་ལྕོག་པས་བླ་མ་ཁམས་པ་ཨ་སེང་མཇལ་སྐབས་བླ་མའི་ཞལ་ནས་ཁྱོད་སུའི་སློབ་མ་ཡིན་གསུངས། ང་ཤངས་པ་གདུ་གུ་བའི་སློབ་མ་ཡིན་བྱས་པས། རྟ་བཟང་ལས་བབས་ནས་བུང་བུ་ལ་ཞོན་པས་ཅང་འོང་ངམ། བླ་མ་ཤངས་པ་ལས་བཟང་བ་ད་ལྟ་བོད་ན་མེད་པས་ངས་ཁྱེད་ཀྱིས་སློབ་དཔོན་མི་འོང་གསུངས་ནས་ཞེས་དང་། ཡང་ཆོས་རྗེ་རྨོག་ལྕོག་པས་བླ་མ་བུར་སྒོམ་ནག་པོ་མཇལ་སྐབས་བླ་མས་ཇོ་བོ་གང་ནས་ཡིན་གསུངས་པ་ལ། བདག་གཡས་རུ་ཤངས་པ་ལགས། ནཱ་རོ་པའི་གདམས་པ་འདི་ལ་མོས་པ་ཞིག་བྱུང་བས་ཐུགས་ལ་འདོགས་པར་ཞུ་བྱས་པས། ཁོང་གི་ཞལ་ནས་ཇོ་བོ་ཁྱོད་རྟ་ལས་བབས་ནས་བོང་བུ་ལ་ཞོན་པ་ག་ན་འོང་། བླ་མ་ཤངས་པ་མཁས་བཙུན་དེ་ལྟ་བུ་བཞག་ནས་ང་རྣལ་འབྱོར་པ་གཅིག་ལ་ཆོས་ཞུ་བ་ག་ན་འོང་གསུངས་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོ་དང་དུས་མཉམ་པའི་བླ་མ་ཁམས་པ་ཨ་སེང་དང་བུར་སྒོམ་ནག་པོ་སོགས་ཀྱིས་ཀྱང་མཐའ་གཅིག་ཏུ་བླ་མ་ཤངས་པ་དེ་མཁས་བཙུན་བཟང་པོའི་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་བསྟོད་ཚིག་གི་མེ་ཏོག་རབ་ཏུ་ཐོར། གཞན་ཡང་གཉན་སྟོན་རི་གོང་པའི་རྣམ་ཐར་དུ་སྤྱིར་བླ་མ་ཤངས་པ་ལ་རྒྱ་གར་ན་བླ་མ་བརྒྱ་ལྔ་བཅུ་ཡོད་པ་ལས། དེ་རྣམས་ཞལ་འཆམ་པར་ངེད་རྣམ་པ་བས་ཁྱུང་པོ་རྣལ་འབྱོར་ཁྱོད་དགེ་སྦྱོར་གྱི་སྐྱེ་ཚུལ་བཟང་བ་ཡིན། ཁྱོད་ཀྱི་འདི་ལྟ་བུ་རྒྱ་གར་ཤར་ནུབ་གར་ཡང་མ་བྱུང་གསུང་བར་འདུག་ཅེས་མཁས་གྲུབ་ཁྱུང་པོའི་བླ་མ་བརྒྱ་དང་ལྔ་བཅུ་པོ་རྣམས་ཀྱིས་ཀྱང་ཁོང་གི་དགེ་སྦྱོར་སྐྱེ་ཚུལ་དེ་རྒྱ་གར་ཤར་ནུབ་ཀྱི་བླ་མ་རྣམས་ལས་ཀྱང་ལྷག་པར་གསུངས། དེ་ལྟར་གྱི་ངེས་པ་དོན་དང་ལྡན་པའི་མཁས་གྲུབ་ཆེན་མོ་འདི་ཉིད་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་ནས་ད་བར་མི་ལོ་དགུ་བརྒྱར་ཉེ་བ་སོང་ཟིན་ཡང་། ཁོང་གིས་མི་ཡུལ་འདིར་འཇོག་གནང་མཛད་པའི་ཕུལ་བྱུང་གི་བརྩམས་ཆོས་དང་རིན་བྲལ་གྱི་སྐུ་རྟེན། མཆོག་འགྱུར་གྱི་གདམས་ངག་དེ་དག་གིས་ཉག་ཕྲ་བའི་ཆོས་བརྒྱུད་ཀྱི་ཚེ་སྲོག་ལ་སྟོབས་ཤུགས་ཉམས་པ་མེད་པ་བྱིན་དང་སྦྱིན་མུས་ཡིན།

I.5.1 - The writings of Khyungpo Neljor
དང་པོ། མཁས་གྲུབ་ཁྱུང་པོའི་བརྩམས་ཆོས་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འདི་ཉིད་ཀྱིས་སྐུ་ཚེ་གཅིག་གི་དུས་ཚོད་མང་ཆེ་བ་རྩོད་བྲལ་གྱི་བླ་མ་གྲུབ་ཐོབ་རྣམས་ལས་གདམས་ངག་ཞུ་བ་དང་། ཆོས་བརྒྱད་ཀྱི་དྲི་མ་སྤངས་ནས་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བ། ཆོས་ཁྲིད་བསྐྱངས་ནས་སྐལ་ལྡན་གྱི་གདུལ་བྱ་སྨིན་གྲོལ་ལ་འགོད་པ་སོགས་དོན་གཉིས་ལྷུར་ལེན་པའི་མཛད་པ་ཁོ་ནས་འདའ་བར་བྱས། ལྷག་དོན་སྐུ་ཚེ་གང་པོར་སྒྲུབ་པ་ཉམས་ལེན་གཙོ་ཆེར་འཛིན་པའི་སྒྲུབ་བརྒྱུད་ཀྱི་བསྟན་པ་སྐྱོང་མཁན་ཞིག་གིས་ངོས་ནས། རྗེ་བཙུན་རྨོག་ལྕོག་པས་ལར་མཁས་པ་བས་ཀྱང་སྒྲུབ་པ་གཅེས། །གཅིག་པུར་སྡོད་ལ་ཉམས་སུ་ལོངས་ཞེས་དང་། ཤངས་པའི་མགུར་མཚོར་ཐ་སྙད་ཆོས་ལ་དགོས་པ་མེད། །བསླབས་པ་དཀའ་ལ་བརྗེད་པ་སྐྱེན་ཞེས་གསུངས་པ་ལྟར། ཐ་སྙད་རིག་གཞུང་རྣམས་ལ་སྦྱངས་པ་ཁོ་ན་ཙམ་ལས་ཉམས་སུ་མ་བླངས་ན་ཐར་པའི་བཀག་རྡོར་འགྱུར་བར་དོགས་ནས། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་དེ་ཙམ་གྱིས་ཐུགས་གནང་མཛད་མེད་པས། གླང་ཆེན་གྱི་རྒྱབ་ཁལ་ལོངས་བའི་པོ་ཏི་བརྩམས་པ་མཇལ་རྒྱུ་མེད་ཀྱང་། ལྟ་བ་ལུང་རིགས་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ། ལམ་དྲོད་རྟགས་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ་བཅས་འབྲེལ་བ་དྲུག་དང་ལྡན་པའི་སྒོ་ནས་བྲིས་པའི་བརྩམས་ཆོས་མང་ཙམ་ཞིག་ངེད་ཕྱི་རབས་པ་ཚོའི་དོན་དུ་ཡི་གེར་བཀོད་ཡོད། འོན་ཀྱང་འཇིག་རྟེན་གྱི་གཏམ་དཔེར་བྱ་ཚང་མགོ་རྟིང་བསློགས་ན། །བྱ་སྒོང་མི་ཆག་ག་ལ་སྲིད་ཅེས་པ་ལྟར་ཆར་རླུང་དྲག་ཏུ་འཚུབ་པའི་ལོ་ཟླའི་ཁྲོད། ཁོང་གིས་དབུ་མཛད་པའི་ཆོས་བརྒྱུད་འདིའི་བརྒྱུད་འཛིན་པ་ཚོས་འཇིག་རྟེན་གྱི་དབང་སྲིད་སྒྱུ་མའི་རོལ་རྩེད་ལ་དེ་ཙམ་གྱི་ཁྲེན་པ་བཅངས་མེད་རྐྱེན། ཕོག་ཐུག་དང་ཕམ་ཁ་མི་ཉུང་བ་ཞིག་འཕྲད་མུར། ཁོང་གི་བརྩམས་ཆོས་འགའ་ཡང་ཁ་ཐོར་དང་བོར་བརླག་ཏུ་སོང་ནས་ང་ཚོའི་མིག་མདུན་དུ་མཇལ་བའི་སྐལ་པ་ཕྲ། ཁོང་ལ་སྒྲ་སྙན་སྨན་རྩིས་སོགས་ཐ་སྙད་རིག་གཞུང་སྐོར་གྱི་བརྩམས་ཆོས་སྤྱིར་མེད་པ་དང་། ད་ལྟ་མཇལ་རྒྱུ་ཡོད་པ་ཕལ་ཆེ་བ་ནི་མདོ་སྔགས་གཉིས་ལས་ཁྱད་པར་སྔགས་ཀྱི་གདམས་པ་དང་སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར་ཡིན་པ་སྟེ།
I.5.1.1 Instructions and sadhana
གཅིག །གདམས་ངག་དང་སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར།
དེ་དག་ལས་ཐོག་མར་འགྱུར་གྱི་སྐོར་ལ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས་མཆོག་གི་སྒྲོལ་མ་རལ་གཅིག་མའི་མན་ངག་གི་སྒྲུབ་ཐབས། སྙན་ངག་མཁན་རྟག་པའི་རྡོ་རྗེའི་མན་ངག་བྷ་གུ་པཎྜི་ཏའི་ཁྱད་ཆོས་རྒྱ་གར་ཤར་ཕྱོགས་ཀྱི་པཎ་ཆེན་ད་ན་ཤཱི་ལ་ལས་མཉན་ཏེ། འོན་དམར་དུ་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པའོ་ཞེས་གསལ་བ་བཞིན་དེང་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཀྱི་འོན་དུ་བསྒྱུར་བའི་བསྟན་བཅོས་འདི་དང་། དེ་མིན་དཀར་ཆག་བཻཌཱུརྱའི་ལྡེའུ་མིག་སོགས་ཤངས་པའི་དཔེ་ཁུངས་དཀོན་རིགས་འགའ་ཤས་ལ་དཔྱད་བསྡུར་ནན་ཏན་དང་རྒྱབ་རྟེན་བཅོལ་ཏེ། རང་ཉིད་ཀྱི་ད་ཕན་དངོས་སུ་མཇལ་མྱོང་བའི་མཁས་གྲུབ་ཁྱུང་པོའི་བརྩམས་ཆོས་ཅི་རིགས་ཀྱི་མཚན་བྱང་དང་དཔར་རིགས་སོགས་གཤམ་གྱི་རེའུ་མིག་ནང་དགོད་རྒྱུ་སྟེ།
Illustration: ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཚིག་གསལ་ཐེམ་ཡིག །ནི་གུ་མའི་ཞལ་གདམས་སྐོར་གྱི་ལུས་སྦྱོང༌། བླ་མ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས། ཕྱག་མཆོད་བཀའ་རྒྱ་མ། ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཡིག སེམས་འཚི་མེད་རྒྱ་གཞུང་དང་། བླ་མ་རྣམ་གསུམ་གྱི་འཆི་མེད། བླ་མ་ཤངས་པའི་རླུང་གི་སྐོར་རྣམས། ཁྱུང་པོའི་མགུར་བརྒྱད་རྩ་འགྲེལ། ཁྱུང་པོའི་ཉམས་ལེན་དྲུག་པ། ཁྱུང་པོ་མགུར་བརྒྱད་ཀྱི་བྱིན་རླབས་བྱ་ཚུལ་དང་། རྟ་མགྲིན་གསང་སྒྲུབ་ཀྱི་མངོན་རྟོགས། མཆོག་གི་སྒྲོལ་མ་རལ་གཅིག་མའི་མན་ངག་གི་སྒྲུབ་ཐབས། སྙན་ངག་མཁན་རྟག་པའི་རྡོ་རྗེའི་མན་ངགབླ་མ་ཤངས་པའི་ཁྱད་འཕགས་ཀྱི་གདམས་པ་རྒྱས་བསྡུས་གསུམ་པ། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། དམིགས་པ་རིན་ཆེན་སྒྲོན་བུ་བཀའ་དང་བཅས་པ། བདེ་མཆོག་ལྷ་ལྔའི་མངོན་རྟོགས་བཞུགས་སོ། །བདེ་མཆོག་གསང་སྒྲུབ་བཞུགས་སོ། །ཁྱུང་པོ་རྣལ་འབྱོར་པའི་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས། བདེ་མཆོག་ལྷ་ལྔའི་མཆོད་ཕྲེང་ཁྱུང་པོ་ལུགས། བར་ཆད་བསྲུང་བ་དང་རྣལ་འབྱོར་ཡི་དམ་གྱི་འཕྲིན་ལ་འཕོ་བ། བླ་མ་ཤངས་པའི་རླུང་གི་སྐོར་རྣམས་བཞུགས་པ་ལགས་སོ། །འཆུག་མེད་བར་དོ་གསུམ་གྱི་གདམས་པ། ཡེ་ཤེས་མགོན་པོའི་ཚེ་སྒྲུབ་ཀྱི་རྗེས་གནང་བཞུགས་སོ། །གཙོ་འཁོར་རྣམས་ཀྱི་དབང་བསྐུར་སྐབས་དང་སྐང་བཤགས་ལགས་སུ་འཁོར་བ་རྒྱན་གྱི་མངའ་དབུལ་བཞུགས་སོ། །མགོན་པོའི་གནད་འབེབས་དངོས་གྲུབ་ཀུན་འབྱུང་། ཡེ་ཤེས་མགོན་པོའི་ཆོས་སྐོར་མོས་བསྒྲུབ་ཁྲིད་ཡིག་ཡིད་བཞིན་ནོར་བུ་བཞུགས་སོ། ནག་པོ་ཆེན་པོའི་ཆིག་བརྒྱུད་བཀའ་རྒྱ་མ་དབང་ཆོག་དང་བཅས་སོ། །རྡོ་ནག་པོ་ཆེན་པོའི་དབང་གི་ཆ་བཞུགས་སོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལས་ཚོགས་རྣམས་ཀྱི་ཟུར་འདེབས་ཀྱི་ཞལ་ཤེས་ཤིན་ཏུ་གསང་བའི་ཡིག་ཆུང་རྣམས་བཞུགས་སོ། །མགོན་པོ་རྙིང་ལུགས་ཀྱི་གདམས་པ་འཕོ་བ་དང་བཅས་པ་བཞུགས་སོ། །བྱིན་གྱིས་བརླབས་པ་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཁྲག་འཐུང་གི་བསྒྲུབ་པ་དཔལ་ལྡན་ས་ར་ཧས་མཛད་པ་བཞུགས་སོ། །བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་རྒྱན་ཆུང་བར་གྲགས་པའི་སྒྲུབ་ཐབས། མྱུར་མཛད་ཡེ་ཤེས་མགོན་པོའི་དབང་བསྐུར་བའི་ཆོ་ག །ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས། ཡེ་ཤེས་ཀྱི་མགོན་པོའི་བསྲུང་བ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གསང་སྒྲུབ་ཀྱི་དབང་བསྐུར། ཡེ་ཤེས་ཀྱི་མགོན་པོའི་རྒྱུད་དང་གདམས་ངག་གི་ཐོ། མགོན་པོ་གསང་སྒྲུབ་རྒྱན་ཅན་གྱི་དབང་ཆོག་བཞུགས། མགོན་པོ་ལྗང་གུའི་སྒྲུབ་ཐབས་དང་རྗེས་གནང་། ༼མགོན་དཀར་༽སྒྲུབ་ཐབས་གདམས་ངག་གི་རྒྱལ་པོ། བསྟོད་པ་དགོས་འདོད་ཀུན་འབྱུང་། ༼མཆན་ཅན༽སྒྲུབ་ཐབས་དགོས་པ་ཀུན་འབྱུང་གདམས་ངག་གི་རྒྱལ་པོ། དཔལ་རྒྱུད་སྡེ་ལྔའི་རྒྱ་གཞུང་། སྒྱུ་ལུས་ཀྱི་སྦྱང་བ་རྣམ་གཉིས་དྲིན་ཅན་ཤཱཀྱའི་མཚན་ཅན་ལ་ཞུས་པ་བཞུགས་སོ། །སྒྱུ་ལུས་དབང་མོ་ཆེ། རྒྱུད་སྡེ་ལྔའི་མངོན་རྟོགས་གཏོར་མ་དང་བཅས་པ་བཞུགས་སོ། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཚིག་གསལ་ཐེམ་ཡིགརྨི་ལམ་འཇམ་བཅོད་གསུམ་གྱི་གདམས་ངགའོད་གསལ་འཆར་སྒོ་ངོས་ཟིན། གཏུམ་མོའི་ལྷན་ཐབས། ནི་གུ་མའི་ཁྱད་འཕགས་ཀྱི་འཕོ་བ་རིགས་ལྔ། སྒྱུ་ལུས་དྲུག་ལྡན། སྒྱུ་ལུས་ཀྱི་སྦྱང་བ་རྣམ་གཉིས། སྒྱུ་མ་ལམ་རིམ་གྱི་ས་བཅད། དུག་གསུམ་དག་བྱེད་ཞལ་གྱི་བདུད་རྩིའི་ཞལ་ཤེས་སོ། །མཁས་གྲུབ་ཁྱུང་པོའི་ཞལ་གདམས་བྱིན་རླབས་སོགས་བཞུགས་སོ། །རིག་འཛིན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་རབ་གནས་བཀའ་རྒྱ་མ། རྣལ་འབྱོར་བར་ཆད་སྲུང་པ་བཞུགས་སོ། །ཁྱུང་པོས་མཛད་པའི་བཀྲ་ཤིས་བཀའ་རྒྱ་མ། ངན་སྔགས་སྲིན་མོ་ཆེ་ཁྱེར། མཁས་གྲུབ་ཁྱུང་པོའི་མགུར་ཆེན་བརྒྱད་ཀྱི་ཞལ་གདམས། བླ་མ་ཤངས་པའི་འཛག་བཟུང་བཀའ་རྒྱ་མ། གེགས་སེལ་གྱི་མན་ངགཇོ་བོ་གཟིག་ལྡན་གྱི་སྒྲུབ་ཐབས། གཏོར་དབང་བར་ཆད་ཀུན་སེལ་གྱི་ཕྱག་ལེན། ཡེ་ཤེས་མཁའ་འགྲོ་ནི་གུ་མའི་རྣམ་ཐར།
དེ་ལྟར་གོང་དུ་བཀོད་པ་བཞིན་ད་ཕན་ཁོ་བོར་མཁས་གྲུབ་ཁྱུང་པོའི་བརྩམས་ཆོས་ཁག་དྲུག་ཅུ་རེ་བདུན་རྙེད་སོན་བྱུང་བ་དེ་དག་གི་ནང་ནས། མགོན་པོའི་ཆོས་སྐོར་ཆོས་ཚན་ཉི་ཤུ། ནི་གུ་ཆོས་དྲུག་གི་སྐོར་ཆོས་ཚན་བརྒྱད་དང་། སྒྱུ་ལུས་སྐོར་གྱི་ཆོས་ཚན་གསུམ། བདེ་མཆོག་སྐོར་གྱི་ཆོས་ཚན་བཞི། རྩ་རླུང་གི་གདམས་པའི་སྐོར་གྱི་ཆོས་ཚན་གཉིས། ཕྱག་ཆེན་སྐོར་གྱི་ཆོས་ཚན་གཉིས། ངན་སྔགས་ཆོས་ཚན་གཅིག །ཆོས་ཚན་གཞན་ཉེར་བདུན་བཅས་བཞུགས་སོ། །གོང་གསལ་རེའུ་མིག་ལས་གསལ་བར་བརྩམས་ཆོས་དེ་དག་མང་ཆེ་བར་ལྡེབ་གྲངས་ཉུང་ཤས་ལས་མེད་ཀྱང༌། ཆོས་རྗེ་ས་པཎ་གྱིས་དོན་འདུས་ཚིག་གསལ་བརྗོད་པ་བདེ། །ངག་ཉུང་ཚིག་སྙོམས་གཟུང་བ་སླ། །བསྡུས་དོན་ཉིད་ཀྱི་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས་ཞེས་གསུངས་པ་ལྟར། ཚིག་གི་ལོ་མས་མ་སྒྲིབ་པའི་བརྩམས་ཆོས་དེ་དག་ནི་དོན་གྱི་སྙིང་པོའི་སྲོག་དང་ལྡན་པ་ཉག་གཅིག་ཡིན།
I.5.1.2 Chants
གཉིས། ཁྱུང་པོའི་མགུར་ཆེན་བརྒྱད་དང་ཤངས་པའི་མགུར་གྱི་སྐོར།
དེ་ཡང་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་གིས་མི་བཤིག་ནཱ་དའི་རང་སྒྲས་རྡོ་རྗེ་གསང་བའི་རྒྱུད་ཟབ་མོ་གདམས་ངག་དམར་ཁྲིད་ཀྱི་ཚིག་རྐང་བསྩལ་བ་ནས་བཟུང་། སྒྲུབ་བརྒྱུད་བཀའ་བབས་ཀྱི་ཤིང་རྟ་འཛིན་པ་རྣམས་ཀྱིས་གནས་ལུགས་རྟོགས་པའི་ཉམས་སྣང་དང་ཟབ་མོའི་དགོངས་པ་དོ་ཧ་རྡོ་རྗེའི་དབྱངས་ཀྱིས་སྟོང་གསུམ་སྲིད་པའི་ཁམས་ལ་སྒྲོག་པར་བྱས་ནས། བླ་མ་མཁའ་འགྲོ་ལ་དད་གུས་ཀྱི་གསོས་སྦྱིན་པ་དང་། རང་གཞན་ཉམས་རྟོགས་ཀྱི་མྱོང་བ་གོང་ནས་གོང་དུ་སྤེལ་བ། གེགས་བར་འཕྲང་རོང་སྒྲོལ་ནས་མངོན་འཚང་རྒྱ་བའི་ཐབས་ལམ་འདི་ཀོ་རྒྱལ་བའི་བསྟན་པ་སྤྱི་དང་ལྷག་དོན་སྒྲུབ་བརྒྱུད་བཀའ་བབས་འཛིན་པ་རྣམས་ལ་རྒྱ་ཁྱབ་ཏུ་དར་ནས་ཡོད། ང་ཚོས་ཤེས་གསལ་ལྟར་ལྷོ་བྲག་མར་པ་ལོ་ཙཱ་བ་དང་། མི་ལ་བཞད་པ་རྡོ་རྗེ་སོགས་དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་གོང་མ་ཚོས་མགུར་བཞེངས་པ་ཡང་མང་དུ་མཇལ་རྒྱུ་ཡོད།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་གསུང་མགུར་ཟུར་དུ་བཀོད་མེད་ཀྱང་། ཁོང་གི་མཛད་རྣམ་ཁུངས་མ་ཁག་ཏུ་མཁས་གྲུབ་ཁྱུང་པོས་སློབ་མ་རྣམས་ལ་རང་གི་རྣམ་ཐར་བརྗོད་པ་དང་། བླ་མ་རྡོ་རྗེ་གདན་པ་དང་ཐོག་མར་མཇལ་བའི་སྐབས། དགེ་བཤེས་རོང་པོ་དཀོན་རྒྱལ་དང་ཉེ་གནས་རིན་ཆེན་རྡོ་རྗེ་སོགས་ལ་བཞེངས་པའི་མགུར་ཐོར་བུ་འགའ་སོགས་ཐོན་ཡོད། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་སོགས་ཤངས་པའི་བརྒྱུད་འཛིན་པ་ཚོས་མགུར་དྲངས་པའི་ཐོག་ནས་སྐྱེས་ཆེན་དམ་པ་གཞན་དང་འདྲ་བར་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་ཉམས་རྟོགས་ཁྱད་པར་ཅན་མཚོན་པར་བྱེད་པ་དང་། འཁོར་བ་ལ་ཞེན་ལོག་ངེས་འབྱུང་གི་ལྕག་འདེབས་པ། རྟོགས་པའི་ཡེ་ཤེས་ལ་དཔའ་ཚན་སྐྱེད་པ། དཔའ་བོ་མཁའ་འགྲོ་རྣམས་དགྱེས་པར་བྱེད་པ། གཞན་ལ་ཟབ་ཆོས་ཀྱི་སྦྱིན་པ་བསྩལ་བ་སོགས་ཀྱི་ཕྱིར་དགོངས་པ་ཟབ་མོའི་ཉམས་སྐྱུག་དོ་ཧ་རྡོ་རྗེའི་དབྱངས་ཀྱི་གད་མོ་མཁའ་ཁྱབ་ཏུ་སྒྲོག་པའི་གསུང་མགུར་མང་དུ་བཞེངས་སྲོལ་ཡོད་པ་ལས། འདིར་མགུར་ཆེན་བརྒྱད་ཀྱི་སྐོར་ཅུང་ཙམ་ཞིག་བརྗོད་པ་ལ། མགུར་ཆེན་བརྒྱད་ནི་གྲུབ་ཆེན་སྒྲ་གཅན་འཛིན་སྦས་པའི་རྡོ་རྗེས་མཁས་གྲུབ་ཁྱུང་པོར་གནང་བའི་ཞལ་གདམས་ཤིག་ཡིན་ལ། ཁྱོན་གདམས་པ་སྣ་རེར་ཚིགས་བཅད་ཤོ་ལོ་ཀ་གཅིག་གིས་མཚོན་པར་བྱས་ཡོད་པས། དེ་དག་ལ་ཁྱོན་བསྡོམས་ཤོ་ལོ་ཀ་བརྒྱད་ལས་མེད་ཀྱང་། གདམས་པའི་གནད་ཟབ་ལ་འགངས་ཆེ་བས་མགུར་ཆེན་ཞེས་ཡོངས་སུ་གྲགས། འདིའི་སྐོར་གྱི་ཁུངས་བཙན་ཡིག་ཆ་ཅུང་དཀོན་པས། ཁྱུང་པོའི་མགུར་བརྒྱད་རྩ་འགྲེལ་ལས་དྲངས་ཏེ་རེ་རེ་བཞིན་དགོད་རྒྱུ་སྟེ།
༡ ཐིམ་པ་རྣམ་གསུམ་གྱི་གདམས་པ་ནི། གཟུང་འཛིན་རྣམ་རྟོག་ཐོ་ཅོ་ཆེ། །ཐིམ་པ་རྣམ་གསུམ་གདམས་ངག་བདོག །གཟུང་འཛིན་གཡུལ་ངོ་དེ་ནས་བཟློག །གཟུང་འཛིན་ཅི་ལྟར་དགྱེས་དགྱེས་མཛོད། །ཅེས་པས་བསྟན།
༢ ཐི་གུ་མཐོ་གསུམ་གྱི་གདམས་ངག་ནི། ལྷ་ཆེན་དཔེ་དཀར་ཐོ་ཅོ་ཆེ། །ཐི་གུ་མཐོ་གསུམ་གདམས་ངག་བདོག །ལྷ་ཆེན་གཡུལ་ངོ་དེ་ནས་བཟློག །ལྷ་ཆེན་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་པ་དེས་བསྟན།
༣ ཐོད་པ་ཁ་སྦྱོར་གྱི་གདམས་པ་ནི། ཀླུ་བདུད་ནག་པོ་ཐོ་ཅོ་ཆེ། །ཐོད་པ་ཁ་སྦྱོར་གདམས་པ་ཡོད། །ཀླུ་བདུད་གཡུལ་ངོ་དེ་ནས་བཟློག །ཀླུ་བདུད་ཅི་ལྟར་དགྱེས་དགྱེས་མཛོད། །ཅེས་པས་བསྟན།
༤ བདུད་རྩི་ཐིག་ལེའི་གདམས་པ་ནི། མཚན་མོའི་འབྱུང་པོ་ཐོ་ཅོ་ཆེ། །བདུད་རྩི་ཐིག་ལེའི་གདམས་ངག་བདོག །འབྱུང་པོའི་གཡུལ་ངོ་དེ་ནས་བཟློག །འབྱུང་པོ་ཅི་ལྟར་དགྱེས་དགྱེས་མཛོད། །ཅེས་པས་བསྟན།
༥ རྡོ་ལེབ་ནག་པོའི་གདམས་པ་ནི། བྱད་སྟེམས་ནག་པོ་ཐོ་ཅོ་ཆེ། །རྡོ་ལེབ་ནག་པོའི་གདམས་པ་ཡོད། བྱད་སྟེམས་ནག་པོའི་གཡུལ་ངོ་བཟློག །བྱད་སྟེམས་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་པས་བསྟན།
༦ ཀེང་རུས་ཏ་རའི་གདམས་པ་ནི། འཆི་བདག་ནག་པོ་ཐོ་ཅོ་ཆེ། །ཀེང་རུས་ཏ་རའི་གདམས་པ་བདོག །འཆི་བདག་གཡུལ་ངོ་དེ་ནས་བཟློག །འཆི་བདག་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་པས་བསྟན།
༧ རུས་སྦལ་ཙཀྲའི་གདམས་པ་ནི། གཟའ་བདུད་ནག་པོ་ཐོ་ཅོ་ཆེ། །རུས་སྦལ་ཙཀྲའི་གདམས་པ་བདོག །གཟའ་བདུད་གཡུལ་ངོ་དེ་ནས་བཟློག །ཁྱབ་འཇུག་ཅི་ལྟར་དགྱེས་དགྱེས་མཛོད། །ཅེས་པས་བསྟན།
༨ ཨ་ལི་ཀ་ལིའི་གདམས་པ་ནི། ངག་ལ་བྱིན་གྱིས་མ་བརླབས་པས། །བཟླས་པ་རྣམས་ལ་ནུས་མ་བྱུང༌། །ཨ་ལི་ཀ་ལིའི་གདམས་པ་བདོག །མི་འགྲུབ་སྙམ་པའི་དགོས་པ་མེད།
།ཅེས་པ་སོགས་ལས་གསལ་བར་མཁས་གྲུབ་ཁྱུང་པོས་བུ་ཆེན་གྲྭ་སློབ་ཀྱི་འཁོར་རྣམས་ཚོགས་པའི་གྲལ་དུ་གསུངས་པའི་མགུར་འདི་དག་ནི་གཟུང་འཛིན་དང་ལྷ་ཆེན། ཀླུ་བདུད། འབྱུང་པོ། བྱད་སྟེམས། འཆི་བདག །གཟའ་བདུད་ཀྱི་གནོད་པ་བཟློག་པ་དང༌། བཟླས་བརྗོད་ནུས་ལྡན་དུ་གཏོང་བ་སོགས་ལ་མཆོག་ཏུ་གྱུར་པའི་གདམས་པ་ཞིག་ཡིན་པས། ཞིབ་པ་གཞུང་གཞན་ལས་ཤེས་པར་བྱའོ། དེར་བརྟེན་མཁས་གྲུབ་ཁྱུང་པོས་སྣ་དྲངས་པའི་ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་རྣམས་ལ་དྭགས་པོ་བཀའ་བརྒྱུད་བཞིན་དུ་མགུར་བཞེངས་པའི་སྲོལ་རྒྱ་ཆེར་མེད་ཀྱང་། རྩ་བ་ནས་མེད་པ་མ་ཡིན་ཏེ། ཤངས་པའི་བླ་མ་གོང་མ་རྣམས་ཀྱི་མཛད་རྣམ་དང་། ཤངས་ཆོས་ཀྱི་དཔེ་རྒྱུན་ཁུངས་མ་སོགས་ལས་ཐོན་པ་དང་བརྒྱུད་པ་ཕྱི་མ་ཅི་རིགས་པའི་གསུང་གིས་བསྐོངས་ནས་མགུར་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་བསྒྲིགས་པའི་ཤངས་པ་བཀའ་བརྒྱུད་ཀྱི་མགུར་མཚོ་ཞེས་པ་དེ་གཞིར་བྱས་ནས་དྭགས་པོ་དང་འདྲ་བར་མགུར་བཞེངས་པའི་སྲོལ་དེང་སང་གི་ཤངས་ཆོས་འཛིན་པ་རྣམས་ལའང་ཡོད། དེ་དག་གི་བརྒྱུད་པ་ནི། གྲུབ་ཆེན་ར་ཧུ་ལ། མཁས་གྲུབ་ཁྱུང་པོ་ནས་ཆོས་རྗེ་སངས་རྒྱས་སྟོན་པ་ཡན་གྱི་རིན་ཆེན་བདུན་བརྒྱུད་སྔ་མ་རྣམས་དང་། མཁས་གྲུབ་ཤངས་སྟོན། འཇག་ཆེན་རྒྱལ་མཚན་འབུམ། ཆོས་རྗེ་བྱམས་པ་དཔལ་བ། གྲུབ་ཐོབ་ཆོས་འབྱུང་རིན་ཆེན་རྣམས་སོ།
།ཤངས་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་མགུར་བཞེངས་པའི་ཚེ་ཡང་། ཤངས་པའི་མགུར་མཚོ་ལས་དེའང་མོས་གུས་གསོལ་འདེབས་དང་བཅས་ཏེ་མགུར་གྱི་སྣ་འདྲེན། ཉམས་རྟོགས་དཔའ་ངར་དང་བཅས་ཏེ་མགུར་གྱི་གཞུང་བསྲང་། དགའ་སྤྲོའི་ཤིས་བརྗོད་དང་བཅས་ཏེ་མཇུག་སྡུད་པ་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་བཞེས་ལགས་པས་ཞེས་འཁོད་པ་བཞིན། ཐོག་མར་མོས་གུས་དང་གསོལ་འདེབས་དྲག་པོས་མགུར་གྱི་དབུ་འཛུགས། བར་དུ་ཉམས་གདངས་དང་དཔའ་ཤུགས་ཆེན་པོས་མགུར་གྱི་གཞུང་བསྲང་། མཐའ་མར་བཀྲ་ཤིས་དང་བསྔོ་སྨོན་བཟང་པོས་མགུར་གྱི་མཇུག་བསྡུ་བ་སོགས་ཉམས་བཞེས་གནང་གི་ཡོད་པ་འདི་ཙམ་གྱིས་མཚོན་པར་བྱས་སོ།།

I.5.2 -
གཉིས་པ། མཁས་གྲུབ་ཁྱུང་པོའི་སྐུའི་ཉེར་སྤྱད་སོགས་ཀྱི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཇིག་རྟེན་མི་ཡུལ་འདི་ལས་ཞལ་གྱེས་ནས་ད་བར་ལོ་ངོ་དགུ་བརྒྱ་ལ་ཉེ་བ་སོང་ཟིན་ཡང་། ཁོང་གིས་རང་ཉིད་ཀྱི་དཀའ་སྤྱད་འབད་ཐབས་ལ་བརྟེན་ནས་ངེད་ཕྱི་རབས་པ་ཚོའི་བསམ་བློའི་ཞིང་ཁམས་ལ་བྱི་དོར་ལེགས་པར་བྱ་ཕྱིར་བོད་ཀྱི་གསེར་སྲང་སྟོང་ཕྲག་འགའ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་བསྣམས་ཕེབས་ཏེ། བོད་དུ་ཕྱིར་ལོག་གནང་སྐབས་གསེར་སྲང་དེ་དག་ལས་ལྷག་པའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་དང་བླ་མ་གྲུབ་ཐོབ་དུ་མའི་སྐུ་རྟེན་བྱིན་ཅན་གྲངས་ལས་འདས་པ་ཁ་བའི་ལྗོངས་སུ་གདན་དྲངས་པ་ལས། འགའ་ཞིག་ཁོང་རང་ཉིད་ཀྱིས་ཞབས་ཀྱིས་བཅགས་པའི་གནས་གཞི་རྣམས་སུ་བཞག་གནང་མཛད། དེ་དག་རེ་རེ་བཞིན་བརྗོད་དཀའ་ཡང་དཔྱད་ཡིག་སྟེང་འཁོད་པ་དང་རང་ཉིད་ཀྱིས་མཐོང་ཐོས་བྱུང་བ་ཅི་རིགས་པའི་ཚབ་མཚོན་གྱི་སྐུའི་ཉེར་སྤྱད་འགའ་ཞིག་གི་སྐོར་ལྷིང་བར་བྱ་བ་ལ།
I.5.2.1
གཅིག །དབུ་ཐོད་གླིང་འཁུན་མ།
དེ་ཡང་བྷཻ་ར་ཆོས་འབྱུང་དུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཤངས་རི་བོ་དགེ་འཕེལ་དུ་ཕེབས། རྗེ་ཕྱོགས་ལས་པས། སྔོན་རྗེ་བཙུན་བྱམས་པ་བྲམ་ཟེར་སྐྱེ་བ་བཞེས་པའི་དུས་ཀྱི་དབུ་ཐོད་གླང་འཁུན་མར་གྲགས་པ་མཁས་གྲུབ་ཁྱུང་པོས་རྒྱ་གར་ནས་གདན་དྲངས་པའི་ངོ་མཚར་ཅན་དེ་ཕྱག་ཏུ་ཕུལ་ཞེས་འཁོད་པ་ལྟར་ན། དབུ་ཐོད་གླང་འཁུན་མར་གྲགས་པ་དེ་ཉིད་མཁས་གྲུབ་ཁྱུང་པོས་རྒྱ་གར་ནས་བསྣམས་ཕེབས་པ་དང་། ཕྱིས་ཤངས་ཀྱི་དགེ་འཕེལ་རི་ཁྲོད་དུ་བཞུགས་པ་རྗེ་ཕྱོགས་ལས་པས་རྒྱལ་དབང་སྐུ་ཕྲེང་གསུམ་པར་ཕུལ་གནང་མཛད་པ་གསལ་བར་འཁོད། གཞན་ཡང་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་དུ་བླ་མ་ཨ་ད་ཡ་བཛྲ་དེ་ཉིད་ཀྱི་བུམ་པ་དང་རྡོ་དྲིལ་ནམ་མཁའ་ལ་བཞག་པ་དང་། བྲམ་ཟེའི་ཐོད་པ་མཚན་ལྡན་རྣམས་གནང་བའི་བུམ་པ་རྡོར་དྲིལ་ད་ལྟ་བསམ་སྡིངས་ན་བཞུགས་ཞེས་གསལ་བའི་ནང་གི་བླ་མ་ཨ་ད་ཡ་བཛྲ་གྱིས་མཁས་གྲུབ་ཁྱུང་པོར་གནང་བའི་བྲམ་ཟེའི་ཐོད་པ་མཚན་ལྡན་ཟེར་བ་སྐབས་འདིའི་དབུ་ཐོད་གླང་འཁུན་མ་ཞེས་པ་དེ་ཡིན་པ་འདྲ། བྲམ་ཟེའི་ཐོད་པ་དེ་དང་མཉམ་དུ་གནང་བའི་བུམ་པ་དང་རྡོར་དྲིལ་ཇོ་ནང་ཏཱ་ར་ནཱ་ཐའི་སྐུ་དུས་སུ་མྱང་སྨད་བསམ་སྡིངས་དགོན་དུ་བཞུགས། སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་དབུས་སུ་བསྣམས་པ། དེང༌པོ་ཏ་ལའི་ཕོ་བྲང་དམར་པོའི་བྱམས་ཁང་གི་རྟེན་གཙོ་རྒྱལ་བ་བྱམས་པའི་དབུ་ཡི་གཟུངས་སུ་བཞུགས། སྤྱི་ལོ་1984ལོའི་ཟླ་བཙཔའི་ཚེས་19ཉིན་བྱམས་ཁང་ལ་མེ་སྐྱོན་ཤོར་སྐབས་གཟུངས་གཞུག་ཕུལ་བ་འགའ་ཞིག་ཕྱིར་ཐོན་པའི་གྲས་སུ་དབུ་ཐོད་གླང་འཁུན་མ་འདི་ཡང་ཡོད་ལ། དེའི་ཕྱི་ངོས་རས་སྟེང་དུ་ཡང་མཁས་གྲུབ་ཁྱུང་པོས་བསྣམས་ཕེབས་པ་སོགས་ཀྱི་དཀར་ཆག་ཀྱང་འཁོད་པ་དངོས་སུ་མཇལ་མྱོང་བ་འགའ་ཞིག་གི་ཞལ་ལས་ཐོས་སོ།
།དབུ་ཐོད་འདི་ཉིད་ཤངས་དགེ་འཕེལ་རི་ཁྲོད་ནས་རྒྱལ་དབང་སྐུ་ཕྲེང་གསུམ་པས་ཕོ་བྲང་པོ་ཏ་ལར་བསྣམས་ཕེབས་པ་དེས། བོད་ཡུལ་ས་ཡི་ལྟེ་བར་གནས་པའི་ཕོ་བྲང་གི་ཡང་རྩེ་དེར་ཡང་མཁས་གྲུབ་ཁྱུང་པོའི་ཁྲག་དང་རྔུལ་ཆུས་བསྣམས་ཕེབས་པའི་སྐུ་རྟེན་ཡོད་པ་མཚོན་ལ། ལྷག་དོན་རྒྱལ་དབང་སྐུ་ཕྲེང་གསུམ་པས་རྟེན་འདི་ཙམ་མ་ཟད་མཁས་གྲུབ་ཁྱུང་པོའི་ཆོས་སྐོར་འགར་ཡང་གསན་བསམ་མཛད་པ་ཡང་། རྗེ་ཕྱོགས་ལས་པ་ལས་ཤངས་པའི་རྒྱུད་སྡེ་ལྔའི་དབང་སོགས་ཤངས་ཆོས་སྐོར། བདེ་མཆོག་ནག་པོ་བའི་དབང་རྣམས་རྫོགས་པར་གསན་ཞེས་གསལ་བ་ལྟར། ཤངས་པའི་ཆོས་སྐོར་དེ་དག་ཀྱང་དབུ་ཐོད་གླང་འཁུན་མ་འདི་ཉིད་དང་འདྲ་བར་བོད་ཡུལ་དབུས་སུ་དར་འཕེལ་བྱུང་ཡོད་ལ། རྒྱལ་དབང་བསོད་ནམས་རྒྱ་མཚོས་མཚོན་པའི་རི་བོ་དགེ་ལྡན་པའི་བརྒྱུད་འཛིན་པ་གཙོ་བོ་རྣམས་ཀྱིས་ཀྱང་ཤངས་པའི་གདམས་པ་འགའ་ཞིག་གསན་མྱོང་བ་མཚོན། འོན་ཀྱང་སུམ་པའི་ཆོས་འབྱུང་དུ་དབུ་ཐོད་གླང་འཁུན་མ་འདི་ཤངས་སྤོར་ཐོག་དགོན་དུ་བཞུགས་པར་གསུངས་པ་དེ་བྷི་ར་ཆོས་འབྱུང་དང་མི་མཐུན་པས་དུས་སྔ་ཕྱིའི་ཁྱད་པར་ཙམ་ཡིན་མིན་སོགས་དཔྱད་པར་འཚལ།
I.5.2.2
གཉིས། ཞལ་དཀར་ཡུ་རིང་མ།
དེ་སྔོན་མཁས་གྲུབ་ཁྱུང་པོའི་འཁྲུངས་ཡུལ་སྙེ་མོ་འཁྲུངས་ཁང་གི་རྟེན་སྒམ་དུ་མཁས་གྲུབ་ཁྱུང་པོའི་གཤམ་ཐབས་དང་ཕྱག་འཁར། སྐུ་གཟན། སྟོད་འགགས། ཞལ་དཀར་ཡུ་རིང་མ་སོགས་ཉར་ཚགས་བྱས་ཡོད་ཀྱང་། སྤྱི་ལོ་1959ལོའི་དུས་འགྱུར་སྐབས་གཞུང་བཞེས་བཏང་བས་དེང་གར་སོང་ཆ་མེད་དུ་ཕྱིན་པའི་སྐོར་ཁུལ་དེའི་ལོ་རྒྱུས་ཀྱི་མྱོང་བ་ལྡན་པའི་བགྲེས་སོང་འགའ་ཞིག་དང་། ལྷག་པར་དུ་མཁས་གྲུབ་ཁྱུང་པོའི་ཁྱིམ་རྒྱུད་རང་དུ་གཏོགས་པའི་འཁྲུངས་ཁང་གི་ཕ་ཐུབ་བསྟན་ལགས་སོགས་ལ་གསལ་པོར་བརྗོད་རྒྱུ་འདུག །དཀར་ཡོལ་ཡུ་རིང་ནི་བོད་རྒྱ་ཚིག་མཛོད་ཆེན་མོར་སྔར་བོད་ཀྱི་བླ་དཔོན་སོགས་ལ་ཇ་སོགས་འདྲེན་སྣོད་ཀྱི་དཀར་ཡོལ་ཡུ་བ་རིང་པོ་ཞིག་ཅེས་འཁོད་པ་ལྟར། སྔར་བོད་ཀྱི་བླ་དཔོན་མི་དྲག་ཚོས་ཇ་སོགས་འཐུང་སྐབས་སུ་སྤྱོད་པ་ཞིག་ཡིན་ལ། རྣམ་ཀུན་བླ་མ་ཚོའི་བཞུགས་ཁྲིའི་མདུན་དུ་འཇོག་པའི་མདུན་སྒྲིག་སྟེ། ལས་བུམ་དང་རྣམ་བུམ། ནས་གཟེ། ཌ་མ་རུ དྲིལ་བུ། རྡོ་རྗེ། ཀ་པ་ལི། རི་བ་སྤྱི་བླུག །མཛེས་ཞལ། ཞལ་དཀར་ཡུ་རིང་སོགས་ཀྱི་གྲས་ཤིག་ཀྱང་ཡིན། སྔར་ཡར་འབྲོག་བསམ་སྡིངས་དགོན་དུ་ཆིང་གོང་མ་ཆན་ལུང་གིས་རྡོ་རྗེ་ཕག་མོ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་མཆོག་ལྡན་བདེ་ཆེན་དབང་མོ་མ་ཧཱ་ཙི་ནའི་ཡུལ་དུ་གདན་དྲངས་ནས་སྐྱེས་མང་པོ་ཕུལ་བའི་གྲས་སུ་ཡང་དཀར་ཡོལ་ཡུ་རིང་མ་ཞིག་ཡོད། དེས་ན་གོང་གི་ཞལ་དཀར་ཡུ་རིང་མ་དེས་མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་ཡང་བོད་ཀྱི་བླ་མ་དང་མི་དཔོན་རྣམས་ཀྱིས་དཀར་ཡོལ་ཡུ་རིང་དེ་རིགས་བེད་སྤྱོད་བྱ་སྲོལ་ཡོད་པ་མཚོན་ནུས། བློ་ཕངས་དགོས་པ་ཞིག་ལ་ཞལ་དཀར་ཡུ་རིང་མ་དེའི་ཡུ་བ་ཇི་ཙམ་གྱི་རིང་ཡང་དུས་འགྱུར་གྱི་འཇིགས་པ་ལས་གྲོལ་ཏེ་ངེད་ཕྱི་རབས་པ་ཚོར་བརྒྱུད་སྤྲོད་ཐུབ་པའི་སྐལ་པ་བྱུང་མེད་པ་ཡིན།
I.5.2.3
གསུམ། ཐང་སྐུ་ཤངས་ལོ་མ།
མཁས་གྲུབ་ཁྱུང་པོའི་བུ་ཆེན་ཀུན་གྱི་ཐོག་མ། སློབ་མ་སྔ་བུ་ལྔ་ལས་བདེ་མཆོག་དང་མགོན་པོར་མངའ་བརྙེས་པ་ལ་སྟོད་པ་དཀོན་མཆོག་མཁར་ཤངས་ཞོང་ཞོང་ནས་ཁ་བྲལ་ཏེ་གནས་རྙིང་དུ་བླ་མའི་བཀའ་བཞིན་གདན་ས་སྐྱོང་བར་ཕེབས་སྐབས། ཡེ་ཤེས་མགོན་པོའི་བཀའ་བབས་ནས་མཁས་གྲུབ་ཁྱུང་པོས་རང་ཉིད་ཀྱི་མི་བྲལ་བའི་རྟེན་མངའ་བདག་མི་དྲི་པས་རང་གི་ཤངས་མཚལ་གྱིས་བྲིས་གནང་བའི་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་འབུར་ཐང་རྒྱ་རིས་རྩོད་མེད་ཕྱག་དྲུག་ཡེ་ཤེས་མགོན་པོ་ཡུམ་འཁོར་བཞི་དང་བཅས་པ་དེ་ཁོང་ལ་བསྩལ་ཀྱང་། མི་འབྲལ་བའི་བླ་མའི་རྟེན་སློབ་མས་འཁྱེར་བ་མ་ཡོང་དགོངས་ནས་མ་བཞེས་པར། ཤངས་ཀྱི་བྱེ་མདར་གྲོ་གསོལ་གྱིན་བཞུགས་པའི་དུས་ཐང་སྐུ་དེ་ནམ་མཁར་འཕུར་ནས་བྱོན་ཞིང་ལ་སྟོད་པའི་ཐུ་བར་བབས། སླར་ཞོང་ཞོང་དུ་བླ་མའི་སྤྱན་སྔར་ཕེབས་ནས་གནས་ཚུལ་དེའི་སྐོར་ཞུས་པས་བླ་མས་ཀྱང་གནང་། དེ་རྗེས་ལ་སྟོད་པ་ཆེན་པོས་བྱེ་མདར་གཙུག་ལག་ཁང་གསར་པ་བཞེངས་པ་སོགས་བྱེ་མདའི་ས་དེར་དྲན་རྟེན་གྱི་ཚུལ་དུ་དགོན་གནས་ཀྱང་བཞེངས་གནང་མཛད། ཐང་སྐུ་ཤངས་ལོ་མའམ་འཕུར་ཐང་ཞེས་ཡོངས་སུ་གྲགས་པའི་ཞལ་ཐང་བྱིན་ཅན་འདི་ཉིད་ཇོ་ན་ཏཱ་ར་ནཱ་ཐའི་སྐུ་དུས་སུ་གནས་རྙིང་གི་ལི་མ་ལྷ་ཁང་དུ་བཞུགས་པ་དང་། གནས་རྙིང་གྱེན་ཐོར་གནས་རྙིང་དགོན་གྱི་གཟིམ་ཁང་ནང་བཞུགས་པར་གསུངས། དེང་མཚན་འགྱུར་ནས་དགོན་པའི་ཉེ་འཁོར་གྱི་གྲོང་ཁྱིམ་ཞིག་ཏུ་ཉར་ཚགས་བྱས་ཡོད་པ་ཐོས་པ་ཙམ་ལས་དངོས་སུ་མ་མཇལ།
ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ལ་སྟོད་པ་དཀོན་མཆོག་མཁར་གྱིས་གནས་རྙིང་དུ་བཤད་པ་མཛད་པས་འདིའི་དབོན་བརྒྱུད་ཀྱིས་འཛིན་ཞིང་། ཁྱུང་པོའི་མགུར་ཐང་ཡང་དེ་ན་བཞུགས་སོ་ཞེས་འཁོད་པ་ལས། འདིའི་ནང་གི་ཁྱུང་པོའི་མགུར་ཐང་ཞེས་པ་དེ་ཡང་གོང་དུ་བརྗོད་ཟིན་པའི་ཆོས་སྐྱོང་གི་ཐང་སྐུ་འདི་རང་ལ་གོཐང་སྐུ་འདིའི་མཚན་ལ་མྱང་ཆོས་འབྱུང་དུ་ཤངས་ལོ་མ་ཞེས་དང་། གནས་རྙིང་གྱེན་ཐོར་ཤང་ལོ་མ་ཞེས་འཁོད་པ་སྟེ་ཤང་ལ་རྗེས་འཇུག་ས་ཡིག་ཡོད་མེད་ཀྱི་ཁྱད་པར་ཙམ་ཐོན་ཞིང༌། འདིར་ནི་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་བཞིན་ཤངས་ལོ་མ་ཞེས་བཀོད་པ་ཡིན།
I.5.2.4
བཞི། ཚོང་འདུས་གྲྭ་ཚང་དང་མཁས་གྲུབ་ཁྱུང་པོའི་ཐུགས་ཀའི་སྐོར།
བོད་ལྗོངས་ལྷོ་ཁ་གྲྭ་ནང་དུ་གནས་པའི་ཚོང་འདུས་དགོན་ནི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཕྱག་བཏབ་གནང་བའི་ཚོགས་པ་སྡེ་བཞི་སྟེ། སྣེ་གདོང་རྩེ་ཚོགས་པ་དང་གྲ་ནང་རྒྱལ་གླིང་ཚོགས་པ། གཙང་སྤོས་ཁང་ཚོགས་པ། ཚོང་འདུས་ཚོགས་པ་བཅས་སུ་ཕྱེ་བའི་ཡ་གྱལ་ཞིག་ཡིན་ཀྱང་། ཁ་ཆེ་པཎ་ཆེན་བོད་དུ་མ་ཕེབས་གོང་གི་སྤྱི་ལོའི་དུས་རབས་བཅུ་གཅིག་པར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་གྲྭ་ཕྱིའི་ཚོང་འདུས་ཀྱི་གནས་བཞེངས་པ་དཔྱད་ཡིག་འགར་འཁོད་པས་དེ་ལྟར་ཡིན་སྙམ། དུས་འགྱུར་གོང་ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོས་ཚོགས་པ་བཞི་པོ་དེ་དག་ལ་སྒྲོལ་མ་གསུང་བྱོན་རེ་དང་། རང་ཉིད་ཀྱི་འདྲ་བརྙན་རྫ་སྐུ་རེ་གནང་བ་ཚོང་འདུས་དགོན་འདིར་སྔར་འཇམ་མགོན་ཀོང་སྤྲུལ་ཕེབས་སྐབས་མཇལ་མྱོང་བ་དང་། དུས་འགྱུར་མ་བྱུང་གོང་བར་ཉམས་ཆག་མེད་པར་བཞུགས་ཡོད། དེང་དགེ་འདུན་ཞལ་གྲངས་གཅིག་གིས་ས་སྐྱ་ངོར་ལུགས་ཀྱི་ཆོས་བརྒྱུད་ཕྱག་བཞེས་གནང་མུས་ཡིན།
དེ་ཡང་ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག་ཏུ་ཚོང་འདུས་དགོན་གྱི་ནང་རྟེན་གསུངས་པའི་སྐབས་འབྲོང་རྩེ་ལྷ་བཙུན་གྱི་རྟན་རྟེན་ཁྱུང་པོ་རྣལ་འབྱོར་ཐུགས་ཞེས་འཁོད་པ་ལྟར། དགོན་འདིར་སྔར་འབྲོང་རྩེ་ལྷ་བཙུན་གྱི་འདྲ་སྐུའི་རྟེན་དུ་མཁས་གྲུབ་ཁྱུང་པོའི་ཐུགས་བཞུགས་ལ། དམངས་གཙོའི་བཅོས་བསྒྱུར་མ་བཏང་གོང་ཙམ་ལ་དགོན་པའི་གྲྭ་པ་ཚོར་བགོ་བཤའ་རྒྱབ་པའི་སྐོར་བགྲེས་སོང་ཞིག་ལ་གསུང་རྒྱུ་འདུག་ལ། དགོན་འདིའི་ལོགས་བྲིས་སུ་ཡང་མཁས་གྲུབ་ཁྱུང་པོའི་བྲིས་སྐུ་ཞིག་མཇལ་རྒྱུ་འདུག །ཚོགས་པ་སྡེ་བཞི་དེ་རྣམས་ཕྱག་བཏབ་པའི་དུས་ཚོད་ནི་དེབ་སྔོན་ལྟར་ཁ་ཆེ་པཎ་ཆེན་དགུང་གྲངས་དོན་བརྒྱད་ལ་ཕེབས་པ་སྤྱི་ལོ་1204ལོ་ནས་སྤྱི་ལོ་1213ལོའི་བར་ཏེ། ཁོང་བོད་དུ་བཞུགས་རིང་གི་དུས་གང་རུང་ཞིག་ཏུ་ཡིན་པ་ལས། ལྷག་དོན་སྤྱི་ལོ་1204ལོ་ཙམ་དུ་ལྷོ་ཁ་རྒྱ་ཕྲུག་གླིང་གི་བདེ་མཆོག་སྲིན་པོ་རིར་བྱམས་ཆོས་སོགས་གསུངས་པའི་གཡས་གཡོན་ཙམ་དུ་ཡིན། དེ་ལྟར་མཁས་གྲུབ་ཁྱུང་པོའི་འདས་ལོ་སྤྱི་ལོ་1128ལོར་བརྩིས་པ་ནས་དགོན་འདི་ཕྱག་བཏབ་དུས་ཧ་ལམ་ལོ་ངོ་བདུན་ཅུ་དོན་དྲུག་ཙམ་སོང་ཟིན་པས། མཁས་གྲུབ་ཁྱུང་པོ་སྐུ་གཤེགས་རྗེས་ཀྱི་ལོ་བདུན་ཅུ་ལྷག་གི་རྗེས་སུ་ཁོང་གི་ཐུགས་ཀ་དགོན་དེར་ཉར་ཚགས་གནང་བ་ཡང་ལོ་ཚིགས་ཐད་འགལ་བ་མེད།
འོན་ཀྱང་མཁས་གྲུབ་ཁྱུང་པོ་སྐུ་གཤེགས་རྗེས་སྐུ་དམར་གདུང་དུ་བཞུགས་རྒྱུའི་ཞལ་ཆེམས་ཡོད་ཀྱང་། སློབ་མ་རྣམས་ཁ་མི་འཆམ་པར་སྐུ་གདུང་ཞུགས་འབུལ་བྱས་པས་རིང་བསྲེལ་མང་དུ་བྱོན་པ་ཡང་། མཁས་གྲུབ་ཁྱུང་པོའི་མཛད་རྣམ་ལས་སྤུར་སྦྱངས་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་དང་། ལྷ་བཞི་ལ་སོགས་པའི་སྐུ་གཟུགས། རིང་བསྲེལ། དུང་གཡས་ཁྱིལ་ལ་སོགས་པའི་རྟེན་མང་པོ་བྱོན་ནོ་ཞེས་འཁོད་པ་ལས། སྐྱེས་ཆེན་དམ་པ་འགའ་ཞིག་དང་འདྲ་བར་ཐུགས་ལྗགས་སྤྱན་གསུམ་མ་ཚིག་པར་བྱོན་པའི་ལོ་རྒྱུས་མི་གསལ། ཡང་གལ་ཏེ་བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་ཆེན་རེ་ཟུང་དང་འདྲ་བར་སྐུ་གདུང་ཞུགས་འབུལ་བྱེད་སྐབས་ཐུགས་གཅིག་པུ་མ་ཚིག་པར་བྱོན་སྲོལ་ཡོད་ཀྱང་། མཛད་རྣམ་སོགས་ཀྱི་ཁུངས་བཙན་ཡིག་ཆ་རྣམས་ཀྱི་ཚིག་ཟིན་དུ་གསལ་བར་མ་འཁོད་པས། ཕལ་ཆེར་གོང་གི་ལུང་ཚིག་དེའི་མཇུག་གི་སོགས་སྒྲའི་ཁོངས་སུ་ཚུད་པ་མིན་ནམ་སྙམ། དེ་ལྟར་གྱི་དབང་དུ་བཏང་ན་ཚོང་འདུས་ཚོགས་པ་དེ་སྔར་སྙེ་མོ་ནས་ད་ལྟའི་གནས་འདིར་སྤོས་པར་གྲགས་པས། ཧ་ལམ་མཁས་གྲུབ་ཁྱུང་པོའི་ཐུགས་ཀྱང་སློབ་མ་འགའ་ཞིག་གིས་ཞོང་ཞོང་ནས་ཁོང་གི་འཁྲུངས་ཡུལ་སྙེ་མོར་འཁྱེར་རྗེས། ཕྱིས་ཚོགས་པ་སྤོས་པ་དང་ལྷན་དུ་ཚོང་འདུས་དགོན་དུ་འཁྱེར་བ་འདྲ། འོན་ཏེ་མོ་གཤམ་བུ་མོའི་བཞིན་མེ་ལོང་ལ་གསལ་བ་ལྟར་མོ་གཤམ་ལ་བུ་མོ་མེད་པས་བཞིན་མེད་ལ་མེ་ལོང་དུ་གསལ་བ་ཡང་མི་སྲིད་པས། ཐོག་མར་ཐུགས་དེ་མཁས་གྲུབ་ཁྱུང་པོའི་ཐུགས་ཀ་དངོས་ཡིན་མིན་དང་། དེ་རྗེས་ཚོང་འདུས་དགོན་དུ་ཇི་ལྟར་སླེབས་པའི་སྐོར་སོགས་མུ་མཐུད་དཔྱད་དགོས་པར་སྣང་།
I.5.2.5
ལྔ། མཁས་གྲུབ་ཁྱུང་པོའི་དབུ་ཞྭའི་སྐོར།
འདིར་མཁས་གྲུབ་ཁྱུང་པོའི་དབུ་ཞྭའི་སྐོར་གསལ་བཤད་ཅུང་ཞིག་བྱ་བ་ལ། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་འགར་དབུ་ཞྭ་ནི་བརྒྱུད་པའི་ཚབ་མཚོན་རང་བཞིན་གྱི་རྟགས་སུ་གྱུར་པ་སྟེ། དཔེར་ན། རི་བོ་དགེ་ལྡན་པའི་ཞྭ་སེར་དང་། ཀརྨ་ཀམ་ཚང་པ་རྣམས་ཀྱི་ཞྭ་ནག་དང་ཞྭ་དམར་སོགས་དང་། དྭགས་པོ་བཀའ་བརྒྱུད་ཀྱི་དྭགས་ཞུ་དྲེལ་རྨིག་མ་དང་། ལོ་རྒྱུས་ཚད་མ་བཞི་དང་ལྡན་པའི་འབྲི་གུང་གི་སྒོམ་ཞྭ། སྟག་ལུང་བཀའ་བརྒྱུད་ཀྱི་སྒོམ་ཞྭ་རྟ་རྨིག་མ། འབྲུག་པའི་སྒོམ་ཞྭ། ཀརྨ་པའི་སྒར་ཞྭ། ས་སྐྱ་པའི་ས་ཞུ། རྙིང་མའི་གཏེར་སྟོན་མཁན་གྱིས་ནབ་པའི་གཏེར་ཞྭ། ཞི་བྱེད་པའི་གཅོད་ཞྭ་སོགས་མང་། དེ་དག་ལས་མང་ཆེ་བ་ནི་ཆོས་བརྒྱུད་གང་དེའི་སྲོལ་འབྱེད་པས་ཐོག་མར་གསར་བཟོ་མཛད་པ་ཡིན། འོན་ཀྱང་མཁས་གྲུབ་ཁྱུང་པོའི་བརྒྱུད་པ་རྣམས་ལ་རང་རང་གི་ཁྱད་ཆོས་ལྡན་པའི་དབུ་ཞྭ་ཞིག་ལོགས་སུ་མེད་ཀྱང་། ཕལ་ཆེར་ཇོ་བོ་རྗེའི་སྐུ་དུས་སུ་རྒྱ་གར་ཤར་ཕྱོགས་སུ་དར་ཁྱབ་ཆེ་བའི་པཎ་ཞྭ་དེའི་ཤུགས་རྐྱེན་གྱིས་ཇོ་བོ་རྗེ་སོགས་དང་མཐུན་པར། མཁས་གྲུབ་ཁྱུང་པོས་ཀྱང་པཎ་ཞྭ་དམར་པོ་མནབས་པ་ཡིན། པཎ་ཞྭ་ནི་པཎྜི་ཏའི་དབུ་ཞྭའི་བསྡུས་མིང་ཡིན་པ། འདི་ལ་གདབ་མ་རིང་ཐུང་གཉིས་ཡོད་པ་ལས་གདབ་མ་ཐུང་བས་པཎ་ཆུང་དང་། གདབ་མ་རིང་བས་པཎ་ཆེན་མཚོན། མཁས་གྲུབ་ཁྱུང་པོ་སོགས་ཀྱི་ཤངས་པའི་བརྒྱུད་འཛིན་པ་ཚོས་ནབ་པའི་པཎ་ཞྭ་ནི་གདབ་མ་རིང་བ་དེ་ཡིན། པཎ་ཞྭ་འདིའི་རྩེ་མོ་མཐོ་ལ་རྣོ་བ་ས་སྐྱའི་པཎ་ཞྭ་དང་ཡང་ཅུང་ཟད་འདྲ།
I.5.2.6
དྲུག །སྐུ་རྟེན་གཞན་འགའ་ཞིག་གི་སྐོར།
མཁས་གྲུབ་ཁྱུང་པོའི་མཛད་རྣམ་དུ་ཆོས་རྗེ་རྨོག་ལྕོག་པས་དེ་ནས་མེ་ཏོག་དམར་པོ་མང་པོ་བསྒྲུགས་ནས་བླ་མ་ལ་ཕུལ་བས། བླ་མའི་ཞལ་ནས་ཌཱ་ཀི་ནི་གུ་མའི་ཐུགས་དམ་རྗེ་བཙུན་མ་འདི་དང་། བླ་མ་རྡོ་རྗེ་གདན་པའི་རྟེན་བསྟན་གཙོ་འདི་དང་། གཤིན་རྗེ་གཤེད་དང་། དགེས་རྡོར་གྱི་རྡོ་སྐུ་འདི་དང་། བླ་མ་ཨ་ཏ་ཡ་ན་བཛྲའི་ཐུགས་དམ་རྡོ་རྗེ་དྲིལ་བུ་ལ་སོགས་པ་འདི་རྣམས་ལ་ཕུལ་ཅིག་ཅེས་དང༌། ཆོས་རྗེ་རྨོག་ལྕོག་པའི་རྣམ་ཐར་དུ་མཁས་གྲུབ་ཁྱུང་པོས་རྗེ་བཙུན་མའི་ཐང་སྐུ་འདི་དང༌། ཀ་པ་ལ་འདི་དང་། ཐོད་པ་འདི། དགྱེས་རྡོར་གྱི་རྡོ་སྐུ་འདི་དང་། བུམ་པ་འདི་ཁྱོད་ཁྱེར་ཅིག་ཅེས་གསལ་བ་ལྟར། མཁས་གྲུབ་ཁྱུང་པོ་སྐུ་གཤེགས་ཁར་ཆོས་རྗེ་རྨོག་ལྕོག་པ་མེ་ཏོག་ཐུ་རུ་བཅུག་སྟེ། གོང་གསལ་གྱི་རྟེན་བྱིན་ཅན་དེ་དག་ལ་མཆོད་པ་ཕུལ་བ་དང་། འགའ་ཤས་ཆོས་རྗེ་རྨོག་ལྕོག་པའི་ཕྱག་ཏུ་གཏད་པའི་ལོ་རྒྱུས་གསལ་བར་འཁོད་པས། སྐབས་དེར་ནང་རྟེན་བྱིན་ཅན་དེ་དག་གིས་གཙོས་པའི་སྐུ་རྟེན་དང་སྐུ་ཆས་མང་ཆེ་བ་ཤངས་ཞོང་ཞོང་དགོན་དང་ཆོས་རྗེ་རྨོག་ལྕོག་པའི་དགོན་གནས་གཉིས་སུ་བཞུགས་པར་ངེས་ཀྱང་། དྲག་ཏུ་འཚུབ་པའི་ལོ་རྒྱུས་རླུང་དམར་གྱིས་གར་སོང་མ་ངེས་པར་འཁྱེར་བས་དེ་དག་མང་ཆེ་བ་ང་ཚོའི་མིག་མདུན་དུ་མཇལ་བར་དཀའ། འོན་ཀྱང་དེང་ཤངས་ཞོང་ཞོང་དགོན་དུ་མཁས་གྲུབ་ཁྱུང་པོའི་ཕྱག་བཟོར་གྲགས་པའི་རྫ་དུང་ཞིག་དང་། ཞོང་ཞོང་སྐུ་འབུམ་དུ་མཁས་གྲུབ་ཁྱུང་པོའི་ཚེམས་བཞི། སྐུ་རུས་སྤྱད་ནས་སྒྲོན་པའི་ཚ་ཚ་བཅུ་གྲངས་ཤིག །འདུ་ཁང་ནང་གི་མཁས་གྲུབ་ཁྱུང་པོའི་འདྲ་སྐུའི་གཟུངས་སུ་ཁོང་གི་ཞབས་ལྷམ་ཡ་གཅིག །ཕོ་བྲང་པོ་ཏ་ལར་སྟོད་འགགས་ཀྱི་ཆ་ཤས་ཤིག་སོགས་དངོས་སུ་ཡོད་པ་དང༌། དེ་མིན་སྣར་ཐང་དགོན་དུ་ཡོད་པར་གྲགས་པའི་མཁས་གྲུབ་ཁྱུང་པོའི་སྐུ་གཟན་སོགས་དང་། ཐོབ་རྒྱལ་བདེ་ཆེན་རི་ཁྲོད་དུ་མ་ཎི་འཁོར་ལོའི་ཐུམས་སུ་ཡོད་པའི་སྐུ་གཟན་སྟོད་འགགས་སོགས་ཀྱི་ན་བཟའ་ཆ་ཚང་གཅིག །སྨན་སྒམ་རིང་མོ་གཅིག་སོགས་ཡོད་པ་དེ་རྣམས་ནི་ཕལ་ཆེ་བ་དུས་འགྱུར་སྐབས་བྱ་སྤུ་གནམ་གཏོར་བཏང་།
གཞན་ཡང་གྲོང་སྟོད་ཤར་པའི་ལྷ་སའི་གཟིམ་ཤག་བར་ཞི་ཆུ་འཁོར་(སྔར་གྱི་ཀུན་བདེ་གླིང་དགོན་པའི་ཤར་དུ་གནས་)དུ་མཁས་གྲུབ་ཁྱུང་པོའི་ཐུགས་དམ་གྱི་རྟེན་མགོན་པོ་ཕྱག་དྲུག་པའི་ཞལ་ཐང་གསུང་བྱོན་མ་ཞིག་ཉར་ཚགས་བྱས་ཡོད་པ་དེ་ཉིད། སྤྱི་ལོ་1959ལོའི་ཟླ་བ་8པའི་ཚེས་20ཉིན་མེར་བསྲེགས་བཏང་། ཡང་མཁས་གྲུབ་ཁྱུང་པོའི་ཐུགས་དམ་གྱི་རྟེན་རྡོ་ནག་གི་མགོན་པོ་ཕྱག་དྲུག་མཐོ་གང་བྱས་པ་ཞིག་དྭགས་པོ་ཆོས་འཁོར་རྒྱལ་གྱི་ཡེ་ཤེས་མགོན་པོའི་ཐུགས་ཀྱི་གཟུངས་སུ་བཞུགས་པ་དགོན་དེའི་དཀར་ཆག་ཏུ་གསལ་བར་འཁོད་ཀྱང་། རིག་གསར་སྐབས་རྩ་གཏོར་དུ་སོང་བ་དང༌། བཞད་མཐོང་སྨོན་རྫོང་གི་སྟེང་དགའ་དགོན་དུ་མཁས་གྲུབ་ཁྱུང་པོའི་ཕྱག་བཟོར་གྲགས་པའི་མགོན་པོ་ཕྱག་དྲུག་པ་ཞིག་ཀྱང་བཞུགས་པ་དུས་འགྱུར་སྐབས་གཏོར་སྐྱོན་ཕོག །དེ་མིན་མཁས་གྲུབ་ཁྱུང་པོའི་ཕྱག་བཟོའི་སྐོར་ཡང་། ཞོང་ཞོང་དགོན་དུ་བཞུགས་པའི་རྫ་དུང་དེ་ཕུད། འོལ་ཁ་ཆོས་ལུང་དུ་མཁས་གྲུབ་ཁྱུང་པོའི་ཕྱག་བཟོ་ཡིན་ཟེར་བའི་མགོན་པོ་ཕྱག་དྲུག་པ་ཞིག་ད་ལྟ་ཡང་མཇལ་རྒྱུ་ཡོད། ཕྱག་བཟོ་དེ་དག་ཚང་མ་བདེན་ཞེས་བརྗོད་དཀའ་ཡང་ཡོད་ཚད་མི་བདེན་པའང་མི་སྲིད། གང་ལྟར་ན་ཡང་དེ་དག་གིས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་ཆོས་སྐྱོང་ཡེ་ཤེས་མགོན་པོའི་ཆོས་སྐོར་ལ་མངའ་བརྙེས་པ་ཞིག་དང་། ནང་དོན་རིག་པ་ལ་ནང་བྱན་ཆུད་པའི་ཁར། ད་དུང་བཟོ་རིག་པ་སོགས་ཀྱང་གང་ཙམ་མཁྱེན་གྱི་ཡོད་པ་མཚོན། དེ་མིན་དཔལ་འཁོར་ཆོས་སྡེའི་རིན་ལྡིང་གྲྭ་ཚང་འདུ་ཁང་ནང་གི་གཙང་ཁང་ལྷོ་མའི་གྱང་ལྡེབས་ཤིག་ཏུ་སྔར་གྱི་ནང་རྟེན་དཀར་ཆག་ཅིག་མཇལ་རྒྱུ་འདུག་པ་དེའི་ནང་མཁས་གྲུབ་ཁྱུང་པོའི་རྟེན་དམ་ཞེས་གསལ་བར་འཁོད་འདུག་ཀྱང་། མཁས་གྲུབ་ཁྱུང་པོའི་རྟེན་དམ་མམ་དམ་ཕྲུག་གང་འདྲ་ཡོད་མེད་དང་། དགོན་དེར་དུས་ཇི་ཙམ་ལ་ཉར་ཚགས་གནང་བ། ད་ལྟ་བཞུགས་ཡོད་མེད། དགོན་དེ་ཤངས་པ་བཀའ་བརྒྱུད་དང་འབྲེལ་བ་བྱུང་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་དཔྱད་གཞི་གང་ཡང་མ་མཐོང་བས་བློ་ལྡན་ཚོས་དཔྱད་པར་འཚལ།
I.5.2.7
བདུན། མཁས་གྲུབ་ཁྱུང་པོའི་སྐུ་བརྙན་གྱི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཉིད་བོད་དར་ནང་བསྟན་གྱི་རིག་གནས་ལ་ལེགས་སྐྱེས་ཆེས་ཆེར་ཕུལ་མྱོང་བའི་སྐྱེས་ཆེན་གཞན་རྣམས་དང་འདྲ་བར། སྐུ་ལུས་སྔར་ནས་ཐལ་བའི་རྡུལ་དུ་སོང་ཟིན་ཡང་། ཁོང་གི་ལྡོག་མེད་ཀྱི་སྙིང་སྟོབས་དང་རླབས་ཆེན་གྱི་མཛད་རྗེས་རྣམས་ངེད་ཕྱི་རབས་པ་ཚོའི་སེམས་ནང་ཇི་སྲིད་ཕོ་རོག་དཀར་པོར་མ་འགྱུར་གྱི་བར་གནས་པའི་ཕྱིར། ཁོང་གི་བརྒྱུད་འཛིན་པ་རྣམས་དང༌། ཁོང་གི་ཕྱིས་སུ་བྱོན་པའི་མེས་པོ་ཚོས་འདྲ་སྐུ་སོགས་བཞེངས་ནས་བོད་ཀྱི་རིག་གནས་ཀྱི་བང་མཛོད་གལ་ཆེན་དུ་འགྱུར་བའི་དགོན་སྡེ་རྣམས་སུ་བཞུགས་པར་མཛད་ལ། སྐྱེས་ཆེན་གཞན་དང་འདྲ་བར་ངེད་ཚོའི་དད་སེམས་ཀྱི་བློ་ཁ་གཏད་ས་ཞིག་ཏུ་གྱུར་ཡོད།
མཁས་གྲུབ་ཁྱུང་པོའི་སྐུ་འདྲ་དེ་རྣམས་ཀྱང་གཙོ་ཆེར་རྣམ་པ་གསུམ་ཙམ་དུ་བཞུགས་པ་སྟེ། ཐང་ག་དང་ལྡེབས་རིས། འབུར་སྐུ་སོགས་ཡིན། ཐང་ག་ལ་ཆ་མཚོན་ན་ཤངས་ཞོང་ཞོང་དགོན་དུ་རིན་ཆེན་རྣམ་བདུན་གྱི་བྲིས་ཐང་བྱིན་ཅན་གཅིག་བཞུགས་པ་སོགས་དང་། འབུར་སྐུ་ཡང་དགོན་དེ་ཉིད་དུ་བཞུགས་པའི་ཁྱུང་པོ་ང་འདྲ་མ་སོགས། ལྡེབས་རིས་ནི་གྲ་ནང་ཚོང་འདུས་དགོན་པའི་འདུ་ཁང་གི་ལྡེབས་རིས་གྲས་སུ་ཡོད་པ་སོགས་མང་ངོ་། སྤྱིར་མཁས་གྲུབ་ཁྱུང་པོའི་སྐུ་འདྲ་མང་ཆེ་བའི་བཞུགས་སྟངས་ནི། བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་ལས་དེ་མདུན་སྒྲུབ་བརྒྱུད་མངའ་བདག་ཁྱུང་པོ་རྗེ། ཆོས་གོས་རྣམ་གསུམ་པཎ་ཞྭ་དམར་པོ་གསོལ། །ཕྱག་གཡས་ས་གནོན་གཡོན་པ་ངལ་གསོའི་སྟབས། །ཕྱེད་སྐྱིལ་རོལ་པའི་པད་ཟླའི་གདན་ལ་བཞུགས་ཞེས་གསུངས་པ་ལྟར་སྐུ་ལུས་ལ་ཆོས་གོས་རྣམ་གསུམ་དང་། དབུ་ལ་པཎ་ཞྭ་དམར་པོ། སྤྱིར་ཕྱག་གཡས་ས་གནོན་དང་གཡོན་ངལ་གསོའི་སྟབས་ཀྱིས་བཞུགས་པ་ཡིན། དེ་མིན་གྱི་སྐུ་འདྲ་འགའ་ཤས་ལ་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཡང་འདུག །སྐུའི་གཡས་གཡོན་གཉིས་སུ་བུ་སྟོན་ཐམས་ཅད་མཁྱེན་པ་དང་འཇམ་མགོན་བླ་མ་ཙོང་ཁ་པ། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་དང་འདྲ་བར་མེ་ཏོག་པདྨ་ཡང་ཡོད།
དེ་ལྟར་མཁས་གྲུབ་ཁྱུང་པོའི་ཚེམས་དང་། སྐུ་གཟན། སྟོད་འགགས། ཞབས་ལྷམ། ཕྱག་འཁར། སྨན་གཞོང་། སྨན་སྒམ། ད་དུང་སྔར་བཤད་ཟིན་པའི་སྐུའི་ཉེར་སྤྱད་དེ་དག་གིས། ང་ཚོའི་སྟོང་བསམ་གྱི་བར་སྣང་དུ་སྐུ་ལུས་ལ་ཆོས་གོས་རྣམ་གསུམ་དང་། སྐུ་སྟོད་ལ་གའུ། ཞབས་ལ་ཀོ་ལྷམ། ཕྱག་ཏུ་འཁར་བ་ཐོགས་པའི་རྣལ་འབྱོར་པ་འདིའི་གཟུགས་བརྙན་རབ་རིབ་ཙམ་འཆར་ཐུབ་ལ། བདག་སོགས་མ་རིག་པའི་གཅོང་ནད་ཀྱིས་མནར་བའི་སྐྱེ་འགྲོའི་སེམས་ཀྱི་ཞིང་སར་དཀར་པོའི་ཆོས་བཞིའི་མྱུ་གུ་ངང་གིས་སྐྱེ་བ་དང་། གྲང་རེག་གིས་གཙེས་པའི་དུས་མཐའི་ནམ་ཟླ་ལ་གཏུམ་མོའི་བདེ་དྲོད་ཀྱི་མེ་ཆེན་རབ་ཏུ་འབར་བའི་སྣང་བ་ཞིག་ཀྱང་ངང་ངམ་རང་ཤུགས་སུ་འཆར་གྱིན་འདུག

I.5.3 -
།གསུམ་པ། ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་སྐུ་ཕྲེང་སྐོར་གྱི་དོགས་དཔྱོད།
སྤྱིར་བོད་དུ་ཡང་སྲིད་ངོས་འཛིན་ཞུ་བའི་སྲོལ་ནི། རབ་བྱུང་ལྔ་པའི་ཤིང་སྤྲེལ་སྤྱི་ལོ་1284ལོར་ཀརྨ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ནས་དགུང་ལོ་ལྔར་ཕེབས་སྐབས་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པཀྵིའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་པ་ལས་ཐོག་མར་དར། འོན་ཀྱང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་གཤེགས་པའི་དུས་ཚོད་ནི་སྤྱི་ལོ་1128ལོ་ཡིན་པས། སྐབས་དེའི་རྗེས་ཙམ་དུ་མཁས་གྲུབ་ཁྱུང་པོར་ཡང་སྲིད་ངོས་འཛིན་ཞུས་པའང་ཡོང་མི་སྲིད། འོ་ན་ཕྱིས་ཀྱི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་ཕྲེང་བཅུ་གཉིས་པར་གྲགས་པའི་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་འདི་ཉིད་ཇི་ལྟར་བྱས་ནས་བྱུང་བ་ཡིན་མིན་སོགས་ཀྱི་གནད་དོན་དེ་དག་ད་ལྟའི་ཆར་གཅིག་ཤེས་ཀུན་གྲོལ་ཡིན་པས་རྟོགས་སླ་ཡང་། ཕྱིས་འབྱུང་ཀུན་ཤེས་ཀྱང་གཅིག་མ་གྲོལ་བའི་ཐེ་ཚོམ་གྱི་མདུད་པ་དམ་པོ་ཞིག་ཏུ་མ་འགྱུར་བའི་ཆེད་མཁས་གྲུབ་ཁྱུང་པོའི་རྗེས་སུ་བྱོན་ཞིང་། ཁོང་དང་མཚན་འདྲ་བའི་ཤངས་པའི་བླ་རབས་གཉིས་ཀྱི་སྐོར་ཅུང་ཟད་དགོད་རྒྱུ་སྟེ།
I.5.3.1 Khyungpo Tsültrim Gönpo
གཅིག །ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ།
རིན་ཆེན་བདུན་བརྒྱུད་ཕྱི་མའི་དང་པོ་མཁས་གྲུབ་ཤངས་སྟོན་གྱི་སློབ་མ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ནི། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་ཙམ་དུ། ཤངས་ཀྱི་སྐྱ་རར་ཁྱུང་པོའི་རིགས་སུ་ཡབ་དཔོན་པོ་མགོན་ནེ་དང་ཡུམ་གྱིར་གྱི་ཕྱུག་མོ་ཀུན་ལྡན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གྲུབ་ཆེན་ཨོ་རྒྱན་པ་སྐྱ་རར་བྱོན་པའི་དུས་ཤིག་ཁྱིམ་ལས་བྲོས་ཏེ་འཇག་ཆུང་དུ་ཕེབས། སྐབས་དེར་བླ་མ་ཤངས་སྟོན་ལ་མཁས་གྲུབ་ཁྱུང་པོ་མཇལ་བ་རྨིས་པས། ཁོང་གིས་ཁྱོད་རང་གི་ཆོས་ཚོ་ཚང་བར་གཏད་ཀྱི་གསུངས་ནས་དགེ་བསྙེན་བྱས། མིང་ཚུལ་ཁྲིམས་མགོན་པོར་བཏགས། ཁྱོད་བཙུན་པ་བྱེད་པའི་མཁན་པོ་ངས་བསྟན་གྱི་མིང་འདི་ལས་མ་སྤོ། མཁས་གྲུབ་ཁྱུང་པོའི་མཚན་ཡིན་ནོ་གསུངས་ཞེས་འཁོད་པ་ལྟར། བླ་མ་ཤངས་སྟོན་གྱིས་ཁྱུང་པོ་ཚུལ་ཁྲིམས་མགོན་པོར་མཁས་གྲུབ་ཁྱུང་པོ་དང་འདྲ་བའི་ཡོན་ཏན་མངའ་བ་གཟིགས་ནས་མཚན་ཡང་མཐུན་པར་གསོལ། ཡང་ཤངས་དཀར་བ་རིན་ཆེན་རྒྱལ་མཚན་གྱི་རྣམ་ཐར་དུ་ཡང་ཁུ་བོས་གསུངས་ནས་མ་ཚོར་ན་མཁས་གྲུབ་ཁྱུང་པོ་བཞུགས་པ་ལ་ཁྲིད་གཅིག་གསན་ཞེས་འཁོད་པ་སོགས་ལྟར་ན། ཤངས་དཀར་བ་རིན་ཆེན་རྒྱལ་མཚན་གྱི་སྐུ་དུས་ཏེ། སྤྱི་ལོའི་དུས་རབས་བཅུ་བཞི་པའི་སྨད་དང་བཅོ་ལྔ་པའི་སྟོད་དུ་མཁས་གྲུབ་ཁྱུང་པོ་དངོས་བཞུགས་པ་མི་སྲིད་ཀྱང་། ཁྱུང་པོ་གཉིས་པར་མཚན་དེ་རང་བེད་སྤྱད་གནང་ཡོད། འོན་ཀྱང་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་འདི་ཉིད་གཅིག་ནས་ཁྱུང་པོའི་རིགས་སུ་འཁྲུངས་པས་རིགས་རུས་མཐུན་པ་དང་། གཉིས་ནས་མཁས་གྲུབ་ཁྱུང་པོ་དང་ཆ་འདྲ་བའི་ཡོན་ཏན་འགའ་ཞིག་ལྡན་པས་མཁས་གྲུབ་ཁྱུང་པོའི་རྣམ་སྤྲུལ་ཡིན་པ་དགག་བྱ་མིན་ཡང་། བླ་མ་ཤངས་སྟོན་གྱིས་སྐུ་གཤེགས་ནས་ལོ་ངོ་བརྒྱ་ལྷག་སོང་བའི་མཁས་གྲུབ་ཁྱུང་པོའི་ཡང་སྲིད་བསྐྱར་དུ་ངོས་འཛིན་གནང་བ་ནི་ག་ལ་ཡིན། དེ་ནི་བླ་མ་རྡོ་རྗེ་གདན་པར་སངས་རྒྱས་གཉིས་པ་དང་། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོར་ཀླུ་སྒྲུབ་གཉིས་པ་ཞེས་འབོད་པ་སོགས་དང་འདྲ་བར། ཁོ་བོས་ཀྱང་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ་ཞེས་བཀོད་པ་ཡིན།
I.5.3.2 Trinlé Künkhyab Pelsang
གཉིས། ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ།
ཁྱུང་པོ་ཚུལ་ཁྲིམས་མགོན་པོ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ནི། སྤྱི་ལོ་1936ལོར་རྒྱལ་རྩེ་རྫོང་འབྲོང་རྩེ་ཡུལ་ཤོག་གྲམ་བུ་གྲོང་ཚོའི་ཤིང་སྤེར་ཡབ་སྟག་འཚེར་གྱི་ཕྱག་མཛོད་སྤེལ་རྒྱལ་དང་། ཡུམ་བསྟན་འཛིན་པདྨོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་ནས་བཅུ་གཉིས་བར་སློབ་གྲྭར་ཕེབས། དགུང་ལོ་དགུར་སོན་སྐབས་ཀརྨ་རང་བྱུང་ཀུན་ཁྱབ་འབྲོང་རྩེ་བརྒྱུད་ནས་དབུས་གཙང་དུ་གནས་གཟིགས་ལ་ཕེབས་པའི་དུས་ཤིག་རྨི་ལམ་གྱི་ལུང་བསྟན་འཁྲུལ་མེད་གཞིར་བཟུང་མཁས་གྲུབ་ཁྱུང་པོའི་རྣམ་སྤྲུལ་དུ་ངོས་འཛིན་མཛད། དགུང་ལོ་བཅུ་གཉིས་ལ་ཕེབས་པ་སྤྱི་ལོ་1948ལོར་ཞོང་ཞོང་དུ་ཐོག་མར་ཕེབས། དེ་ནས་གནས་གསར་དགོན་གྱི་བླ་མ་དཔལ་ལྡན་ཆོས་འཕེལ་ལས་ཨོ་རྒྱན་དུང་ཚོ་རས་པའི་གཏེར་མ་ཡང་ཐིག་མཐུ་ཏིག་སྐུ་བཞིའི་རྩ་རླུང་རླུང་འཇོམས་རས་རྐྱང་དང་། སྐུ་གསུམ་བཅུད་ལེན། ཐུར་མ་རྒྱབ་ཐུར་མདུན་ཐུར། མཁའ་འགྲོའི་སྙིང་ཁྲག་གི་སྐོར་སོགས་དང་། ཤངས་ཟབ་བུ་ལུང་གི་བླ་མ་ངག་དབང་རིན་པོ་ཆེ་ལས་ཁྲེགས་ཆོད་ཐོད་རྒལ་གྱི་དབང་ལུང་ཡོངས་རྫོགས། བྱ་ཁྱུང་ཐུབ་བསྟན་རིན་པོ་ཆེ་ལས་སྨིན་གླིང་རྡོར་སེམས་ཀྱི་དབང་ལུང་མཐའ་དག་གསན་བཞེས་གནང་བ་སོགས་བོད་བརྒྱུད་ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཇི་སྙེད་བསྟེན་ནས་མདོ་སྔགས་ཆོས་གཞུང་ཀུན་ལ་སྦྱངས་པ་རྒྱ་ཆེར་མཛད། ལྷག་དོན་གྲུབ་མཆོག་ཀརྨ་རང་བྱུང་ཀུན་ཁྱབ་ཉིད་ལས་དཔལ་ལྡན་ཤངས་པའི་གསེར་ཆོས་ལྔ་ལ་སོགས་པའི་ཟབ་གསང་གི་གདམས་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་། གདམས་པ་རྣམས་ཐོས་པའི་གོ་ཡུལ་ཙམ་ལ་མ་བཞག་པར་བསེ་བྲག་སྒྲུབ་སྡེ་དང་། བྲག་དམར་དགོན། མཛོ་རུ་ཕུག་སོགས་སུ་སྒོམ་པ་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་ཏེ་ཉམས་ལེན་གནད་སྨིན་མཛད། སྤྱི་ལོ་1959ལོའི་དུས་འགྱུར་སྐབས་སྲིད་དོན་ལ་ལོ་གསུམ་ཞུགས། སྲིད་ཇུས་གུ་ཡངས་བྱུང་རྗེས་གོང་རིམ་གྱིས་ཞོང་ཞོང་དགོན་ལ་ཁང་པ་དང་། ས་ཞིང་མུའུ་གསུམ་ཙམ་གྱི་མཐུན་རྐྱེན་གནང་བས། མི་ལོ་བཞི་ཙམ་རིང་གཅིག་པུར་ཁང་ཞིང་གི་གཡོག་ལེགས་པར་མཛད། དེ་ནས་མི་རུ་ཡུལ་ཤོག་གི་སྐལ་བཟང་ཧྲུའུ་ཅི་ཞེས་པས་ཁྱེད་གཅིག་པུར་བསྡོད་པ་དམིགས་ཡུལ་གཞན་ཡོད་པ་རེད་ཅེས་དང་། གཉེན་སྒྲིག་མ་བྱས་ན་གྲལ་རིམ་གྱི་དགོས་མཁོ་དང་འགལ་ཞེས་དཔོན་ངན་གྱི་བཙན་པོ་གནམ་ལྕགས་ལྟ་བུའི་བཀས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ། རྣམ་ཞོལ་ཅོག་ཤར་གྱི་བུ་མོ་ཡེ་ཤེས་དང་མཉམ་དུ་འཚོལ་བ་སྐྱེལ་དགོས་བྱུང་། སྲས་ལྔ་ཙམ་ཡོད་པ་དང་། གྲལ་རིམ་འཐབ་རྩོད། འཚོ་བའི་དཀལ་ངལ་སོགས་ཀྱིས་རྐྱེན་པས་དཀའ་སྤྱད་ཚད་མེད་མྱང་། དེ་རྗེས་ཀྲུང་དབྱང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཏེ་བདེ་སྐྱིད་རྫོགས་ལྡན་གྱི་ཉི་མ་ཤར་བས། སྤྱི་ལོ་1985ལོར་གཞིས་རྩེ་ནང་བསྟན་མཐུན་ཚོགས་དབུ་བརྙེས་སྐབས་རྒྱུན་ལས་དང་། སྤྱི་ལོ་1989ལོར་རྒྱུན་ལས་ལས་འཛིན་དུ་བསྐོ་བཞག་གནང་། སྤྱི་ལོ་1985ལོའི་ཟླ་བ་8པར་གོང་རིམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་ལྟར་ཞོང་ཞོང་གི་དགོན་གནས་བསྐྱར་བཞེངས་མཛད་དེ། དགེ་འདུན་གྱི་སྡེ་ཅུང་ཟད་དང་། ཁྲིམས་དང་མཐུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ། གཞན་ཡང་ལྷག་བསམ་མཐུ་ཡིས་ཀུན་ནས་བསྐུལ་ཏེ་དགོན་པའི་ཉེ་འཁོར་གྱི་འཚོ་བའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འབྲུ་ཇ་གྱོན་གོས་སོགས་ཆོས་དང་ཟང་ཟིང་གི་མཐུན་རྐྱེན་ཅི་རིགས་བསྐྲུན། སྤྱི་ལོ་1996ལོར་ཞོང་ཞོང་གི་སྐུ་འབུམ་ཞིག་གསོ་གནང་། སྤྱི་ལོ་2006ལོར་གདན་ས་ཞོང་ཞོང་དེ་ཉིད་དུ་དགོངས་པ་གཞན་དོན་དུ་གཤེགས།
ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཁོང་ཉིད་མཁས་གྲུབ་ཁྱུང་པོའི་རྣམ་སྤྲུལ་དུ་ངོས་འཛིན་མཛད་པ་དེའི་རྒྱུ་མཚན་ནི་སྐབས་འདིར་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་ཅུང་ཉག་ཕྲ་ལ། ལྷག་པར་མ་དགོན་ཞོང་ཞོང་འདི་ཉིད་ཡུན་རིང་ཐོར་ཞིག་ཏུ་སོང་བ་ལ་ཞིག་གསོ་མཛད་པ་སོགས་ཀྱི་ཕྱིར་ཡིན། དེར་བརྟེན་ཤངས་ཆོས་བརྒྱུད་འཛིན་པ་ཚོས་དུས་རབས་བཅུ་གསུམ་པའི་སྨད་དང་བཅུ་བཞི་པའི་སྟོད་དུ་བྱོན་པའི་སྐྱ་མིང་པདྨ་མགོན་ཞེས་སུ་འབོད་པར། མཁས་གྲུབ་ཤངས་སྟོན་གྱིས་ལུང་བསྟན་དང་མངོན་མཁྱེན་གྱི་ཚུལ་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་མཐུན་པར་མཚན་ལ་ཁྱུང་པོ་ཚུལ་ཁྲིམས་མགོན་ཞེས་གསོལ་བ་དེར་ཁྱུང་པོ་གཉིས་པ་དང་། དུས་རབས་ཉི་ཤུ་པར་བྱོན་པའི་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་ལ་ཡང་མཁས་གྲུབ་ཁྱུང་པོ་དང་མཐུན་པར་ཚུལ་ཁྲིམས་མགོན་པོ་ཞེས་པའི་མཚན་གསོལ་བ་དེ་ཉིད་ལ་ཁྱུང་པོ་གསུམ་པ་ཞེས་རྟེན་འབྲེལ་དང་བསྟོད་པའི་ཚུལ་དུ་བརྗོད་པ་ལས། ཁྱུང་པོ་སྐུ་ཕྲེང་དང་པོ་གཉིས་པ་ཞེས་པར་ངོས་འཛིན་གྱི་མེད། གཞན་ཡང་འཇམ་མགོན་བློ་གྲོས་མཐའ་ཡས་སོགས་ཤངས་ཆོས་དར་སྤེལ་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་ཉེ་རབས་ཀྱི་བླ་མ་འགར་ཡང་ཆེ་བསྟོད་དང་། མཛད་པ་འགའ་ཞིག་ཆ་མཐུན་གྱི་ཕྱིར་མཁས་གྲུབ་ཁྱུང་པོའི་རྣམ་སྤྲུལ་དུ་ངོས་འཛིན་སྲོལ་ཡོད། ལྷག་པར་དུ་ཀློང་རྡོལ་བླ་མའི་གསུང་འབུམ་ནང་ཚར་ཆེན་བློ་གསལ་གྱི་སྐུ་ཕྲེང་གསུངས་པའི་སྐབས་སུ་ཚར་ཆེན་གྱི་སྐུ་ཕྲེང་ལྔ་པར་མཁས་གྲུབ་ཁྱུང་པོ་དང་། བདུན་པར་ཤངས་པ་སངས་རྒྱས་སྟོན་པ་བཅས་ཤངས་པའི་བླ་མ་གཉིས་དྲངས་ཡོད་པ་ཡང་། བླ་མ་གང་ཉིད་ཤངས་ཆོས་དང་དམིགས་བསལ་གྱི་འབྲེལ་བ་བྱུང་བ་སོགས་ཀྱིས་རྐྱེན་པས་ཡིན། དེ་ལྟར་མཁས་གྲུབ་ཁྱུང་པོ་སྐྱེ་བ་གཞན་དུ་བཞེས་པ་འགའ་ཞིག་བྱུང་སྲིད་ཀྱང་། དེ་དག་ལ་བོད་དུ་ཡོངས་སུ་གྲགས་པའི་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ལྟར་སྐུ་ཕྲེང་དང་པོ་དང་གཉིས་པ། གསུམ་པ་སོགས་བརྗོད་ན་ཤིན་ཏུ་མི་འཚམ་སྟབས། ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ་ལ་དབུས་གཙང་དགོན་སྡེའི་ཞིབ་འཇུག་སོགས་ཀྱི་ཡིག་ཆ་འགའ་ཤས་སུ་ཐོན་པའི་ཁྱུང་པོ་སྐུ་ཕྲེང་བཅུ་གཉིས་པར་གྲགས་པ་ཞེས་པ་དེ་ཡང་མཐའ་གཅིག་ཏུ་སྤང་བྱ་ཡིན་སྙམ།
ཞར་བྱུང་དོགས་སེལ་གྱི་ཚུལ་དུ་བརྗོད་རྒྱུར། འཇད་དགེ་འཕེལ་དགོན་གྱི་ཁྱུང་སྤྲུལ་ན་རིམ་གསུམ་སྟེ། སྐུ་ཕྲེང་དང་པོ་རྗེ་བཙུན་བློ་བཟང་དོན་གྲུབ། གཉིས་པ་བློ་བཟང་དོན་ཡོད། གསུམ་པ་ངག་དབང་བྱམས་པ་རྒྱལ་མཚན་བཅས་ལ་འཛད་ཁུལ་དུ་ཁྱུང་པོ་རིན་པོ་ཆེ་ཞེས་འབོད་སྲོལ་ཡོད་པ་དེ་ནི། སྐུ་ཕྲེང་དང་པོ་རྗེ་བཙུན་བློ་བཟང་དོན་གྲུབ་ཉིད་རྐང་བཙུགས་སུ་སྐུ་འཁྲུངས་པ་སྟེ་སྐུ་འཁྲུངས་མ་ཐག་ཞབས་གཉིས་བཙུགས་ནས་ཀྲོང་ངེར་ལངས་པ། ཞལ་ལ་ཚེམས་ཡོད་པ་སོགས་སྐྱེ་བོ་གཞན་དང་མི་འདྲ་བས། ཡུམ་གྱིས་བདུད་ཨ་ཁྱུང་རྒྱལ་པོ་ཞེས་འབོད་པ། ཕྱིས་ཡོངས་གྲགས་སུ་ཨ་ཁྱུང་དང་དེ་ནས་རིམ་བཞིན་ཁྱུང་པོ་རིན་པོ་ཆེ་ཞེས་འབོད་པ་ཡིན། དེང་གི་ཆར་ལོ་རྒྱུས་ལ་རྨོངས་པའི་སྐྱེ་བོ་ཆེས་ཉུང་ཤས་ཤིག་གི་འཛད་ཀྱི་ཁྱུང་པོ་རིན་པོ་ཆེ་དང་། ཤངས་ཀྱི་ཁྱུང་པོ་རིན་པོ་ཆེ་གཉིས་འཁྲུལ་ནས་ངོས་འཛིན་ཡང་། དེ་གཉིས་ལ་ལོ་ངོ་བརྒྱ་ཕྲག་འགའི་བར་ཆོད་པ་མ་ཟད་ཆོས་བརྒྱུད་ཀྱང་མ་གཅིག་པས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་འཇད་དགེ་འཕེལ་དགོན་གྱི་ཁྱུང་སྤྲུལ་ན་རིམ་དབར་དམིགས་བསལ་གྱི་འབྲེལ་བ་མེད་པ་ཡིན་ནོ།

I.5.4 -
།བཞི་པ། མཁས་གྲུབ་ཁྱུང་པོས་ཕེབས་མྱོང་བའི་བོད་ཁུལ་གྱི་ས་ཆ་འགའ་ཞིག
དེ་ཡང་འཇིག་རྟེན་གྱི་ཁ་དཔེར་རི་དྭགས་བདག་མེད་རྩ་ཆུ་གང་བཟང་རེད། །རྣལ་འབྱོར་བདག་མེད་རི་ཁྲོད་གང་བཟང་རེད་ཅེས་པ་ལྟར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་ཚེ་གང་པོར་རྒྱ་གར་དང་བལ་ཡུལ་ཕུད། དེ་མིན་ཟོལ་མེད་ཀྱི་སྙིང་རྗེ་ཆེན་པོ་དང་ལྡོག་མེད་ཀྱི་བརྩོན་འགྲུས་དྲག་པོས་བོད་ཀྱི་ཡུལ་ལུང་དུ་མའི་གནས་བཟང་དང་རི་ཁྲོད་རྣམས་ལ་དམ་ཆོས་སློབ་གཉེར་དང་། སྒྲུབ་པ་ཉམས་ལེན། གདུལ་བྱ་སྐྱོང་བ་སོགས་ཀྱི་ཕྱིར་དཀའ་བ་ཁྲི་ཕྲག་མང་པོ་དང་དུ་བླངས་ཏེ་ཞབས་ཀྱིས་བཅགས། དེ་ཡང་ཐོག་མར་དབུས་གཙང་གི་སྙེ་མོར་སྐུ་འཁྲུངས་པ་ནས་བཟུང་། དེའི་ཉེ་འཁོར་དུ་བོན་དང་གསང་སྔགས་རྙིང་མའི་ཆོས་ལུགས་ལ་སྦྱངས་པ་མཛད། དེ་རྗེས་འཕན་ཡུལ་གྱི་ཤོ་མ་རར་བྱོན་ནས་སྐོར་ནི་རུ་པའི་ཆོས་སྐོར་རྣམས་གསན། དེ་ནས་འཕགས་བལ་དུ་ཐེངས་གསུམ་ཕེབས་པ་ལས། ཐེངས་གསུམ་པར་འཕགས་ཡུལ་ནས་བོད་དུ་ཕྱིར་ལོག་ཕེབས་སྐབས་མངའ་རིས་མཐོ་ལྡིང་དགོན་དུ་ཇོ་བོ་རྗེ་དང་མཇལ། དེ་ནས་རིམ་བཞིན་འཕན་པོ་གླང་ཐང་དགོན་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་པ་དང་། སྔར་དཀོན་སྒང་མགོན་པོའི་སྒྲུབ་གནས་སུ་སྒྲུབ་པར་ཞུགས་པ། ལན་པའི་སྤྱིལ་བུར་ཕེབས་པ། འཕན་ཡུལ་འཆད་ཁར་བཞུགས་པ། དེ་རྗེས་མཁའ་འགྲོའི་ལུང་བསྟན་བཞིན་ཤངས་ཞོང་ཞོང་དགོན་དང་། སྒྲུབ་གནས་སྲིན་མོ་སོགས་ཤངས་ཁུལ་གྱི་ས་ཆ་རྣམས་སུ་ཕེབས་པ། འཇད་ཀྱི་ཚ་ལུང་སོགས་བཞད་མཐོང་སྨོན་རྫོང་གི་ས་ཆ་དང༌། གྲོ་མོ་སྟོད་ཀྱི་གྲ་རུ་དང་ཕག་རིའི་ཤག་རྩ་སོགས་གྲོ་མོ་རྫོང་གི་ས་ཆ་ཁག་གཉིས། གཉའ་ནང་སྔགས་ཁྱུང་། མང་ཡུལ་སྐྱིད་གྲོང་། མང་ཕྱིན་ལྡན། ལ་སྟོད་ལྷོ་བྱང་། ནང་གོང་རྒྱུད་གསུམ། ཚོང་འདུས། སྤུ་རང་སྟོད། གདམ། གནམ། འོན་དམར། མཉེས་ཐང་མགོན་པོ་རིའི་སྒྲུབ་ཁང་སོགས་བོད་ཡུལ་གྱི་ས་ཆ་མང་པོར་དངོས་སུ་ཞབས་ཀྱིས་བཅགས་མྱོང་བ་ཡིན།
དེ་ལྟར་སྟོང་གསུམ་ལག་པའི་མཐིལ་དང་མཉམ་པར་གཟིགས་པའི་རྣལ་འབྱོར་པ་དེ་ཉིད་ཀྱིས་གང་དང་གང་དུ་ཞབས་མཐིལ་བཀྲ་ཤིས་ཀྱི་འཁོར་ལོས་རེག་པའི་གནས་ཡོད་དོ་ཅོག་རེ་རེ་བཞིན་བརྗོད་པར་མ་ནུས་ཡང་། མཁས་གྲུབ་ཁྱུང་པོའི་མཛད་རྣམ་དང་ཁུངས་བཙན་གྱི་དཔྱད་ཡིག་གཞན་ལས་ཐོན་པའི་དགོན་སྡེ་དང་སྒྲུབ་གནས་ཕུད་པའི་ས་ཆ་གཞན་འགའ་ཞིག་ལ་དོགས་དཔྱད་ཅུང་ཞིག་བྱ་རྒྱུ་སྟེ།
གཅིག །ཕག་རིའི་ཤག་རྩ།
དེ་ཡང་དེབ་སྔོན་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་མེ་ཕོ་སྤྲེའུའི་ལོ་ལ་ཕག་རིའི་ཤག་རྩར་བྱོན་ཞེས་འཁོད་པ་བཞིན་ཕག་རིའི་ཤག་རྩ་ཞེས་པའི་ས་ཆ་དེར་མཁས་གྲུབ་ཁྱུང་པོ་མང་ཡུལ་དུ་གྲུབ་ཆེན་ར་ཧུ་ལ་ཕེབས་སྐྱེལ་ཟིན་རྗེས། ཚུར་ལོག་ཕེབས་པའི་ལམ་བར་དུ་ཕེབས་པ་མིན་ནམ་སྙམ། ས་ཆ་འདི་ནི་དེང་གཞིས་རྩེ་ས་གནས་གྲོ་མོ་རྫོང་ཕག་རི་གྲོང་བརྡལ་གྱི་ཁོངས་གང་རུང་ལ་ཡོད་པར་ངེས་ཀྱང༌། ཤག་རྩ་ཞེས་པ་དང་མཚུངས་པའམ་དེ་དང་འདྲ་བའི་ས་མིང་ད་ཕན་མ་རྙེད་པས་ཞིབ་པར་བརྗོད་དཀའ།
གཉིས། གྲོ་མོའི་སྟོང་གྲེ་རུ།
ཡང་དེབ་སྔོན་དུ་ལྕགས་མོ་གླང་གི་ལོ་ལ་གྲོ་མོའི་སྟོང་གྲ་རུ་བྱོན་ཞེས་དང་། ཆོས་འབྱུང་དཔག་བསམ་ལྗོན་བཟང་དུ་གྲོ་མོའི་སྟོང་གྲེ་རུར་བྱོན་ཞེས་འཁོད་པའི་ནང་གི་སྟོང་གྲ་རུ་དང་སྟོང་གྲེ་རུ་གཉིས་ཀྱི་སྟོང་ཞེས་པ་དེ་ཕལ་ཆེར་རྗེས་འཇུག་ང་ཡིག་དང་ད་ཡིག་གཉིས་འཁྲུལ་བས་སྟོད་ཡིན་པ་དང་། གྲ་རུ་དང་གྲེ་རུ་སྒྲ་འདྲ་བས་གཉིས་ཀ་ཆོག་མོད། དེང་གྲོ་མོ་སྟོད་ཀྱི་ཁོངས་སུ་ས་མིང་དེ་དང་ཡོངས་སུ་མཚུངས་པའི་ས་ཆ་མ་རྙེད་ལ། དེ་དང་སྒྲ་ཐག་ཉེ་བའི་དགེ་རུ་སྟེ་དེང་གཞིས་རྩེ་ས་གནས་གྲོ་མོ་རྫོང་དགེ་རུ་ཡུལ་ཤོག་སྲིད་གཞུང་ཡོད་སའི་ཁུལ་དེར་གོ་ཡང་། ད་ལྟ་གྲོ་མོ་སྟོད་ཀྱི་ཁོངས་མ་ཡིན་པས་དེའི་སྐོར་མུ་མཐུད་དཔྱད་པར་འཚལ།
གསུམ། འཇད་ཀྱི་ཚ་ལུང་།
འགོས་ལོ་གཞོན་ནུ་དཔལ་གྱི་དེབ་སྔོན་དུ་དུས་ཕྱིས་འཇད་ཀྱི་ཚ་ལུང་དུ་ཤིང་མོ་ལུག་ལ་བྱོན་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྲུབ་ཆེན་རཱ་ཧུ་ལའི་ཕེབས་སྐྱེལ་ལ་བྱོན་སྐབས་ས་ཆ་འདིར་ཕེབས་པ་ཡིན་སྙམ། འཛད་ཀྱི་ཚ་ལུང་ནི། དེང་གཞིས་རྩེ་ས་གནས་བཞད་མཐོང་སྨོན་རྫོང་ཚོ་བཞི་ཡུལ་ཤོག་སྦུག་སྟོད་ཚོན་གྱི་ཚ་ལུང་གྲོང་ཚོར་ཡིན། གྲོང་ཚོ་དེ་ནི་ཚོ་བཞི་ཡུལ་ཤོག་གི་བྱང་ངོས་ནས་བར་ཐག་སྤྱི་ལེ་10ཙམ་གྱི་སར་གནས་ཡོད། ད་ལྟའི་ཆར་ས་ཆ་འདིའི་ཉེ་འཁོར་དུ་མཁས་གྲུབ་ཁྱུང་པོ་དང་འབྲེལ་བའི་དགོན་གནས་སོགས་ངོས་ཟིན་རྒྱུ་མི་འདུག
བཞི། ནང་གོང་རྒྱུད་གསུམ།
མཁས་གྲུབ་ཁྱུང་པོ་རྒྱ་གར་ནས་བོད་དུ་ལན་གཉིས་པ་ཕྱིར་ལོག་ཕེབས་སྐབས་སུ་ལ་སྟོད་ལྷོ་བྱང་དང་། ཚོང་འདུས་མགུར་མོ། ནང་གོང་རྒྱུད་གསུམ་སོགས་ཀྱི་ས་ཆ་འདི་དག་བརྒྱུད་དེ་རང་ཉིད་ཀྱི་འཁྲུངས་ཡུལ་སྙེ་མོར་ཕེབས། ས་ཆ་དེ་དག་ལས་ནང་གོང་རྒྱུད་གསུམ་ཞེས་པ་དེང་གང་དུ་གནས་མིན་ཞིབ་པར་བརྗོད་དཀའ་ཡང་། རྭ་ལོ་ཙཱ་བའི་རྣམ་ཐར་དུ་དིང་རི་བྲིན། འབྲི་མཚམས། ནང་གོང་བརྒྱུད་གསུམ། ཕ་དྲུག་གཅུང་དྲིལ། སེ་ཐར་རྣམས་སུ་ཡང་གདན་དྲངས་ཏེ་བྱོན་ཞེས་འཁོད་པ་ལྟར་བླ་མ་རྭ་ལོ་ཙཱ་བ་ཡང་ས་ཆ་དེར་ཕེབས་མྱོང་བ་ཡིན། ཡང་དབོན་སྟོན་སྐྱེར་སྒང་པའི་སྐྱེ་བ་གཅིག་ནང་གོང་རྒྱུད་གསུམ་ལས་ནམ་སྨད་དེ་བཞིན་གཤེགས་པའི་གསུང་རབ་བྲིས་པ་བཞུགས་པའི་ས། བྲག་སེང་གེའི་སྣའི་རྩར་ཐང་པ་འབྲེ་ཁམས་ཀྱི་རིགས་སུ་སྐུ་འཁྲུངས་པ་གསང་བའི་རྣམ་ཐར་ནང་གསལ། དེས་ན་རྭ་ལོ་ཙཱ་བའི་རྣམ་ཐར་དང་། མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་འཁོད་པའི་ས་ཆ་དེའི་གོང་འོག་གི་ས་མིང་རྣམས་ལ་རིམ་པར་དཔྱད་ན། ཕ་དྲུག་ནི་དེང་དིང་རི་རྫོང་གི་ལྷོ་ནུབ་མཚམས་སུ་ཆགས་པས། ནང་གོང་རྒྱུད་གསུམ་ཞེས་པ་ཡང་དིང་རི་མན་དང་གཞིས་རྩེ་གྲོང་ཁྱེར་ཡན་གྱི་གཙང་སྟོད་ཀྱི་ས་ཆ་གང་རུང་དུ་ཡོད་ལ། ནང་དང༌། གོང༌། རྒྱུད་བཅས་དང་དེའི་རྗེས་སུ་གྲངས་གསུམ་ཞེས་འཁོད་པས། དེ་དག་ནི་འབྲེལ་མར་ཆགས་པའི་ས་ཆ་མི་འདྲ་བ་གསུམ་མིན་ནམ་སྙམ།
ལྔ། ཚོང་འདུས་མགུར་མོ།
ས་ཆ་དེ་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་འཁྲུངས་ཡུལ་གཙང་གི་མགུར་མོ་རབ་ཁ་ཞེས་པ་དེར་ཡིན། མཁས་གྲུབ་ཁྱུང་པོ་རྒྱ་གར་ནས་ཐེངས་གཉིས་པར་བོད་དུ་ཕྱིར་ལོག་ཕེབས་པའི་ལམ་བར་དུ་ས་དེ་བརྒྱུད་མྱོང་བ་ཡིན་སྙམ། ལོ་སྟོན་གྱི་གསུང་བཞིན་མདོ་སྨད་ཀྱི་ཚོང་པ་འགའ་ཞིག་ས་དེར་ཕྱིན་ནས་ཚོང་ལེགས་པོ་བྱུང་བས་ཕྱིས་ཚོང་འདུས་ཚོགས་སྲོལ་བྱུང་། དེ་སྔོན་བོད་ཀྱི་གསེར་དངུལ་གྱི་ལྗིད་ཚད་ཐང་གཞི་ཡང་ཚོང་འདུས་འདིའི་ཁྲོམས་རའི་རིན་ཐང་གི་ཚད་གཞིར་བཟུང་ནས་ཆོས་སྲིད་གཉིས་ཀྱི་ཁྲིམས་ཡིག་ནང་བརྐུས་པ་འཇལ་བའི་ཁྲིམས་ལ་ཚོང་འདུས་མགུར་མོའི་གསེར་དངུལ་དང་འབུ་རིགས་ཀྱི་རིན་ཐང་གཞིར་བཟུང་བར་བཤད། དེས་ན་ས་ཆ་འདིར་ཡང་ཚོང་འདུས་མགུར་མོ་ཞེས་སུ་འབོད་ཅིང་། དེང་གཞིས་རྩེ་ས་གནས་རྒྱ་མཚོ་གཞུང་ཡུལ་ཤོག་ཁོངས་ཞ་ལུ་དགོན་གྱི་ཤར་ངོས་ཚོང་འདུས་གྲོང་ཚོར་ཡིན་ཏེ། གྲོང་ཚོ་དེ་དང་ཐག་ཉེ་བའི་ཞིང་ཁ་ཞིག་གི་དཀྱིལ་དུ་མགུར་མོའི་མཆོད་རྟེན་གྱི་ཤུལ་ཡང་མཇལ་རྒྱུ་འདུག །ཁུལ་འདིར་ཚོང་འདུས་ནས་བྱུང་བ། ཞ་ལུ་ལ་བསྐྱལ་ཞེས་པའི་ཤོད་རྒྱུན་ཡང་སྣང་། འོན་ཀྱང་དུང་དཀར་ཚིག་མཛོད་ཀྱི་ཤོག་ངོས་1721པར་ཚོང་འདུས་མགུར་མོ་ཞེས་པའི་གཤམ་དུ་གུག་རྟགས་ནང་དེང་བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་མར་རྐྱང་ཡུལ་ཤོག་ཁོངས་སུ་གནས་པར་གསུངས་པ་གོང་དང་མི་མཐུན།
དྲུག །ཤབ་ཀྱི་འབའ་ར་ནག་པོ་སོགས།
།མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཞོང་ཞོང་དགོན་བཏབ་པ་ནས་རིམ་བཞིན་བུ་སློབ་སྐྱོང་བ་སོགས་ཀྱི་མཛད་པའི་སྣང་བྱེད་ས་སྟེང་ཐམས་ཅད་དུ་ཁྱབ་པས། འཇིག་རྟེན་གྱི་གཏམ་དཔེར་མཐུ་སྟོབས་འདོམ་གང་ཡོད་གྱུར་ན། གདོན་ཤུགས་འདོམ་བཅུར་འཕར་བར་ངེས་ཞེས་སུ་གྲགས་པ་ལྟར་འཇིག་རྟེན་གྱི་ལྷ་འདྲེ་ལ་སོགས་པའི་མི་མ་ཡིན་རྣམས་ཀྱིས་གེགས་བར་གཏོང་བར་བརྩམས་པ་ཡང་། མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་དཔོན་ཁྱུང་པོ་ན་རེ་ཤབ་ཀྱི་འབའ་ར་ནག་པོ་འདི་དང་། གཉན་ཐང་ལྷ་འདི་དང་། ཇོ་བོ་བན་ཆེན་དང་གསུམ་པོ་འདིས་ངེད་མི་རྟ་མང་པོ་ལ་གནོད་པ་སྐྱེལ་བར་བྱུང་བས་ཞེས་འཁོད་པ་ལྟར་ཤབ་ཀྱི་འབའ་ར་ནག་པོ་དང་། གཉན་ཆེན་ཐང་ལྷ། ཇོ་བོ་བན་ཆེན་བཅས་པའི་མི་མ་ཡིན་རྣམས་ཀྱིས་ཐོ་འཚམས་པའི་སྡིག་ལས་ཅི་རིགས་བྱས། འོན་ཀྱང་སྣང་སེམས་རོ་གཅིག་རྟོགས་པའི་རྣལ་འབྱོར་ལ། བར་ཆད་བདུད་ཀྱི་གླགས་རྙེད་ག་ལ་སྲིད་ཅེས་པ་བཞིན་མཁས་གྲུབ་ཁྱུང་པོས་ཏིང་ངེ་འཛིན་རྩལ་ལ་མངའ་དབང་འབྱོར་བའི་གཞོམ་མེད་གནམ་ལྕགས་ཀྱི་ཐོག་མདས་དེ་ཀུན་ཟིལ་གྱིས་གནོན་པར་མཛད།
ཤབ་ཀྱི་འབའ་ར་ནག་པོ་ནི། དེང་གཞིས་རྩེ་ས་གནས་ས་སྐྱ་རྫོང་དགེ་སྡིངས་གྲོང་བརྡལ་སྤེལ་སེར་ཚོན་(ཆོས་རྗེ་བུ་སྟོན་འཁྲུངས་སའི་སྒོམ་གནས་ཀྱི་མདར་ཡིན་)གྱི་ཁོངས་སུ་འབའ་ར་ནག་པོ་ཞེས་པའི་བྲག་རི་ཞིག་ཡོད་པ་ཁུལ་དེའི་ཡུལ་ལྷ་ཡིན་ལ། ཁ་རྒྱུན་དུ་ཤབ་སྒོ་ལྔ་གྲུ་བཞི་ཞེས་དེང་ཤབ་ཀྱི་དགེ་སྡིངས་ལྟེ་བར་བྱས་པའི་ཤབ་ཡུལ་གྱི་སྒོ་ལྔའི་ཡ་གྱལ་འབའ་ར་ནག་པོ་ལྕགས་ཀྱི་སྒོ་ཞེས་པ་དེ་ཉིད་ཡིན། སྔར་འབའ་ར་ནག་པོས་མཁས་གྲུབ་ཁྱུང་པོར་སྲོག་སྔགས་ཕུལ་ཞིང་ཁོང་ལས་དགེ་བསྙེན་གྱི་སྡོམ་པ་བླངས། འབའ་ར་ནག་པོ་འདི་མོ་གཅོད་ཀྱི་བརྒྱུན་འཛིན་དོལ་པ་ཟང་ཐལ་གྱི་སློབ་མ་རྒྱ་ནག་གཅེར་བུས་ཀྱང་བཏུལ་བའི་ལོ་རྒྱུས་འདུག
།སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་གཉན་ཆེན་ཐང་ལྷ་ནི། འོ་དེ་གུང་རྒྱལ་གྱི་སྲས་དང་། གཉན་པོ་གཡུ་རྩེའི་ཚ་བོ་ཡིན། རྨ་རྒྱལ་བྱང་གི་སྒོ་སྲུང་དུ་གྲགས་ཤིང་། འདིའི་རི་རྒྱུད་ཀྱི་བོད་ཁམས་ལྕགས་རིའི་ཚུལ་དུ་བསྐོར་ཅིང་། གཉན་དམག་གི་ཚོགས་རྣམས་ཀྱང་སྤྱི་བྱེས་ཀྱི་གནས་སོ་སོར་བཞུགས་ནས་བྱ་ར་མཛད་བཞིན་ཡོད་པར་གྲགས། དེང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་ཀྱི་སྙིང་གྲོང་དང་གནམ་མཚོའི་བར་དུ་གནས་ཡོད་ཅིང་། དྲི་ཟ་ཟུར་ཕུད་ལྔ་པའི་གནས་སམ་ཕོ་བྲང་ཡིན། རི་རྩེ་གཙོ་བོའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་7111ཡོད། སྔར་གཉན་ཆེན་ཐང་ལྷས་མཁས་གྲུབ་ཁྱུང་པོའི་མི་རྟ་ལ་གནོད་བྱས་པ། མཁས་གྲུབ་ཁྱུང་པོས་ཐོག་བརྒྱ་དུས་གཅིག་ཏུ་ཕབ་པས་གངས་ཐམས་ཅད་ཉིལ། མཚོ་བརྡོལ་བས། གཉན་ཆེན་ཐང་ལྷས་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་གཟུགས་སུ་བྱས་ནས་མཁས་གྲུབ་ཁྱུང་པོ་ཐང་ལྷར་སྤྱན་དྲངས། མཁས་གྲུབ་ཁྱུང་པོས་རྒྱུད་སྡེ་ཆེན་པོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་སྲོག་སྔགས་ཀྱང་བཞེས། གངས་རི་འདི་ཉིད་ཡོངས་སུ་གྲགས་པས་འདིར་ཞིབ་པར་སྨྲ་བའི་དགོས་པ་མི་ཆེ།
ཇོ་བོ་བན་ཆེན་ནི། མཁས་གྲུབ་ཁྱུང་པོ་ཞོང་ཞོང་དུ་བཞུགས་སྐབས་ཇོ་བོ་འདིས་གནོད་བྱས་པ། མཁས་གྲུབ་ཁྱུང་པོས་གཤིན་རྗེ་གཤེད་དགྲ་ནག་གི་དཀྱིལ་འཁོར་དུ་སྤྲུལ་ནས་ཇོ་བོ་འདི་དང་ཀླུ་སྲིན་ཐམས་ཅད་བཏུལ་བ་ཡིན། ཆོས་རྗེ་བྱམས་པ་དཔལ་གྱི་སྐུ་དུས་སུ་ཡང་ཇོ་བོ་བན་ཆེན་དེས་དཔོན་མོ་སངས་རྒྱས་འབུམ་ཞེས་བྱ་བ་ཞིག་ལ་གནོད་པ་བསྐྱལ་ནས་འཆི་བ་ལ་ཐུག་པ། ཆོས་རྗེས་འཇིགས་བྱེད་དུ་སྤྲུལ་ནས་བཏུལ་གནང་མཛད། འོན་ཀྱང་མཁས་གྲུབ་ཁྱུང་པོ་དང་ཆོས་རྗེ་བྱམས་པ་དཔལ་གྱི་མཛད་རྣམ་དུ་དེའི་མིང་ཙམ་ཐོན་པ་ལས་ས་ཆའི་ཁྱབ་ཁོངས་གང་ཡང་བརྗོད་མེད་ལ། དེ་མིན་གྱི་དཔྱད་ཡིག་གཞན་རྣམས་སུའང་ད་ཕན་མ་རྙེད་པས་ཇོ་བོ་བན་ཆེན་ཞེས་པ་དེ་གང་དུ་ཡོད་མེད་སྐོར་མུ་མཐུད་དཔྱད་པར་འཚལ།
དེ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་དུས་སུ་ཤངས་ཆོས་དར་ཁྱབ་བྱུང་བའི་རྩ་བའི་ས་ཁོངས་རྣམས་ནི། ཁོང་རང་ཉིད་ཀྱིས་ཞབས་ཀྱིས་བཅགས་ཤིང་བུ་སློབ་ཀྱི་ཚོགས་པ་སྐྱོང་མྱོང་བའི་ལྟེ་བའི་ས་ཆ་སྟེ་གཙོ་ཆེར་དབུས་གཙང་གཉིས་ལས་ལྷག་དོན་གཙང་ཁུལ་དུ་ཡིན། ས་ཆ་འདི་དག་ཏུ་མཁས་གྲུབ་ཁྱུང་པོས་འདུ་འཛི་གཡེང་བ་ལ་སོགས་པའི་བདུད་ཀྱི་བར་ཆད་མཐའ་དག་རྒྱང་དུ་བསྒྱུར་ཏེ་སྒོམ་པ་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བ་དང་། ཁྱུང་པོའི་གསེར་ཆོས་ལྔས་གཙོས་པའི་ཟབ་གསང་གི་གདམས་པ་རྣམས་གྲྭ་སློབ་ཚོར་ཡོངས་སུ་རྫོགས་པ་མྱོང་ཁྲིད་དང་བརྒྱུད་སྤེལ་གནང་བ་སོགས་ཀྱིས་ས་ཆ་འདི་དག་ལ་ཤངས་ཆོས་དར་ཁྱབ་འགྲོ་བའི་ཆེས་ཐོག་མའི་ས་བོན་བསྐྲུན་ཡོད།
སྨྲས་པ། འབྱམས་ཀླས་ཚོགས་གཉིས་ཡོན་ཏན་མཐའ་དག་མཁྱེན་པའི་ཐུགས་ཀྱི་མཛོད་དུ་ཆུབ། །སྣ་ཚོགས་དོན་ལྡན་སྒྲུབ་པ་ལྷུར་ལེན་བསྟན་བཅོས་རྣམ་དག་གྲངས་མེད་བརྩམས། །གཞལ་དཀའི་རིན་ཆེན་སྐུ་རྟེན་ཕུང་པོ་ཕྱི་རབས་དད་པའི་རྟེན་དུ་བཞག །བོད་ཁམས་མཐའ་གྲུ་ཞབས་ཀྱིས་བཅགས་ཤིང་འབྲེལ་ཚད་དོན་དང་ལྡན་པར་མཛད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

II -
།ཝཾ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བར་གྱི་འཕེལ་རིམ་དང་མཐའ་མའི་དར་རྒུད་སྐོར།

II.1 - The origin of the doctrine of the Dashang Kagyü
ལེའུ་དང་པོ། དྭགས་ཤངས་བསྟན་པའི་བྱུང་ཚུལ་སོགས་ཀྱི་སྐོར།
དེ་ཡང་བོད་དར་ནང་བསྟན་གྱི་གྲུབ་མཐའི་བྱེ་བྲག་སྒྲུབ་བརྒྱུད་ཀྱི་ཤིང་རྟ་འཛིན་པའི་བཀའ་བརྒྱུད་པ་ནི། བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་པས་མཚན་དེ་ལྟར་དུ་ཐོགས། དེ་ལ་རྗེ་མར་པའི་བརྒྱུད་འཛིན་དང་མཁས་གྲུབ་ཁྱུང་པོའི་བརྒྱུད་འཛིན་གཉིས་བྱུང་བ་ལས། རྒྱལ་བ་རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོའི་བར་དུ་བྱོན་པའི་བཀའ་བབས་ཀྱི་གདམས་པ་རྣམས་རྗེ་མར་པ་ལ་མངའ་བས། དེའི་ཆོས་བརྒྱུད་འཛིན་པ་རྣམས་ལ་མར་པ་བཀའ་བརྒྱུད་ཅེས་ཟེར་ཞིང་། བཀའ་བབས་ཀྱི་གདམས་པ་རྣམས་བྱོན་ཚུལ་ནི། ཏི་ལོ་པ་ལ་བཀའ་བབས་བཞིའི་གདམས་པ་མངའ་སྟེ། རྒྱལ་བ་རྡོ་རྗེ་འཆང་། རྒྱལ་པོ་ཨིནྡྲ་བྷུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། ས་བདག་བྷི་སུ་ཀཝ། ས་ར་ཧ། ཀླུ་སྒྲུབ་ཞབས། ཏི་ལོ་པ་སྟེ་གསང་འདུས་དང་། གདན་བཞི། ཆོས་དྲུག་གི་སྒྱུ་ལུས། འཕོ་བའི་བཀའ་བབས་རྣམས་དང༌། རྒྱལ་བ་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། ཙརྱ་པ། ཏེ་ལོ་པ་སྟེ་སྒྱུ་མ་ཆེན་པོ་དང་ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཌོམྦི་ཧེ་རུ་ཀ། བྷི་ན་བཛྲ། ལྭ་བ་པ། ཏེ་ལོ་པ་སྟེ་བདེ་མཆོག་སོགས་མ་རྒྱུད་མཐའ་དག་དང་ཆོས་དྲུག་འོད་གསལ་གྱི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། པདྨ་བཛྲ། ཌཱ་ཀི་མ་སྐལ་པ་བཟང་མོ། ཏི་ལོ་པ་སྟེ་དགྱེས་པ་རྡོ་རྗེ་དང་ཆོས་དྲུག་གཏུམ་མོའི་བཀའ་བབས་རྣམས་སོ། །བཀའ་བབས་བཞིའི་ངོས་འཛིན་དང་གོ་རིམ་ཅུང་ཟད་མི་འདྲ་བ་འགའ་རེ་ཡང་སྣང༌།
མཁས་གྲུབ་ཁྱུང་པོ་ལ་ཡང་། རྒྱལ་བ་རྡོ་རྗེ་འཆང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལ་བཀའ་བབས་པའི་གདམས་པ་སོགས་མངའ་བས། དེའི་བརྒྱུད་འཛིན་པ་རྣམས་ལ་ཤངས་པ་བཀའ་བརྒྱུད་པར་འབོད་དོ།

II.1.1 - The Dagpo Kagyü
།དང་པོ། དྭགས་པོ་བཀའ་བརྒྱུད་ཀྱི་སྐོར།
དྭགས་པོ་བཀའ་བརྒྱུད་ཀྱི་འགོ་ཁུངས་ནི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལ་གཏུགས་ཤིང་། ཁོང་ནི་སྤྱི་ལོ་1012(འཁྲུངས་འདས་ལོ་ཚིགས་དེབ་སྔོན་ལྟར་བཀོད་)ལོར་ལྷོ་བྲག་རྫོང་ཆུས་ཁྱེར་ཕུར་ཡབ་མར་པ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་མིང་སྲིང་བཞིའི་གཉིས་པར་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་ལོ་ཙཱ་སློབ་སྦྱོང་གནང་། དེ་རྗེས་དཀའ་བ་ཁྲི་ཕྲག་ཁྱད་དུ་བསད་དེ་རྒྱ་གར་ལ་ལན་གསུམ་དང་བལ་པོར་ལན་བཞི་བྱོན། པཎ་ཆེན་ནཱ་རོ་པ་དང་། མངའ་བདག་མཻ་ཏྲི་པ། སློབ་དཔོན་ཡེ་ཤེས་སྙིང་པོ། གྲུབ་ཆེན་ཞི་བ་བཟང་པོ་ལ་སོགས་པའི་བླ་མ་བརྒྱ་རྩ་བརྒྱད་ཀྱི་ཞབས་ལ་གཏུགས། རྒྱུད་ཀྱི་རྒྱལ་པོ་ཕ་རྒྱུད་གསང་བ་འདུས་པ་དང་། མ་རྒྱུད་འཁོར་ལོ་བདེ་མཆོག་ལ་སོགས་པའི་རྣལ་འབྱོར་ཕ་མའི་རྒྱུད་ཀྱི་གདམས་ངག་ལག་ལེན་དང་བཅས་པ་ཞིབ་ཏུ་སྦྱངས། མཻ་ཏྲི་པ་ལ་བརྟེན་ནས་ཆོས་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། བོད་དུ་བྱོན་ནས་སློབ་མ་མང་དུ་བསྐྱངས་པ་ལས། གཙོ་བོ་ཀ་ཆེན་བཞིར་གྲགས་པ་ནི། གཞུང་གི་རྔོག་སྟོན་ཆོས་རྡོར། དོལ་གྱི་མཚུར་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་རྣམས་སོ། དགུང་གྲངས་གྱ་དྲུག་ལ་ཕེབས་པ་སྤྱི་ལོ་1097ལོར་སྐུ་གཤེགས།
སློབ་མ་ཀ་ཆེན་བཞི་པོ་དེ་དག་ལས་མེས་རྔོག་མཚུར་གསུམ་ལ་བཤད་རྒྱུན་གྱི་བཀའ་བབས་པས། སློབ་བརྒྱུད་རིམ་པར་བྱོན་པ་རྣམས་ཀྱིས་བདེ་དགྱེས་གསང་གསུམ་དང༌། གདན་བཞི། མ་ཧཱ་མཱ་ཡཱ་སོགས་ཀྱི་དབང་དང་རྒྱུད་ཀྱི་བཤད་པ་རྒྱ་ཆེར་སྤེལ་ཞིང་། མཚུར་སྟོན་དབང་གི་རྡོ་རྗེ་ལས་བརྒྱུད་པའི་གསང་བ་འདུས་པའི་དབང་དང་རྒྱུད་བཤད་བུ་སྟོན་ཐམས་ཅད་མཁྱེན་པ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོ་སོགས་ལ་བྱོན།
སློབ་མ་ཀ་ཆེན་བཞི་ལས་སྒྲུབ་པའི་བཀའ་བབས་བྱང་གི་ཀ་ཆེན་རྗེ་བཙུན་མི་ལ་རས་པ་ནི། གངས་ཅན་པ་རྣམས་ཀྱི་རྣ་བའི་རྒྱན་གཉིས་སུ་གྲགས་པའི་ཡ་གྱལ་ཡིན་ལ། རྗེ་འདི་ཉིད་རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ་1040ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་གུང་ཐང་སྐྱ་རྔ་རྩ་ར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཡབ་གཤེགས་ཏེ་ཨ་ཁུ་དང་ཨ་ནེས་སྡུག་པོ་ཚད་མེད་བཏང༌། དེ་རྗེས་ཡུམ་གྱི་བཀའ་བཞིན་མཐུ་བསླབས་ནས་མི་ཕྱུགས་མང་པོ་བསད། སླར་འགྱོད་དེ་སྤྱི་ལོ་1078ལོར་ལྷོ་བྲག་ཏུ་རྗེ་མར་པའི་དྲུང་དུ་ཕེབས། བླ་མ་མར་པའི་དྲུང་དུ་ལོ་དྲུག་དང་ཟླ་བ་བརྒྱད་ཙམ་བཞུགས་ནས་སྔ་ཕྱིར་ཡིད་ཆད་ཆེན་པོ་བདུན་གྱིས་སྒྲིབ་པ་སྦྱངས་པ་དང་། ཆོས་ཕྱིར་དཀའ་བ་ཚད་མེད་སྤྱད་མཐར་དབང་དང་གདམས་ངག་རྫོགས་པར་གནང་། ཁོང་གིས་འཇིག་རྟེན་བློས་བཏང་གི་ཞེ་བཅད་དང་དཀའ་སྤྱད་སྡུག་སྲན་གྱི་སྙིང་རུས་དྲག་པོས་སྒྲུབ་པའི་རྒྱལ་མཚན་རི་རབ་ཀྱི་རྩེ་མོར་བསྒྲེངས་ནས་སྐུ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་བརྙེས་ཤིང་། སྒྲུབ་བརྒྱུད་བསྟན་པའི་སྲོལ་ཁ་བཙུགས། མཐར་རང་ཉིད་ཀྱི་ཐུགས་སྲས་རྗེ་སྒམ་པོ་བ་ལ་བསྟན་པ་གཏད་དེ་དགུང་གྲངས་གྱ་བཞི་པ་སྤྱི་ལོ་1123ལོར་སྐུ་གཤེགས། སློབ་མ་རས་པ་མཆེད་བརྒྱད་དང་། སྟོན་པ་དྲུག །རས་མ་བཅུ་གཉིས། གྲུབ་ཐོབ་མ་དྲུག་སོགས་བགྲངས་ཀྱིས་མི་ལང་བ་བྱོན་པ་ལས་གཙོ་བོར་གྱུར་པ་ནི། ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང་། ཟླ་བ་ལྟ་བུ་རས་ཆུང་བ་གཉིས་སོ།
རས་ཆུང་རྡོ་རྗེ་གྲགས་ནི་སྤྱི་ལོ་1084ལོར་ལ་སྟོད་གུང་ཐང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་རྗེ་བཙུན་མི་ལ་བསྟེན་ནས་དམ་ཆོས་ལ་སློབ་གཉེར་མཛད། འཕགས་ཡུལ་དུ་ལན་གཉིས་བྱོན་པའི་སྔ་མ་ལ་བླ་མ་ཝ་ལ་ཙནྡྲ་ལས་ཕྱག་རྡོར་གཏུམ་པོ་ཁྱུང་གཤམ་ཅན་གྱི་གདམས་པ་གསན། དེ་རྗེས་རྗེ་བཙུན་མི་ལས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པ་ལས་ལྔ་རྗེ་མར་པས་གདན་དྲངས། ད་དུང་བཞི་ཡོད་པ་ཁྱོད་སོང་ལ་ལོངས་ཤིག་གསུངས་པས། སླར་རྒྱ་གར་དུ་ཕེབས་ཏེ་མཻ་ཏྲི་པ་དང་ནཱ་རོ་པ་གཉིས་ཀའི་དངོས་སློབ་ཏི་ཕུ་བ་ལ་ཆོས་སྐོར་དེ་རྣམས་རྫོགས་པར་ཞུས་པ། བོད་དུ་ཕེབས་རྗེས་བླ་མ་མི་ལར་ཕུལ། མི་ལས་ངམ་རྫོང་སྟོན་པ་ལ་གནང་བས། དེས་ཡིག་སྣ་ཡང་བརྩམས། དེ་ནས་མཆེད་པ་ལ་བདེ་མཆོག་སྙན་བརྒྱུད་དང་། རས་ཆུང་བ་ཉིད་ནས་གཞན་ལ་མཆེད་པ་ལ་རས་ཆུང་སྙན་བརྒྱུད་དུ་གྲགས།
རྗེ་བཙུན་མི་ལའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་ནི། ཡབ་སྙི་བ་ལྷ་རྗེ་དང་ཡུམ་ཤོ་མོ་བཟའ་གཉིས་ལ་སྲས་གསུམ་འཁྲུངས་པའི་བར་པར། རབ་བྱུང་དང་པོའི་ས་ལུག་སྤྱི་ལོ་1079ལོར་སྐུ་འཁྲུངས། ཁོང་ནི་བཅོམ་ལྡན་འདས་ལ་ཏིང་ངེ་འཛིན་རྒྱལ་པོ་ཞུ་མཁན་གྱི་ཟླ་འོད་གཞོན་ནུ་ཡིན་པར་གསུངས། སྐུ་ན་ཆུང་ངུའི་དུས་ནས་སྨན་བསླབས་ཏེ་མཁས་པར་གྱུར་པས་ལྷ་རྗེར་གྲགས། ཇོ་མོ་ཞིག་ཁབ་ཏུ་བཞེས་པ་འདས་པས་ཐུགས་སྐྱོ་སྟེ་བཀའ་གདམས་པའི་དགེ་བཤེས་ཤ་བ་གླིང་པ་ལས་བསྙེན་པར་རྫོགས། དགེ་བཤེས་བྱ་ཡུལ་བ། སྙུག་རུམ་པ། ལྕགས་རི་གོང་ཁ་བ་རྣམས་ལ་བཀའ་གདམས་ཀྱི་ཆོས་མང་དུ་གསན། རྗེ་བཙུན་མི་ལའི་སྙན་པ་གསན་པས་མཇལ་དུ་ཕེབས། དགྱེས་བཞིན་དུ་རྗེས་སུ་བཟུང་སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང་། སྒོམ་སྒྲུབ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེ་ཡང་དྭགས་ལྷ་སྒམ་པོའི་གནས་སུ་བྱོན་པའི་ཚེ། །བླ་མའི་གསུང་བཞིན་སྒྲུབ་པ་ཐུགས་ལ་དགོངས། །མཁའ་འགྲོས་ལུང་བསྟན་གཞན་དོན་གྱིས་ཤིག་གསུངས་ཞེས་འཁོད་པ་ལྟར་བླ་མ་མཁའ་འགྲོས་གཞན་དོན་སྐྱོང་རྒྱུའི་ལུང་བསྟན་གནང་བ་བཞིན་རབ་བྱུང་གཉིས་པའི་ལྕགས་གླང་སྤྱི་ལོ་1121ལོར་དྭགས་ལྷ་སྒམ་པོའི་དགོན་གནས་ཕྱག་བཏབ་ཅིང་། ཇོ་བོ་བཀའ་གདམས་པའི་ལམ་རིམ་དང་རྗེ་བཙུན་མི་ལའི་ཕྱག་ཆེན་གཉིས་གཅིག་ཏུ་དྲིལ་ནས་ལམ་རིམ་ཐར་པ་རིན་པོ་ཆེའི་རྒྱན་མཛད་པས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྱུར། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བྱ་བའི་ཁྲིད་རིམ་གྱིས་སློབ་མ་བཀྲི་བར་མཛད། དེ་ལས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་དྭགས་པོ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས།

II.1.2 - Four primary branches and Eight Secondary branches of the Dagpo Kagyü
གཉིས་པ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་སྐོར།
དེ་ཡང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་གསོལ་འདེབས་གདུང་བའི་ཕོ་ཉར་འབའ་རོམ་ཕག་གྲུ་ཀམ་ཚང་ཚལ་པ་བཞི། །འབྲི་སྟག་ཁྲོ་གླིང་སྨར་གཡེལ་གཡའ་ཤུག་བརྒྱད་ཅེས་འཁོད་པ་ལྟར་དྭགས་པོ་བཀའ་བརྒྱུད་ལ་དབྱེ་ན་ཆེ་བཞི་ཆུང་བརྒྱད་དམ་ཟུང་བཞི་ཡ་བརྒྱད་ཡོད་པ་ལས། ཆེ་བ་བཞི་ནི།
II.1.2.1 Karma Kamtsang Kagyü
གཅིག །ཀརྨ་བཀའ་བརྒྱུད།
ཀརྨ་བཀའ་བརྒྱུད་ནི། མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་ཀརྨ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་སེ་ཞེས་གྲགས་པ་ལས་བརྒྱུད་པ་ལ་ཟེར་ཞིང་། མཚན་གཞན་མཚུར་ཕུ་བཀའ་བརྒྱུད་ཅེས་ཀྱང་འབོད་སྲོལ་འདུག །རྗེ་དུས་གསུམ་མཁྱེན་པ་ནི་རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་1110ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་རྭ་བའི་མངའ་ཁོངས་དེང་དཀར་མཛེས་རྫོང་གསེར་མཁར་ཡུལ་ཤོག་འབོ་མཆོག་གྲོང་ཚོར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་པ་ལ་ཆོས་འཁོར་ཀ་བྲག་ཏུ་རྔོག་ལོའི་སློབ་མ་མཆོག་གི་བླ་མས་མཁན་པོ་དང་། ཆག་སེང་གེ་གྲགས་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། ཁོང་གཉིས་ཀྱི་དྲུང་ནས་འདུལ་བ་དང་བཀའ་གདམས་ཀྱི་ཆོས་སྐོར་འགའ་ཞིག་གསན། དགུང་ལོ་བཅུ་དགུ་པ་ལ་དབུས་སུ་བྱོན་ནས་སྟོད་ལུང་རྒྱ་དམར་བ་དང་། ཕྱྭ་པ་ཆོས་ཀྱི་སེང་གེ་ལ་བྱམས་ཆོས་དང་དབུ་ཚད་གསན་ནས་མཁས་པར་མཁྱེན། ཤ་ར་བ་ལས་བཀའ་གདམས་ལམ་རིམ་དང་། པ་ཚབ་ལོ་ཙཱ་བ་ལས་དབུ་མ་གསན། མལ་འདུལ་བ་འཛིན་པའི་དྲུང་དུ་བསྙེན་པར་རྫོགས་ཤིང་འདུལ་བ་བསླབས། དགུང་ལོ་སུམ་ཅུ་པ་(འགར་སོ་གསུམ་ཞེས་འཁོད་)ལ་དྭགས་པོ་ལྷ་རྗེ་དང་མཇལ་ནས་གསང་སྔགས་ཐབས་ལམ་གྱི་སྐོར་གསན་ཞིང་ལོ་གསུམ་གྱི་བར་སྒོམ་སྒྲུབ་ལ་འབད་པས་སྙིང་པོའི་དོན་ལ་སྒྲོ་འདོགས་ཆོད། རྗེ་རས་ཆུང་པ་ལས་རྗེ་བཙུན་མི་ལ་ནས་བརྒྱུད་པའི་ཆོས་དྲུག་སོགས་ནཱ་རོ་མི་ཏྲིའི་གདམས་ངག་ཇི་སྙེད་པ་གསན། གཞན་ཡང་བླ་མ་མང་པོ་ལས་གདམས་པ་རྒྱ་ཆེན་མནོས་ཤིང་། དབེན་གནས་མང་པོར་སྒྲུབ་པ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཕྱིས་ཁམས་སུ་ཀརྨ་དགོན་བཏབ་པས་ཀརྨ་པ་ཞེས་ཐོགས་ཤིང་། སྤྱི་ལོ་1189ལོར་སྟོད་ལུང་མཚུར་ཕུའི་དགོན་གནས་དངོས་སུ་བཏབ། དགུང་གྲངས་བརྒྱད་ཅུ་གྱ་བཞིར་ཕེབས་པ་སྤྱི་ལོ་1193ལོར་མཚུར་ཕུའི་གདན་ས་དེ་རང་དུ་དགོངས་པ་རྫོགས། སློབ་མ་སངས་རྒྱས་རས་ཆེན་དང་། དེའི་སློབ་མ་སྤོམ་བྲག་པ་སོགས་རིམ་པར་བྱུང༌། རྗེ་དུས་གསུམ་མཁྱེན་པས་དབུ་ཞྭ་ནག་པོ་གསོལ་བས་ཞྭ་ནག་ཅན་དུ་གྲགས་ཟེར་ཡང་། ཀརྨ་པཀྵི་ལ་ཧོར་རྒྱལ་པོས་ལས་ཞྭ་ནག་པོ་ཞིག་ཕུལ་བས་དེ་ཕྱིན་གྱི་སྐྱེ་བརྒྱུད་རྣམས་ལ་ཞྭ་ནག་ཅན་དུ་གྲགས་པར་ངེས། འོན་ཏེ་ཀརྨ་ཀམ་ཚང་གི་བརྒྱུད་འཛིན་པ་ཚོས་ཞྭ་ནག་འདི་རྗེ་དུས་གསུམ་མཁྱེན་པ་ལ་མཁའ་འགྲོ་མ་བྱེ་བ་འབུམ་གྱི་དབུ་སྐྲ་ལས་བྱས་ནས་ཕུལ་བ་ཡིན་ཟེར་གྱི་ཡོད། དེ་བཞིན་དུ་རྟོགས་ལྡན་གྲགས་སེང་ལ་ལས་ཞྭ་དམར་པོ་བྱུང་བས་དེའི་བརྒྱུད་པ་ལ་ཞྭ་དམར་བ་ཟེར་བར་མངོན།
སྤོམ་བྲག་པའི་སློབ་མ་ཀརྨ་པཀྴི་སྟེ། ལ་ལས་དུས་གསུམ་མཁྱེན་པའི་སྐུ་སྐྱེ་ཡིན་ཟེར་ཡང་ས་ར་ཧའི་རྣམ་འཕྲུལ་དུ་གྲགས་པ་ལས་རྗེ་དུས་གསུམ་མཁྱེན་པའི་སྐུ་སྐྱེ་ཡིན་པ་ལོ་རྒྱུས་ཁུངས་མ་རྣམས་སུ་མི་སྣང་ཡང་དེང་ཡོངས་གྲགས་སུ་ཀརྨ་པའི་རབས་གཉིས་པར་འདྲེན། པཀྴི་ཞེས་པ་སོག་སྐད་དུ་སློབ་དཔོན་ལ་གོ ཁོང་ནི་རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་1204ལོར་མདོ་ཁམས་དམ་པ་ཆོས་ཕྱུག་གི་ཡུལ་དུ་ཡབ་རྒྱ་དབང་ཚུར་ཚ་དང་། ཡུམ་སེང་བཟའ་ཨ་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་ནས་བཅུའི་བར་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གཅིག་པར་རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་བླ་མར་གསོལ། ཀཿཐོག་བྱམས་པ་འབུམ་ལས་དགེ་སློང་གི་སྡོམ་པ་བཞེས། སྐུ་འདའ་ཁར་གྲུབ་ཐོབ་ཨོ་རྒྱན་པ་ལས་གདན་ས་གཏད་ཅིང་། ཉི་མ་ལ་སྟོད་ཕྱོགས་ནས་ཞྭ་ནག་པོའི་བརྒྱུད་པ་འཛིན་པ་ཞིག་འོང་། དེའི་བར་དུ་རྒྱལ་ཚབ་མཛོད་ཅེས་ཞྭ་ནག་གསེར་མདངས་ཅན་ཨོ་རྒྱན་པའི་དབུ་ལ་བསྐོན། དེ་ནས་མི་རིང་བར་རབ་བྱུང་ལྔ་པའི་ཆུ་ལུག་སྤྱི་ལོ་1283ལོར་སྐུ་མྱ་ངན་ལས་འདས་ཏེ་སྐུའི་སྐྱེ་བ་ལ་སྟོད་མི་ལའི་འཁྲུངས་ཡུལ་དུ་བྱོན་པ་ནི་སྤྲུལ་སྐུ་རང་བྱུང་རྡོ་རྗེའོ། རྗེ་འདིས་ཟབ་མོ་ནང་དོན་དང་། རྩིས་ཀུན་ལས་བཏུས་པ། ཆོས་དབྱིངས་བསྟོད་པའི་འགྲེལ་པ། རྒྱུད་བླ་མའི་ས་བཅད། དོན་འགྲེལ་སོགས་བསྟན་བཅོས་མང་དུ་བརྩམས། ཀརྨ་སྙིང་ཐིག་ཅེས་པའི་དགོངས་གཏེར་ཡང་འབྱུང་། ནང་བརྟག་རྒྱུད་གསུམ་རྩལ་དུ་བཏོན་ནས་འཆད་པའི་སྲོལ་གཏོད། འཇམ་དབྱངས་གོང་མ་ཆེན་པོའི་དབུའི་མཆོད་གནས་སུ་ཕེབས་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། འདི་ནི་བོད་ཡུལ་དུ་བླ་མ་གོང་མའི་སྐུ་སྐྱེ་ངོས་འཛིན་བྱེད་པའི་ཐོག་མ་ཡིན། དེ་ནས་སྤྲུལ་སྐུ་རིམ་པར་བྱོན་པ་སྟེ། བཞི་པ་རོལ་པའི་རྡོ་རྗེ། ལྔ་པ་དེ་བཞིན་གཤེགས་པ། དྲུག་པ་མཐོང་བ་དོན་ལྡན། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་བསྐྱོད་རྡོ་རྗེ། དགུ་པ་དབང་ཕྱུག་རྡོ་རྗེ། བཅུ་པ་ཆོས་དབྱིངས་རྡོ་རྗེ། བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ། བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། བཅུ་བཞི་པ་ཐེག་མཆོག་རྡོ་རྗེ། བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ། བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་རྣམས་རིམ་པར་ཙམ།
ཞྭ་དམར་གྱི་བརྒྱུད་པ་ནི། རྗེ་བཙུན་ཏིལླི་པའི་སློབ་མ་ཁོལ་པོ་དགའ་ཞེས་པ་ཚེ་འཕོས་ནས། ནཱ་རོ་པའི་སློབ་མ་ཛ་ལནྡྷ་རར་སྐྱེས་པ་བྲམ་ཟེ་ཀུན་རིག་བྱ་བ་ཞིག་བོད་དུ་འོངས་ནས་རྗེ་བཙུན་མི་ལ་དང་མཇལ། བལ་བོད་མཚམས་སུ་དཀའ་ཐུབ་ལ་གནས་པ་སླར་ཚེ་འཕོས་ཏེ། ཚུལ་ཁྲིམས་དཔལ་ཞེས་གྲགས། མཉམ་མེད་དྭགས་པོ་ལྷ་རྗེ་དང་རས་ཆུང་བའི་སློབ་མར་གྱུར། དེའི་སྐུ་སྐྱེ་དགེ་སློང་ནམ་མཁའ་རྗེ་དུས་གསུམ་མཁྱེན་པའི་སློབ་མ་ཡིན། དེའི་སྐུ་སྐྱེ་བཀྲ་ཤིས་གྲགས་ཀརྨ་པཀྵིའི་སློབ་མར་གྱུར། དེའི་སྐུ་སྐྱེ་རྟོགས་ལྡན་གྲགས་པ་སེང་གེའམ་འབྲང་དགུ་རས་པ་སྟེ། རྗེ་རང་བྱུང་རྡོ་རྗེའི་ཐུགས་སྲས་ཀྱི་གཙོ་བོར་གྱུར། མདོ་སྔགས་ཀྱི་གཞུང་དང་གདམས་པ་རྒྱ་ཆེན་གསན་ཞིང་། ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་མངའ། ཁོང་ལ་སློབ་མ་གཡག་སྡེ་པཎ་ཆེན་སོགས་མང་དུ་བྱུང་། ཞྭ་དམར་པ་ཞེས་པ་ནི། རྟོགས་ལྡན་གྲགས་པ་སེང་གེ་ལ་ཀརྨ་པ་རང་བྱུང་རྡོ་རྗེས་རང་ཉིད་ཀྱི་དབུ་ཞྭ་དང་དབྱིབས་འདྲ་ལ་མདོག་དམར་པོ་ཞིག་བསྩལ་བས་དེ་ལྟར་ཐོགས། ཀརྨ་པཀྵིའི་ལུང་དུ་ཞྭ་དམར་སྐུ་ཕྲེང་ཉི་ཤུ་རྩ་གཅིག་བར་བྱོན་པ་གསལ། ད་བར་ཁྱོན་སྐུ་ཕྲེང་བཅུ་གཉིས་བྱོན་པ་ལས། སྐུ་ཕྲེང་བཅུ་གཅིག་པར་ཞྭ་དམར་གྱི་མཚན་གནས་ཐོབ་མེད། རྟོགས་ལྡན་གྲགས་པ་སེང་གེ་ནས་རིམ་པར། སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོ། གསུམ་པ་ཆོས་དཔལ་ཡེ་ཤེས། བཞི་པ་ཆོས་གྲགས་ཡེ་ཤེས། ལྔ་པ་དཀོན་མཆོག་ཡན་ལག །དྲུག་པ་ཆོས་ཀྱི་དབང་ཕྱུག །བདུན་པ་དཔལ་ལྡན་ཡེ་ཤེས་སྙིང་པོ། བརྒྱད་པ་ཆོས་ཀྱི་དོན་གྲུབ། དགུ་པ་དཀོན་མཆོག་དགེ་བའི་འབྱུང་གནས། བཅུ་པ་མི་ཕམ་ཆོས་གྲུབ་རྒྱ་མཚོ། བཅུ་གཅིག་པ་འཇམ་དབྱངས་རིན་པོ་ཆེ། བཅུ་གཉིས་པ་མི་ཕམ་ཆོས་ཀྱི་བློ་གྲོས་བཅས་ཁྱོན་སྐུ་ཕྲེང་བཅུ་གཉིས་བྱུང་བ་རྣམས་རྒྱལ་དབང་ཀརྨ་པའི་ཕྲིན་ལས་ཀྱི་བྱེད་པོ་སངས་རྒྱས་འོད་དཔག་མེད་པའི་རྣམ་སྤྲུལ་དུ་ངོས་འཛིན་གནང་སྲོལ་ཡོད།
དེ་དག་གི་སྟེང་དུ། ༡ ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་རྒྱལ་ཚབ་གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱིས་སྤྱི་ལོ་1453ལོར་ཀརྨ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་སྐུ་གཤེགས་རྗེས་ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་གྱི་དབུས་སུ་ཀརྨ་པའི་རྒྱལ་ཚབ་ཏུ་བཞུགས་ནས་སྒར་གྱི་འཛིན་སྐྱོང་གནང་བས་མཚུར་ཕུ་རྒྱལ་ཚབ་ཅེས་པའི་མཚན་ཐོགས། གོ་ཤྲི་དཔལ་འབྱོར་དོན་གྲུབ་ནས་ད་ལྟའི་རྒྱལ་ཚབ་གྲགས་པ་བསྟན་པ་ཡར་འཕེལ་བར་གོ་ཤྲཱི་སྐུ་ཕྲེང་བཅུ་གཉིས་བྱོན་པ་སྟེ། སྐུ་ཕྲེང་དང་པོ་གོ་ཤྲཱི་དཔལ་འབྱོར་དོན་གྲུབ། གཉིས་པ་བཀྲ་ཤིས་རྣམ་རྒྱལ། གསུམ་པ་གྲགས་པ་དཔལ་འབྱོར། བཞི་པ་གྲགས་པ་དོན་གྲུབ། ལྔ་པ་གྲགས་པ་མཆོག་དབྱངས། དྲུག་པ་ནོར་བུ་བཟང་པོ། བདུན་པ་དཀོན་མཆོག་འོད་ཟེར། བརྒྱད་པ་ཆོས་དཔལ་བཟང་པོ། དགུ་པ་གྲགས་པ་ཡེ་ཤེས། བཅུ་པ་འཇམ་དཔལ་བཟང་པོ། བཅུ་གཅིག་པ་གྲགས་པ་རྒྱ་མཚོ། བཅུ་གཉིས་པ་གྲགས་པ་བསྟན་པ་ཡར་འཕེལ་བཅས་དང་།
༢ རྒྱལ་བ་བྱམས་པའི་རྣམ་སྤྲུལ་སི་ཏུ་རིན་པོ་ཆེ་ནི། ཀརྨ་དེ་བཞིན་གཤེགས་པ་སྤྱི་ལོ་1407ལོར་རྒྱ་ནག་ཏཱ་མིང་གཡུང་ལོ་རྒྱལ་པོས་གདན་ཞུས་ལྟར་པེ་ཅིན་དུ་ཕེབས་སྐབས་སྒར་ཆེན་ནས་སྐུ་འཁོར་ཧྲག་བསྡུས་ཤིག་ཕེབས་པའི་གྲལ་དུ་སི་ཏུ་ཆོས་ཀྱི་རྒྱལ་མཚན་ཡང་ཕེབས་པར་རྒྱ་ནག་པས་ཀྭན་ཏིང་ཏཱ་སི་ཏུ་ཞེས་པའི་མཚན་གསོལ། སི་ཏུ་ཆོས་ཀྱི་རྒྱལ་མཚན་ནས་ད་བར་ཆོས་ཀྱི་སྤྱན་ཅན་དྲུག་དང་པདྨའི་ལྗགས་ལྡན་དྲུག་བཅས་ཁྱོན་སྐུ་ཕྲེང་བཅུ་གཉིས་བྱོན་པ་སྟེ། སྐུ་ཕྲེང་དང་པོ་ཆོས་ཀྱི་རྒྱལ་མཚན། གཉིས་པ་བཀྲ་ཤིས་རྣམ་རྒྱལ། གསུམ་པ་བཀྲ་ཤིས་དཔལ་འབྱོར། བཞི་པ་མི་འཁྲུགས་ཆོས་ཀྱི་གོ་ཆ། ལྔ་པ་དགེ་ལེགས་དཔལ་བཟང་། དྲུག་པ་མི་ཕམ་འཕྲིན་ལས་རབ་བརྟན། བདུན་པ་ལེགས་བཤད་སྨྲ་བའི་ཉི་མ། བརྒྱད་པ་ཆོས་ཀྱི་འབྱུང་གནས། དགུ་པ་པདྨ་ཉིན་བྱེད། བཅུ་པ་པདྨ་ཀུན་བཟང་། བཅུ་གཅིག་པ་པདྨ་དབང་མཆོག་རྒྱལ་པོ། བཅུ་གཉིས་པ་པདྨ་དོན་ཡོད་བཅས་པ།
༣ རྒྱལ་བ་ཀརྨ་པའི་འཕྲིན་ལས་འཛིན་པ་གནས་ནང་དཔའ་བོ་སྐུ་ཕྲེང་རིམ་བྱོན་ཏེ། སྐུ་ཕྲེང་དང་པོ་ཆོས་དབང་ལྷུན་གྲུབ། གཉིས་པ་གཙུག་ལག་ཕྲེང་བ། གསུམ་པ་གཙུག་ལག་རྒྱ་མཚོ། བཞི་པ་གཙུག་ལག་ཀུན་ཏུ་བཟང་པོ། ལྔ་པ་ཕྲིན་ལས་རྒྱ་མཚོ། དྲུག་པ་གཙུག་ལག་དོན་གྲུབ། བདུན་པ་གཙུག་ལག་དགའ་བའི་དབང་པོ། བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོ། དགུ་པ་གཙུག་ལག་ཉིན་བྱེད་དབང་པོ། བཅུ་པ་གཙུག་ལག་སྨྲ་བའི་དབང་ཕྱུག །བཅུ་གཅིག་པ་གཙུག་ལག་སྨྲ་བའི་སྒྲ་དབྱངས་བཅས་ད་བར་སྐུ་ཕྲེང་བཅུ་གཅིག་བྱོན་པ་རྣམས།
༤ ཀརྨ་པའི་ཞབས་དྲུང་ཏྲེ་ཧོ་རིན་པོ་ཆེ་ན་རིམ་ལ་ཏྲེ་ཧོ་ཞེས་ཐོགས་དོན་ནི། མཚུར་ཕུ་དགོན་དུ་ཁམས་ཏྲེ་ཧོའི་ལས་ཚན་ཞིག་ཡོད་པ་དེར་རྒྱུན་བཞུགས་མཛད་པས་སམ། སྐུ་ཕྲེང་དང་པོ་ཁམས་ཟླ་རྒྱུད་དུ་འཁྲུངས་པ་ཏྲེ་ཧོའི་ཁོངས་སུ་གཏོགས་པས་སོ། ཏྲེ་ཧོ་སྐུ་ཕྲེང་དང་པོ་མཁས་གྲུབ་ཆོས་ཀྱི་རྒྱ་མཚོ་ནས་རིམ་པར། སྐུ་ཕྲེང་གཉིས་པ་དཔག་བསམ་དབང་པོ། གསུམ་པ་ཀརྨ་བསྟན་འཛིན་དར་རྒྱས། བཞི་པ་བྱང་ཆུབ་ཆོས་ཀྱི་སྙིང་པོ། ལྔ་པ་ཆོས་ཀྱི་དབང་པོ། དྲུག་པ་ཆོས་ཀྱི་ནོར་བུ། བདུན་པ་ཆོས་ཀྱི་སྣང་བ། བརྒྱད་པ་ཕྲིན་ལས་དབང་པོ། དགུ་པ་ཀརྨ་ངེས་དོན་ཆོས་ཀྱི་སེང་གེ་བཅུ་པ་བསྟན་འཛིན་འཇིགས་མེད་ཆོས་དབྱིངས་བཅས་སྐུ་ཕྲེང་བཅུ་བྱོན། དེ་ལྟར་ཡབ་སྲས་རྣམ་པ་ལྔ་སྟེ་ཀརྨ་ཞྭ་དམར་ནག་གཉིས་ཀྱི་སྐུ་ཕྲེང་རིམ་བྱོན། མཚུར་ཕུ་རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན། སི་ཏུ་སྐུ་ཕྲེང་རིམ་བྱོན། ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་བཅས་ནི་ཨོ་རྒྱན་ཆེན་པོའི་གཏེར་ལུང་དུ་མ་ནས་ལུང་གིས་ཟིན་པ་ཙམ་དུ་མ་ཟད། མཐོང་ཐོས་དྲན་རེག་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་སྦྱོར་བའི་བསྟོད་བསྔགས་ཆེ་བརྗོད་མང་དུ་མཛད།
དེ་དག་ལས་ཀརྨ་དེ་བཞིན་གཤེགས་པའི་དངོས་སློབ་མཁའ་འགྲོ་སྙིང་ཏིག་ལ་གྲུབ་པ་ཐོབ་པ་རྨ་སེ་བློ་གྲོས་རིན་ཆེན་ལ་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ནོར་བུ་སྐོར་གསུམ་གྱི་བཀའ་བབས། ཁོང་ཉིད་སངས་རྒྱས་ཞིག་ཆེན་གྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་ཚོགས་གར་ཆེན་པོའི་སྲོལ་གཏོད། ཟུར་མང་གི་གདན་ས་བཏབ་ནས་ཟུར་མང་བཀའ་བརྒྱུད་དང་། རྗེ་དགུ་པའི་ཐུགས་སྲས་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་སློབ་མ་ཀརྨ་ཆགས་མེད་དེ་ཉིད་གསར་རྙིང་དཀྱིལ་འཁོར་རབ་འབྱམས་ཀྱི་བསྙེན་སྒྲུབ་རྣམ་ཐར་བཞི་མཐར་ཕྱིན། གཏེར་ཆེན་མང་པོའི་ཆོས་བདག་ཏུ་མངའ་གསོལ་བའི་མཛད་པ་མང་དུ་མཆིས། དམ་ཆོས་ཀྱི་འཕྲིན་ལས་གྲུབ་མཐའ་ཡོངས་ལ་ཁྱབ་པ་དེའི་ཆོས་བརྒྱུད་ལ་གདན་སའི་མཚན་ལས་གནས་མདོ་བཀའ་བརྒྱུད་དུ་གྲགས་ཏེ། དེ་གཉིས་ནི་ཀརྨ་ཀཾ་ཚང་གི་ཡན་ལག་བཀའ་རྙིང་ཆུ་བོ་གཅིག་འདྲེས་ཀྱི་གྲུབ་མཐའ་ད་ལྟའང་རང་རྐང་ཚུགས་པར་བཞུགས་ཤིང་། གཞན་ཡང་ཡབ་སྲས་དེ་དག་གི་སློབ་མ་མཚུར་ཕུ་འཇམ་དབྱངས་ཆེན་པོ། འགོས་ལོ་གཞོན་ནུ་དཔལ། འཇམ་མགོན་བློ་གྲོས་མཐའ་ཡས། བེ་རུ་མཁྱེན་བརྩེ་རིན་པོ་ཆེ་སོགས་བཤད་པ་གཙོ་བོར་མཛད་པའི་མཁས་གྲུབ་རྣམས་དང་། གཉན་རས་དགེ་འདུན་འབུམ། ཡང་རིའི་རྟོགས་ལྡན་བརྒྱད་ཅུ། ཙཱ་རི་རྟོགས་ལྡན་སོགས་མཁས་དང་གྲུབ་པའི་ཚོགས་དེང་གི་བར་རྒྱུན་མ་ཆད་པས་བསྟན་འགྲོའི་དོན་མཛད་པའི་གདན་ས་ནི་སྟོད་ལུང་མཚུར་ཕུ། ཀརྨ་རི་གླིང་། ཀཾ་པོ་གནས་ནང་སྟེ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ། ཤར་ཕྱོགས་སྤུངས་རི་དང་། ཏྲེ་ཀཾ་ཁྱིམ་ཡོན་ཏན་གྱི་གནས། འཕར་ར་དང་གྲྭ་མ་གྲུ་བཞི་འཕྲིན་ལས་ཀྱི་གནས་ཏེ། དེ་ལས་གྱེས་པའི་དགོན་གནས་དང་གཙུག་ལག་ས་ཆ་མང་པོར་ཁྱབ་ཅིང་། བཤད་སྒྲུབ་ཀྱི་འཕྲིན་ལས་དར་ཞིང་རྒྱས་སོ།
།འོན་ཀྱང་ཀརྨ་མི་བསྐྱོད་རྡོ་རྗེ་དང་། དཔའ་བོ་གཙུག་ལག་ཕྲེང་བ། འབྲུག་པ་པདྨ་དཀར་པོ་སོགས་ཀྱི་དུས་ལ་རིག་གཞུང་འཆད་ཉན་རྒྱ་ཆེར་མཛད་པར་བརྟེན། ཕྱིས་ཐ་སྙད་ཀྱི་སྤྲོས་པ་ལ་དབུ་འཁོར་ནས་སྔོན་གྱི་སྒྲུབ་ཚིགས་བཟང་པོ་དེ་ཅུང་ཟད་ཉམས་པ་ཐུའུ་བཀྭན་རིན་པོ་ཆེས་གསུངས་པ་དང་། ལྷག་དོན་བཀའ་དགེའི་ཆོས་བརྒྱུད་གཉིས་ཀྱི་དབར་འཇིག་རྟེན་སྲིད་ལུགས་ཀྱི་གོ་བབས་ལ་འཁྲུག་པའི་ལོ་རྒྱུས་ཀྱི་སྐྱོ་གར་དང་། ཞྭ་དམར་ཆོས་གྲུབ་རྒྱ་མཚོས་གོར་དམག་དང་ངན་འབྲེལ་གྱིས་བཀྲ་ཤིས་ལྷུན་པོ་དགོན་གྱི་ནང་རྟེན་མང་དག་ཅིག་བརྐུ་འཁྱེར་བྱས་པས་ཞྭ་དམར་བའི་ཕྱིས་ཀྱི་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པ་དང་། ཡངས་ཅན་དགོན་པ་དགེ་ལུགས་སུ་བསྒྱུར་བ་སོགས་ཀྱིས་རྐྱེན་པས་ཆོས་བརྒྱུད་འདིར་ཡང་གྱོང་གུན་ཚབས་ཆེན་ཕོག །ད་ལྟའི་ཆར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སྐུ་ཕྲེང་རིམ་བྱོན་རྣམས་དང་། འཇམ་མགོན་བློ་གྲོས་མཐའ་ཡས་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཤིང་། ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གསར་བསྐྲུན་གནང་སྟེ་བཤད་སྒྲུབ་གཉིས་ཀའི་རྒྱུན་སླར་གསོ་འབྱུང་བཞིན་ཡོད་དོ།
II.1.2.2 Phagdru Kagyü
།གཉིས། ཕག་གྲུ་བཀའ་བརྒྱུད།
ཕག་གྲུ་བཀའ་བརྒྱུད་ནི། མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ་བཀའ་བརྒྱུད་ཀྱི་བདག་པོར་དབང་བསྐུར་བ་རྒྱལ་བ་ཕག་མོ་གྲུ་པ་ལས་བརྒྱུད་པ་སྟེ། དེ་ནི་མདོ་ཁམས་སྡེ་དགེའི་སའི་ཆ་རྨེ་ཤོད་རྟག་ངོས་སབ་ཁང་སྟེ་དེང་སྡེ་དགེ་རྫོང་དཔེ་ཝར་ཡུལ་ཤོག་སྦས་མོ་གྲོང་ཚོའི་ཁོངས་སུ་ཡབ་ཝ་ནེ་ཨ་ཐར་དང་། ཡུམ་བཙུན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་1110ལོར་སྐུ་འཁྲུངས། དགུང་ལོ་དགུ་པར་བྱ་ཁྱི་ལྷ་ཁང་གི་མཁན་པོ་ལྷིང་ངེ་བ་ཚུལ་ཁྲིམས་འབར་དང་། སློབ་དཔོན་འོད་ཟེར་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་རྒྱལ་པོར་གསོལ། ཡི་གེ་དང་ལྷ་བྲིས་མ་བསླབས་པར་མཁྱེན། མདོ་ཁམས་སུ་ལོ་ཉི་ཤུ་ལྷག་ཙམ་བཞུགས་རིང་སློབ་དཔོན་བཅུ་དྲུག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ལ་གསན་བསམ་ལེགས་པར་མཛད། སྤྱོད་འཇུག་ལ་བཤད་པ་འགའ་རེ་ཡང་མཛད། དགུང་ལོ་ཉེར་གཉིས་པར་དབུས་སུ་བྱོན། སྟོད་ལུང་དུ་དགེ་བཤེས་རྒྱ་དམར་བ་དང་། ཕུ་པ་ཆོས་ཀྱི་སེང་གེ་གཉིས་ལ་ཆོས་གསན། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་ཟུལ་ཕུར་བྱ་འདུལ་འཛིན་པས་མཁན་པོ། རྒྱ་དམར་བས་ལས་སློབ། ཨར་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། མཁན་སློབ་ལས་འདུལ་བ། གསང་སྟོན་ལས་ཕར་ཕྱིན། མྱང་བྲན་ལ་སྤྱོད་འཇུག་སོགས་གསན་པས་མཁས་པའི་རྩེ་མོར་སོན། གཞན་ཡང་དམར་ཆོས་རྒྱལ་དང་། དཔལ་ཆེན་རྒ་ལོ། ས་ཆེན་ཀུན་དགའ་སྙིང་པོ། འཛིམས་ལོ་ཙཱ་བ། བྱང་སེམས་ཟླ་བ་རྒྱལ་མཚན་སོགས་བསྟེན་ནས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན་ཞིང་མཁས་པར་གྱུར་པས་དགེ་བཤེས་ཁམས་པ་ཞེས་སྙན་གྲགས་ཇེ་ཆེར་རྒྱས། དགུང་ལོ་ཞེ་གཅིག་པ་སྤྱི་ལོ་1151ལོར་བླ་མ་ཞང་དང་མཉམ་དུ་སྒམ་པོར་བྱོན་ནས་མཉམ་མེད་དྭགས་པོའི་དྲུང་དུ་གདམས་ངག་གསན་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཆོག་ཏུ་གྱུར། ད་རྗེས་དཔལ་ལྡན་ཕག་མོ་གྲུ་ཡི་ནགས་ཁྲོད་དུ། །སྐལ་ལྡན་གདུལ་བྱ་མང་པོ་སྨིན་མཛད་ཅིང་ཞེས་གསུངས་པ་ལྟར་དགུང་ལོ་ཞེ་དགུར་ཕེབས་པ་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ་1158ལོར་ཕག་གྲུའི་གདན་ས་མཐིལ་བཏབ་སྟེ་མཉམ་མེད་དྭགས་པོ་ལྷ་རྗེའི་གདམས་པ་གཙོ་བོར་གྱུར་བའི་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ་བའི་རིང་ལུགས་ཐུན་མོང་མ་ཡིན་པ་དེ་ལ་ཕག་གྲུ་བཀའ་བརྒྱུད་ཅེས་པའི་མཚན་ཐོགས། གདན་ས་དེར་ལོ་བཅུ་གསུམ་བཞུགས་རིང་གྲུབ་པ་ཐོབ་པའི་སློབ་མ་སྐྱེས་མཆོག་དུ་མ་དམ་པའི་ཆོས་ཀྱིས་ཚིམས་པར་མཛད་ནས། གྲྭ་པ་བརྒྱད་བརྒྱ་ལ་གདུགས་ཐོགས་པ་ལྔ་བརྒྱ་ཞེས་སུ་གྲགས་པ་ལྟར་སློབ་མ་གྲངས་ལས་འདས་པ་བྱུང་། ལྗགས་རྩོམ་ལ་གསུང་འབུམ་པོད་བཞི་ཡོད། དགུང་ལོ་རེ་གཅིག་པ་རབ་བྱུང་གསུམ་པའི་ལྕགས་སྟག་སྤྱི་ལོ་1170ལོར་སྐུ་གཤེགས།
སློབ་མ་རྣམས་ལས་ཁྱད་པར་དུ་འཕགས་པའི་བུ་ཆེན་ནི། མོས་གུས་མཐར་ཐུག་སྟག་ལུང་ཐང་པ་བཀྲ་ཤིས་དཔལ། རྟོགས་པའི་མཐར་ཐུག་སྣ་ཕུ་བ་གླིང་རས་པདྨ་རྡོ་རྗེ། ཤེས་རབ་མཐར་ཐུག་སྤར་ཕུ་བ་བློ་གྲོས་སེང་གེ ནུས་པའི་མཐར་ཐུག་མཆན་བུ་རྒྱ་རས་རྣམས་ལ་མཐར་ཐུག་གི་བུ་བཞི་ཟེར། ཟ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ རྟོགས་ལྡན་མི་ཉག་སྒོམ་རིང་། གྲུབ་ཐོབ་ཉག་རེ་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་རྣམས་ལ་གདམས་པའི་བུ་བཞི་ཟེར། འབྲི་གུང་འཇིག་རྟེན་མགོན་པོ། བནྡྷ་ཕུག་པ། ཆོས་རྗེ་ལྡུམ། ཆོས་རྗེ་གཏུམ་རྣམས་ལ་རོ་གཅིག་རྟོགས་པ་ཕྱེད་དང་བཞི་ཟེར། གཤེན་དགོན་དཀར་བ། གྱང་ཤན་གྲོང་བ། རྔོག་སེང་གེ་ཁ་པ། རྩི་ལུང་པ་རྣམས་ལ་ཐུགས་ཀྱི་སྲས་བཞི་ཟེར། རིན་པོ་ཆེ་ཤུགས་ཚར་བ། ལྷ་ས་བ་དགེ་འདུན་སྐྱབས། གྲུ་གུ་སྟོན་པ་བློ་གྲོས་སེང་གེ རྒྱན་ཐང་པ་རྣམས་ལ་ཡི་གེ་མའི་བུ་བཞི་ཟེར། བླ་མ་སྨར་པ། ཡེལ་ཕུག་པ། དགྱེར་སྒོམ་པ། དགེ་བའི་བཤེས་གཉེན་སེང་གེ་དཔལ་རྣམས་ལ་ཉེ་བའི་སྲས་བཞི་ཟེར་བ་སོགས་ཀྱི་གྲུབ་པའི་སྐྱེས་བུ་མང་དུ་བྱུང་།
ཕག་གྲུའི་དགོན་གནས་ཀུན་གྱི་གཙོ་བོ་གདན་ས་མཐིལ་དེ་འགྲོ་མགོན་གྱི་རྗེས་སུ་སྐྱུ་ར་རིན་པོ་ཆེས་ཅུང་ཟད་བསྐྱངས། དེ་རྗེས་རླངས་ལྷ་གཟིགས་ཀྱི་གདུང་ལས་འཁྲུངས་པ་སྤྱན་སྔ་གྲགས་པ་འབྱུང་གནས། དེ་ནས་རིམ་བཞིན་རིས་སྔ་ཐོག་བརྡུགས་པ། བཅུ་གཉིས་པ་རིན་ཆེན་རྡོ་རྗེ། རིན་པོ་ཆེ་གྲགས་པ་ཡེ་ཤེས། གཉིས་མཆོད་པ་གྲགས་པ་རིན་ཆེན། ཚེས་བཞི་རྙིང་མ་བ་གྲགས་པ་རྒྱལ་མཚན། བཅུ་གཉིས་གསར་མ་བ་གྲགས་པ་ཤེས་རབ། འདིའི་གཅེན་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་གི་བདག་པོ་བྱས། ཚེས་བཞི་གསར་མ་བ་གྲགས་པ་བྱང་ཆུབ། འདི་ཉིད་ཀྱི་རྟོགས་བརྗོད་རྒྱལ་བ་ཙོང་ཁ་པས་མཛད་པ་གསུང་ཐོར་བུ་ན་ཡོད། དེ་རྗེས་ཆོས་རྗེ་བསོད་ནམས་རྒྱལ་མཚན། སྤྱན་སྔ་དཔལ་ལྡན་བཟང་པོ། ཉེར་གཉིས་རིན་པོ་ཆེ་སོགས་རིམ་པར་བྱོན། དེ་ལྟར་འབྲི་གུང་སྒོམ་པ་ཤཱཀ་རིན་གྱིས་གདན་ས་དཔལ་གྱི་ཕག་གྲུ་དེ། །ཆུ་མིག་བརྒྱ་རྩའི་མགོ་བོ་ཡིན་ཞེས་གསུངས་པ་ལྟར་ཕག་གྲུའི་གདན་ས་འདི་ལས་བཀའ་བརྒྱུད་པའི་སྡེ་དགོན་དང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས་ཆུང་བ་བརྒྱད་རྣམས་མཆེད་པ་འོག་ཏུ་འཆད་དོ།
II.1.2.3 Tshalpa Kagyü
།གསུམ། ཚལ་པ་བཀའ་བརྒྱུད།
ཞང་ཚལ་པ་ནི། ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་ལས་བརྒྱུད་པ་སྟེ། བླ་མ་ཞང་ནི་སྐྱི་ཤོད་ཀྱི་ངམ་ཤོད་ཚ་གྲུར་ཞང་གི་རིགས་ལས་བྱུང་བའི་ཡབ་སྔགས་འཆང་རྡོ་རྗེ་སེམས་དཔའ་དང་། ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གཉིས་པའི་ཆུ་སྟག་སྤྱི་ལོ་1122ལོར་སྐུ་བལྟམས། མཚན་དར་མ་ཞེས་གསོལ། དགུང་ལོ་བདུན་ལ་སོན་སྐབས་ཡི་གེ་བསླབས་པས་མྱུར་བར་མཁྱེན། དགུང་ལོ་དགུ་ནས་བཅོ་བརྒྱད་ཀྱི་བར་ལ་མདོ་སྔགས་གཞུང་ལུགས་མང་དུ་གསན་ནས་མཁས་པར་གྱུར། དགུང་ལོ་ཉེར་དྲུག་པ་ལ་བསྙེན་པར་རྫོགས་ཏེ་མཚན་བརྩོན་འགྲུས་གྲགས་པར་བཏགས། དཔལ་ཆེན་རྒ་ལོའི་དྲུང་དུ་ལྷན་ཅིག་སྐྱེས་སྦྱོར་སོགས་ཀྱི་གདམས་ངག་མང་དུ་གསན། དྭགས་པོའི་སློབ་མ་སྒམ་པོ་བ་ཚུལ་ཁྲིམས་སྙིང་པོ་དང་མཇལ་ཏེ་ཕྱག་རྒྱ་ཆེན་པོ་གསན་པས་བཀའ་བརྒྱུད་ཀྱི་བྱིན་རླབས་ཞུགས། ལོ་མང་རིང་རི་ཁྲོད་ངེས་མེད་དུ་སྒོམ་སྒྲུབ་མཛད་པས་སེམས་ཀྱི་ངོ་བོ་རྗེན་པར་གཟིགས། སྐྱི་ཤོད་གུང་ཐང་དུ་གཙུག་ལག་ཁང་ལྷ་ཆེན་དང་བཅས་པ་བཞེངས། སྐུ་ཚེའི་དཀྱིལ་ནས་སྐུ་ཚེའི་སྨད་དུ་མ་སླེབས་བར་ལྷོ་ཁ་དང་འབྲི་གུང༌། འོལ་ཁ་ས་ཁུལ་གྱི་སྒེར་བཙན་དཔོན་རིགས་མང་པོར་དམག་དྲངས་ཏེ་ཁོ་ཚོའི་མི་སྡེ་རྣམས་དབང་འོག་ཏུ་བསྡུས། སྐུ་ཚེའི་སྨད་དུ་ཀརྨ་དུས་གསུམ་མཁྱེན་པས་རེ་འདུན་ཞུས་པ་ལྟར་སྐུ་ཚེ་མ་རྫོགས་བར་དུ་དམག་མཚམས་འཇོག་པ་གནང་། གནས་བདུན་དུ་སྐུའི་འགྱུར་བ་བདུན་བསྟན་ནས་མཚན་བདུན་དུ་ཐོགས། རབ་བྱུང་གསུམ་པའི་མེ་ལུག་སྤྱི་ལོ་1175ལོར་ཚལ་ཡང་དགོན་དང་། དེ་ནས་ལོ་བཅུ་གསུམ་སོང་བ་སྟེ་སྤྱི་ལོ་1187ལོར་གུང་ཐང་གི་དགོན་པ་བཏབ་ནས་ལྷ་ཆེན་དཔལ་འབར་བཞེངས། ཆོས་སྐྱོང་བྱ་རོག་གིས་ཅི་བསྒོ་སྒྲུབ། སྒོམ་པ་ཚུལ་ཁྲིམས་སྙིང་པོའི་བཀའ་བཞིན་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཉམས་གསོ་བདག་གཅེས། དུས་ཀྱི་མཆོད་པ་བླ་ན་མེད་པ་སྤྲོས་ཏེ་ཞབས་ཏོག་རྒྱ་ཆེན་པོ་མཛད། ཚལ་དང་། གུང་ཐང་གཉིས་ཀའི་བདག་སྐྱོང་དང་འཆད་ཉན་མི་ཉམས་པར་མཛད། ཁོང་ལ་སྤྱིར་ཆོས་འབྲེལ་ཐོབ་པའི་བླ་མ་བཞི་བཅུ་རྩ་བཞི་དང་། གཙོ་བོའི་བླ་མ་དྲུག་སྟེ། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒ་ལོ། གླིང་ཁ་བའི་སློབ་མ་མལ་ཡེར་པ། བྱང་སེམས་འོལ་ཁ་བ། དྭགས་པོ་སྒོམ་པ་ཚུལ་ཁྲིམས་སྙིང་པོ། གྲུབ་ཐོབ་བཻ་རོ་ཙ་ན་སྟེ་དེ་དག་གི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་གསན། རྣམ་པར་དཀར་བའི་འཕྲིན་ལས་མཐའ་ཡས་ཤིང་དགུང་ལོ་དོན་གཉིས་པ་སྟེ་སྤྱི་ལོ་1193ལོར་མྱ་ངན་ལས་འདས། སློབ་མ་མང་དུ་བྱུང་བའི་གཙོ་བོ་ནི་ནམ་མཁའ་འོད་དང་། ཁ་རག་པ་འདུལ་བ་འོད། ལྷ་ཕྱུག་པ་ཉི་ཟླ་འོད། འབྲི་ར་བ་ཤཱཀྱ་འོད་བཅས་ཡིན་ལ། དེ་བཞི་ཀས་དགོན་པ་བཏབ་པས། དེའི་དབོན་པོའི་རིང་ལ་གྲྭ་པ་ཁྲི་ཙམ་ཚོགས་ཟེར། གདན་ས་དངོས་མཉམ་མེད་ཤཱཀྱ་ཡེ་ཤེས་དང་། དེ་ནས་སློབ་དཔོན་བྱང་ཡེས། ལྷ་ཕྱུག་པ་ཉི་ཟླ་འོད། སངས་རྒྱས་འབུམ། སངས་རྒྱས་སྙིང་པོ། སངས་རྒྱས་རས་པ། གསེར་ཁང་སྟེང་པ་སོགས་ཀྱིས་བསྐྱངས། གཞན་ཡང་མར་པ་འོད་སོགས་བསྟན་པ་ལ་བྱ་བ་བྱེད་ནུས་པའི་སྐྱེས་བུ་རིམ་པར་བྱོན་པས་ཚལ་པ་བཀའ་བརྒྱུད་ཅེས་གྲགས་སོ།
།དཔོན་ཆེན་དར་མ་གཞོན་ནུ་དང་། སངས་རྒྱས་དངོས་གྲུབ་སོགས་ཚལ་པའི་དཔོན་ཆེན་རིམ་པས་སྲིད་སྐྱོང་སྐབས་བསྟན་པའང་མ་ཉམས་པར་གནས་ཀྱང་། ཕྱིས་སུ་ཚལ་པའི་སྲིད་ཉམས་ཤིང་གཙུག་ལག་ཁང་རྣམས་ལ་མེ་སྐྱོན་བྱུང་། ད་ལྟ་ནི་སྐུ་གསུང་ཐུགས་ཀྱི་རྟེན་དང་། མགོན་ཁང་སོགས་ཡོད་པ་ཙམ་མོ།
II.1.2.4 Barom Kagyü
།བཞི། འབའ་རོམ་བཀའ་བརྒྱུད།
འབའ་རོམ་བཀའ་བརྒྱུད་ནི། རྗེ་མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ། གྲུབ་པའི་དབང་ཕྱུག་བརྟུལ་ཞུགས་སྤྱོད་པ་ནག་པོ་བའི་སྐྱེ་བར་གྲགས་པ་འབའ་རོམ་པ་དར་མ་དབང་ཕྱུག་ལས་བྱུང་བ་ཡིན། རྗེ་དར་མ་དབང་ཕྱུག་ནི། ཆོས་བློན་བྲན་ཁ་དཔལ་ཡོན་གྱི་རྒྱུད་དུ་འཕན་ཡུལ་གྱི་ཀ་བ་ཡུལ་སྣར་ཡབ་སྟོན་པ་འབྱུང་གནས་བློ་གྲོས་དང་། ཡུམ་ཇོ་མོ་ལོ་ཆུང་མ་གཉིས་ལ། མེ་མོ་ལུག་སྟེ་སྤྱི་ལོ་1127ལོར་སྐུ་བལྟམས། སྲས་གསུམ་ཡོད་པའི་འབྲིང་པོ་ཡིན། དགུང་ལོ་བརྒྱད་པ་ལ་མཁན་པོ་ཀ་བ་དར་མ་སེང་གེ་དང་། སློབ་དཔོན་དབང་ཕྱུག་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་། མཚན་དར་མ་དབང་ཕྱུག་ཏུ་གསོལ། དགེ་བཤེས་བྱ་ཡུལ་བ་དང་། པོ་ཏོ་བའི་བུ་ཆེན་གྲུ་བུ་ལུང་པ་ལ་བཀའ་གདམས་ཀྱི་ཆོས་སྐོར་གསན། དགུང་ལོ་ཉི་ཤུ་རྩ་གཅིག་གི་སྟེང་དུ་རྗེ་དྭགས་པོ་རིན་པོ་ཆེ་དང་མཇལ་ནས་བཀའ་བརྒྱུད་ཀྱི་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན། དཀའ་ཚེགས་མེད་པར་རྟོགས་པ་ཅིག་ཅར་དུ་འཁྲུངས། རྗེ་བཙུན་མི་ལ་སོགས་གཟིགས་སྣང་ཁྱད་པར་ཅན་མང་དུ་གཟིགས། མཉམ་མེད་དྭགས་པོ་རིན་པོ་ཆེས་ཁོང་ལ་ལྷོ་བྲག་མར་པས་བྱིན་གྱིས་བརླབས་པའི་གནས་ཡིན་པས། འབའ་རོམ་དུ་སོང་ལ་སྒྲུབ་པ་གྱིས་གསུངས། གསེར་དང་ཕྱག་དཔེ་སོགས་མང་དུ་སྦྱིན་ནས་དགོན་གནས་འདེབ་པའི་ལུང་བསྟན་གནང་། དྭགས་པོ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་སྐུ་འབུམ་མ་ཚར་བར་ཐུགས་ཚིམས་པའི་ཞབས་ཏོག་མཛད། དགུང་ལོ་ཉེར་བརྒྱད་ལ་འབའ་རོམ་དུ་ཕེབས་ནས་ལོ་བདུན་གྱི་བར་སྒྲུབ་པར་ཞུགས། ཡང་ཁམས་སུ་ལན་གསུམ་བྱོན་ནས་ཀོ་མཚོ་དང་ལོ་སྡེའི་དགོན་པ་བཏབ། གདུལ་བྱ་དཔག་མེད་བསྐྱངས། དེ་རྗེས་འབའ་རོམ་དུ་བྱོན་ནས་བྲག་དམར་གྱི་ལོགས་ལ་གཙུག་ལག་ཁང་དང་དགོན་པ་བཏབ། བདེ་སྟོང་ཕྱག་རྒྱ་ཆེན་པོ་ལ་བསྲེ་འཕོ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་གསེབ་ལམ་རིག་པ་རྐྱང་འདེད་ཀྱིས་མཚན་གསོལ་བས་སློབ་མ་མང་དུ་འདུས་པ་ལ་ཁྲིད་བཏབ། མཐར་དགུང་ལོ་བདུན་ཅུ་རྩ་གསུམ་ལ་ཕེབས་པ་རབ་བྱུང་གསུམ་པའི་ས་ལུག་སྤྱི་ལོ་1199ལོར་ཞི་བར་གཤེགས། དེ་ལ་བུ་སློབ་ངོ་མཚར་ཅན་མང་དུ་བྱུང་བ་ལས། བུ་ཆེན་བཞི་ནི། རྩེ་འབྲོམ་དབང་ཕྱུག་སེང་གེ་དང་། བྲག་ཀ་ཇོ་བཙུན། བླ་མ་ཆེན་པོ་ལྷོ་པ། སྟོན་པ་རིན་ཆེན་བླ་མ་བཅས་དང་། དེ་དང་ཉེ་བ་བཞི་ནི། བྲག་ཀ་ལྷ་སྟོན། སྒོམ་པ་གཞོན་ནུ་བུ་གྲགས། ཁྱི་མཉེས་ཨཱརྱ་དེ་ཝ། ལྷ་རྗེ་བློ་གྲོས་བཅས། བརྒྱུད་པ་འཛིན་པའི་སྲས་བཞི་ནི། ཏི་ཤྲཱི་རས་པ། བླ་མ་ཉིན་དགོན་པ། བླ་མ་དཔལ་རྒྱལ། སེང་གེ་རྒྱལ་མཚན། དབོན་པོ་ཤེས་རབ་བྱང་ཆུབ་དང་ལྔའོ།
།དེའི་གདན་ས་ལ་གཅུང་ཇོ་བཙུན་ནམ་མཁའ་རྒྱལ་མཚན་བཞུགས་ནས་བླ་མའི་ནང་རྟེན་ལ་གདུང་རྟེན་ཆེན་མོ། སྐུ་ལྡེར་གསུང་བྱོན་མ། མཆོད་ཁང་རྙིང་མ་རྣམས་བཞེངས། གདན་ས་ལོ་བཅུ་མཛད་ནས་ཆུ་ཕོ་འབྲུག་ལ་གཤེགས། དེ་ནས་དབང་ཕྱུག་རྒྱལ་མཚན། ཤེས་རབ་དབང་ཕྱུག །དབང་ཕྱུག་རྒྱལ་པོ། གཞོན་ནུ་ཤེས་རབ་སོགས་དབོན་རྒྱུད་རྣམས་ཀྱིས་གདན་ས་རིམ་པར་མཛད་པ་ཡིན་ལ། བརྒྱུད་འཛིན་དེ་རྣམས་ཀྱི་ནང་ནས་ཁྱད་དུ་འཕགས་པ་ནི་འགྲོ་མགོན་ཏི་ཤྲཱི་རས་པ་ཡིན། འབའ་རོམ་བཀའ་བརྒྱུད་པའི་གདན་ས་ལ་བྱང་འབའ་རོམ་མཚོ་དང་འབའ་རོམ་ལའི་ཉེ་འདབས་སུ་ཡོད་པའི་འབའ་རོམ་སྒོམ་སྡེ་བཅོ་བརྒྱད་རྣམས་ཡོད་ལ། དེ་དག་ཏུ་རང་ལུགས་ཀྱི་ཁྲིད་སྲོལ་ཆོས་བརྒྱུད་མ་ཆད་པར་བཞུགས་ཡོད་པར་གྲགས་སོ།
II.1.2.5 Drikung Kagyü
།ལྔ། འབྲི་གུང་བཀའ་བརྒྱུད།
འབྲི་གུང་པ་ནི། རྗེ་ཕག་མོ་གྲུ་པའི་སློབ་མ། འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་སྤྲུལ། མདོ་ཁམས་སྐྱུ་རའི་གདུང་རྒྱུད། རྟེན་འབྲེལ་མཐར་ཕྱིན་སྐྱོབ་པ་འཇིག་རྟེན་མགོན་པོ་ལས་བརྒྱུད་པ་སྟེ། ཁོང་ནི་འཁྲུངས་ཡུལ་འདན་མ། གདུང་རུས་སྐྱུ་ར། རབ་བྱུང་གཉིས་པའི་ཆུ་མོ་ཕག་གི་ལོ་སྟེ་སྤྱི་ལོ་1143ལོར་སྐུ་བལྟམས། གཞོན་ནུའི་དུས་ནས་འགྲོ་མགོན་ཕག་མོ་གྲུ་པའི་དྲུང་དུ་བྱོན། མཚན་རིན་ཆེན་དཔལ་དུ་བཏགས། གདམས་པ་གསན་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཆེན་པོ་ཐུགས་ལ་འཁྲུངས། མཛེ་ནད་ཀྱིས་བསྙུངས་པ་ལ་སྙིང་རྗེ་ཆེན་པོ་བསྒོམས་པས་ཀླུ་གདོན་དེ་ཡང་འཁོར་དང་བཅས་པ་སྐུ་ལུས་ལས་ཐོན་ནས་སོང་བ་གཟིགས་ཤིང་། དེ་མ་ཐག་ཏུ་ནད་ཀྱང་དྲག །དགུང་ལོ་ཉི་ཤུ་རྩ་ལྔ་ལ་སུམ་ཐོག་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས། སུམ་ཅུ་རྩ་བདུན་ལ་ཕེབས་པ་རབ་བྱུང་གསུམ་པའི་ས་ཕག་སྤྱི་ལོ་1179ལོར་འབྲི་གུང་མཐིལ་འོག་མིན་བྱང་ཆུབ་གླིང་ཕྱག་བཏབ། རིམ་གྱིས་ཇེ་རྒྱས་སུ་གྱུར་ཏེ་དགེ་འདུན་མཐའ་ཡས་པ་འདུས། གཉོས་རྒྱལ་བ་ལྷ་ནང་པས་ཆོས་སྟོན་དྲངས་པའི་དུས་སུ་འཁོར་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་འདུས། དུས་གཅིག་ལ་དགེ་སློང་འབུམ་ཕྲག་གིས་ཚུལ་ཤིང་ལེན་པ་བྱུང་ཞེས་གྲགས་ལ། སྙན་གྲགས་ཀྱི་བ་དན་འཛམ་གླིང་ཁྱོན་ལ་ཁྱབ། དགུང་ལོ་བདུན་ཅུ་རྩ་ལྔ་ལ་ཕེབས་པ་རབ་བྱུང་བཞི་པའི་མེ་གླང་སྤྱི་ལོ་1217ལོར་སྐུ་གཤེགས་པའི་ཚུལ་བསྟན། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱིས་གཙོས་པའི་གདམས་པས་བསྐྱངས་པའི་སློབ་མ་ཡང་སྤྱན་སྔ་བཞི། གཉོས་འགར་ཆོས་གསུམ། དཔལ་ཆེན་བཅུ་གཉིས་སོགས་མཐའ་ཡས་ཀྱང་། གདན་ས་སྐྱོང་བ་ནི། རྗེ་སྤྱན་སྔ་རིན་པོ་ཆེ། དབོན་རིན་པོ་ཆེ། གཅུང་རིན་པོ་ཆེ། གཉོས་རྒྱལ་བ་ལྷ་ནང་པ། མགར་དམ་པ་ཆོས་སྡིངས་པ། དཔལ་ཆེན་ཆོས་ཡེ། དབོན་ཤེར་འབྱུང་སོགས་སོ།
།ཐུགས་སྲས་སྤྱན་སྔ་གྲགས་པ་འབྱུང་གནས་ནི། །རླངས་ཀྱི་གདུང་རྒྱུད་དུ་རབ་བྱུང་གསུམ་པའི་ཤིང་ལུག་སྤྱི་ལོ་1175ལོར་སྐུ་འཁྲུངས་ཤིང་། རབ་བྱུང་བཞི་པའི་ཤིང་ཡོས་སྤྱི་ལོ་1255ལོར་འདས། རྗེ་འདིས་གདན་ས་མཐིལ་དང་འབྲི་གུང་གཉིས་ཀ་བསྐྱངས། རྗེ་འདིའི་རིང་ལ་འདུས་པ་ཁྲི་ཚོ་བཅོ་བརྒྱད་བྱུང་། དབོན་ཤེར་འབྱུང་ནི་སྐྱོབ་པའི་རུས་དབོན། བླ་མའི་ཞབས་ཏོག་དང་། མཁྱེན་པ་ལ་མཐའ་མེད། སྐྱོབ་པའི་བཞེད་པ་ཁྱད་ཆོས་བརྒྱ་དང་དགུ་བཅུ་པ་དགོངས་གཅིག་ཏུ་གྲགས་པ་ཡི་གེར་བཏབ། དེ་ནས་གདན་རབས་སུམ་ཅུ་ལྷག་གི་རིང་ལ། ནང་བརྟག་རྒྱུད་གསུམ་དང་། བདེ་དགྱེས་གསང་གསུམ་སོགས་ཀྱི་འཆད་ཉན་སྒོམ་སྒྲུབ་དར་ཞིང་རྒྱས་པ་དང་། མཁས་དང་གྲུབ་པའི་སྐྱེས་བུ་མང་དུ་བྱུང་བས། ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང་། དམ་ཆོས་དགོངས་པ་གཅིག་པ་སོགས་རང་ལུགས་ཀྱི་ཡིག་ཆ་མང་དུ་བརྩམས། ཕྱིས་མལ་གྲོའི་ཉི་མ་ལྕང་ར་ལ་གཞུང་ཆེན་མོའི་འཆད་ཉན་ཚུགས་པ་དང་། ཕྱག་ཆེན། ཆོས་དྲུག་སོགས་རང་ལུགས་ཀྱི་ཁྲིད་སྲོལ་རྒྱུན་མ་ཆད་པར་བཞུགས་ཡོད་ལ། ད་ལྟའང་དགོན་ལག་དང་ཆོས་བརྒྱུད་ཀྱང་མ་ཉུང་བ་ཙམ་གནས་ཡོད། ཡང་འབྲི་གུང་གདན་རབས་བཅུ་དྲུག་པ་རྒྱལ་བ་རིན་ཆེན་ཕུན་ཚོགས་དང་། ཆོས་ཀྱི་གྲགས་པ་གཉིས་རྙིང་མའི་སྔགས་འཆང་ཆེན་པོར་གྱུར་པས་བཀའ་རྙིང་ཆུ་བོ་གཅིག་འདྲེས་སུ་གྱུར།
II.1.2.6 Drukpa Kagyü
དྲུག །འབྲུག་པ་བཀའ་བརྒྱུད།
འབྲུག་པ་བཀའ་བརྒྱུད་ནི། དཔལ་ལྡན་ཕག་མོ་གྲུ་པའི་སློབ་མ་གླིང་རས་པདྨ་རྡོ་རྗེ་དང་། ཆོས་རྗེ་གཙང་པ་རྒྱ་རས་པ་ལས་བརྒྱུད་པ་སྟེ། གྲུབ་ཐོབ་གླིང་རས་པ་ནི། ཉང་སྟོད་གླིང་སྨད་དུ་ཡབ་སྐྱབ་བེ་དང་ཡུམ་གཟུས་མོ་དར་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ས་སྤྲེལ་སྤྱི་ལོ1128ལོར་སྐུ་འཁྲུངས། མཚན་པདྨ་རྡོ་རྗེ་ཞེས་གསོལ། དགུང་ལོ་དགུ་པ་ལ་ཀློག་བསླབས་ནས་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་བདུན་ལོན་པའི་ཚེ་སློབ་དཔོན་གླིང་ལས་དགེ་བསྙེན་མཛད། དགུང་ལོ་སུམ་ཅུ་རྩ་བརྒྱད་པ་ལ་ཕག་མོ་གྲུ་པ་དང་མཇལ། ཁྲིད་གསན་ཏེ་བསྒོམས་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། རྟོགས་པ་ཕུལ་བས་འགྲོ་བའི་མགོན་པོ་ཡང་ཐུགས་དགྱེས། སྤྱིར་རྒྱུད་ཀྱི་རྣམ་བཤད་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ། རྣལ་འབྱོར་འཇུག་པ། བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་བརྩམས་ཤིང་། བླ་མ་སྒྲུབ་པའི་ཕྱག་བཞེས་ཀྱང་རྗེ་བཙུན་གླིང་ནས་བྱུང་བ་ཡིན། ཕྱིས་སྣ་ཕུ་ཆོས་ལུང་གི་དགོན་པ་རུ། གྲུབ་ཆེན་གླིང་རས་པ་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་སྣ་ཕུར་ཆོས་ལུང་དགོན་པའི་གཞི་བཟུང་ནས་འགྲོ་བའི་དོན་རྒྱ་ཆེར་མཛད། དགུང་ལོ་དྲུག་ཅུ་རྩ་གཅིག་པ་སྟེ་རབ་བྱུང་གསུམ་པའི་ས་སྤྲེལ་སྤྱི་ལོ་1188ལོར་དགོངས་པ་རྫོགས།
དེའི་སློབ་མ་གཙོ་བོ་ནི། དཔལ་ནཱ་རོ་པའི་སྤྲུལ་པ་ཆོས་རྗེ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ནི། ཉང་སྟོད་ཁུ་ལེའི་ས་ཆར་རབ་བྱུང་གསུམ་པའི་ལྕགས་སྦྲུལ་སྤྱི་ལོ་1161ལོར་སྐུ་འཁྲུངས། མཚན་གཡུང་དྲུང་དཔལ་དུ་གསོལ། དགུང་ལོ་བཅུ་གཉིས་པ་ལ་གཅེན་པོ་སྐལ་ལྡན་གྱི་དྲུང་དུ་འབྲི་ཀློག་མཁས་པར་བསླབས། བཅུ་གསུམ་པ་ལ་སློབ་དཔོན་རྟ་ཐང་པའི་མདུན་ནས་མངོན་པ་དང་། ཡོ་ག །ཞི་བྱེད་པའི་གདམས་པ་སོགས་ཞུས། བཅོ་ལྔ་པ་ནས་བཟུང་སློབ་དཔོན་མཁར་ལུང་པ་ལོ་བརྒྱད་བསྟེན་ནས་རྫོགས་ཆེན་དང་ཚད་མ་ལ་སོགས་པ་གསན་ཞིང་སྦྱངས་པ་མཐར་ཕྱིན། གྲྭ་བསྐོར་ཡང་མཛད། སློབ་དཔོན་མཉེས་ནས་མཚན་ཤེས་རབ་བདུད་རྩི་འཁོར་ལོ་ཞེས་གསོལ། སྔ་རྗེས་སུ་སློབ་དཔོན་མང་པོ་བསྟེན་ནས་རྫོགས་ཆེན་དང་སྒྱུ་འཕྲུལ། ཐུགས་རྗེ་ཆེན་པོའི་སྐོར་སྤྱོད་དྲུག་སོགས་གསན། ཉེར་གཉིས་པ་ལ་རྗེ་བཙུན་གླིང་རས་པ་ར་ལུང་ན་བཞུགས་པ་དང་མཇལ་ཞིང་དབང་རྒྱུད་གདམས་ངག་མང་དུ་ཞུས། སྣ་ཕུར་སླར་ཡང་གླིང་རས་པ་དང་མཇལ་ནས་ཆོས་དྲུག་དང་། ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི་གདམས་པ་གསན་པས་ཞག་བདུན་ནས་རས་ཐུབ་པ་བྱུང་། དགུན་འདག་སྦྱར་མཛད་དེ་བསྒོམས་པས་རླུང་ཕྱི་ནང་བསྲེ་ནུས་པ་དང༌། རྩིག་པ་ལ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་གསལ་སྟོང་ནམ་མཁའ་དང་མཉམ་པ་འཁྲུངས་པ་བླ་མ་ལ་ཞུས་པས། རྗེ་བཙུན་མི་ལར་ཡང་འདི་ལྟར་བྱུང༌། ངོ་མཚར་ཆེ་གསུངས། བླ་མ་ཞང་གིས་མཁན་པོ་མཛད་དེ་ཚིག་རྫོགས་བསྒྲུབས། མཚན་ཡེ་ཤེས་རྡོ་རྗེ་ཞེས་གསོལ། རྗེ་བཙུན་རས་ཆུང་པས་གཏེར་དུ་སྦས་པའི་རོ་སྙོམས་སྐོར་དྲུག་བཏོན། བླ་མ་ཞང་གིས་ལུང་བསྟན་པ་ལྟར་ཀློང་རྡོལ་གྱི་དགོན་པ་བཏབ། ཡང་འབྲུག་ར་ལུང་གཉིས་ཀྱི་དགོན་པ་རུ། འགྲོ་མགོན་གཙང་པ་རྒྱ་རས་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་དུ། ཐོག་མར་ཡི་དམ་གྱི་ལུང་བསྟན་ལྟར་རྒྱལ་རྩེ་རྫོང་ལུང་དམར་ཡུལ་ཤོག་ཁོངས་སུ་ར་ལུང་དགོན་ཕྱག་བཏབ། དེ་རྗེས་གླིང་རས་པའི་ལུང་བསྟན་ལྟར་རབ་བྱུང་གསུམ་པའི་ཆུ་གླང་སྤྱི་ལོ་1193ལོར་ཆུ་ཤུར་གྱི་གནམ་ཕུར་འབྲུག་དགོན་པ་བཏབ། དགོན་འདི་གསར་དུ་འདེབས་སྐབས་འབྲུག་སྒྲ་དྲག་པོ་ཐེངས་འགའ་གྲགས་པས་དགོན་པའི་མིང་ལ་འབྲུག་ཅེས་བཏགས་ཤིང་། དེའི་བརྒྱུད་འཛིན་རྣམས་ལ་འབྲུག་པ་ཞེས་ཐོགས། ཁོང་སྐུ་འཚོ་བཞུགས་སྐབས་སློབ་མ་ཁྲི་ཚོ་ལྔ་ཙམ་འཚོགས་ཟེར། དེའི་སློབ་བརྒྱུད་ཀྱིས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པ་བྱུང་སྟེ། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤང་ཕྱེད་གྲུབ་ཐོབ་ཅེས་ཀུན་ལ་རླུང་ལྟར་གྲགས། མཐར་དགུང་གྲངས་ལྔ་བཅུ་ང་གཅིག་པ་སྤྱི་ལོ་1211ལོར་དགོངས་པ་གཞན་དོན་དུ་གཤེགས།
རྗེ་འདི་ཉིད་ལ་སྤྱིར་བུ་སློབ་ངོ་མཚར་ཅན་ཉིས་སྟོང་བརྒྱ་བྱོན་པའི་ནང་ནས། སྣང་སེམས་རང་དབང་ཐོབ་པ་བཅུ་གསུམ། གཞན་ཕན་འགྲོ་དོན་བྱེད་པ་བརྒྱ་ཕྲག་གཅིག་བྱོན། དེ་དག་གི་ནང་ནས་དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས། གཞན་ཡང་རས་པ་གསུམ། རྣལ་འབྱོར་གསུམ། ཞིག་པོ་གསུམ་སོགས་མང་དུ་བྱུང་། གདན་ས་ར་ལུང་དུ་དབོན་རས་དར་མ་སེང་གེ་བཞུགས་ཤིང་། དེ་ནས་དབོན་བརྒྱུད་རིམ་པར་བྱོན་པ་ལས་འཕྲིན་ལས་ཆེ་བ་ནི་རྒྱལ་དབང་རྗེ་ངག་དབང་ཆོས་རྒྱལ་ཡིན་ལ། དེའི་སློབ་མ་ལྷ་རྩེ་བ་ངག་དབང་བཟང་པོ་དང་། དེ་ནས་སྙན་ངག་མཁན་སངས་རྒྱས་རྡོ་རྗེ། བོད་མཁས་པ་སོགས་སློབ་བརྒྱུད་བཟང་པོ་མང་དུ་འཕེལ། ཁྱད་པར་དུ་འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་བསྟན་བཅོས་མང་དུ་བརྩམས། དེའི་སྐྱེ་བ་དཔག་བསམ་དབང་པོ་སོགས་བྱོན། གཞན་ཡང་གཙང་སྨྱོན། དབུས་སྨྱོན་དུ་གྲགས་པ་གཉིས་དང་། འབྲུག་སྨྱོན་ཀུན་ལེགས་སོགས་གྲུབ་ཐོབ་ཡ་མཚན་ཅན་ཡང་འགའ་བྱུང་སྟེ། དེ་རྣམས་ལ་བར་འབྲུག་ཅེས་གྲགས།
ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སློབ་མ་ཁྱད་འཕགས་རྒོད་ཚང་བ་མགོན་པོ་རྡོ་རྗེ་ནི། རབ་བྱུང་གསུམ་པའི་ས་བྱ་སྤྱི་ལོ་1189ལོར་འཁྲུངས་ཤིང་། རབ་བྱུང་བཞི་པའི་ས་རྟ་སྤྱི་ལོ་1258ལོར་སྐུ་གཤེགས། ཐོག་མའི་མཚན་ལ་དོན་གྲུབ་སེང་གེ་དང་། གཙང་པ་རྒྱ་རས་ལས་རབ་ཏུ་བྱུང་བས་མགོན་པོ་རྡོ་རྗེར་གསོལ། ཐུགས་དམ་བཅུ་གཉིས། གོ་ཆ་བཅུ་གསུམ། སྐུ་གསུང་ཐུགས་ཀྱི་དམ་བཅའ་གསུམ། འཕྲལ་གྱི་དམ་བཅའ་བདུན། ཁྱད་འཕགས་ཀྱི་དམ་བཅའ་ལྔ་ལ་སོགས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། སློབ་མ་གཙོ་བོ་བཞི་སྟེ་རྒྱལ་བ་ཡང་དགོན་པ། གྲུབ་ཐོབ་ཨོ་རྒྱན་པ། སྤྱིལ་དཀར་བ། ནེ་རིངས་པ་བཅས་མང་དུ་བྱུང་། རྒྱལ་བ་ཡང་དགོན་པའི་སློབ་མ་སྤྱན་སྔ་རིན་ལྡན། དེའི་སློབ་མ་ཟུར་ཕུག་པ་རིན་ཆེན་དཔལ་བཟང་། དེའི་སློབ་མ་འབའ་ར་བ་རྒྱལ་མཚན་དཔལ་བཟང་སྟེ། འདིས་ཐ་གྲུ་སྐོར་གསུམ་སོགས་བསྟན་བཅོས་མང་པོ་མཛད་ལ། སློབ་མ་ཡང་མང་དུ་བྱོན། དེ་དག་ལ་སྟོད་འབྲུག་ཅེས་སུ་གྲགས་ཤིང༌། སྟོད་ལ་དྭགས། བལ་ཡུལ། སྐྱིད་རོང༌། གཉའ་ནང་། མངའ་རིས་ཀྱི་ས་གནས་སོགས་སུ་ཁྱབ་པ་ད་ལྟའི་བར་དུ་ཁྲིད་སྲོལ་མ་ཉམས་པ་ཡོད།
རྒྱལ་བ་ལོ་རས་པ་དར་མ་དབང་ཕྱུག་ནི། ཡབ་རྣལ་འབྱོར་དང་ཡུམ་མེ་བཟའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་ལུག་སྤྱི་ལོ་1187ལོར་སྐུ་འཁྲུངས་ཤིང་། སྤྱི་ལོ་1250ལོར་འདས། སྐྱོར་མོ་ལུང་དུ་མཁན་པོ་སྦལ་ཏི་ལས་རབ་ཏུ་བྱུང་ཞིང་མཚན་དབང་ཕྱུག་བརྩོན་འགྲུས་ཞེས་གསོལ། ཁོང་ལ་དམ་བཅའ་ཆེན་པོ་དྲུག་ཞར་བྱུང་གི་དམ་བཅའ་དྲུག །ཁྱད་པར་གྱི་དམ་བཅའ་གཅིག་སྟེ་བཅུ་གསུམ་གྱི་རྣམ་ཐར་ངོ་མཚར་ཅན་མང་དུ་མངའ་ལ། ཐུབ་པ་ལྔ་ལྡན་གྱི་གདམས་ངག་ལ་རྩལ་འདོན་དུ་མཛད། དེ་ལ་དབོན་བརྒྱུད་པ་སློབ་མ་འཇམ་དབྱངས་མགོན་པོ་སོགས་མཁས་པ་གསུམ། ཙཱ་རི་རས་ཆེན་སོགས་རས་པ་གསུམ། ཨཱ་ལོ་ཤཱཀྱ་གསུམ་སྟེ་རྣལ་འབྱོར་བ་གསུམ་སོགས་མཐའ་ཡས་པ་ལས། འཇམ་དབྱངས་མགོན་པོས་གཅོད་ཀྱི་གདམས་པ་ཟབ་དོན་ཐུགས་སྙིང་དང་སྒོ་འབྱེད་བཅུ་སྤེལ་བ་དར་རྒྱས་ཆེ། ཙཱ་རི་རས་པས་འཕྲིན་ལས་རྒྱ་ཆེར་བསྐྱངས་པས་སློབ་མ་ཡང་མང་དུ་བྱུང༌། དེ་ལ་སྨད་འབྲུག་ཅེས་གྲགས། དེ་དག་གིས་མདོ་ཁམས་སྡེ་དགེའི་ཁུལ་གླིང་ཚང༌། རྫ་རྒྱུད། མགོ་ལོག །ཡུན་ནན་གྱི་འཇང་ཡུལ་སོགས་སུ་ཁྱབ།
དེ་ལྟར་ཆོས་རྗེ་རྒོད་ཚང་བ་དཔོན་སློབ་ནས་བརྒྱུད་པ་ལ་སྟོད་འབྲུག་དང་། རྒྱལ་བ་ལོ་རས་པ་དར་མ་དབང་ཕྱུག་ནས་བརྒྱུད་པ་ལ་སྨད་འབྲུག་ཟེར་ཞིང་། ཁ་རྒྱུན་དུ་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་སའི་རྩེ་ཤིང་ཞེས་མང་བའི་ཚད་དུ་གྲགས། གདན་ས་གཙོ་ཆེ་བ་ཡང་ར་ལུང་དང་། འབྲུག་བདེ་ཆེན་ཆོས་འཁོར། ཀུན་མཁྱེན་པདྨ་དཀར་པོའི་སྐྱེ་སྤྲུལ་འབྲུག་ཆེན་རིམ་བྱོན་གྱི་བྱར་གསང་སྔགས་ཆོས་གླིང་དགོན། ཟངས་ཡག་བྲག །བསམ་གླིང་དགོན། མདོ་ཁམས་ཀྱི་སྒ་ཉག་ཁམས་པ་དགོན་སོགས་མང་ཙམ་ཡོད་ལ། དེ་དག་ལས་འབྲུག་པ་སྟོད་སྨད་བར་གསུམ་སོགས་ད་ལྟའི་དུས་སུ་ཡང་དར་རྒྱས་ཅུང་ཆེ་ཞིང་། བཤད་སྒྲུབ་གཉིས་ཀར་རང་རྐང་ཕེར་ངེས་ཀྱི་རྒྱུན་བཞུགས་པའོ།
II.1.2.7 Trophu Kagyü
།བདུན། ཁྲོ་ཕུ་བཀའ་བརྒྱུད།
ཁྲོ་ཕུ་བཀའ་བརྒྱུད་ནི་རྗེ་ཕག་མོ་གྲུ་པའི་དངོས་སློབ་རྒྱལ་ཚ་ཀུན་དགའ་ཤེས་རབ་དང་། དབོན་ཀུན་ལྡན་རས་པ་སྐུ་མཆེད་གཉིས་ལས་བརྒྱུད་པ་ཡིན། རྒྱལ་ཚ་རིན་པོ་ཆེ་ནི་རབ་བྱུང་གཉིས་པའི་ས་ཁྱི་སྤྱི་ལོ་1118ལོར། ཤབ་སྨད་དུ་སྣུབས་ནམ་མཁའི་སྙིང་པོའི་གདུང་རྒྱུད་དུ་འཁྲུངས། དགུང་ལོ་ལྔར་ཕེབས་སྐབས་ཡིག་རྩིས་ལ་སྦྱངས་པ་མཛད། གཞོན་ནུའི་དུས་ནས་ཆོས་ལ་དོན་གཉེར་ཆེ་ཞིང་། གནུར་ཉི་མ་དང་ཟུར་ཆུང་པའི་སྲས་རྗེ་སྒྲོ་ཕུག་པ་སོགས་བླ་མ་དུ་མའི་ཞབས་ལ་གཏུགས་ནས་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པ་ལ་ཡུལ་དབུས་སུ་བྱོན། པུ་རངས་ལོ་ཙཱ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོ། མེས་སྟོན་ཀུན་དགའ་སྙིང་པོ། རྔོག་མདོ་སྡེ་སོགས་མཇལ་ཏེ་ཆོས་མང་དུ་གསན་ནས་རབ་ཏུ་བྱུང་། བླ་མ་དམར་གྱི་ཞལ་བཀོད་ལྟར་ཕག་གྲུར་ཕེབས། ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་མཇལ་ནས་ཆོས་དང་གདམས་ངག་རྒྱ་ཆེར་གསན། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས། དྭགས་པོ་སྒོམ་ཚུལ་དང༌། རྒྱ་རས་སོགས་བླ་མ་མང་པོ་བསྟེན་པས་ཟབ་ཁྱད་ཅན་གྱི་གདམས་ངག་བརྒྱ་དང་སུམ་ཅུ་སོ་དྲུག་བཞུགས། དགུང་གྲངས་ལྔ་བཅུ་ང་གསུམ་པ་རབ་བྱུང་གསུམ་པའི་ལྕགས་ཡོས་སྤྱི་ལོ་1179ལོར་ཁྲོ་ཕུ་དགོན་པ་ཐོག་མར་བཏབ་སྟེ་ཁྲོ་ཕུ་བཀའ་བརྒྱུད་པའི་སྲོལ་གཏོད། དགུང་ལོ་ལྔ་བཅུ་རྩ་བཞི་པར་མཁན་པོ་ཞང་ཞི་མཛེས་ལས་བསྙེན་པར་རྫོགས། དེ་རྗེས་དབུས་སུ་ཕེབས་ནས་མ་གཅིག་ལབ་སྒྲོན་གྱི་སྲས་པོ་ཐོད་སྨྱོན་བསམ་གྲུབ་ཀྱི་དྲུང་ནས་གཅོད་ཞུས། དགུང་ལོ་དོན་བརྒྱད་ལ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་ཡོས་སྤྱི་ལོ་1195ལོར་དགོངས་པ་བདེ་བར་གཤེགས།
གཅུང་ཀུན་ལྡན་རས་པ་ཞི་བ་ཚུལ་ཁྲིམས་ནི། རབ་བྱུང་གསུམ་པའི་ས་འབྲུག་སྤྱི་ལོ་1148ལོར་སྐུ་འཁྲུངས། དབུས་སུ་རང་གི་ཕུ་བོ་མཇལ་བར་ཕེབས་སྐབས། དཔལ་ཕག་མོ་གྲུ་པའི་ཆོས་རར་བཞུགས་པ་དང་མཇལ། རྗེ་ཕག་མོ་གྲུ་པ་རྗེ་བཙུན་མི་ལའི་རྣམ་ཐར་གསུང་བཞིན་འདུག་པས་ངོ་མཚར་ཆེན་པོ་སྐྱེས། ངས་ཀྱང་དེ་ལྟ་བུ་ཞིག་བྱ་སྙམ་པའི་དམ་བཅའ་མཛད། རྗེ་ཕག་མོ་གྲུ་པས་སྣོད་ལྡན་གྱིས་སློབ་མ་ཡིན་པར་མཁྱེན་ཏེ། དགྱེས་བཞིན་རྗེས་སུ་བཟུང་ནས་གདམས་ངག་མང་དུ་གནང༌། ཁམས་སུ་ཕྱིན་ན་གདུལ་བྱ་ཆེ་བར་ལུང་བསྟན་ཡང་ཁྲོ་ཕུར་བྱོན་ནས་སྒྲུབ་པ་མཛད་པས་སྤངས་རྟོགས་ཀྱི་ཡོན་ཏན་དཔག་མེད་སྐྱེས། བླ་མའི་གདན་ས་ཕག་གྲུར་བྱོན་ནས་གཙུག་ལག་ཁང་ཆེན་པོ་བརྩིགས་པ་སོགས་ཀྱི་འགན་ཁུར་མཛད། སྒྲུབ་ཁང་ནས་གང་དུའང་མ་བྱོན་པར་རྒྱ་གར་གྱི་ཤིང་ཏོག་རིགས་མི་གཅིག་པ་སྣ་ཚོགས་ལག་ཏུ་འོང་བ་དང་། ཡུལ་དུ་མུ་གེ་བྱུང་སྐབས་ཀྱང་འབུའི་ཆར་ཕབ་པ་སོགས་གྲུབ་པའི་རྟགས་མང་པོ་བཏོན། དགུང་ལོ་བདུན་ཅུ་སྟེ་རབ་བྱུང་གསུམ་པའི་མེ་གླང་སྤྱི་ལོ་1217ལོར་འཇད་ཀྱི་ཤར་ཕྱོགས་བྱང་ཕུག་སྟེ་དེང་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་བརྡལ་བྱང་ཕུག་གྲོང་ཚོར་ཞི་བར་གཤེགས།
རྒྱལ་ཚ་སྐུ་མཆེད་གཉིས་ཀྱི་ཚ་བོ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་ནི། རབ་བྱུང་གསུམ་པའི་ཆུ་སྦྲུལ་སྤྱི་ལོ་1173ལོར་ཡབ་ཇོ་འཕན་དང་། ཡུམ་བསྲེགས་མ་གསལ་བྱེད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ལ་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྒྱལ་ཚ་རིན་པོ་ཆེ་དང་། ཀུན་ལྡན་གྱིས་མཁན་པོ་མཛད་ནས་དགེ་ཚུལ་བསྒྲུབས། བྱམས་པ་དཔལ་ཞེས་པའི་མཚན་གསོལ། དགུང་ལོ་བཅུ་གཅིག་ནས་བཅུ་དྲུག་བར་དུ་དགེ་བཤེས་གཙང་དཀར་བ་ལས་ཚད་མ་རྣམ་ངེས་དང་དབུ་མ། བྱམས་ཆོས་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་བདུན་པར་བླ་མ་རྩེ་སྟོན་ཀུན་བཟང་ཁྲོ་ཕུར་སྤྱན་དྲངས་ནས། རྡོར་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ལྔ་བརྒྱ་ཕྲག་གཅིག་གི་ཕྱག་ལེན་མན་ངག་གསན། དགུང་ལོ་བཅུ་དགུ་པར་བསྙེན་པར་རྫོགས། རྒྱལ་ཚ་དང་ཀུན་ལྡན་མཆེད་ལ་གདམས་ངག་ལུགས་མི་འདྲ་བ་བརྒྱ་དང་སུམ་ཅུ་རྩ་དྲུག་ཡོད་པ་མཐའ་དག་གསན། དགུང་ལོ་ཉེར་བཞིར་ཕེབས་སྐབས་རྒྱལ་ཚ་རིན་པོ་ཆེ་སྐུ་གཤེགས་ནས་གདམས་པའི་བདག་པོར་བསྐོས། ལོ་དེར་བལ་ཡུལ་དུ་ཕེབས་ཏེ་པཎ་ཆེན་བུདྡྷ་ཤྲཱིའི་དྲུང་ནས་རྒྱ་གར་གྱི་སྐད་ཡིག་སོགས་བསླབས་པས་ལོ་ཙཱ་མཁས་པར་གྱུར། རབ་བྱུང་གསུམ་པའི་ས་རྟ་སྤྱི་ལོ་1198ལོར་གྲུབ་ཆེན་མི་ཏྲ་ཛོ་ཀི་བོད་དུ་སྤྱན་དྲངས་ནས་བདེ་ཆེན་རལ་གཅིག་གི་སྐོར་སོགས་བསྒྱུར་བ་དང་། སློབ་དཔོན་དེའི་དྲུང་ནས་དབང་དང་གདམས་པ་དཔག་མེད་ཞུས། ཡང་པཎ་ཆེན་བུདྡྷ་ཤྲཱི་བོད་དུ་གདན་དྲངས་ནས་ཐུགས་རྗེ་ཆེན་མོའི་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར། རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་1204ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སྤྱན་དྲངས་ཏེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མཁན་བརྒྱུད་དྲི་མ་མེད་པ་ཁ་ཆེའི་སྡོམ་རྒྱུན་ཞེས་པ་དེ་བོད་དུ་སྤེལ་ནས། བོད་ཀྱི་འདུལ་འཛིན་མཁས་གྲུབ་མང་པོས་སྡོམ་རྒྱུན་འདི་བཞེས་པས། ངུར་སྨྲིག་རྒྱལ་མཚན་འཆང་བས་གངས་ཅན་གྱི་ས་ཆེན་པོ་ཁྱབ་པར་མཛད། ཁྲོ་ཕུ་དགའ་ལྡན་གྱི་གཙུག་ལག་ཁང་ཆེན་པོ་བཏབ། རྗེ་འབྲི་གུང་པའི་དྲུང་ནས་མར་པ་བཀའ་བརྒྱུད་ཀྱི་དབང་ཁྲིད་གདམས་ངག་དུ་མ་གསན། དེ་རྗེས་ཁམས་རི་བོ་ཆེ་སོགས་སུ་ཕེབས་ནས་ཁྲོ་ཕུའི་རུ་དགོན་ཐེག་ཆེན་དར་རྒྱས་གླིང་ཕྱག་བཏབ། ཁྲོ་ཕུའི་གདན་ས་སྟོད་སྨད་གཉིས་ཞེས་གྲགས་པ་འདི་ནས་བྱུང་། ཁྲོ་ཕུ་དགོན་པར་ཁྱད་འཕགས་བཅུ་གསུམ་དང་ལྡན་པའི་གསེར་ཟངས་ཀྱི་བྱམས་ཆེན་ཁྲུ་བརྒྱད་ཅུ་པ་རྟེན་དང་བརྟེན་པ་སོགས་ལེགས་པར་བཞེངས། པཎ་ཆེན་ཤཱཀྱ་ཤྲཱིས་གཙོས་པའི་པཎ་ཆེན་དང་། ལོ་ཙཱ་བ་མང་པོས་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད། ཕྱིས་གཙང་གི་ཁྲོ་ཕུའི་བྱམས་ཆེན་ཞེས་མཚན་སྙན་ཤིན་ཏུ་ཆེ། སྤྱིར་ཕྱག་ཆེན་དོན་དགུ་མ་དང༌། མན་ངག་བརྒྱ་རྩ་ལ་སོགས་པས་གཙོ་མཛད་དེ་བུ་སློབ་ཀྱི་འཁོར་མང་དུ་བསྐྱངས། མཐར་དགུང་གྲངས་ལྔ་བཅུ་ང་གཉིས་པ་རབ་བྱུང་བཞི་པའི་ཤིང་བྱ་སྤྱི་ལོ་1225ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
སློབ་མ་ཤིན་ཏུ་མང་པོ་བྱུང་བ་ལས། མཁན་ཆེན་བྱང་ཆུབ་དཔལ་བ། མཁན་ཆེན་བསོད་ནམས་སེང་གེ སངས་རྒྱས་ཞིག་ཆེན་ཏེ་བླ་ཆེན་གསུམ་དང་། བྱམས་པ་སྒྲུབ་བརྒྱུད་བསྟན་འཛིན། ཡང་རྩེ་རིན་ཆེན་སེང་གེ རོང་པ་རྒ་ལོ། བུ་སྟོན་རིན་ཆེན་གྲུབ་སོགས་མང་དུ་བྱོན་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ནཱ་རོ་ཆོས་དྲུག་གི་གདམས་པ་ཉམས་སུ་ལེན་པའི་ཁྲོ་ཕུའི་བརྒྱུད་འཛིན་དར་སྤེལ་གནང་། འོན་ཀྱང་ད་ལྟའི་ཆར་ཁྲོ་ཕུའི་གདན་ས་སྟོད་འབྲུག་པ་དང་། སྨད་ཀརྨ་ཀམ་ཚང་གི་ལུགས་འཛིན་པའོ།
II.1.2.8 Taklung Kagyü
།བརྒྱད། སྟག་ལུང་བཀའ་བརྒྱུད།
སྟག་ལུང་བཀའ་བརྒྱུད་ནི་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ལས་བརྒྱུད་པ་ཞིག་ཡིན། ཁོང་ནི་ཡབ་བློན་འབར་པོ་དང་ཡུམ་བྲབ་ཤི་བཟའ་དགེ་གསུམ་ཁྲོ་མོའི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཁྱི་སྤྱི་ལོ་1142ལོར་གཡང་ཤོད་བོང་ར་སྟེང་དུ་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་མལ་གྲོའི་ཐང་སྐྱ་དགོན་དུ་མཁན་པོ་ག་སྟོན་བླ་གང་བ་ཤེས་རབ་རྡོ་རྗེ་དང་། སློབ་དཔོན་ཚར་སྟོན་སྒོ་མང་བ་གཉིས་ལས་རབ་ཏུ་བྱུང་། མཚན་བཀྲ་ཤིས་དཔལ་ཞེས་གསོལ། དགེ་བཤེས་བྲག་དགོན་པ་ལས་ཤེར་ཕྱིན་འགྲེལ་ཆུང་། སྤྱོད་འཇུག །བསླབ་བཏུས། ལམ་སྒྲོན། དོ་ཧ་ལ་སོགས་པ་གསན། རྒྱ་གར་དུ་ཆོས་ཞུ་བར་ཕེབས་བཞེད་ཀྱང་གཞན་གྱིས་བཀག་ནས་མ་བཏང་། དགུང་ལོ་ཉེར་བཞི་པར་ཕག་གྲུ་རྡོ་རྗེ་རྒྱལ་པོའི་སྙན་པ་གསན་ནས་མཇལ་བར་ཕེབས་པ། དགྱེས་བཞིན་དུ་རྗེས་སུ་བཟུང་ནས་སྲས་ཀྱི་ཐུ་བོར་དབང་བསྐུར། བླ་མ་ཕག་གྲུའི་དྲུང་དུ་ལོ་དྲུག་བཞུགས། གདམས་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་པས་ཕྱག་རྒྱ་ཆེན་པོ་སྒོམ་མེད་ཀྱི་རྣལ་འབྱོར་ཐུགས་ལ་འཁྲུངས། བླ་མ་ཕག་གྲུ་སྐུ་གཤེགས་རྗེས་མལ་གྲོར་བྱོན། འཆད་ཁ་པ་ལས་བཀའ་གདམས་གསན། འཕན་ཡུལ་ཤོ་མ་རར་ཞང་ཤ་ར་བ་ལས་བསྙེན་པར་རྫོགས། དགུང་ལོ་སོ་དགུ་པ་ལ་དར་སྦས་རོང་གསུམ་དང་ཕོད་མདོ་བས་སྟག་ལུང་དུ་སྤྱན་དྲངས། འགྲོ་མགོན་གྱིས་ལུང་བསྟན་པ་ལྟར་རབ་བྱུང་གསུམ་པའི་ལྕགས་བྱི་སྤྱི་ལོ་1180ལོར་སྟག་ལུང་དགོན་པ་ཕྱག་བཏབ་པས། སྟག་ལུང་ཐང་པ་ཞེས་པའི་མཚན་ཐོགས། རབ་ཏུ་བྱུང་རྗེས་ཁྱིམ་པའི་ཁང་པར་མ་བྱོན། ཤ་ཆང་གསོལ་མ་མྱོང་། ཤ་ཆང་གི་མགྲོན་མི་བྱེད། གླིང་གསེབ་ཏུ་བུད་མེད་མི་གཏོང་བ་སོགས་འདུལ་བའི་ཕྱག་ལེན་ཞིབ་པར་མཛད། སྐུ་གདའ་ཁར་གྲྭ་སློབ་སུམ་སྟོང་ལྷག་ཙམ་འདུས་ནས་སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ། དགུང་ལོ་དྲུག་ཅུ་རེ་དགུ་པ་སྟེ་རབ་བྱུང་བཞི་པའི་ལྕགས་རྟ་སྤྱི་ལོ་1210ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
དེ་ནས་དབོན་རིན་ཆེན་མགོན་པོས་གདན་ས་བཟུང་ནས་མཆོད་ཁང་ཆེན་མོ་བཞེངས། དེའི་རྗེས་སུ་སངས་རྒྱས་ཡར་བྱོན་གདན་སར་བཞུགས། དེ་ལ་གདན་ས་ཕེར་བའི་དབོན་བཀྲ་ཤིས་བླ་མ་དང་སངས་རྒྱས་དཔོན་གཉིས་བྱུང་བ་ལས། སངས་རྒྱས་དབོན་གྲགས་པ་དཔལ་འོད་ཟེར་དབང་པོ་ཁམས་སུ་བྱོན་ནས་སྤྱི་ལོ་1276ལོར་དེང་ཆབ་མདོ་ས་གནས་རི་བོ་ཆེ་རྫོང་ཁོངས་སུ་རི་བོ་ཆེ་དགོན་བཏབ། དེ་ནས་བཟུང་སྟག་ལུང་དགོན་དེའང་ཡར་ཐང་མར་ཐང་གཉིས་སུ་གྱེས། གཉིས་ཀར་གྲྭ་པ་སུམ་སྟོང་བརྒྱད་བརྒྱ་རེ་ཙམ་འཚོགས། དེ་ནས་དབུས་གཙང་མདོ་ཁམས་སོགས་སུ་སྟག་ལུང་བཀའ་བརྒྱུད་པའི་གྲྭ་ས་དང་སློབ་རྒྱུན་མང་དུ་འཕེལ། དབོན་བརྒྱུད་དང་སྤྲུལ་བརྒྱུད་རིམ་པར་བྱོན་པ་ལས། དབུས་གཙང་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ་པ་སྟག་ལུང་ངག་དབང་གྲགས་པ་ཞེས་པས་སྟག་ལུང་སྡོམ་གསུམ་སོགས་རང་རང་ལུགས་ཀྱི་བསྟན་བཅོས་བརྩམས། འབྲི་སྟག་གི་ཆོས་རྒྱུན་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་གཏོང་བར་འཕྲིན་ལས་ཆེ།
ལྷག་པར་དུ་མ་ཐང་རི་བོ་ཆེར་བསྟན་པའི་གཙོ་འཛིན་སྐྱབས་མགོན་རྣམ་གསུམ་གྱིས་བསྟན་པའི་རྒྱུན་སྐྱོང་བ་ལས། མཁར་དྲུང་མཚོ་སྐྱེས་རྡོ་རྗེའི་སྐུ་རིང་ནས། བཀའ་དགོངས་ཕུར་གསུམ་དང་། རཏྣ་གླིང་པའི་གཏེར་ཆོས་སྐོར་སོགས་རྙིང་མ་བཀའ་གཏེར་གྱི་རྒྱུན་ཡང་བཙུགས་པས། བཀའ་རྙིང་ཟུང་འབྲེལ་གྱི་ལུགས་སུ་གྱུར། དུས་ཕྱིས་སྐྱབས་མགོན་རྣམ་གསུམ་གྱིས་བཀའ་བརྒྱུད་སྤྱིའི་ལུགས་ཀྱི་སྒྲུབ་གྲྭ་སྔར་ཡོད་ཁར། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཆེན་པོ་ཁག་ལ་འཆད་ཉན་བྱེད་པའི་བཤད་གྲྭ་གསར་བཙུགས་གནང་། བཀའ་བརྒྱུད་པའི་འཆད་སྲོལ་གཞིར་བཞག །དེའི་ཁར་ཆོས་ཀྱི་རྒྱལ་པོ་ཤར་ཀཿཐོག་པའི་བཤད་སྲོལ་དང་། འཇམ་མགོན་མི་ཕམ་པའི་ཡིག་ཆས་ཁ་སྐོང་ཟུར་རྒྱན་མཛད་ནས་བཤད་པའི་སྲོལ་ཚུགས་པ་དང་། སློབ་མ་མང་དུ་འཕེལ་བ་བཅས་བཤད་སྒྲུབ་གཉིས་ཀའི་ཐད་ནས་མདོ་ཁམས་སྟོད་ཀྱི་ཆོས་སྡེ་ཆེན་པོ་ཞིག་ཏུ་གྱུར་ཏོ།
II.1.2.9 Martsang Kagyü
དགུ། སྨར་པ་བཀའ་བརྒྱུད།
སྨར་པ་བཀའ་བརྒྱུད་ནི་སྨར་ཚང་ཤེས་རབ་སེང་གེ་ལས་བརྒྱུད་པ་ཞིག་ཡིན། ཁོང་ནི་མདོ་ཁམས་འབྲི་ཤོད་ཀྱི་ཆ་ལག་ཏུ་གཏོགས་པ་སྨར་ཤོད་དགེ་རྒྱལ་བྱེ་མའི་ཀླུང་བྱ་བར། རབ་བྱུང་གཉིས་པའི་ཤིང་ཡོས་སྤྱི་ལོ་1135ལོར་སྐུ་འཁྲུངས་པར་འདོད། སྐུ་ན་ཆུང་ངུའི་དུས་ནས་ཆོས་ལ་མོས་པས། དཔལ་རྒ་ལོ་ཡུལ་དེར་ཕེབས་པ་དང་མཇལ་ཏེ་སྐྱབས་འགྲོ་སེམས་བསྐྱེད་བཟླས་ལུང་བྱིན་རླབས་དང་བཅས་པ་གསན། དགུང་ལོ་བཅོ་ལྔར་ཕེབས་སྐབས་བླ་མ་འབོམ་རྒྱལ་བྱ་བའི་དྲུང་ནས་མདོ་སྔགས་ཀྱི་བཀའ་བསྟན་གཞུང་ལུགས་མང་པོ་གསན། ལྷག་པར་དུ་བླ་མ་དཔལ་ཆེན་པོ་དང་། བླ་མ་ཨ་སེང་། བླ་མ་བུར་སྒོམ་བཅས་ཀྱི་ཞབས་ལ་གཏུགས་ནས་བདེ་མཆོག་ལ་སོགས་པའི་ཆོས་སྐོར་དུ་མ་གསན། དགུང་ལོ་ཉི་ཤུ་པར་རབ་ཏུ་བྱུང་། མཚན་ཤེས་རབ་ཡེ་ཤེས་ཞེས་གསོལ། དེ་རྗེས་དགེ་བཤེས་དར་མ་འབུམ་དང་ལྷན་དུ་དབུས་སུ་བྱོན། བྱ་འདུལ་གྱིས་མཁན་པོ་དང་། ཆ་པས་སློབ་དཔོན། གཙང་ནག་པས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། གསང་ཕུར་ལོ་ལྔ་བཞུགས་ཏེ་མཁས་པར་གྱུར། དེ་ནས་ལྷ་སར་རྗེ་སྒོམ་ཚུལ་ལས་ཕྱག་ཆེན་ལ་སོགས་པའི་གདམས་པ་གསན། བཀའ་གདམས་པའི་དགེ་བཤེས་ལུང་མོ་བ་སོགས་ལས་བློ་སྦྱོང་སོགས་བཀའ་དང་གདམས་ངག་རྒྱ་ཆེན་གསན། འགྲོ་མགོན་ཕག་མོ་གྲུ་པའི་དྲུང་དུ་ཐོག་མར་ཚོགས་ཆོས་ཐུན་བཞི་ཙམ་དང་། ཕྱིས་སླར་བྱོན་ནས་ལོ་ལྔའི་རིང་བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་དང་། བཀའ་གདམས་མན་ངག་མང་དུ་གསན། དེ་རྗེས་བླ་མའི་བཀའ་བཞིན་ཁམས་སུ་བྱོན། རབ་བྱུང་གསུམ་པའི་མེ་ཕག་སྤྱི་ལོ་1167ལོར་རང་ཡུལ་དུ་ཕེབས་ཤིང་། སྨར་ཁམས་སྒང་གི་གདམ་སྟེང་སྟེ་དེང་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་བྲག་གཡབ་རྫོང་གི་ཁོངས་སུ་བྱོན་ནས་ཤཱ་དགོན་པ་བཏབ། དགེ་འདུན་ཉིས་སྟོང་ཙམ་རྒྱུན་དུ་འདུས། དེའི་སློབ་མའི་གཙོ་བོ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་གྱིས་འདམ་སྟེང་ཡང་དགོན་དུ་སྒྲུབ་པ་མཛད་ཅིང་། ཡང་དགོན་གྱི་གདན་ས་བསྐྱངས། གཞན་ཡང་རྨོག་སྤྱན་སྔ་རིན་པོ་ཆེ། ཤྭ་དབུ་རྩེ་པ། རིན་ཆེན་གླིང་པ། སྤང་མཁན་ཆེན་འོད་ཟེར་བླ་མ། འགྲོ་མགོན་ཤིང་མགོ་རས་པ་སོགས་མང་དུ་བྱོན་ནས་སྨར་ཚང་བཀའ་བརྒྱུད་པའི་སློབ་རྒྱུན་མང་དུ་སྤེལ། ཕྱིས་སྟག་བླ་རྣམས་ཀྱིས་ཆོས་བརྒྱུད་བཟུང་བ་དཔལ་ཡུལ་བ་ལ་བྱིན་བརྒྱུད་འདྲེས་པའོ།
II.1.2.10 Yelpa Kagyü
།བཅུ། ཡེལ་པ་བཀའ་བརྒྱུད།
ཡེལ་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་ཡེལ་པ་གྲུབ་ཐོབ་ཡེ་ཤེས་བརྩེགས་པ་ནི། ཡབ་སྒོམ་པ་ཨ་འབར་དང་། ཡུམ་དགོངས་པ་བཟའ་བཙུན་མ་སྒྲོན་ལྕམ་གཉིས་ཀྱི་སྲས་བཞིའི་དང་པོར། རབ་བྱུང་གཉིས་པའི་ཤིང་སྟག་སྤྱི་ལོ་1134ལོར་མདོ་ཁམས་ཀྱི་ཟླ་སིང་ལུང་དང་སར་སྐུ་འཁྲུངས། དཔལ་རྒ་ལོ་དང་མཇལ་ནས་ལུང་བསྟན་མཛད་ཅིང་ཆོས་ཀྱང་མང་དུ་གནང་། དགུང་ལོ་བཅུ་དགུར་མཁན་པོ་འབྲོམ་ལས་རབ་ཏུ་བྱུང་། མཚན་ལ་ཡེ་ཤེས་བརྩེགས་པ་ཞེས་གསོལ། དགུང་ལོ་ཉི་ཤུར་མཁན་པོ་དེ་རང་གི་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་ཉེར་གསུམ་པར་དབུས་སུ་བྱོན། བླ་མ་ཆ་པའི་དྲུང་དུ་དབུ་མ་དང་སྡེ་སྣོད་གསན་སྦྱོང་མཛད། བླ་མ་རྔོག་ལས་རྔོག་པའི་ཆོས་སྐོར་དབང་རྒྱུད་མན་ངག་དང་བཅས་པ་རྫོགས་པར་གསན། དགུང་ལོ་ཉེར་དགུ་པ་སྟེ་རབ་བྱུང་གསུམ་པའི་ཆུ་རྟ་སྤྱི་ལོ་1162ལོར་ཕག་གྲུ་རྡོ་རྗེ་རྒྱལ་པོའི་ཞབས་ལ་གཏུགས། ཆོས་ཁྲིད་གསན་ཞིང་བསྒོམས་པས་དབུ་མའི་ལྟ་བ་ཐུགས་ལ་འཁྲུངས། ཁམས་པ་སྟོན་པའི་དགེ་སྦྱོར་ལུགས་བཟང་གསུངས་ནས་བླ་མ་ཡང་ཐུགས་ཤིན་ཏུ་དགྱེས། སྤྱིར་སངས་རྒྱས་ཡེལ་པས་འགྲོ་མགོན་ཕག་མོ་གྲུ་པའི་དྲུང་དུ་ལོ་བདུན་བཞུགས་ནས་བཀའ་བརྒྱུད་སྤྱི་དང་། ཁྱད་པར་དུ་ཕག་གྲུ་བཀའ་བརྒྱུད་པའི་བཀའ་གདམས་མན་ངག་མ་ལུས་པ་གསན་ནས་མཁས་པའི་དབང་པོར་གྱུར། དགེ་བཤེས་ཕག་མོ་གྲུ་པས་ལུང་བསྟན་པ་བཞིན་ཁམས་སུ་ཕེབས། དགུང་ལོ་སོ་བརྒྱད་པ་སྟེ་རབ་བྱུང་གསུམ་པའི་ལྕགས་ཡོས་སྤྱི་ལོ་1171ལོར་ཁམས་སུ་ཡེལ་ཕུག་དགོན་པ་ཕྱག་བཏབ། དངུལ་སྐུ་རྣམ་གཉིས་སོགས་ནང་རྟེན་གང་ལེགས་བཞེངས་ཏེ་བཀའ་བརྒྱུད་པའི་བསྟན་པ་རྒྱ་ཆེར་སྤེལ། སངས་རྒྱས་ཡེལ་པས་ལོ་བཅོ་བརྒྱད་རིང་ཡེལ་ཕུག་ཏུ་བཞུགས་ནས་བསྟན་པའི་བདག་པོ་མཛད། དགེ་འདུན་གྱི་སྡེ་བཙུགས། ཐུན་མོང་མ་ཡིན་པའི་རང་ལུགས་ཡེལ་པ་བཀའ་བརྒྱུད་པའི་སྲོལ་གཏོད། དེ་ནས་དགུང་ལོ་ལྔ་བཅུ་ང་ལྔར་ཕེབས་པ་རབ་བྱུང་གསུམ་པའི་ས་སྤྲེལ་སྤྱི་ལོ་1188ལོར་རྟ་རྣ་དགོན་པ་ཕྱག་བཏབ། དགུང་ལོ་ང་དགུར་ཕེབས་པ་རབ་བྱུང་གསུམ་པའི་ཆུ་བྱི་སྤྱི་ལོ་1192ལོར་ལྷོ་སྟོད་འཇང་གི་དགོན་པ་ཕྱག་བཏབ། སངས་རྒྱས་ཡེལ་ཕུག་པས་ཡེལ་ཕུག་དགོན་དང་། རྟ་རྣ་དགོན། ལྷོ་སྟོད་འཇང་གི་དགོན་པ་བཅས་གདན་ས་གསུམ་ལ་ལོ་ཉེར་བཞི་བཞུགས་པའི་རིང་རྣམ་མགུར་གསོལ་འདེབས་སོགས་ཀྱི་བསྟན་བཅོས་མང་དུ་བརྩམས། སློབ་མ་རྟོགས་ལྡན་གྱི་སྐྱེས་བུ་མང་དུ་བྱོན་པའི་ནང་ཁྱད་དུ་འཕགས་པ་ནི་མཁན་ཆེན་ཕུ་པ་དང་། བླ་འོད་གསལ་བ། ཁ་ཐར་ཡང་དགོན་པ། ལྡོང་འཇོང་བ་རྩེ་མོ། གསོལ་ཇ་བ་སྤང་ཁྱིམ་ལ་སོགས་པ་མང་དུ་བྱོན། དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་སྟག་སྤྱི་ལོ་1194ལོར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་རྟ་རྣར་སྤྱན་དྲངས་ཏེ་སྐུ་འབུམ་བརྩིགས། དེ་རྗེས་ཡེལ་ཕུག་གི་གདན་ས་ལ་འབག་རྩེ་མོ་བཞུགས། སངས་རྒྱས་ཡེལ་ཕུག་པ་སྐུ་འདས་རྗེས་མཁན་ཆེན་ཕུ་པས་ཡེལ་ཕུག་དགོན་དང་། རྟ་རྣ་དགོན། ལྷོ་སྟོད་འཇང་གི་དགོན་པ་བཅས་གདན་ས་གསུམ་ཕྱོགས་རིས་མེད་པར་ལེགས་པར་བསྐྱངས། དེང་བྱང་རྟ་རྣ་དགོན་ཀཾ་ཚང་ལུགས་སུ་བསྒྱུར་ཟིན། མཁན་ཆེན་འདི་ཉིད་སྐུ་གཤེགས་རྗེས། སློབ་མ་ཡོན་བཙུན་དབོན་ས་དང་། བླ་མ་གྲགས་པ་འོད་ཟེར་སོགས་མང་དུ་བྱུང་ནས་ཡེལ་པ་བཀའ་བརྒྱུད་པའི་ཆོས་རྒྱུན་དང་སློབ་རྒྱུད་རྒྱས་པར་སྤེལ་ལོ།
II.1.2.11 Shuksep Kagyü
།བཅུ་གཅིག །ཤུག་གསེབ་བཀའ་བརྒྱུད།
ཤུག་གསེབ་བཀའ་བརྒྱུད་ནི། དགྱེར་སྒོམ་པ་ཚུལ་ཁྲིམས་སེང་གེའམ་དགྱེར་སྒོམ་ཆོས་ཀྱི་སེང་གེས་སྲོལ་གཏོད་པ་ཞིག་ཡིན་ཞིང་། ཁོང་ནི་ཡར་ལུང་ཤོང་ང་རྫོང་དུ་ཡབ་དམག་དཔོན་དཀོན་མཆོག་སྐྱབས་དང་། ཡུམ་རྒྱལ་ཚ་མ་མདོ་སྡེ་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་བྱི་སྤྱི་ལོ་1144ལོར་སྐུ་འཁྲུངས། ཐོག་མའི་མཚན་ཆོས་ཀྱི་སེང་གེ་དང་། དགུང་ལོ་བཅུ་གཅིག་ལ་རབ་ཏུ་བྱུང་སྟེ། མཚན་ཚུལ་ཁྲིམས་སེང་གེ་ཞེས་གསོལ། ཁྲ་འབྲུག་གི་དཔོན་གཉེར་ཡང་མཛད། དགེ་བཤེས་ཧོར་གྱི་དྲུང་ནས་གསང་འདུས་ཀྱི་དབང་ཞུས་པས་གསང་མཚན་རྡོ་རྗེ་རྒྱལ་པོ་ཞེས་གསོལ། དེར་གསང་འདུས་ཀྱི་རྩ་འགྲེལ་ལ་སོགས་པ་གསན། དགུང་ལོ་བཅུ་དགུ་པ་རབ་བྱུང་གསུམ་པའི་ཆུ་རྟ་སྤྱི་ལོ་1162ལོར་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་ཞབས་ལ་གཏུགས་ནས་ཐབས་ལམ་ཆོས་དྲུག་ལ་སོགས་པའི་གདམས་ངག་མ་ལུས་རྫོགས་པར་གསན། དེ་ནས་ཡུལ་དུ་རྒྱགས་ལེན་པར་ཕེབས་པའི་སྐབས་ཡབ་དགྲས་བཟུང་ནས་རྩོད་པ་ཆེན་པོ་ལངས་པ་དང༌། བླ་མ་འགྲོ་མགོན་ཡང་སྐུ་གཤེགས་པས་སྐྱོ་སྣང་རབ་ཏུ་སྐྱེས་ཏེ་མལ་ཀ་བ་ཅན་པ་མཇལ་བར་ཕེབས། ཟླ་བ་གཅིག་རིང་དབུ་སྔས་སྦྲེལ་ནས་བཀའ་བསྟན་གདམས་ངག་མང་དུ་གསན། དེ་རྗེས་འོལ་ཁར་ཕེབས་ནས་དྭགས་པོའི་སློབ་མ་རྣལ་འབྱོར་ཆེན་པོ་ཆོས་གཡུང་ལས་བཀའ་བརྒྱུད་ཆོས་དྲུག་ལ་སོགས་པའི་དོན་བརྒྱུད་ཀྱི་དབང་ཁྲིད་མ་ལུས་རྫོགས་པར་གསན་ཞིང་། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པ་ཐོབ། དགུང་ལོ་སོ་བརྒྱད་པ་རབ་བྱུང་གསུམ་པའི་ལྕགས་གླང་སྤྱི་ལོ་1181ལོར་སྙེ་ཕུར་ཤུག་གསེབ་དགོན་པ་བཏབ་ནས་འགྲོ་དོན་རྒྱ་ཆེར་སྤེལ། ཤུག་གསེབ་བཀའ་བརྒྱུད་ཅེས་པའི་ཐུན་མོང་མ་ཡིན་པའི་ལུགས་དེ་དར་ཁྱབ་ཏུ་ཕྱིན། དེ་ནས་གདན་ས་ཤུག་གསེབ་དགོན་དུ་ལོ་ཉི་ཤུ་རྩ་བཞི་བཞུགས་ཏེ་གདུལ་བྱ་འགྲོ་བའི་དོན་གང་ཟབ་མཛད་པ་དང་། སྟོད་ནས་རྒྱ་དང་། དམར་མཛོད་མ་བ། མཛོད་གསུམ། སྨད་ནས་རྟོགས་ལྡན་མི་གསུམ་སོགས་བྱུང་བ་སོགས་ཀྱི་སློབ་མ་རྣམས་ལ་རང་ལུགས་མན་ངག་མཐའ་དག་གི་སློབ་རྒྱུན་སྤེལ་བས་གདན་ས་དར་རྒྱས་གང་ལེགས་བྱུང་། མཐར་དགུང་གྲངས་རེ་གཅིག་ལ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་1204ལོར་དགོངས་པ་གཞན་དོན་དུ་གཤེགས།
དེ་ནས་དཔལ་རྒྱ་མཁར་པ་དང་། སངས་རྒྱས་དབོན། བྲག་འབུར་བ། ཤུག་གསེབ་རི་པ་གཞོན་ནུ་རྡོ་རྗེ། འབའ་ར་བ་རྒྱལ་མཚན་དཔལ་སོགས་ཀྱིས་གདན་ས་རིམ་པར་བསྐྱངས། དེ་རྗེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དགུང་ལོ་སོ་གཅིག་ལ་ཕེབས་པ་སྤྱི་ལོ་1339ལོར་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གི་སྙེ་ཕུ་ཤུག་གསེབ་ཏུ་ཕེབས་ཤིང༌། ལོ་མང་རིང་སྒྲུབ་ཕུག་རྣམ་ལྔ་སོགས་སུ་དཀའ་སྤྱད་ཚད་མེད་ཀྱི་སྒྲུབ་པའི་རྒྱལ་མཚན་བཙུགས། དུས་དེ་ནས་བཟུང་དགོན་འདི་ཉིད་གསང་ཆེན་སྔ་འགྱུར་གྱི་བསྟན་པ་འཛིན་པའི་གདན་ས་ཁྱད་པར་ཅན་ཞིག་ཏུ་གྱུར། དེ་རྗེས་རྗེ་བཙུན་མ་ཆོས་ཉིད་བཟང་མོས་ཤུག་གསེབ་དགོན་དུ་རྒྱུན་བཞུགས་ཀྱིས་སློབ་མ་སུམ་བརྒྱ་ནས་མཐར་སྟོང་ཕྲག་ལྷག་བརྒལ་བ་བསྐྱངས་ཤིང༌། རི་ཁྲོད་ཁག་གི་སྒྲུབ་པ་དང་ལོ་གསུམ་མཚམས་པ་སོགས་དང་བཅས་པའི་བུ་སློབ་རྣམས་ལ་མན་ངག་སྙན་བརྒྱུད་ཀྱི་བཀའ་ཁྲིད་རྒྱ་ཆེར་བསྩལ། དུས་དེ་ཙམ་ནས་གངས་རི་ཐོད་དཀར་མ་གཏོགས་ཤུག་གསེབ་དགོན་འདི་བཙུན་མའི་དགོན་དུ་གྱུར་རོ།
II.1.2.12 Yazang Kagyü
།བཅུ་གཉིས། གཡའ་བཟང་བཀའ་བརྒྱུད།
གཡའ་བཟང་བཀའ་བརྒྱུད་ནི། ཟྭ་ར་བ་སྐལ་ལྡན་ཡེ་ཤེས་དང་། དེའི་སློབ་མ་གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་རྣམ་གཉིས་ཀྱིས་སྲོལ་གཏོད། དེ་གཉིས་ལས་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་ནི། རབ་བྱུང་གཉིས་པའི་མཇུག་མཚམས་སུ་མོན་འགར་(འགར་མོང་མཁར་ཞེས་ཀྱང་འཁོད་)ཏེ་དེང་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་རྣམ་སྲས་གླིང་ཡུལ་ཤོག་ཁོངས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ལུག་རྫི་གནང་སྟེ་བཞུགས་སྐབས་རི་ཁ་ནས་ཕག་མོ་གྲུ་པའི་དགོན་པའི་རི་མཐོང་བ་ཙམ་གྱི་སྒོམ་རང་བྱུང་དུ་ཤར། འགྲོ་མགོན་ཕག་མོ་གྲུ་པ་མཇལ་ཏེ་སྔར་སྒོམ་ཆེན་བཟང་པོ་ཞིག་ཡིན་ཚུལ་གསུངས། བླ་མ་ཕག་གྲུས་ངོ་སྤྲོད་གཅིག་བཏབ་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་། མཚན་སྐལ་ལྡན་ཡེ་ཤེས་སེང་གེ་ཞེས་གསོལ། འགྲོ་མགོན་ཕག་མོ་གྲུ་པའི་བུ་ཆེན་བཞིའི་ཡ་གྱལ་དུ་གྱུར། རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ་1158ལོར་གྲ་རབ་ཀྱི་ཞྭ་ར་དགོན་པ་བཏབ་པས། བླ་མ་འདི་ཉིད་ཀྱི་མཚན་དུའང་ཐ་ར་བ་ཞེས་འབོད། སློབ་མའི་གཙོ་བོ་གཡའ་བཟང་ཆོས་རྗེ་སོགས་མང་དུ་བྱུང་། མཐར་རབ་བྱུང་བཞི་པའི་མེ་ཡོས་སྤྱི་ལོ་1207ལོར་དགོངས་པ་གཞན་དོན་དུ་གཤེགས། དེའི་སློབ་མའི་གཙོ་བོར་གྱུར་པ། གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་ནི། ཡབ་མགོན་ནེ་དང་། ཡུམ་ཞང་ལྕམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ས་གླང་སྤྱི་ལོ་1169ལོར་ཡར་སྟོན་གཙང་ཞལ་གྱི་དམར་མོར་སྐུ་བལྟམས། གདུང་རུས་གནུབས་ཡིན། དེ་ནས་འཆད་དཀར་དུ་སློབ་དཔོན་རྣམས་ལས་འདུལ་བ་དང་བཀའ་གདམས་མང་དུ་གསན། དགུང་ལོ་བཅོ་བརྒྱད་པར་རྒྱ་གར་དགོན་པར་ཕེབས་ཏེ་མཁན་པོ་ཀླུབས་དཀར་དང་། སློབ་དཔོན་གོང་གད་པ་གཉལ་དར་མ་གཟི་བརྗིད། གསང་སྟེ་སྟོན་པ་སློབ་དཔོན་མེ་ཆར་གྱིས་མཛད་དེ་བསྙེན་པར་རྫོགས། འདུལ་བའི་བཤད་པ་དང་། ལག་ལེན་གཙོ་བོར་བཟུང་བས་གནུབས་འདུལ་འཛིན་པར་གྲགས། དགུང་ལོ་སུམ་ཅུ་པ་ལ་འབུམ་ཞིང་དུ་འཇིག་རྟེན་བྱ་བ་མཐའ་དག་བཏང་ནས་སྒྲུབ་པ་མཛད། དེ་ནས་བསྟན་པའི་སྙིང་པོ་སྒྲུབ་པ་ཡིན་པར་གཟིགས་ཏེ་ཞྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་ཞབས་ལ་གཏུགས་ནས་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་བུམ་པ་གང་བྱོའི་ཚུལ་དང༌། སྤྱན་རས་གཟིགས་དཔལ་མོ་ལུགས་ཆ་ལག་དང་བཅས་པའི་གདམས་པ་མ་ལུས་པ་གནང་། དེ་ནས་སྐལ་ལྡན་བྱང་ཡེ་ལས་ཞི་བྱེད་སོ་ལུགས་དང་། མ་གཅིག་གི་སྲས་ཁམས་བུ་ཡ་མེའི་དྲུང་ནས་གཅོད་ཡུལ་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་པས་གཡའ་བཟང་པའི་ཁྲིད་ཆེན་བཞིར་ཡང་གྲགས། དེ་ནས་འབུམ་ཞིང་དང་། མདའ་དགོན། ལྷ་ཡུལ་ཤར་ཁང་ལ་སོགས་པར་ལོ་མང་སྒྲུབ་པ་མཛད་པས་ཉམས་རྟོགས་ཆེན་པོ་འཁྲུངས། དགུང་ལོ་སོ་བརྒྱད་པ་རབ་བྱུང་གསུམ་པའི་མེ་སྟག་སྤྱི་ལོ་1206ལོར་ཡར་ཀླུང་གཡའ་བཟང་དགོན་པ་བཏབ་སྟེ། དགོན་དེ་ཉིད་དུ་རྒྱུན་བཞུགས་མཛད། བླ་མ་ཟླ་ར་བ་དང༌། སྐལ་ལྡན་ཡེ་ཤེས། གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་རྣམས་ཀྱིས་གཡའ་བཟང་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ཁ་གཏོད། དགེ་འདུན་གྱི་སྡེ་བཙུགས། བཀའ་བརྒྱུད་བཀའ་བཞིའི་འགྲོ་དོན་ལོ་ཉི་ཤུ་རྩ་བཞི་བར་དུ་བསྐྱངས། དུས་དེར་དྲང་སྲོང་རཱ་ཧུ་ལ་དངོས་སུ་མཇལ་དུ་ཕེབས་ནས་གཟའ་སྲུང་གི་མན་ངག་ཁྱད་པར་ཅན་ཕུལ། དེ་རྗེས་ཡོན་བདག་སོ་སོས་གདན་དྲངས་པ་ལྟར་གཉལ་སྟོད་སྨད་དང་། མཚོ་སྣ། ལྷོ་བྲག །ཡར་ཀླུང༌། ཨེ་སོགས་ཡུལ་གྲུ་མང་པོར་ཞབས་བཅགས་ནས་གདུལ་བྱ་འགྲོ་བའི་དོན་རྒྱ་ཆེར་བསྐྱངས། མཐར་དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་བཞི་པའི་ཆུ་སྦྲུལ་སྤྱི་ལོ་1233ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེའི་རྗེས་སུ་ཉེ་གནས་རིན་ཆེན་ཇོ་སྲས་དང་། དབོན་རིན་པོ་ཆེའམ་རྟོགས་ལྡན་རྒྱལ་པོ་དགེ་མཛེས་འོད། མཁར་ཆུ་པ་བསམ་གཏན་འོད། ཟ་ར་བ། གདོང་རྒྱུད་པ་ལ་སོགས་ཀྱིས་གདན་ས་བསྐྱངས། སློབ་མ་བུ་ཆེན་བཞིའམ་སྒོམ་ཆེན་བཞིར་གྲགས་པ་སྟེ། གཉལ་སྨད་དཔལ་རི་བ་སངས་རྒྱས་བྱ་སྒོམ་དང་། གོ་ར་གདོང་པ་སངས་རྒྱས་ལྟ་སྒོམ། གསེར་ལྟེ་བ་སངས་རྒྱས་སེ་སྒོམ། དགོན་གསར་བ་སངས་རྒྱས་རྒྱ་སྒོམ་སོགས་ཀྱིས་གཡའ་བཟང་པའི་སློབ་རྒྱུན་ཡུན་དུ་སྤེལ་བ་བཅས་སོ།
།མདོར་ན། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་རྣམས་རྩ་བའི་སྡོང་པོ་གཅིག་ལ་ཡན་ལག་གི་ཡལ་ག་སོ་སོར་དབྱེ་ནས་རང་རང་ལུགས་ཀྱི་བླ་མ་གོང་མ་ཚོས་གདུལ་བྱ་སྐྱོང་བའི་ཐབས་ལམ་གྱི་ཁྱད་ཆོས་ཙམ་ཡིན་པ་ཡང་། སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ཆོས་འབྱུང་ངོ་མཚར་རྒྱ་མཚོར་མདོར་ན་ཉན་ཐོས་ཀྱི་ངེས་འབྱུང༌། ཐེག་ཆེན་གྱི་སེམས་བསྐྱེད། གསང་སྔགས་ཀྱི་དམ་ཚིག་རྣམ་པར་དག་པ་རྣམས་གཞིར་བཞག་པའི་སྟེང་དུ་བཀའ་བརྒྱུད་རིན་པོ་ཆེའི་ཁྱད་ཆོས་མར་རྔོག་གི་རྒྱུད་བཤད། མི་ལའི་སྙིང་རུས་དང་གདམས་ངག །སྒོམ་པ་བའི་ངོ་བོ་གད་དར། ཀརྨ་པའི་རླུང་སེམས་དབྱེར་མེད། ཞང་གི་ལམ་མཆོག་མཐར་ཐུག །འབའ་རོམ་པའི་བསྲེ་འཕོ་གསེབ་ལམ། ཕག་གྲུའི་གསང་སྔགས། སྟག་ལུང་པའི་རྣམ་ཐར་སོ་དགུ། འབྲི་གུང་པའི་སྡོམ་གསུམ་གནད་གཅིག །གཙང་པ་རྒྱ་རས་ཀྱི་རྟེན་འབྲེལ་དང་རོ་སྙོམས། ལོ་རྒོད་ཀྱི་མོས་གུས་དང་ཞེན་ལོག་རྣམས་ནི་ཆ་མཐུན་ཁྱད་འཕགས་ཞེས་རེ་རེ་ལ་ཡང་ཐམས་ཅད་ཚང་བར་ཡོད་མོད་ཀྱི། གང་ལ་རྩལ་དུ་བཏོན་ནས་སློབ་མ་འཁྲིད་ཅིང་སྐྱོང་བར་མཛད་པའི་ཕྱིར་ཁྱད་པར་གྱི་འབྱེད་ཆོས་སུ་བཞག་ཏུ་རུང་ཞེས་གསུངས་པ་ལྟར། བཀའ་བརྒྱུད་པའི་ནང་གསེས་བླ་མ་དམ་པ་སོ་སོའི་གདམས་པ་ཉམས་ལེན་གྱི་ཁྱད་ཆོས་ཅུང་མི་འདྲ་ཡང་། ཡོངས་རྫོགས་ལ་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་ཞེས་འཇིག་རྟེན་གསུམ་ན་སྙན་པར་གྲགས་སོ།
།དེ་མིན་ཡང་མན་ངག་སྙེ་མ་ཆུང་བ་ལས་སློབ་དཔོན་སློབ་མའི་བསམ་ཤེས་ནས། །ཅི་རིགས་པ་ནི་ངེས་སྦྱོར་བ་ཞེས་འཁོད་པ་བཞིན་ཆོས་བརྒྱུད་སོ་སོའི་བླ་མ་གོང་མ་ཚོས་རང་རང་གི་སློབ་མའི་ཁམས་དང་མོས་པ་ཅི་རིགས་ལ་གཞིགས་ཏེ་ཕྲ་ཞིང་ཟབ་པའི་མཐར་ཐུག་གི་གནད་དོན་དེ་དག་སློབ་མར་ངེས་སྦྱོར་གནང་བའི་སྐབས་མཚོན་བྱེད་ཀྱི་ཚིག་རིས་དང་ཐབས་ལམ་མི་འདྲ་བ་ཡིན། དེས་ན་ཤངས་པ་བཀའ་བརྒྱུད་ཀྱི་ཕྱག་ཆེན་གའུ་མ་དང་དྭགས་པོའི་ལྷན་ཅིག་སྐྱེས་སྦྱོར། རྙིང་མའི་མན་ངག་རྫོགས་ཆེན། ས་སྐྱའི་གསལ་སྟོང་འཛིན་མེད། ཞི་བྱེད་ཀྱི་གཅོད། དགེ་ལྡན་པའི་དབུ་མའི་ལྟ་བ་ལ་སོགས་པ་དེ་དག་གི་མཐར་ཐུག་གི་ངེས་དོན་ལ་ཡང་གཅིག་ཏུ་བབས་ལ། དེ་དག་ཀུན་ཐར་པའི་རྒྱུར་གྲུབ་པ་ཡང་། འཇམ་དཔལ་མཚན་བརྗོད་དུ་གྲུབ་པའི་མཐའ་ནི་དེ་དག་ཀུན། གང་ཡིན་ཐར་བའི་རྒྱུར་གསུངས་པ་ཞེས་འཁོད་པ་དང་འདྲ་བ་ཡིན། མཐར་ཐུག་ནས་བརྗོད་ན་ཆོས་ལུགས་གང་ཞིག་གི་གྲུབ་མཐའ་ཅི་རིགས་པ་ཐམས་ཅད་ཀྱང་བདེན་གྲུབ་ཀྱིས་སྟོངས་པས་སྒྱུ་མ་རྨི་ལམ་ལྟ་བུ་ཞིག་ཡིན་པ་ཡང་། སྒྱུ་ལུས་འཛིན་པ་རང་གྲོལ་དུ་ཕྱི་རོལ་པ་དང་། དབུ་མ། རྫོགས་ཆེན། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གྲུབ་མཐའ་ཐམས་ཅད་ཀྱང་སྒྱུ་མ་རྨི་ལམ། དེ་བས་ལྷག་པའི་གྲུབ་མཐའ་གཅིག་ཡོད་ཀྱང་སྒྱུ་མ་རྨི་ལམ་ཡིན་པས། སྒྱུ་མ་ལས་ལོགས་སུ་གྲུབ་པའི་ཆོས་གང་ཡང་མེད་ཅིང་། སྒྱུ་མ་ལས་མཐོ་བ་གང་ཡང་མེད་དོ་ཞེས་གསུངས་པ་ལྟར་དང་། ཡང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་ཀྱང་བྱིས་པའི་སྐྱེ་བོ་དག་སྣ་བསྡུར་བ་བཞིན་དུ་ཁྱོད་ཀྱི་འདི་དང་ངའི་འདི་ཞེས་སོ་སོར་འཛིན་སྟངས་ཕྱེ་སྟེ། རྙིང་མ་བ་དང་། བཀའ་གདམས་པ། ཞི་བྱེད་པ། ས་སྐྱ་པ། བུ་སྟོན། ཇོ་ནང་པ། དགེ་ལྡན་པ། བོ་དོང་པ་ཞེས་ཐ་དད་ཀྱི་ཞལ་བཞེས་དང་། བཤགས་འདེབས་རང་རང་གི་མོས་བློ་ཕྱོགས་ཅི་རིགས་སུ་བཅད་ནས་ཁོ་ཅག་འདི་དང་འདི་མཐུན། འདི་དང་ཕྱེད་མཐུན་འདི་དང་གཏན་མི་མཐུན་ཞེས་མང་དུ་ཞིང་བ་དག་མཐོང་མོད། བདག་ནི་གྲུབ་མཐའ་སྨྲ་བ་མཐའ་དག་དང་ཕྱིན་ཅི་ལོག་འབའ་ཞིག་ཏུ་འཆར་བའི་བློ་རིགས་འདི་ལྟ་བུར་སྣང་སྟེ། དེ་ཡང་ཞིབ་ཏུ་སྙད་ན། གྲུབ་པའི་མཐའ་ཞེས་འདབ་འདི་ནི་ཡི་གེ་ཡིན་ཏེ། དབུ་ཅན་དུ་བྲིས་ན་དབུ་ཅན་དུ་འོང་ལ། དབུ་མེད་དུ་བྲིས་ན་དབུ་མེད་དུ་འོང་བ་ཡིན་ནོ་ཞེས་གསུངས་པ་དེ་ནི་ཚད་མའི་གཏམ་ཁོ་ནར་སྣང་ངོ༌།

II.1.3 - The Dagpo Kagyü
།གསུམ་པ། དྭགས་པོ་བཀའ་བརྒྱུད་པའི་ལྟ་སྒོམ་རྣམ་གཞག་སྐོར།
སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་ཀྱིས་རྒྱུ་ཕར་ཕྱིན་ཐེག་པའི་ལྟ་བ་གཏན་ལ་འབེབས་ཚུལ་གྱི་རྣམ་གྲངས་མཐའ་ཡས་པ་བརྗོད་ཀྱིས་མི་ལངས་ཀྱང་། གཙོ་ཆེར་མཐའ་བཞི་སྐྱེ་འགོག་གི་རིགས་པ་དང་། རྡོ་རྗེ་ཟེགས་མའི་གཏན་ཚིགས་ཉིད་ཀྱིས་ཐོག་མར་དཔྱད་སྒོམ་ཁོ་ན། བར་དུ་དཔྱད་འཇོག་ཟུང་འབྲེལ། མཐའ་མར་འཇོག་སྒོམ་ཁོ་ན་སོགས་ཀྱིས་སྒོམ་ཚུལ་དུ་མའི་སྒོ་ནས་མཐའ་བྲལ་དབུ་མ་ཆེན་པོའམ་ཆོས་ཉིད་ཕྱག་རྒྱ་ཆེན་པོའི་ལྟ་བ་སྟེ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་ནང་བསྟན་གྱི་གྲུབ་མཐའ་གཞན་རྣམས་དང་འདྲ་ཡང༌། སྐབས་འདིར་འབྲས་བུ་རྡོ་རྗེ་ཐེག་པའི་ཐབས་གྲོལ་གྱི་གདམས་པ་ཐུན་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གི་སྐོར་ཅུང་ཙམ་འཆད་པ་ལ།
II.1.3.1 Mahamudra, the path of liberation
གཅིག །གྲོལ་ལམ་ཕྱག་རྒྱ་ཆེན་པོའི་སྐོར།
དེ་ཡང་རྗེ་མར་པས་ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སེམས་གནད་དུ་བསྣུན་པའི་བརྡ་དོན་ཞིག་ཅེས་གསུངས་པ་ལྟར་དྭགས་པོ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་ཀྱི་སེམས་གནད་དུ་བསྣུན་པའི་ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེན་པོའི་སྐོར་བརྗོད་པ་ལ།
༡ ངོ་བོ་དང་སྒྲ་དོན་བསྟན་པ།
ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་འདི་ཉིད་ཀྱི་ཚིག་གི་ཐ་སྙད་ནི་སྤྱིར་སྔགས་ཁོ་ནར་གསུངས་ཤིང༌། སྒྲ་དོན་ནི་ཟུང་དུ་འཇུག་པ་ལ་ཕྱག་རྒྱ་དེའི་རང་བཞིན་གྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ཆེན་པོ་སྟེ། ཆོས་ཐམས་ཅད་དེ་ལས་མི་འདའ་བ་དང་། ལེགས་སྦྱར་སྐད་དུ། མ་ཧཱ་མུ་དྲ་སྟེ། དེ་ལ་མུ་དྲ་ཞེས་པ་མི་འདའ་བའམ། མི་ཕྱེད་པའམ། མི་རྟིང་པའམ། འདུ་བྲལ་མེད་པ་ལ་འཇུག་སྟེ། དེས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་རང་ས་ནས་སོ་མ་ཉམས། མདོག་མ་བསྒྱུར། དུས་གསུམ་དུས་མེད་དུ། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ཕྱག་རྒྱ་མ་ཧཱ་ཞེས་པ། དེའི་གོང་ན་གཞན་མེད་པས་ཆེན་པོའོ་ཞེས་དང་། རྗེ་སྒམ་པོ་བས་སྣང་སྲིད་འཁོར་འདས་རྣམས་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ ཅིར་སྣང་ཅི་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། ཆོས་ཉིད་རང་གྲོལ་དུ་རྟོགས་པས་ན་ཆེན་པོའོ་ཞེས་སོགས་གསུངས་པ་བཞིན། སངས་རྒྱས་བསྟན་པའི་གཞི་སོ་སོར་ཐར་པ་ནས་དཔལ་གསང་བ་འདུས་པའི་བར་གྱི་ལྟ་སྒོམ་ཐམས་ཅད་མི་འདའ་བར་བྱེད་པའི་རྒྱ་དང་། དེའི་གོང་རོལ་ན་གཞན་མེད་པས་ཆེན་པོ་ཡིན། ཕྱག་ཅེས་པའི་སྒྲ་ནི་འཁྲུལ་གཞི་བསལ་བའི་ཕྱིར་ལོ་ཙཱ་བ་རྣམས་ཀྱིས་བླ་དྭགས་སུ་བསྣན་ནས་ཕྱག་རྒྱ་ཞེས་སུ་བསྒྱུར་བ་འགོས་ལོ་སོགས་ཀྱིས་བཞེད་ཀྱང་། གོང་དུ་རྗེ་སྒམ་པོ་བས་སྣང་སྲིད་འཁོར་འདས་ཀུན་སྐྱེ་མེད་དུ་རྟོགས་པར་གསུངས་པ་དང་། ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཕྱག་ནི་ལག་པའི་ཞེ་ཚིག་སྟེ། སྟོང་པའི་རང་བཞིན་གྱི་རྟགས་ཐམ་དང་འབྲེལ་བ་དང་། སྣང་ཚུལ་ཐམས་ཅད་བདེན་གྲུབ་ཀྱིས་སྟོངས་ཞེས་པའི་དོན་ཡིན་པར་གསུངས། དེ་ལྟར་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པར་ཡང་། ངོ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པ། མིང་ཕྱག་རྒྱ་ཆེན་པོ་ཞེས་སུ་གྲགས་པའི་ཁྱད་པར་གསུམ་དང་ལྡན་པའི་གདམས་པ་མཆོག་འགྱུར་འདི་ཉིད་ནི་ཚིག་གི་བརྒྱུད་པ་ཙམ་མ་ཡིན་པར་དོན་གྱི་བརྒྱུད་པ་མཐར་ཐུག་སྟེ་ཕྱག་རྒྱ་ཆེན་པོ་དྲི་མ་མེད་པ་རྟོགས་པའི་བརྒྱུད་པ་བར་མ་ཆད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སྤྱིའི་གདམས་ངག་གི་གནད་གལ་ཆེན་ཞིག་ཡིན་པས། བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་པ་སྤྱི་ལ་གདམས་པའི་མིང་ནས་བཏགས་ཏེ་ཕྱག་ཆེན་པ་ཞེས་སུའང་འབོད།
༢ དབྱེ་བ་དང་ཉམས་ལེན་རགས་བཤད།
ཕྱག་རྒྱ་ཆེན་པོ་ལ་དབྱེ་ན། གཞི་ལམ་འབྲས་གསུམ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་འཁོར་འདས་ཀུན་གྱི་ཁྱབ་བདག་ཏུ་གྱུར་པ་དང་། བྱེ་བྲག་ཏུ་གསལ་ཞིང་དྭངས་ལ་ངོས་གཟུང་རྒྱུ་མེད་པའི་རང་སེམས་ཀྱི་གཤིས་གདོད་མའི་གནས་ལུགས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་སྟེ། ཕྱག་ཆེན་གངྒ་མར་དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ་ཞེས་དང་། སེམས་ཀྱི་རང་བཞིན་ཁོ་ནར་མ་ཧཱ་མུ་དྲ་ཞེས་སུ་བརྗོད་དེ། མ་ཧཱ་མུ་དྲའམ་ཕྱག་རྒྱ་ཆེན་པོའི་དོན་ནི་གང་ཡང་དེའི་ཕྱི་རོལ་ཏུ་མི་གནས་པས་སོ་ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་ཁོ་ནར་ཕྱག་རྒྱ་ཆེན་པོ་ཞེས་སུ་འབོད་པ་གཞི་ཕྱག་རྒྱ་ཆེན་པོ་དང་། ཐོས་བསམ་སྒོམ་གསུམ་སོགས་ཀྱི་ལམ་ལ་བརྟེན་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་རང་བཞིན་མེད་པ་འོད་གསལ་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས་རྟོགས་ཤིང་། མྱོང་ཐོག་ཏུ་རང་ངོ་ཤེས་པའི་ལྟ་སྒོམ་ཁྱད་པར་ཅན་ནི་ལམ་གྱི་ཕྱག་ཆེན། དེ་ལྟ་བུའི་གཞིའི་ཕྱག་ཆེན་དེ་ཉིད་ལམ་ཕྱག་ཆེན་གྱིས་གོམས་པར་བྱས་པ་ལས་ནམ་མཁའ་གཡའ་དག་པ་ལྟར་གཉིས་སྣང་ཕྲ་ཞིང་ཕྲ་བའང་དག་ནས་སྒྲིབ་བྲལ་དག་པ་གཉིས་ལྡན་གྱི་ཡེ་ཤེས་འབའ་ཞིག་ཏུ་གྱུར་པ་ནི་འབྲས་བུའི་ཕྱག་ཆེན་ནོ།
།ཡང་ཕྱག་རྒྱ་ཆེན་པོ་ལ་མདོ་སྔགས་གཉིས་སུ་ཕྱེ་བ་ནི། རྗེ་སྒམ་པོ་བས་ཏིང་ངེ་འཛིན་རྒྱལ་པོའི་ནང་གི་ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ་ཞེས་པ་སོགས་ཀྱི་མདོ་ལུང་མང་དུ་དྲངས་ནས་ཕྱག་རྒྱ་ཆེན་པོར་ཕར་ཕྱིན་ཐེག་པའི་ལུགས་དང་སྔགས་ཀྱི་ལུགས་གཉིས་སུ་ཕྱེ་བས། ཕྱིས་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་ཀྱང་དངོས་གཞི་ཕྱག་རྒྱ་ཆེན་པོ་ལ། །བཞེད་ཚུལ་མང་དུ་འདུག་ན་ཡང༌། །མདོ་སྔགས་དབྱེ་བས་གཉིས་སུ་ཡོད་ཅེས་གསུངས་པ་ཡིན། དེ་ལས་དང་པོ་མདོ་ལུགས་ཀྱི་ཕྱག་ཆེན་ནི། ཐོག་མར་སྒོམ་པ་སྐྱེ་བར་བྱེད་པ་སྔོན་འགྲོ་བཞི་སྦྱོར། སྐྱེས་པ་ལམ་དུ་བྱེད་པ་ངོ་སྤྲོད་རྣམ་གསུམ་བཅས་ཀྱི་ཏིང་ངེ་འཛིན་དང་། གོལ་ཤོར་གྱི་འཕྲང་བཅད། རྣལ་འབྱོར་བཞི་སོགས་རིམ་གྱིས་ཉམས་སུ་ལེན་པ་སྟེ། སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་འཇོག་པའི་མི་རྟོག་པ་བསྒོམས་ཏེ་གནས་པ་བསྒྲུབས། དེ་ལྟར་བསྒྲུབས་པའི་དམིགས་པ་ལ་གནས་པའི་སེམས་གསལ་རིག་དེ་ལུས་ཀྱི་ཕྱི་ནང་གང་དུ་ཡོད་མིན་སེམས་འཚོལ་རྒྱབ་པས་སེམས་ཀྱི་ངོ་བོ་གཅིག་ཀྱང་མ་རྙེད་པའི་བདེན་མེད་དུ་ངེས་པའི་ཚེ། བདེན་མེད་དེས་ཁྱད་པར་དུ་བྱས་པའི་སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་འཇོག་པ་སྟོང་ཉིད་མ་ཡིན་འགག་གི་ཚུལ་དུ་སྒོམ་པ་ཡིན་པར་བཞེད། གཉིས་པ་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་ཆེན་གྱི་འོད་གསལ་ལ་བཞེད་ཅིང་། དེ་ནི་གྲུབ་པ་སྡེ་བདུན་དང་། སྙིང་པོ་སྐོར་གསུམ་དུ་གྲགས་པའི་བརྗོད་བྱའི་གཙོ་བོ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་སྙིང་པོའི་དོན་སྟོང་པ་ཉིད་དོ། དེ་སྒོམ་པ་ལ་ཐོག་མར་གཉུག་སེམས་མངོན་དུ་བྱ་དགོས་ཤིང་། དེ་ལ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དགོས་པས། གཉུག་སེམས་ཀྱི་ངོ་བོ་གཏན་ལ་ཕབ་སྟེ་དེའི་སྟེང་དུ་རྩེ་གཅིག་ཏུ་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། དེའི་སྟོབས་ཀྱིས་ལྟེ་གསང་གི་གཏུམ་མོ་འབར་བ་ལ་བརྟེན་ནས་ཞུ་བ་དེས་དྲངས་པའི་དགའ་བཞི་སྐྱེས་ཏེ་གཉུག་སེམས་བདེ་བ་ཆེན་པོའི་ངོ་བོར་སྐྱེ། དེ་ཡུལ་སྟོང་པ་ཉིད་དང་དབྱེར་མེད་དུ་གྱུར་པའི་བདེ་སྟོང་གི་ཡེ་ཤེས་ལ་རྩེ་གཅིག་ཏུ་བཞག་པས་རྣལ་འབྱོར་བཞི་རིམ་གྱིས་བགྲོད་དེ་མཆོག་འགྲུབ་པར་འགྱུར་ལ། དེ་ལྟ་བུའི་བདེ་བ་དང་སྟོང་པ་ཐབས་ཤེས་ཟུང་དུ་འབྲེལ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དཀར་པོ་ཆིག་ཐུབ་ཅེས་པའི་ཐ་སྙད་ཀྱང་མཛད།
ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་གང་ཟག་ལ་དབང་པོ་རྣོ་བརྟུལ་གཉིས་ལས། རླུང་དབུ་མར་སྡུད་པའི་ལམ་བསྒོམ་མི་ནུས་པའི་དབང་བརྟུལ་གྱིས་རེ་ཞིག་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཕྱག་ཆེན་སྒོམ་པར་བྱེད་པ་ཡིན་ལ། དབང་རྣོན་ལའང་གཉིས་ཏེ། ཚེ་སྔོན་མའམ་ཚེ་སྟོད་ཡན་ལ་ལམ་སྔ་མ་སྔ་མ་ལ་སྦྱངས་ནས་རླུང་དབུ་མར་འཇུག་པར་བྱང་བ་ཞིག་ཡིན་ན། ལམ་ཐུན་མོང་བ་དང་། དབང་དང་། བསྐྱེད་རྫོགས་སོགས་སྔོན་དུ་འགྲོ་དགོས་ཤིང་། དེ་ལྟ་བུ་ལ་གང་ཟག་རིམ་གྱེས་པའི་ཐ་སྙད་མཛད་དེ། ཆོས་དྲུག་ཀ་དཔེ་མ་ལས་སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱེས་པར་ནི་བསྟན་པར་བྱ་ཞེས་དང་། ཡང་དང་པོ་ཉིད་ནས་སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་བཞག་སྟེ་བསྒོམས་པ་ཉིད་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་བྱས་པས་གཉུག་སེམས་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་བ་ལ་གང་ཟག་ཅིག་ཅར་བའི་ཐ་སྙད་མཛད་དེ། ཆོས་དྲུག་ཀ་དཔེ་ཉིད་ལས་དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་སྟོན་པར་མཛད་ཅེས་ཕྱག་རྒྱ་ཆེན་པོ་དེ་ཉིད་ཉམས་སུ་ལེན་སྐབས་མདོ་སྔགས་ཀྱི་ལུགས་གཉིས་ལས་ངོ་མཚར་བའི་སྙིང་པོའི་ལུགས་ཞེས་ཟབ་མོའི་སྙིང་པོ་བཙན་ཐབས་སུ་རྟོགས་པའི་ལམ་ཞིག་ཡིན་པ་སྟེ། རྟོགས་ལྡན་གྱི་བླ་མས་སྐལ་ལྡན་གྱི་སློབ་མ་ཆེས་དབང་རྣོན་དུ་གྱུར་པ་ལ་རྡོ་རྗེ་ཡེ་ཤེས་ཀྱི་དབང་གི་བྱིན་རླབས་འབེབས་པ་ཙམ་གྱིས། ཐ་མལ་ཤེས་པ་སྙིང་དབུས་སུ་སད་ནས་རྟོགས་གྲོལ་དུས་མཉམ་དུ་འགྱུར་བས་སྤྲོས་བཅས་ཀྱི་ཐབས་དང་སྦྱངས་པའི་རྩོལ་བ་མ་ལྟོས་པར་དབང་པོ་རབ་སྨིན་གྲོལ་དུས་གཅིག་ཏུ་སྐྱེ་བའི་ལམ་མཆོག་བླ་ན་མེད་པ་ཞིག་ཡིན་པ་སོགས་ལ་དམིགས་ནས། རྗེ་མར་པས་ཀྱང་ཕྱག་རྒྱ་ཆེན་པོ་ངོ་མཚར་ཆེ། །གཅིག་ཆོད་ཀྱི་གདམས་པ་བློ་རེ་བདེ་ཞེས་གསུངས་པའོ།
༣ །ཕྱག་ཆེན་བོད་དུ་བསྒྱུར་བའི་བརྒྱུད་པ།
དེ་ཡང་ཆོས་རྗེ་རྒོད་ཚང་བའི་ཞལ་ནས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ཕྱག་རྒྱ་ཆེན་མོ་ཞེས་ལམ་ཕུལ་དུ་བྱུང་བར་མགོ་འདོན་མཁན་བྲམ་ཟེ་ཆེན་པོ་ས་ར་ཧར་གདའ་བ་བུ། དེའི་ལུགས་འཛིན་པ་རྒྱ་གར་ན་རྗེ་རི་ཁྲོད་ཞབས་ཡབ་སྲས་ཡིན་ཞེས་གསུངས་པ་ལྟར། ཡབ་རི་ཁྲོད་ཞབས་ཀྱི་ལུགས་སྲས་མི་སྲིད་པས་བཟུང་ནས་སློབ་མ་རྣམས་ལ་ཕྱག་རྒྱ་ཆེན་པོའི་མན་ངག་སྟོན་པས་འཛམ་བུའི་གླིང་ཐམས་ཅད་དུ་ཁྱབ། ཕྱག་རྒྱ་ཆེན་པོ་སྟོད་ལུགས་པ་ཚོས་ཇོ་བོ་མཻ་ཏྲི་པ་འི་སློབ་མ་རྣམས་ལས་ཕྱག་རྒྱ་ཆེན་པོ་བོད་དུ་འགྱུར་བ་ལ་སྔ་ཕྱི་བར་གསུམ་བཤད་དེ། སྔ་མ་སྐོར་ནི་རུ་པ་ལས་བརྒྱུད་པ་སྟེ། མངའ་བདག་མཻ་ཏྲི་པ་ས་རྗེ་བཙུན་ཀ་རོ་པ། དེས་སྐོར་ནི་རུ་པ་ལ་བརྒྱུད་པ་ཡིན། བར་པ་ལ་སྟོད་སྨད་གཉིས་ལས། སྟོད་འགྱུར་ནི་རྒྱ་གར་ཕྱག་ན་བོད་དུ་འབྲོག་ཇོ་སྲས་ཀྱིས་སྤྱན་དྲངས་ཏེ་གཙང་གི་ཆུ་སྒོར་བཞུགས་ནས་ལྷ་རྗེ་གཙང་ཤོད་པ། ཤེ་སྟོན་བྱང་འབར། སྤུ་ཧྲངས་ནག་པོ་ཤེར་དད། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རྨ་བན་ཆོས་འབར་སོགས་བོད་སྟོན་ཆེན་པོ་སུམ་ཅུ་ལ་གྲུབ་སྙིང་ཕྲ་མོ་དང་བཅས་པའི་གཞུང་དང་། བྲུལ་ཚོ་དགུ་གསུམ་ཉི་ཤུ་རྩ་བདུན་ཕྱག་རྒྱ་བཞིས་བཅིངས་པ་སོགས་གནང་། སྨད་འགྱུར་ཨ་སུ་སྟེ་བལ་པོ་སྐྱེ་མེད་དུ་གྲགས་པས་དབུས་སུ་ཚེ་ཕྱིད་པར་མཛད་ནས་སློབ་མ་སྒོམ་ཀ་བ་བཞི། གདུང་དྲུག །ཡོར་པོ་བའི་བུ་གསུམ། དམག་པ་སྒང་པ་ལ་སོགས་པར་གསུངས་པ་རྣམས་སོ། །ཕྱི་འགྱུར་ནི་མངའ་རིས་པ་ནག་པོ་ཤེར་དད་ཀྱིས་རྒྱ་གར་དུ་བྱོན་ནས་ཕྱག་རྒྱ་སྐུ་བགྲེས་ཁ་དང་མཇལ། ཕྱིས་བོད་དུ་བྱོན་ནས་ཕྱག་རྒྱ་ཆེན་པོའི་ཆོས་བཅུ་སོགས་གསུངས་པ་རྣམས་དང་། རྗེ་མར་པ་ལ་བྱུང་བར་ཟུར་འགྱུར་ཞེས་སུ་གྲགས་ཀྱང་། དེབ་སྔོན་དུ་དུས་སྔ་ཕྱིའི་གོ་རིམ་བཞིན་བརྒྱུད་པ་རིམ་པ་དང་པོ་ནི་ཇོ་བོ་རྗེས་མཻ་ཏྲི་པ་ལས་ཐེག་པ་ཆེན་པོ་རྒྱུད་བླ་མའི་རྩ་འགྲེལ་དང་དོ་ཧ་ལ་སོགས་པའི་སྐོར་གསན་པ་དེ་དག་ལས་ཇོ་བོས་དོ་ཧ་དང་གྲུབ་སྙིང་གི་སྐོར། ཀུན་ཏུ་བཟང་པོའི་སྤྱོད་པ་བྱེད་ཚུལ་རྣམས་བསམ་ཡས་མཆིམས་ཕུར་དགེ་བཤེས་སྟོན་པ་ལ་གསུངས་པ་དང་། རིམ་པ་གཉིས་པ་ནི་མངའ་བདག་མེ་ཏྲི་པ་ལས་རྗེ་མར་པས་གསན་ནས་བོད་དུ་སྤེལ་བ་རྣམས། རིམ་པ་གསུམ་པ་ནི་པཎྜི་ཏ་བཻ་རོ་ཙ་ན་རཀྴི་ཏ་བོད་དུ་ལན་ལྔ་བྱོན་ནས་གསུངས་པ་རྣམས། རིམ་པ་བཞི་པ་ནི་སྐོར་ནི་རུ་པ་ལས་བརྒྱུད་པ་རྣམས། རིམ་པ་ལྔ་པ་ནི་སྟོད་ལུགས་སྨད་ལུགས། རིམ་པ་དྲུག་པ་ནི་རྗེ་རས་ཆུང་པ་ལས་བརྒྱུད་པ་རྣམས། རིམ་པ་བདུན་པ་ནི་ནག་པོ་ཤེར་དད་ཀྱིས་གསུངས་པ་བཅས་ཁྱོན་རིམ་པ་བདུན་དུ་ཕྱེ་ནས་གསུངས། འདིའི་རིམ་པ་ལ་འགལ་འཛོལ་ཅུང་ཞིག་ཡོད་པར་སྣང་སྟེ། ཇོ་བོས་དགེ་བཤེས་འབྲོམ་སྟོན་པ་ལ་མ་གསུངས་པའི་སྔོན་དུ་བཻ་རོ་ཙ་ན་རཀྵི་ཏ་དང་སྐོར་ནི་རུ་པ་སོགས་བོད་དུ་ཕེབས་ནས་ཕྱག་ཆེན་གྱི་གདམས་པ་སྤེལ་ཟིན་པ་ཡིན་པས་དེའི་སྐོར་མུ་མཐུད་དཔྱད་པར་འཚལ།
༤ ཕྱག་ཆེན་སྐོར་གྱི་དོགས་དཔྱོད།
མཉམ་མེད་དྭགས་པོ་རིན་པོ་ཆེས་དཔལ་ཕག་མོ་གྲུ་པ་ལ། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ཞེས་གསུངས་པ་བཞིན། དཔལ་ཕག་གྲུ་ཡབ་སྲས་དང་། རྗེ་འབྲི་གུང་དཔོན་སློབ། ཆོས་རྗེ་རང་བྱུང་རྡོ་རྗེ། འཇམ་མགོན་བློ་གྲོས་མཐའ་ཡས་ལ་སོགས་པས་ཐེག་པ་ཆེན་པོ་རྒྱུད་བླ་མའི་བཤད་པའམ་མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་སྲོལ་བརྒྱུད་འཛིན་གནང་བ་ཡིན། དགའ་ལྡན་ཆོས་འབྱུང་དུ་རྗེ་རིན་པོ་ཆེའི་གསུང་དྲངས་པར་ཕྱག་རྫོགས་དབུ་གསུམ་ལྟ་བ་བོད་འདིར་གྲགས། །དབུ་མ་ཀླུ་སྒྲུབ་ཡབ་སྲས་བཞེད་པའི་རྩེ། །གཞུང་ལུགས་སྦྱངས་པའི་མཁས་མིན་རྟོགས་པ་དཀའ། དེང་དུས་ཕྱག་རྒྱ་ཆེ་ཞེས་སེམས་གནས་ཀྱི། །ལྟ་བ་ཡིན་གྱི་ཕྱག་ཆེན་དངོས་མ་ཡིན་ཞེས་རྗེ་ཙོང་ཁ་པས་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་ལས། ཀླུ་སྒྲུབ་ཡབ་སྲས་ཀྱིས་བཞེད་པའི་དབུ་མའི་ལྟ་བ་དེ་ཁྱད་དུ་འཕགས་པ་ཡང་གཞུང་ལུགས་ལ་སྦྱངས་པ་མཛད་པའི་མཁས་པ་མིན་པར་རྟོགས་དཀའ་ལ། ཁོང་གི་སྐུ་དུས་ཀྱི་ཕྱག་ཆེན་ཞེས་ཟེར་བ་དེ་སེམས་གནས་ཀྱི་ལྟ་བ་ཡིན་པ་ལས་ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་ཞེས་ཁོང་དང་དུས་མཉམ་པའི་ཕྱག་ཆེན་གྱི་ཉམས་ལེན་པ་འགའི་ལྟ་ཚུལ་བཀག་པ་ཡིན། དེའི་རྒྱུ་མཚན་ནི་དགའ་ལྡན་ཆོས་འབྱུང་དུ་ལྟ་བ་ཕྱག་རྒྱ་ཆེན་པོ་ནི་སྤྱིར་གྲུབ་མཐའ་རིས་མེད་ཀྱི་ཆོས་སྐད་ཡིན་ལ། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཡང་མི་ལ་ཡན་དུ་སྨད་པར་མི་རིགས་མོད་ཅེས་པ་དང་། ཡང་དེ་དང་ཕྱོགས་འདྲ་བར། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཁས་གྲུབ་རྗེ་དང་ས་སྐྱ་པཎ་ཆེན་གྱིས་དགག་པ་སྐྱོན་པ་དེ་ཡང་བཀའ་བརྒྱུད་ཀྱི་བླ་མ་གོང་མ་ཚོའི་ལྟ་བ་ལ་དགག་པ་སྐྱོན་པ་མ་ཡིན་པར་ཕྱིས་སུ་སློབ་མ་འགའ་ཤས་ཀྱིས་བྲིས་པའི་ཕྱག་རྒྱ་ཆེན་པོའི་དཔེ་ཆ་དེ་དག་ལ་དགག་པ་སྐྱོན་པ་ཞིག་རེད་ཅེས་གསུངས་པ་ལྟར། ཕྱག་རྒྱ་ཆེན་པོའི་ལྟ་བ་དེ་ཉིད་མདོ་ལས་གསུངས་པས་ཡང་དག་འཁྲུལ་མེད་ཡིན་པ་ཐེ་ཚོམ་མེད་ལ། དེ་ཉིད་ཉམས་སུ་ལེན་མཁན་གྱི་སྔ་རབས་ཀྱི་བླ་མ་གོང་མ་ཚོར་སྨད་པར་མི་རིགས་ཀྱང་། ཕྱིས་གང་ཟག་ཐ་མལ་པ་འགའ་ཤས་ཀྱིས་ཕྱག་རྒྱ་ཆེན་པོ་ཁ་རུ་བཏོན་ནས་ལྟ་སྤྱོད་རྣམ་དག་གིས་ཐོག་ནས་ཉམས་ལེན་མི་བྱེད་པར་ལྟ་ཁུངས་གཙང་མ་དེ་རིམ་གྱིས་སྦགས་བཙོག་གིས་སྒྲིབ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མཚོན། དེས་ན་མཁས་གྲུབ་ཁྱུང་པོའི་ཕྱག་ཆེན་གའུ་མའི་ལྟ་བ་མཐར་ཐུག་ཀྱང་རྒྱལ་སྲས་མཻ་ཏྲི་པ་རང་ལ་ཁུངས་གཏུགས་པ་དང་། རྩོད་མེད་ཀྱི་བླ་མ་དུ་མས་ངོ་སྤྲོད་དང་གསལ་སྟོན་མཛད་པ། མཁས་གྲུབ་ཁྱུང་པོས་གནད་མ་འཕྱུག་པར་ཉམས་སུ་བཞེས་ནས་གདམས་པ་འདི་ཉིད་ཡང་དག་ཡིན་པའི་བདེན་དཔང་མཛད། འོན་ཀྱང་ཕྱིས་ཀྱི་འཕེལ་རིམ་ཁྲོད་བླ་མ་འགའ་ཞིག་ལ་རྗེ་མར་པ་ལྟ་བུའི་ཡོན་ཏན་དང་ཐུགས་རྗེ་མེད་པ། སློབ་མ་འགའ་ཞིག་ལ་རྗེ་མི་ལ་ལྟ་བུའི་དད་པ་དང་སྙིང་རུས་མེད་པ་སོགས་ཀྱིས་རྐྱེན་པས་ཕྱག་ཆེན་གའུ་མའི་གདམས་པ་རྣམ་དག་དེ་ལ་ཡང་གོང་དང་འདྲ་བར་ཉམས་ལེན་གནད་དུ་མ་ཕིགས་པའི་དུག་རླངས་ཅུང་ཞིག་ཕོག་ཡོད་ཀྱང་། གདམས་པ་རང་ཉིད་ནི་སྔ་བར་ཕྱི་གསུམ་དུ་ཡང་དག་དང་འཁྲུལ་མེད་ཁོ་ན་ཡིན། དེ་ལྟར་ཕྱག་རྒྱ་ཆེན་པོ་གའུ་མའི་ཆོས་ཚུལ་ཡང་དག་ཕྱིན་ཅི་མ་ལོག་པར་ཤེས་ནས་གདམས་པ་འདི་ཉིད་ཉམས་སུ་ལེན་པ་ཆེས་ལེགས་པ་ཡང་། ཀ་8ཐོག་རིག་འཛིན་ཆེན་མོས་མདོ་སྔགས་ཐོས་བསམ་ཐར་པའི་རིགས་རྒྱུད་ཙམ། །ཚུལ་བཞིན་བསྒོམས་ན་མཐར་འབྲས་མྱུར་དུ་འགྲུབ། །གཞན་གླུ་སྒྲ་ཚད་རྟོག་གེའི་རིག་པ་དང་། །ཁེ་གྲགས་ཀྱིས་སླད་ཐོས་རྒྱས་ཅི་ཞིག་བྱ། །དེང་སང་སྙིགས་དུས་ཚེ་ཐུང་མྱུར་དུ་འཆི། ཕྱག་ཆེན་སྒོམ་མཛོད་ཁོ་བོས་གྲོས་ཆེན་གདབ་ཅེས་གདམས་ངག་མཆོག་འགྱུར་འདི་ཉིད་ཚུལ་བཞིན་དུ་ཉམས་སུ་བླངས་ན། ཡུད་ཙམ་པ་ཡི་ཚེ་འདི་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐམས་ཅད་མངོན་དུ་འགྱུར་ཐུབ་ངེས་སོ།
II.1.3.2 The Six Yogas of Naropa, path of skillful means
།གཉིས། ཐབས་ལམ་ནཱ་རོ་ཆོས་དྲུག་གི་སྐོར།
སྤྱིར་ལམ་ལ་སྨིན་གྲོལ་གཉིས་དང་། གྲོལ་ལམ་ལ་བསྐྱེད་རྫོགས་གཉིས། རྫོགས་རིམ་ལ་མཚན་བཅས་མཚན་མེད་གཉིས་སམ་ཐབས་གྲོལ་གཉིས་ལ་སོགས་པ་ཡོད་པ་ལས། རྫོགས་རིམ་ཐབས་གྲོལ་གྱི་ཁོངས་སུ་གཏོགས་པ་ཐབས་ལམ་ནཱ་རོ་ཆོས་དྲུག་ནི་རྒྱ་གར་པཎ་ཆེན་ནཱ་རོ་ཏ་པ་ཡེ་ཤེས་དངོས་གྲུབ་ནས་བརྒྱུད་པའི་གདམས་ངག་སྟེ། ༡ མ་རྒྱུད་ཀྱི་རྡོར་དང་བདེ་མཆོག་ནས་བཤད་པའི་གཏུམ་མོ། ༢ ཕ་རྒྱུད་གསང་བ་འདུས་པ་ནས་བཤད་པའི་སྒྱུ་ལུས། ༣ དེ་ནས་བཤད་པའི་འོད་གསལ་སྟེ་རྩ་བ་གསུམ། ༤ མ་རྒྱུད་གདན་བཞི་ནས་བཤད་པའི་འཕོ་བ། ༥ དེ་ནས་བཤད་པའི་གྲོང་འཇུག ༦ བར་དོའི་གདམས་ངག་སྟེ་ཡན་ལག་གསུམ་བཅས་སོ། དེ་དག་རྒྱུད་སྡེ་ལ་བརྟེན་པའི་རྫོགས་རིམ་ཡིན་ཏེ། གདམས་པ་འདི་དག་ནི་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མ་ཡཱ། སྙིང་པོ་ཀྱི་རྡོ་རྗེ། ཡང་སྙིང་བདེ་མཆོག་འཁོར་ལོ། བཀའ་སྲུང་ཅན་གྱི་གདན་བཞི་རྣམས་ཏེ་ཁྱད་པར་ཅན་གྱི་རྒྱུད་སྡེ་ཆེན་པོ་ལྔ་རྩ་བཤད་ཆ་མཐུན་གྱི་རྒྱུད་ཡན་ལག་དང་བཅས་པར་བརྟེན་པ་ཡིན་ལ། དེ་དག་གི་སྒྲ་དོན་དང་དབྱེ་བ་རགས་ཙམ་བརྗོད་པ་ལ།
༡ གཏུམ་མོ།
ལམ་གྱི་གཞུང་ཤིང་གཏུམ་མོ་ནི། གང་ལ་གནད་དུ་བསྣུན་པའི་ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད་པའི་དོན་གྱིས་ན་གཏུམ་ཞེས་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད། །ཅེས་དང་། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་སྐྱེད་པར་བྱེད་པས་མོ་ཞེས་བྱ། དེ་ལ་ཉོན་མོངས་འཇོམས་པའི་བྱེད་ལས་ཨ་གཏུམ་དང་། སྐྱེ་བའི་མེད་པའི་རང་བཞིན་ཨ་ཐུང་། དབྱིབས་ཨ་ཤད་གསུམ་དང་། ཡང་རྗེ་མཁའ་སྤྱོད་དབང་པོས་ལྟ་བའི་སྤྲོས་པ་གཅོད་པ་ཕྱིའི་གཏུམ་མོ་དང་། བསྒོམ་དོན་ཉམས་སུ་ལེན་པ་ནང་གི་གཏུམ་མོ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་གོ་འཕང་ལ་སྦྱོར་བ་གསང་བའི་གཏུམ་མོ་བཅས་སུ་བཞེད་པ་སོགས་ཀྱི་དབྱེ་བ་མང་།
གང་ལ་གནད་དུ་བསྣུན་པའི་ཡུལ་ནི། དེའང་སྤྱིར་ལམ་འདི་དག་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་བྱེད་ཡིན་ཏེ། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་ལས་ཕྱི་ནི་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི་ཞེས་གསལ་བ་ལྟར་མིའི་ལུས་ལ་ཁྱོན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་ལས་རྣལ་འབྱོར་དུ་བྱེད་པ་ན་རྩ་གསུམ་འཁོར་ལོ་བཞི་ལ་གནད་དུ་བསྣུན་པར་བྱ་བ་ཡིན། ཇི་ལྟར་གནད་དུ་བསྣུན་ཐབས་ནི། རྗེ་མར་པས་སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན་ཞེས་གསུངས་པས་ཐོག་མར་སྦྱོར་བ་བཞི་དང་གནད་ལྔ་ལ་བརྟེན་ནས་སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་བའི་བུམ་པ་ཅན་ལ་གཙོ་བོར་བྱེད་པ་དང་། ཐིག་ལེ་རྣལ་འབྱོར་དུ་བྱེད་པ་ན། གཙོ་བོར་བྱང་སེམས་དཀར་དམར་ཞུ་བདེའི་ཐིག་ལེ་གཉིས་འབར་འཛག་གི་འཕྲུལ་གྱིས་ཁ་སྦྱོར་བ་ལ་བརྟེན་ནས་འཕོ་བའི་ཀུན་རྟོག་འཛད་མེད་དུ་འཆིངས་ཏེ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམས་པ། འགྱུར་མེད་ཀྱི་བདེ་བ་སྒྲུབ་བྱེད་ཐུན་མོང་མ་ཡིན་པ་ནང་གི་གཏུམ་མོའི་རྣལ་འབྱོར་བསྒོམས་པ་བཅས་རླུང་ནི་གཏུམ་མོ་འབར་བྱེད་ཀྱི་རྐྱེན་དང་། རྩ་ནི་དེའི་གནས་སམ་རྟེན། སྔགས་ནི་གཏུམ་མོ་བྱིན་གྱིས་རློབ་བྱེད་དོ། །དེ་ལྟར་ལུས་ལ་གནད་དུ་བསྣུན་ནས་གཏུམ་མོ་བསྒོམས་པའི་ཕན་ཡོན་གནས་སྐབས་སུ་རྟགས་བཅུ་གཉིས་དང་། ཡོན་ཏན་བརྒྱད་སོགས་འབྱུང་བ་དང་། མཐར་ཐུག་ལུས་འཇའ་ལུས་སྣང་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ་དང་། སེམས་འོད་གསལ་བདེ་སྟོང་དབྱེར་མེད་ཆོས་ཀྱི་སྐུའི་དགོངས་པ་མངོན་དུ་གྱུར་ཏེ་འཚང་རྒྱ་བའོ།
༢ །སྒྱུ་ལུས།
ལམ་གྱི་བོགས་འདོན་སྒྱུ་ལུས་ནི། ཡུལ་ཅན་བདེ་བ་ཆེན་པོ་ཉིད་ཡུལ་སྒྱུ་མ་ལྟར་འཆར་བའི་སྒོ་ནས་བོགས་འདོན་པར་བྱེད་པའི་ཕྱིར་ལམ་གྱི་བོགས་འདོན་སྒྱུ་ལུས་ཏེ། རྣམ་པ་མེད་ཀྱང་རྣམ་པ་སྣ་ཚོགས་འཛིན་པའམ། སྣང་ཡང་རང་བཞིན་མ་གྲུབ་པའི་ཕྱིར་སྒྱུ་མའི་ལུས་ཞེས་བྱ། སྒྱུ་ལུས་ལ་སྤྱིར་དཔེའི་སྒྱུ་མ། སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ། འོད་གསལ་སྒྱུ་མ། སྤྲུལ་པ་སྒྱུ་མ། ཡེ་ཤེས་སྒྱུ་མ་སྟེ་བདུན་དང༌། དེ་མིན་མ་དག་པའི་སྒྱུ་ལུས། དག་པའི་སྒྱུ་ལུས། རྣམ་དག་སྒྱུ་ལུས་བཅས་གསུམ་དུ་དབྱེ། གཞན་ཡང་ཉམས་ལེན་བྱ་ཚུལ་གྱི་སྒོ་ནས་དབྱེ་ན། མཉམ་བཞག་སྒྱུ་ལུས་དང་རྗེས་ཐོབ་སྒྱུ་ལུས་གཉིས་ལས། དང་པོ་མཉམ་བཞག་སྒྱུ་ལུས་ནི། ངག་དབེན་དང་། ལུས་དབེན། སེམས་དབེན་གསུམ་སྔོན་དུ་སོང་ནས། སྟོང་པའམ་བདེ་བ་ལས་བྱུང་བའི་སྒྱུ་ལུས་ཀྱི་རིམ་པ་ཤུགས་ཀྱིས་སྐྱེ་ཞིང་། མཚན་མེད་ལ་གནས་ཁྱད་པར་ཅན་དང་འབྲེལ་བས་སྒོ་གསུམ་མི་གཡོ་བར་བཞག་པ་དང་། མཚན་བཅས་ལ་ལུས་གནད་བྱེད་བཅིངས། ངག་བུམ་པ་ཅན་གྱི་རྡོར་བཟླས། སེམས་ཀྱི་བྱུང་ཚོར་ཞུ་བདེའི་ངང་དུ་ནུབ་པ་དང་། རྗེས་ཐོབ་སྒྱུ་ལུས་ནི། དེ་ལྟར་མཉམ་བཞག་ཏུ་སྒྱུ་མའི་སྐུ་ལ་གསལ་སྣང་སྐྱེས་ནས་རྗེས་ཐོབ་ཏུ་ཐ་མལ་གྱི་སྣང་བ་ཐམས་ཅད་དང་། རྨི་ལམ་བར་དོ་བཅས་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས་ལམ་དུ་འཁྱེར་བའོ།
༣ །རྨི་ལམ།
ལམ་གྱི་ཚོད་འཛིན་རྨི་ལམ་ནི། སྒྱུ་མ་གསུམ་བརྒྱུད་ཀྱི་ལམ་རྣམས་ཀྱི་དྲོད་ཚད་རྨི་ལམ་དུ་མྱོང་བ་བརྟན་མི་བརྟན་གྱིས་འཛིན་པར་བྱེད་པས་རྨི་ལམ་གྱི་རྣལ་འབྱོར་ཏེ། བག་ཆགས་ཀྱི་རང་གཟུགས་འཆར་བས་སམ་ཡུལ་གྱི་སྲོག་གཟུགས་འཛིན་པའི་ཕྱིར་རྨི་ལམ་ཞེས་བྱ་ཞིང་། དེ་ལ་དབྱེ་ན། རྗེ་མར་པས་རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང༌། སྦྱངས་དང་གོམས་པ་འདྲིས་པ་དང་། །གོང་དུ་འཕོ་བ་ཞེས་པར་བྱ་ཞེས་རྣམ་པ་ལྔར་ཕྱེ་བ་དང་། ཡང་དཔེའི་རྨི་ལམ་དེ་ཉིད་དངོས། དོན་གྱི་རྨི་ལམ་ཉིན་སྣང་། དུས་མཐའི་རྨི་ལམ་བར་དོ་གསུམ། ངོ་བོའི་སྒོ་ནས་ལས་དང་པོ་བ། རྣལ་འབྱོར་པ། འཕགས་པའི་རྨི་ལམ་གསུམ་སོགས་སུ་དབྱེ་བ་མང་། རྨི་ལམ་ཉམས་ལེན་བྱེད་པ་ལ་ཐོག་མར་ཉིན་མོ་དྲན་པ་རྒྱུན་ཆགས་དང་། མཚན་མོ་མན་ངག་བཙན་ཐབས་ཀྱི་གནད་གཉིས་བཟུང་། མ་ཟིན་པའི་གེགས་སྟོང་འབྱམས་གཏུགས་འབྱམས་སད་འབྱམས་དྲེད་འབྱམས་བཞི། གཉེན་པོའི་མན་ངག་གིས་བསལ་བས་རྨི་ལམ་ལ་དེ་ཉིད་དུ་ངོ་ཤེས་པ་ནི་རྨི་ལམ་ཟིན་པ་ཡིན་ལ། དེའང་རྨི་ལམ་ལྟར་ཆོས་ཐམས་ཅད་ངོ་བོས་སྟོང་ཞིང་ཅིར་ཡང་སྣང་བས་བདེན་གཉིས་ཟུང་དུ་འབྲེལ། ཆོས་ཅན་ཆོས་ཉིད་ཡ་མ་བྲལ་བ་རྟེན་འབྲེལ་གྱི་གཟུགས་བརྙན་ངོ་མཚར་ཆེ། རྨི་ལམ་ཟིན་ནས་ལྷ་དང་འབྱུང་བཞི་སོགས་ལ་སྤྲུལ་སྒྱུར་སྦྱོང་བ། བདེན་མེད་དུ་ཤེས་པའི་ཐོག་བརྫིས་སྒྱུ་མར་སྦྱོང་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱོང་བའི་ཏིང་ངེ་འཛིན་ཀློང་དུ་གྱུར་ནས། མཐར་རྨི་ལམ་དང་འོད་གསལ་གཉིས་བསྲེ་ཞིང་འཕོ་བ་སོགས་སོ།
༤ །འོད་གསལ།
ལམ་གྱི་སྙིང་པོ་འོད་གསལ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་བར་རྟོགས་པ་ཉིད་ཉམས་ལེན་གྱི་རྩ་བ་ཡིན་པས་ལམ་གྱི་སྙིང་པོར་གྱུར་པ་འོད་གསལ་གྱི་རྣལ་འབྱོར་ཏེ། དེའི་སྒྲ་དོན་ནི། གནས་ལུགས་ཀྱི་རང་འོད་འགག་མེད་དུ་གསལ་བའམ་རང་བཞིན་མེད་ཀྱང་ལྷུན་གྲུབ་ཏུ་སྣང་བའི་ཕྱིར་འོད་གསལ་ཞེས་བྱ། དེ་ལ་དབྱེ་ན། དཔེ་དོན་དང་། ཉམས་རྟོགས། ཉིན་མཚན། སྲབ་མཐུག །མ་བུ་འོད་གསལ་གཉིས་སོགས་གྲགས་ཆེ་ཞིང་། དེ་དག་ལས་དོན་གྱི་འོད་གསལ་ནི། དོན་གྱི་འོད་གསལ་ཁྱད་པར་ཅན་ཞིག་མངོན་དུ་བྱེད་པ་ཡིན་ལ། དེའང་སྒྱུ་ལུས་དངོས་སམ་རྗེས་མཐུན་པ་ཞིག་བསམ་གཏན་གཉིས་ཀྱིས་བསྡུས་ནས་འོད་གསལ་བ་མངོན་དུ་བྱེད་པ་ནི་སློབ་མི་སློབ་ཀྱི་འོད་གསལ་ཏེ་ཆེས་མཆོག་ཏུ་གྱུར་བའོ། སྒོམ་དོན་ལམ་གྱི་བྱེ་བྲག་ལ། གཞི་དུས། ལམ་དུས། འབྲས་དུས་བཅས་ཡོད་པ་ལས། དང༌པོ་གཞི་དུས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཆོས་ཐམས་ཅད་ཀྱི་ཁྱབ་བདག་དེ་ལ་གཞི་གདོད་མའི་འོད་གསལ་ཞེས་བྱ། དེ་ལ་མདོ་སེམས་གཉིས་ཀྱི་ངོས་འཛིན་མི་འདྲ་བ་ཡོད་ཀྱང་། འདིར་དབུ་མ་པ་ལྟར་ཀུན་གཞི་བསྒྲིབས་ལུང་མ་བསྟན་དུ་འདོད། གཉིས་པ་ལམ་དུས་ནི། ལུས་བསམ་གཏན་གྱི་ཆོས་བདུན་དང་ལྡན་པས་ཤེས་པ་རྟེན་མེད་དུ་མ་བཅོས་པར་གློད་ནས་བཞག་པས་སྟོང་པ་ཉིད་འཁྲུལ་མེད་རྣལ་འབྱོར་པའི་མངོན་སུམ་དུ་བྱེད་པ་འདི་ནི་རྒྱུད་སྡེ་ཟབ་མོ་རྣམས་ལས་འབྱུང་བའི་རྫོགས་རིམ་མཐར་ཐུག་པའི་མན་ངག་སྟེ། རྟེན་རྡོ་རྗེའི་ལུས་ཀྱི་གནད་བཅིངས་ནས་ཡིད་མིག་རླུང་གསུམ་རྣམ་པར་མི་རྟོག་པའི་ངང་ལ་བཞག་པ་ན་ལུས་སེམས་རྟེན་འབྲེལ་ཁྱད་པར་ཅན་གྱིས་རོ་རྐྱང་གི་རྒྱུ་བ་འགགས་པ་དབུ་མར་རེངས་པས་རྣམ་པ་དང་བཅས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་ཉམས་སུ་མྱོང་བ་ཡིན། གསུམ་པ་འབྲས་དུས་ནི། གཞི་གདོད་མའི་འོད་གསལ་ཆོས་ཉིད་རང་གི་རྒྱུད་ལ་ཇི་ལྟར་གནས་པ་དེ་ཉིད་བླ་མས་ངོ་སྤྲད་དེ་ཉིན་མཚན་འོད་གསལ་གྱིས་ལམ་དུ་བྱས་པས། དོན་འབྲས་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་པ་འབྲས་བུའི་འོད་གསལ་ལོ།
༥ །བར་དོ།
ལམ་གྱི་བློ་ཆོད་བར་དོ་ནི། སྲིད་པ་བར་དོར་འོད་གསལ་དང་སྒྱུ་ལུས་ཀྱིས་བློ་གཅིག་ཆོད་བྱས་པས་ཟུང་འཇུག་མངོན་དུ་བྱེད་པས་ལམ་གྱི་བློ་ཆོད་ཀྱི་རྣལ་འབྱོར་དང་། ཕྱོགས་གཉིས་སུ་མ་ལྷུང་བས་སམ་སྔོན་རྗེས་གཉིས་ཀྱི་བར་ན་གནས་པའི་ཕྱིར་བར་དོ་ཞེས་བྱ། འདིའི་དབྱེ་བར་རྗེ་བཙུན་མི་ལ་དང་རྗེ་རས་ཆུང་པ་སོགས་བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་བཞེད་ཚུལ་མི་མཐུན་པ་མང་དུ་ཡོད་མོད། རྗེ་མར་པས་ནི་སྣང་བ་སྐྱེ་ཤིའི་བར་དོ། རྨི་ལམ་གཉིད་ཀྱི་བར་དོ། ཐ་མ་སྲིད་པ་བར་དོ་ཞེས་གསུམ་དུ་དབྱེ་བ་ཁོ་ན་གྲགས་ཆེ། དེ་ལས་སྔ་མ་གཉིས་ནི་རྩ་བའི་ཆོས་བཞིས་ལམ་དུ་བྱེད་པ་ཡིན་པས། སྐབས་འདིར་བར་དོའི་དབྱེ་བ་རྣམས་ལས་བློ་ཆོད་ཀྱི་བར་དོ་ནི་སྲིད་པ་བར་དོར་སྦྱོར་བ་ཡིན།
བར་དོ་ལམ་དུ་འཁྱེར་བ་འཆི་ཀ་མའི་དུས་སུ་སློབ་པ་ནི། འབྱུང་བ་རིམ་གྱིས་ཐིམ་པ་ཤེས་པར་བྱ་ལ། རང་གི་སེམས་ལ་བལྟ་ཞིང་བར་དོ་ལ་བར་དོར་ཤེས་པར་བྱའོ་སྙམ་པའི་འདུ་ཤེས་དྲག་ཏུ་བྱ་ཞིང་། བར་དོ་དེ་ཉིད་ཀྱང་སྒྱུ་མར་ཤེས་པར་བྱ་ལ། དེ་ཁོ་ན་ཉིད་བསྒོམ་སྟེ། སྐྱེ་བའི་རྐྱེན་དུ་འགྱུར་བའི་ཕ་མ་ལ་ཆགས་སྡང་སྐྱེ་བ་ཡིན་པས་དེ་བཟློག་ཅིང་འོད་གསལ་དུ་མོས་པ་བྱ། དེ་ཉིད་སྦྱོང་བྱེད་ཀྱི་རྣལ་འབྱོར་ལ། རབ་རྣམས་ཀྱིས་བར་དོ་དང་པོའི་འོད་གསལ་ངོས་བཟུང་། འབྲིང་གིས་བར་དོ་གཉིས་པར་སྒྱུ་ལུས་ལ་རྩལ་སྦྱོང་། ཐ་མས་བར་དོ་གསུམ་པ་ལ་མངལ་གྱི་སྒོ་དགག་ཅིང་གདམ་པར་བྱའོ། དེ་ལས་དང་པོ་དབང་པོ་རབ་རྣམས་ནི། འཆི་ཁར་འབྱུང་བ་བཞི་དང་ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་ཐིམ་ཞིང་སྟོང་པ་བཞི་ཕྱི་ནང་གི་རྟགས་སྣང་དང་བཅས་འཆར་བའི་ཚེ། སྔར་འོད་གསལ་འཛིན་དུས་ཀྱིས་རིལ་འཛིན་རྗེས་གཞིག་གི་མངོན་པར་རྟོགས་པ་ལྟ་བུ་སོགས་ཀྱི་དགེ་སྦྱོར་དང་བསྲེ། ཁྱད་པར་སྣང་གསུམ་དང་འོད་གསལ་འཆར་དུས་བླ་མས་ངོ་སྤྲད་པའི་ལྟ་ཐོག་ཏུ་འཇོག །འཆི་བ་འོད་གསལ་གྱི་དུས་རླུང་སེམས་སྙིང་གའི་དབུ་མར་ཐིམ་པ་ན་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ཞིག་འཆར་མོད། དེའི་ཚེ་སྔོན་གོམས་ཀྱི་མྱོང་བ་མཆོག་དང་ལྡན་པ་ལ་སྔར་འདྲིས་ཀྱི་མི་དང་ཕྲད་པའམ། མགྲོན་པོ་རང་ཡུལ་དུ་ཕྱིན་པ་ལྟ་བུ་འབྱུང་ལ། དེ་ངོས་ཟིན་ནས་མཉམ་པར་འཇོག་ཐུབ་ཀྱང་སྔོན་སྒྲོ་འདོགས་ཆོད་པའི་ལྟ་ཐོག་ཏུ་བཞག་ནས་སྐྱོང་རྒྱུ་མེད་ན་གནས་ལུགས་རྟོགས་པར་མི་འགྲོ་བས། ཚེ་འདིར་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་ཕེབས་པ་དེ་ཉིད་བདེ་ཆེན་དང་ཟུང་འབྲེལ་དུ་བསྒོམ་པའི་ལམ་གྱི་འོད་གསལ་ལ་འབད་པར་བྱས་པས། འཆི་བའི་མཐར་བར་དོ་ལས་འབྱུང་བའི་དོན་དུ་དེ་ཉིད་ལ་སྒྱུ་ལུས་ལོངས་སྐུ་འགྲུབ་སྟེ་རྟེན་ལ་འཚང་རྒྱ་བར་གསུངས། གཉིས་པ་དབང་པོ་འབྲིང་གིས་ནི། བར་དོ་དང་པོའི་འོད་གསལ་དེ་ཉིད་ཁམས་དྲུག་ལྡན་གྱི་སེམས་ཅན་ཐམས་ཅད་ལ་འཆི་བའི་ཚེ་འབྱུང་ཡང་། མན་ངག་གི་གནད་ལ་གོམས་པ་ཆུང་བས་ངོ་མ་ཤེས་པ་དང་། ཤེས་ཀྱང་གནས་མ་ནུས་པའི་རྐྱེན་གྱིས་དྭངས་མ་ལྔ་འདུས་ཀྱི་ཚོགས་པ་སོ་སོར་གྱེས་ཤིང་ཡལ་ནས་རྣམ་ཤེས་སྲོག་རླུང་གི་བཞོན་པ་དང་བཅས་པ་སྒོ་དགུ་གང་རུང་ནས་ཐོན་ཏེ་བེམ་རིག་བྲལ་མ་ཐག་བར་དོའི་ཡིད་ལུས་སུ་སྐྱེ་བ་ནི་སྲིད་པ་བར་དོའི་མཚན་གཞི་དངོས་ཡིན་ལ། སྐབས་དེར་སེམས་ཅན་ཕལ་ཆེ་བ་ལ་འཇིགས་པའི་སྒྲ་བཞི། །ཡ་ངའི་གཡང་ས་གསུམ་ལ་སོགས་པ་སྡིག་སེམས་བག་ཆགས་ཀྱི་རང་གཟུགས་ལས་བྱུང་བའི་འཁྲུལ་སྣང་འཇིགས་སྐྲག་གི་ཉེར་འཚེ་བརྗོད་ཀྱིས་མ་ལངས་པས་ཉམ་ཐག་པར་འགྱུར་ལ། བསོད་ནམས་བྱས་པའི་སྐྱེ་བོ་ལ་ནི་སྣང་ལོག་དེ་རྣམས་མི་འཆར་བར་ལྷས་བསུ་ཞིང་བཀུར་བསྟིས་མཆོད་པ་སོགས་དག་པའི་སྣང་བ་དང་བཅས་ཏེ་བདེ་ནས་བདེ་བར་འགྲོའོ། དེ་ཉིད་ལམ་དུ་བྱེད་པ་ལ། ལས་ཀྱི་རྫུ་འཕྲུལ་དང་ལྡན་པ་སོགས་ངེས་པའི་རྟགས་དྲུག་གི་སྒོ་ནས་ངོ་ཤེས་པར་བྱས་ལ་བཟང་ངན་གྱི་སྣང་བ་གང་ཤར་ཡང་ཐེག་ཆེན་གྱི་སེམས་བསྐྱེད་སོགས་རང་གང་ལ་གོམས་པའི་དགེ་སྦྱོར་ལ་འཇོག་སྟེ། དེ་ཉིད་དྲན་པ་ཙམ་གྱིས་འཇིགས་པ་ལས་སྐྱོབ་ཅིང་འཚེ་བ་རྣམས་རང་གྲོལ་དུ་འགྱུར། དེས་ན་འཁྲུལ་སྣང་རང་ག་མའི་རྗེས་སུ་སྐད་ཅིག་ཙམ་ཡང་མ་ཤོར་བར་རིག་པ་སེམས་ཀྱི་རང་སོ་བཟུང་བས་རྣམ་ཤེས་སྟོབས་སུ་གྱུར་ཏེ་རླུང་ལ་དབང་ཐོབ། དེའི་ཚེ་འཁྲུལ་སྣང་རབ་རིབ་ཤར་ཡང་དེ་ཉིད་ལམ་དུ་ལྷོངས་འགྲོའོ། གསུམ་པ་དབང་པོ་ཐ་མས་ནི། བར་དོ་གཉིས་པ་ལ་མ་གྲོལ་བ་རྣམས་རིང་མཐའ་བདུན་ཕྲག་བདུན་དང་། ཐུང་བ་བདུན་ཕྲག་གཅིག་ཕན་ཆད་དུ་འཁྱམས་ཤིང༌། དེའང་བར་སྲིད་དེ་ལུས་མེད་པས་ཤིན་ཏུ་སྐྱོ་ནས་མིང་གཞི་འཁྱམས་པོ་རྣམ་ཤེས་རླུང་དང་བག་ཆགས་ཀྱིས་བདས་པས་རང་དབང་མེད་པར་སྐྱེ་གནས་འཚོལ་ཞིང་དྲི་ཟ། མངལ་སྒོ་ཉུལ་བ་ལས་རླུང་ལྔ་རྒྱུ་ཞིང་དུག་ལྔ་འདུས་པའི་སྣང་སེམས་ཀྱི་རྟེན་འབྲེལ་ལས། རྣམ་བྱང་འོད་ཀྱི་ལམ་ལྔ་དང༌། རིགས་དྲུག་གི་མངལ་བཟང་ངན་དང་སྐྱེ་གནས་བཞིའི་སྣང་བ་འཆར་བ་ན། གང་ལ་གོམས་པའི་དགེ་སྦྱོར་གནད་དུ་བསྣུན་ཏེ་རྒྱུ་རྣམ་བྱང་འོད་ཀྱི་ལམ་ལ་དབང་མེད་དུ་འཇུག་པ་དང་། རྐྱེན་མཚམས་སྦྱོར་གྱིས་སྐྱེ་བ་འཛིན་པ་ལ་འཇུག་ཡུལ་དང་འཇུག་མཁན་དགག་པའི་ཏིང་འཛིན་ཡིད་ལ་བྱ། ཅིས་ཀྱང་མ་ཁེགས་ན་མངལ་སྒོ་གདམ་པ་ལ་འབད་དོ།
༦ །འཕོ་བ།
ལམ་གྱི་སྐྱེལ་མ་འཕོ་བ་ནི། དབང་པོ་རབ་འབྲིང་ཐ་མའི་ལམ་གྱི་ལས་འཕྲོ་སྒྲུབ་པའི་རྟེན་བཟུང་བའི་གེགས་ལས་སྒྲོལ་བས་ལམ་གྱི་སྐྱེལ་མར་གྱུར་པ་དང་། གོ་འཕང་གཞན་དུ་བགྲོད་པས་སམ་རང་བཞིན་མེད་ཀྱང་ཀུན་ཏུ་འཇུག་པའི་ཕྱིར་ཆད་མཐུད་འཕོ་བ་ཞེས་བྱ་བ་ལ། དེའི་དབྱེ་བར་ཀ་དཔེ་ཕྱི་མ་ལས་སྦྱངས་ཏེ་འཕོ་བ་སོགས་རྣམ་དབྱེ་བཅུ་གཅིག་ཙམ་གསུངས་པ་དང་། ཡང་འགའ་ཞིག་གིས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་འཕོ་བ་གསུམ་དུ་མཛད་པ། དེ་མིན་སྦྱངས་ཏེ་འཕོ་བ། ལུས་བཅོས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ་སོགས་རྣམ་གྲངས་དབྱེ་ཚུལ་ཤིན་ཏུ་མང་། གདམས་པ་འདི་ལ་བརྟེན་ནས་སྐྱེ་བ་འདིར་སྡིག་ལས་སྟོབས་པོ་ཆེ་ཅི་ཙམ་སྤྱད་རུང་སླར་དབང་བསྐུར་མནོས་ཤིང་དམ་ཚིག་ཚུལ་བཞིན་དུ་སྲུང་བ་དང་། བསྐྱེད་རིམ་སྔོན་དུ་སོང་བའི་རྫོགས་རིམ་རྩ་རླུང་གི་སྦྱོར་བ་ཁྱད་པར་ཅན་དང་ལྡན་པ་ཞིག་གིས་འགྲུབ་པ་ཡིན་ལ། སྡིག་ཅན་རང་ག་བ་རླུང་སྦྱོར་དང་འཕོ་དམིགས་ཅུང་ཙམ་སྦྱངས་པས་ནི་དམིགས་པའི་བྱིན་རླབས་ཀྱིས་ཕན་ཡོན་ཅུང་ཟད་རེ་འབྱུང་ཡང་ཚུལ་བཞིན་དུ་འགྲུབ་པ་མ་ཡིན། ལྷག་པར་དུས་ལ་མ་བབས་པར་འཕོ་བ་གང་དགར་བྱར་མི་རུང་བ་སྟེ། འཆི་རྟགས་ངེས་ན་འཕོ་བྱས་ཏེ། །འཆི་རྟགས་མེད་ན་སངས་རྒྱས་གསོད་ཅེས་གསུངས་པ་ལྟར་སྡིག་ལྟུང་ཤིན་ཏུ་ལྕི།
སྒོམ་དོན་བྱེ་བྲག་ཏུ་སྨོས་པ་ལ། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམ་ལ་འཕོ་བ་དང་གསུམ་དུ་མཛད་པའི་དང་པོ་ནི། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་དང་དེའི་ངང་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཟུང་འབྲེལ་གྱིས་གནད་ཟབ་མོ་ལ་གོམས་པར་བྱས་པ་ན། ནམ་འཆི་བ་ལ་མངོན་དུ་ཕྱོགས་ཏེ་འབྱུང་བ་ཐིམ་སྡུད་ཀྱི་རྟགས་རྣམས་ཤར་བའི་ཚེ་འཕོ་བྱ་འཕོ་བྱེད་སོགས་ཀྱི་འཁོར་གསུམ་མ་དམིགས་པ་དེ་ཁོ་ན་ཉིད་ཀྱི་ལྟ་བ་འཁྲུལ་མེད་ཀྱི་སྟེང་དུ་གཞག་བྱ་འཇོག་བྱེད་རྩོལ་བ་མེད་པར་བཞག་པས་གཞིའི་འོད་གསལ་དང་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་འདྲེས་ཏེ་བར་དོ་དང་པོར་བཏགས་པ་འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བའོ། །གཉིས་པ་ནི། དབང་པོ་འབྲིང་དུ་གྱུར་པས་འཆི་སྲིད་ཐིམ་རིམ་དང་སྣང་གསུམ་མཐའི་འོད་གསལ་ངོས་མི་ཟིན་ཅིང༌། ཟིན་ཀྱང་གནས་པར་མ་ཐུབ་ན། སྒྱུ་ལུས་ལོངས་སྐུར་ལྡང་བར་བྱའོ་སྙམ་པའི་སྔོན་གྱི་འཕེན་པས་གསོས་བཏབ་སྟེ་སྣང་གསུམ་ལུགས་ཟློག་གི་མཐར་སྒྱུ་ལུས་ལྷ་སྐུར་ལྡངས་ཤིང་། དེ་ཉིད་ཀྱང་འོད་གསལ་དོན་དམ་པའི་རིམ་པས་སྦྱངས་ཏེ་འཁོར་བའི་བར་སྲིད་ལས་ཤིན་ཏུ་འདས་པའི་ཟུང་འཇུག་སྒྱུ་མའི་སྐུ་ཆུ་ལས་ཉ་འཕར་བ་ལྟར་བཞེངས་ནས་བར་དོ་ལོངས་སྐུར་འཚང་རྒྱ་བར་བྱ། གསུམ་པ་དབང་པོ་ཐ་མ་བསྐྱེད་རིམ་གྱིས་འཕོ་བ་ལ་གསུམ་སྟེ། ༡ སེམས་སྦྱངས་ཏེ་འཕོ་བ་ནི། ཕྱི་ནང་གི་སྟོང་ར་དང་རླུང་རྡུབ་བཟུང་འཕང་གསུམ་གྱི་སྦྱོར་བས་སེམས་ཀྱི་ཡིག་འབྲུ་བསྐུལ་ནས་འཇུག་ལྡོག་ལ་དབང་ཐོབ་པར་སྦྱངས་ཏེ་རྟགས་ཀྱིས་ཉམས་སད་ཅིང་། དུས་སུ་བབས་པའི་ཚེ་ལས་ལ་སྦྱར་བ་དང་། ༢ བཙན་ཐབས་སུ་འཕོ་བ་ནི། སྦྱངས་པ་ཚགས་སུ་མ་ཚུད་པར་གློ་བུར་དུ་འཆི་བས་གཏུགས་ན་རྟེན་བྱིན་རླབས་ཅན་གྱི་སྤྱན་སྔར་མོས་གུས་སེམས་བསྐྱེད་ཀྱིས་མཚམས་སྦྱར་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་བཞུགས་སྟངས་དང་། སྐྱེ་མེད་ཀྱི་ཡིག་འབྲུའི་སྦྱོར་བས་དག་པའི་ཞིང་དུ་འཇུག་པར་བྱ་སྟེ། ཐ་མལ་པ་དང་དུད་འགྲོ་རྣམས་ལ་ཕན་པ་རྒྱ་ཆེར་འབྱུང་བའི་གདམས་ངག་ཟབ་མོར་གསུངས། ༣ གྲོང་འཇུག་གི་འཕོ་བ་སྟེ། སྔོན་ལས་ངན་པའི་གཤེད་མས་གསོད་པར་ངེས་པ་སོགས་ལ་ལུས་ཀྱི་གནད་འཁྲུལ་འཁོར། སེམས་ཀྱི་གནད་དགུ་གསུམ་ལས་འདས་པ། ངག་གི་གནད་དབྱངས་གསལ་ཕྱེད་དང་གསུམ་པའི་སྦྱོར་བས། རང་གི་ཕུང་པོ་དོར་བྱས་ནས། །བསོད་ནམས་ཅན་གྱི་ལུས་སླངས་ཏེ། སེམས་ཅན་དོན་ནི་མ་ལུས་བྱ་ཞེས་པ་བཞིན་སྐད་ཅིག་ལ་རྣམ་ཤེས་རང་ལུས་ཀྱི་གྲོང་ལས་འཕོས་ནས་གཞན་ཤི་བའི་ལུས་མ་ཉམས་པའི་གྲོང་དུ་འཇུག་ཅིང་འགྲོ་བ་སེམས་ཅན་གྱི་དོན་མ་ལུས་བྱ་བའི་ཕྱིར་སྔགས་སྤྱོད་ཀྱི་རྟེན་ཁྱད་པར་ཅན་འཛིན་པའོ།
།གདམས་ངག་འདི་དག་ལས་བླ་མ་རྔོག་པ་རྣམས་ཆོས་དྲུག་གི་སྙིང་པོ་བསྲེ་འཕོ་གཉིས་སུ་བསྡུ་བར་མཛད་དེ། ནཱ་རོའི་ཚིགས་བཅད་བརྒྱད་མར་སྐྱེ་ཤི་རྨི་ལམ་བར་དོ་དང་། །སྲིད་པ་བར་དོ་གསུམ་དུ་གནས། །ཉམས་ལེན་བསྲེ་འཕོ་གཉིས་སུ་འདུས། བསྲེ་བ་བསྒོམས་པས་སངས་རྒྱས་དང༌། །འཕོ་བ་མ་བསྒོམས་སངས་རྒྱས་སོ་ཞེས་པ་ལྟར་སྒྱུ་མ་གསུམ་བརྒྱུད་ཀྱི་གདམས་ངག་ཅེས་སམ་བསྲེ་འཕོའི་གདམས་པ་གཉིས་སུ་མཛད་ལ། རྗེ་བཙུན་མི་ལས་བར་དོ་བརྒྱད་ཀྱི་ངོ་སྤྲོད་ཅེས་དང༌། ཏི་ཕུ་པས་གཏུམ་མོ་ལས་རྒྱ་གཉིས། རྨི་ལམ་བར་དོ་གཉིས། འོད་གསལ་ཟུང་འཇུག་གཉིས། འཕོ་བ་གྲོང་འཇུག་གཉིས་བཅས་ཟུང་བཞི་ཡ་བརྒྱད་དུ་མཛད། རྗེ་རས་ཆུང་པས་བསྲེ་བ་སྐོར་གསུམ་མམ་བསྲེ་འཕོ་དགུ་སྐོར་ཞེས་སུ་བཞེད་དེ། འདོད་ཆགས་བདེ་ཆེན་དང་བསྲེ་བ་གཏུམ་མོ། ཞེ་སྡང་བདེན་མེད་དང་བསྲེ་བ་སྒྱུ་ལུས། གཏི་མུག་མི་རྟོག་པ་དང་བསྲེ་བ་འོད་གསལ། གཏུམ་མོ་དང་སྒྱུ་ལུས་བསྲེས་ལ་ཉིན་མོ་སྒོམ། རྨི་ལམ་དང་འོད་གསལ་བསྲེས་ལ་མཚན་མོ་སྒོམ། བར་དོ་དང་འཕོ་བ་བསྲེས་ལ་འཆི་ཁར་སྒོམ། གང་ཟག་བརྩོན་འགྲུས་ཅན་ལ་གཏུམ་མོ། ལེ་ལོ་ཅན་ལ་རྨི་ལམ། ཚེ་ཐུང་འཕོ་བ་དང་བསྲེ་བ་སྟེ་དགའོ། རྗེ་སྒམ་པོ་བས། བསྒོམས་པས་འཚང་རྒྱ་བ་གཏུམ་མོ། སྒྱུ་མ་ལམ་དུ་བྱེད་པས་འཚང་རྒྱ་བ་རྨི་ལམ། གཉིད་མཐུག་ལམ་དུ་བྱེད་པས་འཚང་རྒྱ་བ་འོད་གསལ། མ་བསྒོམས་པར་འཚང་རྒྱ་བ་འཕོ་བ། གྲོང་འཇུག་འཕོ་བའི་ཆ་ལག་དང་། རྨི་ལམ་སྒྱུ་ལུས་གཅིག་ཏུ་བསྡུ་ཞིང་བར་དོ་ཡང་དེའི་ཡན་ལག་ཏུ་བྱས་ནས་ཆོས་དྲུག་གམ་ཡང་ན་རྩ་བའི་ཆོས་བཞིར་བསྡུས་པར་མཛད།
དེ་ལྟར་ཐབས་ལམ་ཆོས་དྲུག་འདི་དག་ཉམས་སུ་བླངས་པས་འབྲས་བུ་མངོན་དུ་བྱེད་ཚུལ་ནི། ཟབ་མོའི་ལམ་མཐར་ཕྱིན་པའི་འབྲས་རྟགས་བཅུ། ཡོན་ཏན་བརྒྱད། གྲུབ་པ་བརྒྱད། འཕྲིན་ལས་བཞི་སོགས་ཐུན་མོང་གི་དངོས་གྲུབ་རྣམས་དང་། ཡན་ལག་བདུན། དབང་ཕྱུག་བརྒྱད། སྐུ་བཞི་ཡེ་ཤེས་ལྔ་སོགས་མཆོག་གི་དངོས་གྲུབ་མཐར་ཕྱིན་པ་ཐོབ་ཅིང་། ཁྱད་པར་བདེ་སྟོང་ཟུང་འཇུག་འགྱུར་བ་མེད་པ། འཇའ་ལུས་སྒྲིབ་བྲལ་སྒྱུ་མའི་ཚུལ་ཅན། སྣང་སྟོང་རང་ཤར་སོ་སོར་རྟོགས་པ། ཆོས་སྐུ་ཀློང་འབྱམས་ཡེ་ཤེས་ཆེན་པོ། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པ། གང་དུའང་འཕོ་མེད་མཁའ་སྤྱོད་ཆེན་པོ་སྟེ་མཐར་ཐུག་གི་ཆོས་དྲུག་མངོན་དུ་འགྱུར་བ་ཡིན་ནོ།
II.1.3.3
།གསུམ། བཀའ་བརྒྱུད་པའི་ནང་གསེས་བྱེ་བྲག་པ་འགའི་ཁྱད་ཆོས་སྐོར།
དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་རེ་རེའི་ཆོས་སྒོ་རབ་འབྱམས་རྒྱ་མཚོར་འཇལ་བའི་ཚད་དང་མཐའ་གཟུང་བར་མི་ནུས་ཀྱང་། རྗེ་བཙུན་མི་ལའི་གདམས་ངག་མཐའ་དག་རྒྱུད་དང་འབྲེལ་བའི་ཐབས་ལམ་དང་། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་གཉིས་སུ་འདུ་བར་གསུངས་ཤིང་། དེ་དག་ཀུན་གྱི་རྩ་བ་ནི་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གཉིས་ཡིན་ཀྱང་། གདམས་པ་དངོས་ཀྱིས་སློབ་མ་བཀྲི་བའི་སྐབས་རང་རང་གི་ཐབས་ལམ་དང་། ཆོས་སྐད་ཅུང་ཟད་མི་འདྲ་བ་ཡོད་པ་སྟེ།
རྗེ་སྒམ་པོ་བའི་ལྷན་ཅིག་སྐྱེས་སྦྱོར་ནི། མོས་གུས་དང་ཞེན་ལོག་གཙོ་བོར་བྱས་པའི་ངོས་ནས་སྔོན་འགྲོ་སྦྱོར་བ་བཞི་ལྡན། དངོས་གཞི་ངོ་སྤྲོད་རྣམ་གཉིས། རྗེས་ཉམས་མྱོང་སྣང་ཐོག་ཏུ་སྐྱོང་བ་གསུམ་གྱིས་འཆད་པའི་སྔོན་འགྲོ་ནི་སྤྱི་དང་མཚུངས་ཤིང་། དངོས་གཞི་གཉིས་ནི་ཞི་ལྷག་ལ་ངོ་སྤྲོད་པ་ཡིན། གདམས་པ་འདི་ནི་ཇོ་བོ་རྗེའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གོ་ཆ་གཉིས་པའི་མན་ངག་ལས་བྱུང་བ་ཞིག་ཡིན།
རྗེ་བཙུན་མི་ལའི་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་དང་། ངན་རྫོང་སྟོན་པ་གཉིས་ཀྱིས་ཡིད་བཞིན་ནོར་བུ་སྐོར་གསུམ་གྱི་མཛོད་ནས་བྱོན་པའི་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་སྲོལ་འཛིན་པ་སྟེ། དེའང་འཁོར་ལོ་སྡོམ་པ་ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་དབང་དང་འབྲེལ་བ་རྒྱུད་ཀྱི་གདམས་པ་ཞེས་རྩ་བཤད་ཀྱི་རྒྱུད་རྣམས་དང་། སིནྡྷཱར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡུལ་གྱི་བྱིན་རླབས་དབང་བཞི་ལ་བརྟེན་པ་བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་གདམས་པ་ཞེས་ནོར་བུ་རྣམ་གསུམ་གྱི་མན་ངག་རྣམས་དང་། ལུས་མེད་མཁའ་འགྲོའི་བརྡ་དབང་ལ་བརྟེན་ནས་བརྡ་དང་འབྲེལ་བ་ངོ་སྤྲོད་ཀྱི་གདམས་པ་ཞེས་ལུས་མེད་མཁའ་འགྲོའི་ཆོས་སྐོར་གསུམ་བཞུགས་ཤིང་། བཀའ་སྲོལ་དེ་གཉིས་ནི་ཡོངས་སུ་གྲགས་པའི་དབང་དུ་བྱས་ཀྱི་རྗེ་བཙུན་མི་ལས་ཐུགས་སྲས་བརྒྱད་ལ་སྙན་བརྒྱུད་ཀྱི་གདམས་པ་ཆ་རེ་བྱིན་པར་བཤད་པ་དང་། ཁྱད་པར་ཟུར་མང་བཀའ་བརྒྱུད་ལ་བཀའ་བབས་པའི་དྭགས་པོ་སྙན་བརྒྱུད་ཀྱི་སྨིན་གྲོལ་གདམས་པ་ཟབ་ལ་རྒྱ་ཆེ་བ་ད་ལྟའི་བར་རྒྱུན་མ་ཆད་པར་བཞུགས།
ཀརྨ་བཀའ་བརྒྱུད་པའི་ཕྱོགས་ལ་ཕྱག་ཆེན་གྱི་ཉམས་ལེན་བཀའ་བརྒྱུད་པ་གཞན་རྣམས་དང་མཚུངས་ཀྱང་། ཀརྨ་པ་རང་བྱུང་རོལ་པའི་རྡོ་རྗེས་སྐུ་གསུང་ཐུགས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་ནས་གྲུབ་པའི་ཆོ་འཕྲུལ་ཞིང་ཁམས་ཀུན་ཏུ་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་སྟོན་པའི་ཆོས་སྒོ་ཐམས་ཅད་ཀྱི་རྩ་བ་ནི། གང་ཟག་བློ་དམན་པ་རྣམས་སྔོན་དུ་འགྲོ་བའི་ཆོས་བཞིས་རྒྱུད་སྦྱོང་བ་དང་། དབང་པོ་འབྲིང་རྣམས་ལ་བཅའ་བ་ལུས་ཀྱི་གནད། སྲོག་རྩོལ་རླུང་གི་གནད། དམིགས་པ་སེམས་ཀྱི་གནད། ལུས་སྦྱོང་འཁྲུལ་འཁོར་གནད་བཞི་དང་། བཞི་ཀའི་རྩ་བ་བདེ་དྲོད་གཏུམ་མོའི་རྣལ་འབྱོར་བཅས་སྟོན་ཅིང་། དབང་པོ་རབ་ཏུ་གྱུར་པ་རྣམས་ལ་སྐུ་གསུམ་ངོ་སྤྲོད་ཕྱག་རྒྱ་ཆེན་པོ་ཅིག་ཅར་བའི་ལམ་ལ་ཡང་དག་པར་འཁྲིད་པར་མཛད་པ་ལའང་། ཀུན་རྫོབ་བྱང་སེམས་དང་འབྲེལ་བ་སྤྲུལ་སྐུའི་ངོ་སྤྲོད། སྲོག་རྩོལ་དང་འབྲེལ་བ་ལོངས་སྐུའི་ངོ་སྤྲོད། གཉུག་མ་རང་བཞག་གི་གནད་དང་འབྲེལ་བ་ཆོས་སྐུ་ངོ་སྤྲོད་པའི་ཕྱག་རྒྱ་ཆེན་པོ་རྟོགས་པ་རབ་འབྱམས་རང་བྱུང་ཡེ་ཤེས་ཉམས་སུ་བླངས་པའི་རིམ་པ་འདི་ཉིད་འཆི་ཁར་ཞག་བདུན་ཙམ་བསྒོམས་པས་ཀྱང་གདོན་མི་ཟ་བར་རྡོ་རྗེ་འཆང་གི་ས་བརྙེས་པར་གསུངས་སོ།
།འབྲི་གུང་པའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་པ་ནི། བདེ་གཤེགས་འཁོར་བ་འཇིག་དངོས་འགྲོ་མགོན་ཕག་མོ་གྲུ་པས་སྡེ་སྣོད་གསུམ་དང་རྒྱུད་སྡེའི་དོན་རྣམས་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་དགེ་འདུན་སྟོང་ཕྲག་ལྔ་ལ་ཚོགས་སུ་གསུངས་པ་སུས་ཀྱང་ཟབ་མོའི་དོན་དེའི་ངེས་པ་མ་རྙེད་པ་ལ། འཇིག་རྟེན་མགོན་པོ་འབྲི་གུང་པས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུབ་ནས་ཉམས་སུ་བཞེས་པས་རེ་རེས་ཀྱང་གནས་སྐབས་དང་མཐར་ཐུག་གི་ནད་དང་བར་ཆད་ཞི་བ་དང་། ཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཐོགས་པ་མེད་པར་ཐོབ་པར་མཁྱེན་ནས་ཟབ་པ་དང་རྒྱ་ཆེའི་བཀའ་སྩལ་ཇི་སྙེད་པ་ཐམས་ཅད་ཀྱང་འདིའི་དོན་དུ་སྟོན་ཅིང་། བཅུ་ཆོས་དང་གསུམ་ཆོས་ཞེས་པ་ཡང་འདིའི་གནད་སྟོན་པ་ཡིན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་མཛོད་ཆེན་པོ་ཡིན། དེའི་ཚུལ་ནི། སེམས་བསྐྱེད། མོས་གུས། བསྐྱེད་རིམ། རྫོགས་རིམ། བསྔོ་བ་ལྔ་སྟེ། དང་པོ་དང་ཐ་མ་གཉིས་ཐེག་པ་ཐུན་མོང་བ་ཡིན་ལ། བར་པ་གསུམ་ནི་གསང་སྔགས་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན། དེས་ན། ཕྱག་རྒྱ་ཆེན་པོ་སེང་གེ་འདྲ། །ལྔ་ལྡན་མེད་ན་མིག་མེད་ཡིན་ཅེས་གསུངས་ཏེ། གཞི་ཉོན་མོངས་པ་ལྔ་ལ་གནད་དུ་འགྲོ། ལམ་དུས་ཁྱད་པར་ཅན་གྱི་ལག་རྗེས་ལྔ་ཐོན། གདོན་རིགས་ལྔ་ཞི་ཞིང་འགྲོ་བ་ལྔ་གདུལ་བྱར་འགྱུར། འབྲས་བུའི་སྐབས་སྐུ་ལྔ་ཡེ་ཤེས་འཆར་བའོ། དེ་དག་ལ་བརྟན་པ་ཐོབ་ན་ཐམས་ཅད་ཕྱག་རྒྱ་ཆེན་པོར་འགྱུར་ཏེ། དམིགས་པ་མེད་པ་བྱང་ཆུབ་ཀྱི་སེམས། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུ། འཁོར་འདས་བླ་མའི་རོལ་པ། རིག་སྟོང་དབྱེར་མེད་ཀྱི་ཕྱག་ཆེན། འཁོར་གསུམ་ཡང་དག་གི་བསྔོ་བ་སོགས་ལ་རིམ་པ་བཞིན་བྱང་སེམས་ཕྱག་ཆེན། ལྷ་སྐུ་ཕྱག་ཆེན། མོས་གུས་ཕྱག་ཆེན། གནས་ལུགས་ཕྱག་ཆེན། བསྔོ་བ་ཕྱག་ཆེན་ཞེས་སོགས་བརྗོད་དུ་རུང་ཞིང་དོན་ལའང་གནས་པས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་ཡོངས་སུ་གྲགས། གཞན་ཡང་འབྲི་གུང་རས་པའི་ནཱ་རོ་པའི་ཆོས་བཅུར་གྲགས་པ་ནི། ཐོག་མར་སྨིན་ལམ་དབང་། གྲོལ་ལམ་རིམ་གྱིས་པའི་བསྐྱེད་རིམ། གཏུམ་མོ་ལམ་གྱི་དངོས་གཞི། ཅིག་ཅར་བས་འོད་གསལ། རང་རིག་ལྷག་པར་གནས་པ་གྲོང་འཇུག །འཕོ་བ། རྨི་ལམ། བར་དོ་རྣམས་ཆ་ལག་སྟེ། དེ་རྣམས་བསྒོམས་པས་གནས་སྐབས་ཀྱི་འབྲས་བུ་རྟགས་ལྔ་སོགས་ཐུན་མོང་གི་དངོས་གྲུབ། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་འགྲུབ་པ་མཐར་ཐུག་གི་འབྲས་བུ་བཅས་སོ།
།དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལ་ཤིན་ཏུ་གྲགས་ཆེ་བ་སྟོད་འབྲུག་རྣམས་ཀྱི་ཁྲིད་ཆེན་བརྒྱད་དུ་གྲགས་པ་སྟེ། ལམ་ཟབ་མོས་གུས་ཀྱི་ཁྲིད། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད། གསང་སྤྱོད་ལྡོག་སྒོམ་གྱི་ཁྲིད། དག་སྣང་ཞིང་སྦྱོང་གི་ཁྲིད། ཆོས་བརྒྱད་འགོ་སྙོམས་ཀྱི་ཁྲིད། བྱམས་སྙིང་རྗེའི་ཁྲིད། རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད་བཅས་དང་། ཁྲིད་ཆུང་བརྒྱད་དུ་གྲགས་པ། གཞན་ཡང་སྨད་འབྲུག་རྣམས་ཀྱི་ཐུབ་པ་ལྔ་ལྡན་ཏེ། ཕྱག་རྒྱ་ཆེན་པོ་འཆི་ཐུབ། གཏུམ་མོ་རས་ཐུབ། གསང་སྤྱོད་རི་ཐུབ། ནད་གདོན་འཁྲུགས་ཐུབ། གཉེན་པོ་རྐྱེན་ཐུབ་ཀྱི་ཁྲིད་བཅས་དང་། རྩ་བའི་བཀའ་བརྒྱུད་རྣམས་ཀྱི་སྐོར་དྲུག་ལ་སོགས་པ་རྩལ་དུ་བཏོན་ནས་འཆད་པར་མཛད་ཅིང་། ཆོས་རྗེ་གཙང་པ་རྒྱ་རས་པས་ཕྱག་ཆེན་ལ་བཤད་པ་ཚིག་གི་སྐོར། གདམས་ངག་ཉམས་ལེན་གྱི་སྐོར། རྟོགས་པ་བྱིན་རླབས་ཀྱི་སྐོར་བཅས་གསུམ། ཆོས་དྲུག་ལ་བསྲེ་འཕོ་གནད་ཀྱི་སྐོར། བྲུལ་ཚོ་བློ་རྡེག་གི་སྐོར། འཇུག་ལྡོག་སྤྱི་ཁྱབ་ཀྱི་སྐོར། མངོན་པར་རྟོགས་པའི་སྐོར། ཞལ་གདམས་གནད་ཀྱི་སྐོར། རྟོག་པ་ལམ་ཁྱེར་ནད་འདོན་སྐོར་ཏེ་ཐབས་ལམ་གནད་ཀྱི་སྐོར་དྲུག །རོ་སྙོམས་ལ་གཏེར་མཛོད་བཀའ་རྒྱ་ཅན། ཡང་མཛོད་ཐུགས་ཀྱི་མེ་ལོང་། གསང་མཛོད་སྦས་པ་མིག་འབྱེད་བཅས་གསུམ། རོ་སྙོམས་སྐོར་དྲུག་ལ། རྣམ་རྟོག་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། ན་ཚ་ལམ་ཁྱེར། ལྷ་འདྲེ་ལམ་ཁྱེར། སྡུག་བསྔལ་ལམ་ཁྱེར། འཆི་བ་ལམ་ཁྱེར་རོ། དེ་དག་ལས་དང་པོ་ལྔ་ནི་ཕྱག་རྒྱ་ཆེན་པོ་དང་བྱང་ཆུབ་སེམས་ཀྱི་ལམ་ཁྱེར་ཡིན་ལ། འཆི་བ་ལམ་ཁྱེར་ཞེས་པ་ཆོས་དྲུག་གི་བར་དོའི་གདམས་པ་ལས་འཕྲོས་པའོ། ཡང་རྟེན་འབྲེལ་ཁོ་བོ་ལུགས། ལམ་ཟབ་མོས་གུས་ཆེན་པོ་རྣམས་ཀྱིས་ཤིང་རྟའི་སྲོལ་ཕྱེ་ནས་འཆད་པར་མཛད་ཅིང༌། སྟོད་འབྲུག་བསྟན་པའི་རྩ་ལག་གཉིས་པ་རྒྱལ་བ་ཡང་དགོན་པས་རི་ཆོས་སྐོར་གསུམ་དུ་བསྟན་ཏེ། དེའང་སྒྲུབ་པ་ཉམས་ལེན་གྱི་ཆོས་ཐམས་ཅད་ཚང་བར་སྟོན་པ་དགོས་པ་ཀུན་འབྱུང་གི་སྐོར། རྡོ་རྗེ་ལུས་ཀྱི་གནས་ལུགས་གསལ་བར་སྟོན་པ་སྦས་བཤད་ཀྱི་སྐོར། འཆི་བ་ལམ་དུ་བྱེད་པ་བར་དོ་འཕྲང་སྒྲོལ་གྱི་སྐོར་གསུམ། དང་པོ་ལ་རྩ་བ་ལུས་ལྟ་བུའི་ཆོས་གསུམ། གྱེས་པ་ཡན་ལག་ལྟ་བུའི་ཆོས་དགུ། །ཟབ་པ་དོན་སྙིང་ལྟ་བུའི་ཆོས་དྲུག །གཅེས་པ་སྲོག་ལྟ་བུའི་ཆོས་དྲུག །དམར་ཁྲིད་དབང་པོའི་སྒོ་ལྔ་སོགས་བཞུགས་ཤིང་། འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་ཆོས་དྲུག་གི་ཡིག་ཆུང་ལ་འཇམ་དབྱངས་ཆོས་ཀྱི་གྲགས་པས་རྒྱས་པར་མཛད་པ་བདེ་ཆེན་སྐོར་གསུམ་གྱི་གདམས་ངག་ཅིག་ཅར་བ་དང་རིམ་གྱིས་པའི་ལམ་གཉིས་སུ་བཞུགས། རྗེ་འབའ་ར་བ་སོགས་ཀྱི་རི་ཆོས་ནི་ཟབ་ཆོས་རྒྱན་བཞི་སྐོར་གསུམ་ཞལ་གདམས་ཀྱིས་བརྒྱན་པ་ཞེས་བཤད་པས། རྒྱན་བཞི་ནི། རི་ཆོས་ཡོན་ཏན་ཀུན་འབྱུང་དང་། གསང་བ་དབང་གི་གྲུ་བོ་ཆེ། རྡོ་རྗེ་ལུས་ཀྱི་སྦས་བཤད། བར་དོའི་ཁྲིད་དང་བཞིའོ། དེ་དག་ཡོན་ཏན་ཀུན་འབྱུང་ནི། བརྗོད་བྱའི་དངོས་གཞི་སྐྱེས་སྦྱོར་དང་ཆོས་དྲུག་གི་རྒྱབ་ཆོས་ཡིན་ཞིང་། གང་དུ་སྒོམ་པའི་གནས་ཀྱི་མཚན་ཉིད་དང་རིམ་གཉིས་ཀྱི་སྔོན་འགྲོ་སྡོམ་པ་གསུམ་གྱི་རྣམ་གཞག་རྣམས་དང༌། དབང་གྲུ་ནི། བདེ་མཆོག་ནག་པོ་བ་གཙོ་བོར་སྟོན་པའི་དཀྱིལ་ཆོག་དང་། གཞན་ཡང་སྐྱེས་སྦྱོར་དང་ཆོས་དྲུག་ལ་མཁོ་བའི་དམིགས་སྐོར་མང་དུ་ཡོད། སྦས་བཤད་ཀྱི་གཞི་དངོས་པོའི་གནས་ཚུལ་གཏན་ལ་འབེབས་པ་སོགས་སོ།
།ཁྲོ་ཕུ་བཀའ་བརྒྱུད་པ་ལ་ཁྲོ་ཕུ་ལོ་ཙཱ་བས་ཕྱག་ཆེན་གྱི་ལྟ་བ་གཞིར་བཟུང་ནས་གསུངས་པའི་མན་ངག་འབྲུ་དགུ་དང་། སྙིང་གཏམ་བཞི་གསུམ་བཅུ་གཉིས། ཕྱག་རྒྱ་ཆེན་པོ་དོན་དགུ་མ། ཁྲོ་ཕུའི་མན་ངག་བརྒྱ་རྩ་སོགས་ཀྱི་བཀའ་སྲོལ་ཐུན་མོང་མ་ཡིན་པ་འགའ་ཞིག་ཐོས་རྒྱུ་འདུག་ཀྱང་ཞིབ་ཕྲའི་ལྟ་གནད་རྟོགས་པར་དཀའ་བ་བཅས་སོ།

II.1.4 - A brief history of the Shangpa Kagyü
།བཞི་པ། ཤངས་པ་བཀའ་བརྒྱུད་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ། དེ་ཡང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཆོས་ལུགས་ཤིག་ལ་ཆ་མཚོན་ན། དང་པོ་བྱུང་བའི་མཚམས་གང་ནས་འཛིན་དགོས་པའི་སྐོར་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ། ༡ ཆོས་ལུགས་དང་སྲོལ་གཏོད་མཁན་བླ་མ་དེས་སློབ་མ་ལ་ཆོས་བཤད་ནས་ཆོས་བརྒྱུད་འཛིན་པའི་སློབ་མ་དང་པོར་བྱུང་བ་ནས་ངོས་འཛིན་པ་གཅིག་དང་། ༢ བླ་མ་དེའམ་དེའི་ཆོས་བརྒྱུད་འཛིན་པའི་སློབ་མས་དགོན་པ་སོགས་ཀྱི་གནས་གཞི་དང་པོར་བཟུང་བ་ནས་ཆོས་ལུགས་དེ་བྱུང་བར་འདོད་པའི་བཤད་ཚུལ་གཉིས་ཡོད་པས། སྐབས་རེ་དང་པོའི་དབང་དུ་བྱས་ནས་བཤད་དགོས་པ་དང་། སྐབས་རེ་གཉིས་པའི་དབང་དུ་བྱས་ནས་བཤད་དགོས་པ་ཡང་འདུག་ཅེས་གསུངས་པ་བཞིན། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དངོས་སུ་བྱུང་མཚམས་ཀྱང་གཉིས་པའི་དབང་དུ་བྱས་ནས་བཤད་ན་ཅུང་ཟད་འཚམ་པ་སྟེ། དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་ལས་བསྟན་པའི་གཞི་འཕན་ཡུལ་འཆད་ཀར་བྱུང་མོད་ཀྱང་། བླ་མ་ཡི་དམ་གྱི་ལུང་བསྟན་པའི་གནས་ཤངས་ཡིན་པ་དང་། མཐར་ཐུག་ལྔ་པོ་རྫོགས་ས་ཡང་ཤངས་ཞོང་ཞོང་ཡིན་པས་ཤངས་པ་ཞེས་པ་དང་། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་ཞལ་ནས་སྙན་དུའམ། བཀའ་ནས་བཀར་བརྒྱུད་པས་བཀའ་བརྒྱུད་དོ། དེས་ན་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཅེས་གྲགས་སོ་ཞེས་འཁོད་པ་ལྟར། སྤྱིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཤངས་སུ་མ་ཕེབས་གོང་འཕན་ཡུལ་དུ་འཆད་ཁ་དགོན་བཏབ་ནས་ཚོགས་པ་བསྐྱངས་པའི་ལོ་རྒྱུས་ཡོད་པས། བུ་སློབ་དེ་དག་མཁས་གྲུབ་ཁྱུང་པོའི་བརྒྱུད་པ་འཛིན་པ་བསྙོན་མེད་ཡིན་པ་མ་ཟད། ལྷག་པར་དུ་འཕན་ཡུལ་ནས་ཤངས་སུ་ཐོག་མར་ཕེབས་སྐབས་དཔོན་སློབ་སུམ་སྟོང་ཡོད་པ་རྣམས་ནི་ཕྱིས་སུ་ཤངས་པ་བཀའ་བརྒྱུད་ཀྱི་ཐོག་མའི་བརྒྱུད་འཛིན་པའང་ཡིན། དེར་བརྟེན་ཤངས་པའི་ཆོས་བརྒྱུད་ཀྱི་ས་བོན་ཐོག་མར་འཕན་ཡུལ་དུ་བྱུང་ཡང་། ལོ་ཏོག་རྒྱས་པ་དང་འབྲས་བཟང་སྨིན་པའི་ཡུལ་ནི་ཤངས་རང་དུ་ངེས་པ་སྟེ། ཤངས་པ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པའི་སྒྲ་བོ་ཆེ་དེ་ཡང་སྤྱི་ལོ་1121ལོར་ཤངས་ཁུལ་དུ་ཞོང་ཞོང་དགོན་སོགས་ཕྱག་བཏབ་པ་ནས་བྱུང་བ་ཡིན་པ་ཤེས་རྟོགས་ཐུབ། མཁས་གྲུབ་ཁྱུང་པོ་ཤངས་སུ་ཕེབས་རྗེས་སུ་ཁུལ་དེར་བཏབ་པའི་ཤངས་པ་བཀའ་བརྒྱུད་ཀྱི་དགོན་གནས་གཙོ་བོ་རྣམས་ཀྱི་སྐོར་སྔར་བཤད་ཟིན་པས་དེར་གཟིགས་པར་འཚལ།

II.1.5 -
ལྔ་པ། ཤངས་ཆོས་དང་བོད་དར་ནང་བསྟན་ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་པའི་དབར་གྱི་འབྲེལ་བ།
དེ་ཡང་བོད་རིག་པ་མཁས་ཅན་མད་ཐེའུ་ཁེབ་སི་ཐིན་(Mathew Kapstein)གྱིས་ཤངས་པའི་ཆོས་བརྒྱུད་འདི་ཉིད་རང་རྐང་ཚུགས་པར་གནས་མི་ཐུབ་ཀྱང་ནགས་ཚལ་སྤྱི་ལ་རྒྱན་སྤྲོས་ནུས་པའི་རྒུན་ཤིང་དང་འདྲ་བས། དེ་ནི་བོད་བརྒྱུད་ནང་བསྟན་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞེས་གསུངས་པ་བཞིན། ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་སྟེང་ཕྱི་ནང་གི་དཀའ་དུབ་ཅི་རིགས་ཀྱིས་བཙེས་པའི་ཤངས་པའི་ཆོས་བརྒྱུད་འདི་ཉིད་དེང་གི་ཆར་བརྒྱུད་གཙང་ཉམས་མེད་དུ་གནས་པའི་སྐལ་པ་ཕྲ་ཡང༌། འཕགས་བོད་མཁས་གྲུབ་དུ་མའི་ཐུགས་བཅུད་ལས་འཁྲུངས་པའི་ཆོས་བརྒྱུད་འདིའི་ཟབ་མོའི་གདམས་པ་དང་ཆོས་སྒོ་འགའ་ཞིག་བོད་བརྒྱུད་གྲུབ་མཐའ་གཞན་གྱི་ཁྲོད་དུ་གནས་དང་གནས་མུས་ཡིན་པ་ཡེ་ཤེས་མགོན་པོའི་ཆོས་སྐོར་སོགས་ཀྱིས་མཚོན། ཆོས་བརྒྱུད་གཞན་གྱི་ལུང་རིག་རྣམ་དཔྱོད་ཀྱི་སྤྱན་དང་ལྡན་པའི་བརྒྱུད་འཛིན་པ་ཚོས་ཤངས་པའི་གདམས་པ་ཉམས་ལེན་བྱེད་པ་དེ་ཤངས་པ་བཀའ་བརྒྱུད་འདི་ཉིད་ད་ལྟའི་བར་མི་ནུབ་པར་གནས་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པ་དང་། ཤངས་པའི་བརྒྱུད་འཛིན་པ་ཚོས་ཀྱང་ཆོས་བརྒྱུད་གཞན་གྱི་ལེགས་ཆ་སྙིང་བསྡུས་ཀྱིས་ཤངས་པའི་རིག་གཞུང་གི་མ་ལག་འཐུས་ཚང་དུ་བཏང་ཡོད། དེས་ན་ལོ་རྒྱུས་ཀྱི་དལ་འབབ་རིང་མོའི་ཁྲོད་ཤངས་པའི་ཆོས་བརྒྱུད་འཛིན་པ་རྣམས་དང་བོད་ཀྱི་ནང་བསྟན་ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་པའི་དབར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཆགས་ཡོད།
II.1.5.1 Da-Shang lineages holders
གཅིག །དྭགས་ཤངས་གཉིས་ཀྱི་བརྒྱུད་འཛིན་པའི་སྐོར།
དེ་ཡང་དྭགས་ཤངས་ཆུ་བོ་གཉིས་འདུས་ཞེས་ཡོངས་སུ་གྲགས་པའི་བཀའ་བརྒྱུད་ཀྱི་རིང་ལུགས་ཆེན་པོ་འདི་གཉིས་ནི་བོད་དར་ནང་བསྟན་གྱི་བཀའ་བརྒྱུད་པའི་རྩ་བའི་སྡེ་པ་གཉིས་ཡིན་ལ། ཤངས་པ་བཀའ་བརྒྱུད་ལ་མཁས་གྲུབ་ཁྱུང་པོས་མཁའ་འགྲོ་ནི་དྷི་རྣམ་གཉིས་དང་། རྩ་བའི་བླ་མ་རྣམ་བཞིས་གཙོས་པའི་བླ་མ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་དང་། དྭགས་པོ་བཀའ་བརྒྱུད་ལ་ཡང་མར་པ་ལོ་ཙཱ་བས་རྗེ་ནཱ་རོ་ཆེན་པོས་སྣ་དྲངས་པའི་གྲུབ་ཐོབ་ཀྱི་བླ་མ་ལྔས་གཙོས་པའི་པཎ་གྲུབ་རྣམས་ཀྱི་ཐུགས་བཅུད་ལེགས་པར་བཞེས་ཡོད། དེ་ལྟར་དེ་གཉིས་པོའི་གསང་སྔགས་ཀྱི་གདམས་པ་འགའ་རེ་དང་། ཉམས་ལེན་གྱི་ཐབས་ལམ་སོགས་མི་འདྲ་བ་ཡོད་ཀྱང་གདམས་ངག་ལ་ཟབ་ཁྱད་མེད་པ་ཡང་། དཔལ་ལྡན་ཀུན་དགའ་གྲོལ་མཆོག་གི་ནི་གུའི་རྒྱབ་ཆོས་གླུའི་ཕྲེང་བ་ལས་རྗེ་བཀའ་བརྒྱུད་ཀྱི་དགུང་གནམ་མཐོན་པོ་ལ། །ཕ་གྲུབ་ཐོབ་ཀྱི་བླ་མ་རྒྱུ་སྐར་ཙམ། །དབྱིངས་དགག་མེད་ཀྱི་ཉི་ཟླ་འོད་པོ་ཆེ། །དེ་ནཱ་རོ་དང་ནི་གུ་མ་ལགས་སམ། །ཁོང་ལྕམ་སྲིང་གི་སྒྲུབ་བརྒྱུད་ཆུ་བོའི་རྒྱུན། །དུས་ད་ལྟའི་སྐལ་ལྡན་ཡོངས་ཀྱི་སྒོམ། ཡིད་ཚིམ་པར་སྟེར་བའི་སྨན་ཆབ་དེ། །ཆོས་ན་རོ་དང་ནི་གུ་མ་ལགས་སམ། ལུགས་རྣམ་གཉིས་ཀྱི་བཀའ་སྲོལ་སྐྱོང་བའི་རྗེས། །དཔལ་འགྲན་ཟླ་བྲལ་བ་སྤྲུལ་པའི་སྐུ། ངེད་རྟོགས་ལྡན་མང་པོའི་གཙུག་རྒྱན་གཅིག །མགོན་དྭགས་ཤངས་ཀྱི་བཀའ་བརྒྱུད་རྣམ་གཉིས་ལགས་ཞེས་གསུངས་པ་ལྟར་རོ། །དེ་གཉིས་པོའི་གདམས་པའི་བཀའ་བབས་དང་ཉམས་ལེན་གྱི་གནད་འདྲ་བས་གཉིས་ཀར་བཀའ་བརྒྱུད་པ་ཞེས་ཐོགས་ཀྱང་ཐོག་མའི་སྲོལ་འབྱེད་པ་གཉིས་ལ་ལུས་རྟེན་གྱི་ཁྱད་པར་ཡོད་དེ་མར་པ་ལོ་ཙཱ་བ་ནི་སྔགས་པ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་དགེ་སློང་ཡིན། དེས་ན་ཆོས་ལུགས་ཀྱི་རྒྱུན་སྤྱོད་ཤེས་བྱ་ཞེས་པའི་ནང་དྭགས་ཤངས་བཀའ་བརྒྱུད་ཀྱི་གྲུབ་མཐའ་རིམ་པར་སྨོས་ཟིན་པའི་མཇུག་ཏུ་དེ་གཉིས་ཀར་གོ་རུང་བའི་སྡོམ་ཚིག་སྔོན་བརྒྱུད་འཛིན་གཙོ་བོ་སྔགས་པ་ཡིན་ཀྱང་། རིམ་པས་གཙོ་བོར་རབ་བྱུང་པ་ཤ་སྟག་ཡིན་ཞེས་འཁོད་པ་དེ་ཡང་དྭགས་པོ་ཁོ་ན་ལས་ཤངས་པ་ལ་མི་འཐད་པ་ཡིན།
སྔར་གྱི་ལོ་རྒྱུས་ཐོག་ཤངས་པའི་ཆོས་བརྒྱུད་འཛིན་པ་མང་པོས་དྭགས་པོ་བཀའ་བརྒྱུད་ལས་གྱེས་པའི་བཀའ་བརྒྱུད་པ་གཞན་གྱི་གདམས་པ་མང་དག་ཅིག་གསན་བཞེས་དང་ཉམས་ལེན་གནང་ཡོད་པ་དཔེར་ན་རྨོག་ལྕོག་པ་ནི་ཁྱུང་པོ་རྣལ་འབྱོར་གྱི་བརྒྱུད་འཛིན་ཡིན་ཀྱང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་རྗེ་སྒམ་པོ་བ་ཉིད་ལས་འཁྲུངས་པས་ཉིན་རེ་བཞིན་བྱ་རོག་ཏུ་སྤྲུལ་ནས་སྒམ་པོའི་གཙུག་ལག་ཁང་ལ་སྐོར་བ་མཛད་པ་དང་། བརྒྱུད་པ་འདིའི་ལུགས་ཀྱི་ཡང་གྲུབ་ཐོབ་ཡིན་ནོ་ཞེས་འཁོད་པ་བཞིན། དྭགས་པོ་བཀའ་བརྒྱུད་ཀྱི་གདམས་པའི་མངའ་བདག་དྭགས་པོ་ལྷ་རྗེས་ཤངས་པ་རིན་ཆེན་བདུན་བརྒྱུད་སྔ་མའི་བཞི་པ་རྨོག་ལྕོག་པ་ལ་ཕྱག་རྒྱ་ཆེན་མོའི་ཆོས་སྐོར་མང་དུ་བསྟན་པས། ཆོས་རྗེ་རྨོག་ལྕོག་པས་ཕྱག་རྒྱ་ཆེན་མོའི་ལྟ་བའི་སྒྲོ་འདོགས་ཡོངས་སུ་ཆོད། ཕྱིས་རྗེ་རྨོག་ལྕོག་པས་དྭགས་པོའི་སློབ་མ་གཙོ་ཆེ་བ་བཅུ་གཅིག་ལ་ཕྱག་ཆེན་གྱི་གདམས་པ་འདི་རྣམས་ཕར་གསུངས། གཞན་ཡང་ཆོས་རྗེ་རྨོག་ལྕོག་པས་དགེ་བཤེས་གཞུ་པ་ལ་ནཱ་རོའི་ཡིག་ཆུང་དང་། བླ་མ་བུར་སྒོམ་ནག་པོ་དང་ཕག་གྲུ་རྡོ་རྗེ་རྒྱལ་པོ་སོགས་ལས་ཀྱང་དྭགས་པོ་བཀའ་བརྒྱུད་ཀྱི་གདམས་པ་མང་དག་ཅིག་གསན་གནང་བས། དུས་དེ་ནས་བཟུང་ནས་དྭགས་ཤངས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་སོང་། དེ་མིན་གཉན་སྟོན་རི་གོང་པས་ནཱ་རོ་ཆོས་དྲུག་གསན་པ། འགྲོ་མགོན་སངས་རྒྱས་སྟོན་པས་ཁྲོ་ཕུ་ལོ་ཙཱ་བ་ལས་ཤྲཱི་རྣམ་གསུམ་གྱི་གདམས་པ་འགའ་ཞུས་པ། མཁས་གྲུབ་ཤངས་སྟོན་གྱིས་མདོ་བོ་རུ་བླ་མ་ཀརྨ་པ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། སྐུ་གསུམ་ངོ་སྤྲོད། རླུང་སེམས་དབྱེར་མེད། བསམ་གཏན་ཐུན་འཇོག་ལ་སོགས་པའི་ཀརྨ་བཀའ་བརྒྱུད་ཀྱི་གདམས་པ་མང་དུ་ཞུས་པ། མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཁྲོ་ཕུ་བའི་གདམས་ངག་ཆོས་ཆུང་བཞི་གསུམ་བཅུ་གཉིས། སྙིང་གཏམ་བཞི་གསུམ་བཅུ་གཉིས། གདམས་ངག་གནད་ཀྱི་ལྡེ་མིག །མི་གཡོ་བའི་དམིགས་པ་སྐོར་གསུམ། ཞེན་ལོག་དཔེ་སྒྲོན་མ་ལ་སོགས་པ་མང་དུ་ཞུས། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཆོས་རྗེ་སངས་རྒྱས་སྟོན་པ་ལས་དྭགས་པོ་བཀའ་བརྒྱུད་ཀྱི་འབྲི་གུང་པ་དང་། འབྲུག་པ། ཚལ་པ་སོགས་ཀྱི་གདམས་པ་མང་དུ་ཞུས་པ། དུས་ཕྱིས་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་གྱིས་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་སློབ་དཔོན་དུ་བསྟེན་པ། རི་ཁྲོད་རས་ཆེན་སངས་རྒྱས་སེང་གེས་མཚུར་ཕུར་ཀརྨ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ལས་གདམས་པ་མང་དུ་གསན་པ། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་བླ་མ་དགེ་སློང་ལས་གྲུབ་ཆེན་ཏེ་ལོ་པའི་ཕྱག་རྒྱ་ཆེན་པོ་གངྒཱ་མའི་གདམས་པ་ཡང་ཞུས་པ། ཆོས་རྗེ་ནམ་མཁའ་རྒྱལ་མཚན་གྱིས་འབྲི་གུང་པ་ནས་བརྒྱུད་པའི་ཕྱག་ཆེན་དང་། ལྔ་ལྡན། ནཱ་རོ་ཆོས་དྲུག་བཅས་གསན་པ་སོགས་ཧ་ཅང་མང་།
ཡང་དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་པ་འགས་ཤངས་པའི་གདམས་པ་གསན་བཞེས་དང་ཉམས་ལེན་གནང་ཡོད་པ་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས་གྲུབ་ཆེན་ཁྱུང་པོ་ཚུལ་ཁྲིམས་མགོན་ནི་རྩ་རླུང་ལ་བརྟན་པ་ཐོབ་པས་ཁོང་ནི་ངའི་སེམས་ཀྱི་སྣེ་ཁྲིད་པ་ཡིན་ཞེས་གསུངས་མྱོང་བ་ལྟར་རྩ་དང་རླུང་གི་ཡོན་ཏན་ལ་མཐར་ཕྱིན་པའི་སྐྱེས་ཆེན་ཁྱུང་པོ་གཉིས་པར་གྲགས་པ་ཚུལ་ཁྲིམས་མགོན་པོས་ཀརྨ་པ་སྐུ་ཕྲེང་གསུམ་པར་ཤངས་པའི་རྩ་རླུང་གི་གདམས་པ་དེ་རྣམས་གནང་བས། ཕྱིས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོ་སོའི་ཁྱད་ཆོས་ལྡིང་བའི་སྐབས་སུ་ཡང་ཀརྨ་པའི་རླུང་སེམས་དབྱེར་མེད་ཅེས་པ་དེ་བྱུང་བ་མིན་ནམ་སྙམ། གཞན་ཡང་ཤངས་པའི་ཚེ་སྒྲུབ་སྟེ་མགོན་པོ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དེ་རྗེ་ནཱ་རོ་པས་ནི་གུ་མ། དེས་མཁས་གྲུབ་ཁྱུང་པོ་ལ་བརྒྱུད་པ་དེས་ཤངས་ལུགས་སུའང་རྗེ་ནཱ་རོ་པའི་གདམས་པ་རེ་ཟུང་བརྒྱུད་ཡོད་པ་མཚོན། དེ་མིན་ཤངས་པའི་མགོན་པོ་སྨད་ལུགས་དེ་ཉིད་སློབ་དཔོན་ཨའི་སེང་གེ་ལས་ཕག་གྲུ་བཀའ་བརྒྱུད་སོགས་ལ་དར་བ་དང་། ཡང་སྙིགས་མའི་དུས་ཀྱི་ཤངས་ཆོས་བསྟན་པའི་བདག་པོ་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཤངས་ཆོས་དང་ཀརྨ་ཀམ་ཚང་གཉིས་ཀ་ཉམས་སུ་ལེན་པ་སོགས་ཀྱི་དཔེ་མཚོན་མང་། དེ་ལྟར་དྭགས་ཤངས་གཉིས་ཀྱི་སྔ་རབས་ཀྱི་བརྒྱུད་འཛིན་པ་འགས་གདམས་པ་འགའ་ཞིག་ཕར་ཞུ་ཚུར་ཞུ་དང༌། རྩོད་མེད་ཀྱི་གདམས་པ་ཡིན་ཕྱིན་ཆད་ལ་རིས་སུ་མ་མཆིས་པའི་ལྟ་མཆོག་བཟུང་ནས་ཉམས་ལེན་གནང་ཡང་། རང་རང་སོ་སོར་ཐུན་མོང་མ་ཡིན་པའི་གདམས་པ་དང༌། བླ་མ་བརྒྱུད་པ་སོགས་མི་འདྲ་བ་ཡོད་པས་དེ་གཉིས་དབར་མཚུངས་རྟགས་རྒྱབ་ན་མ་འགྲིག་སྙམ། དྭགས་ཤངས་གཉིས་ཀྱི་གདམས་པའི་གཙོ་བོ་ཆོས་དྲུག་གི་ཁྱད་པར་ཡང་ལེ་ཚན་གོང་མར་སྨོས་ཟིན་པས་བསྐྱར་དུ་བརྗོད་པའི་དགོས་པ་མེད་དོ།
II.1.5.2 Nyingma
།གཉིས། ཤངས་ཆོས་དང་རྙིང་མ་པའི་བརྒྱུད་འཛིན་གྱི་སྐོར།
ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཁོ་ནར་ཆ་མཚོན་ན། ཤངས་པའི་བཀའ་སྲོལ་འདི་ལོགས་སུ་མ་གཏོད་པའི་གོང་དུ་བླ་མ་འབྱུང་གནས་སེང་གེ་སོགས་ལས་གསང་སྔགས་རྙིང་མའི་རྫོགས་ཆེན་གྱི་གདམས་པ་གསན་མྱོང་། དེ་ལྟར་རྙིང་མ་པའི་གྲུབ་མཐའ་ལ་ཞུགས་མྱོང་བའི་མཁས་གྲུབ་ཁྱུང་པོར་རྙིང་མའི་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་ནི་ཨ་ཅང་བརྗོད་མེད་རེད། གཞན་ཡང་མཁས་གྲུབ་ཤངས་སྟོན་གྱི་མཛད་རྣམ་དུ་གཞུང་བྲག་དམར་བའི་བླ་མ་རས་པ་དཀོན་མཆོག་སྐྱབས་ཀྱིས་འགྲོ་མགོན་སངས་རྒྱས་སྟོན་པ་ལས་རྫོགས་ཆེན་སྙིང་ཐིག་ཞུས་པའི་སྐོར་འཁོད་པ་ལྟར་འགྲོ་མགོན་སངས་རྒྱས་སྟོན་པ་ལའང་རྫོགས་ཆེན་གྱི་གདམས་པ་མངའ་བ་མཚོན། ད་དུང་ཆོས་རྗེ་སངས་རྒྱས་སྟོན་པའི་སློབ་མ་མཁས་བཙུན་གཞོན་ནུ་གྲུབ་ལ་སྤྲུལ་སྐུ་འགའ་རབ་རྡོ་རྗེ་ལས་སྔ་འགྱུར་རྙིང་མའི་རྫོགས་ཆེན་གྱི་གདམས་པའང་ཐོབ་པ་དང་། དེ་མིན་ཤངས་ཆོས་ཉེ་བརྒྱུད་ཀྱི་བཀའ་བབས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལས་བྱང་གཏེར་ཡོངས་རྫོགས་དང་། ཁྱད་པར་རྔ་ཡབ་པདྨ་འོད་སོགས་སུ་ཕེབས་ནས་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་དཔག་མེད་ལས་ཆོས་གསན་པས་རྙིང་མ་པའི་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་བླ་བརྒྱུད་དུའང་བཞུགས་སུ་གསོལ་ཡོད། ལྷག་པར་དུ་དབོན་སྟོན་སྐྱེར་སྒང་པས་རྒྱ་གོང་རི་པ་ལས་རྟ་མགྲིན་གསང་སྒྲུབ་ཀྱི་གཏེར་དཔེ་རྫོགས་པར་གསན་པས། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བར་ཡང་དུས་དེ་ནས་བཟུང་བཀའ་གཏེར་ཆུ་བོ་གཉིས་འདྲེས་སུ་གྱུར་ཞེས་འཁོད།
དེ་ལྟར་ཤངས་པའི་བརྒྱུད་འཛིན་པ་མང་པོས་རྫོགས་ཆེན་གྱི་ཆོས་སྒོར་ཞུགས་མྱོང་ལ། རྙིང་མ་པའི་སྐྱེས་ཆེན་རྩོད་མེད་འགས་ཀྱང་ཤངས་ཆོས་ཐུགས་ཉམས་སུ་བཞེས་མྱོང་བ་སྟེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དུ་ཨོ་རྒྱན་གཏེར་བདག་གླིང་པས་ཇོ་ཤངས་ཞི་གཅོད་བོ་དོང་པ་སོགས་ཆོས་རྒྱུན་ཕྲ་བ་རྣམས་རང་སྟོབས་དང་གཞན་བསྐུལ་ལ་བརྟེན་གདམས་ངག་གི་སྲོག་རྩ་མཐུད་ཅེས་འཁོད་པ་ལྟར། ཁོང་གིས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་གཙོ་བོར་འཛིན་ཐོག་དཔལ་ལྡན་ཤངས་པའི་བཀའ་སྲོལ་སོགས་ཀྱི་ཆོས་སྒོ་རྣམས་ལ་ཡང་ཐུགས་སྣང་མཛད་པ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོས་གཙོ་བོར་རྙིང་མ་པའི་བརྒྱུད་པ་འཛིན་ཐོག །བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ་དང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་གྱི་རིང་ལུགས་ཕལ་མོ་ཆེ་གསན་མྱོང་བ་སོགས་ཀྱིས་མཚོན་ནོ།
II.1.5.3 Sakya
།གསུམ། ཤངས་ཆོས་དང་ས་སྐྱ་པའི་བརྒྱུད་འཛིན་གྱི་སྐོར།
ཤངས་པ་བཀའ་བརྒྱུད་ཀྱི་རིན་ཆེན་བདུན་བརྒྱུད་སྔ་མའི་དྲུག་པ་རི་གོང་པ་སངས་རྒྱས་སྟོན་པས་ཆོས་རྗེ་ས་པཎ་གཙུག་ཏུ་བསྟེན་ནས་ས་ལུགས་ཀྱི་གདམས་པ་སོགས་གསན་མྱོང་བ་དང་། བསམ་སྡིངས་བརྒྱུད་པའི་སྤྱི་མེས་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ས་སྐྱ་པའི་ལམ་འབྲས་ཉམས་ལེན་གནང་ཡོད་པ་ཡང་། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཕྱིས་མྱང་སྨད་དུ་བསམ་སྡིངས་བཏབ་ནས་ལམ་འབྲས། ཕྱག་ཆེན། ནི་གུ་རྣམས་ཆོས་ཀྱི་གཙོ་བོ་མཛད་ནས་གདུལ་བྱ་མང་པོ་ལ་ཁྲིད་བསྐྱངས་ཞེས་འཁོད། ཡང་འཇག་ཆེན་རྒྱལ་མཚན་འབུམ་ས་སྐྱར་བྱོན་ནས་བླ་མ་འཇམ་དབྱངས་པ་དང་སློབ་དཔོན་ཀུན་དགའ་སོགས་ལས་བརྟག་གཉིས་དང་། ས་ལུགས་ཀྱི་ལག་ལེན། ལམ་འབྲས་ཀྱི་ཁྲིད་ལམ་སྐོར་དང་བཅས་པ་མ་ཚང་བ་མེད་པར་ཞུས་ནས་སྲོག་ཤིང་དུ་དེ་དག་ལས་འགའ་ཞིག་གི་བཤད་པ་ཡང་མཛད་མྱོང་བ་དང་། ཆོས་རྗེ་བྱམས་པ་དཔལ་གྱིས་སློབ་དཔོན་སེང་གེ་བཟང་པོ་ལས་གཅོད་ཀྱི་སྐོར་དང་། ལམ་འབྲས་གཞུང་བཤད་སོགས་གསན་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ས་སྐྱ་དང་ཤངས་ཆོས་གཉིས་ཀ་ཉམས་ལེན་གནང་བ། དེ་མིན་ས་སྐྱ་པཎྜི་ཏས་གསན་པའི་ནཱ་རོ་ཆོས་དྲུག་གི་ལུགས་ཤིག་རྨོག་ལྕོག་པ་ནས་བརྒྱུད་པ་སྡོམ་གསུམ་རང་མཆན་དུ་གསལ་ཞིང་། སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ་ཞེས་པའི་མཇུག་ཏུ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་གི་ཟིན་ཐོ་ལ་བརྟེན་ནས་བཀོད་ཅེས་འཁོད་པ་དང་། ཤངས་པའི་གསེར་ཆོས་ལྔའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ལས་ཕ་བླ་མ་ཚར་པ་ཆོས་རྗེའི་སྐུ་དྲིན་ལས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྙན་བརྒྱུད་འཛིན་པའི་བཙུན་པ་མཁྱེན་བརྩེའི་དབང་ཕྱུག་གིས་དཔལ་ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་སྦྱར་བ་བྱིན་རླབས་འཇུག་པར་འགྱུར་ཅིག་ཅེས་འཁོད་པ་ལྟར་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཚར་ཆེན་བློ་གསལ་རྒྱ་མཚོ་ལས་འཇག་བསམ་ནས་བརྒྱུད་པའི་ཤངས་པའི་གདམས་པ་མང་དག་ཅིག་གསན་པ་དེ་དག་གི་ཐོག་ནས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་། དགེ་སློང་ངག་དབང་ཆོས་གྲགས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ཀྱིས་ཤངས་ཆོས་དུ་མ་ཉམས་སུ་བཞེས་གནང་བ་དང་། ཚར་ཆེན་བློ་གསལ་རྒྱ་མཚོས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་རྗེས་གནང་གི་ཆོ་ག་བྱིན་རླབས་ཀྱི་ཆར་འབེབས་དང༌། དགེ་སློང་ངག་དབང་ཆོས་གྲགས་ཀྱིས་སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཟབ་དོན་བསྡུས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་ཐེམ་སྐས་དང་། ཤངས་པའི་གསེར་ཆོས་ལྔའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་སོགས་ཤངས་ཆོས་སྐོར་གྱི་བསྟན་བཅོས་དང་ཁྲིད་ཡིག་འགའ་ཡང་མཛད། ཁོང་རྣམས་དང་འདྲ་བར་ལམ་འབྲས་ཚོགས་བཤད་ཀྱི་བརྒྱུད་འཛིན་མུས་ཆེན་དཀོན་མཆོག་རྒྱལ་མཚན། མུས་ཆེན་རྒྱལ་མཚན་དཔལ་བཟང༌། ཉེ་ཆར་གྱི་བློ་དགའ་རིན་པོ་ཆེ་སོགས་ས་ལུགས་ཀྱི་བརྒྱུད་འཛིན་པ་འགས་ཀྱང་མཁའ་འགྲོ་མ་སུ་ཁ་སིདྡྷིའི་ཆོས་སྐོར་འཆད་ཉན་དང་ཉམས་ལེན་གནང་སྲོལ་ཡོད་པ་མཚོན་ཐུབ། དེ་ལྟར་གཅིག་ནས་ཤངས་པའི་སྔ་རབས་ཀྱི་བླ་མ་སྐྱེས་ཆེན་དུ་མས་ས་ལུགས་ཀྱི་གདམས་པ་གསན་བཞེས་དང་ཉམས་ལེན་མཛད་ནས་སྐབས་དེའི་ཤངས་པའི་བརྒྱུད་འཛིན་གྱི་བུ་སློབ་རྣམས་ལ་བཤད་པ་ཡང་མཛད་པས། ས་སྐྱ་པའི་གདམས་ངག་གི་སྙིང་བཅུད་བསྡུ་ལེན་གནང་བ་དང་། གཉིས་ནས་ས་སྐྱ་པའི་བརྒྱུད་འཛིན་པ་འགའ་ཞིག་གིས་ཀྱང་ཤངས་ཆོས་སློབ་གཉེར་དང་ཉམས་ལེན་གནང་མྱོང་བའོ།
II.1.5.4 Jonang
།བཞི། ཤངས་ཆོས་དང་ཇོ་ནང་པའི་བརྒྱུད་འཛིན་གྱི་སྐོར།
ཤངས་པའི་ཤིན་ཏུ་ཉེ་བརྒྱུད་ཀྱི་བཀའ་བབས་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གིས་མ་གཞི་ཇོ་ནང་པའི་ཆོས་བརྒྱུད་གཙོ་ཆེར་འཛིན་ཡང་། ཁོང་ལ་འཇག་བསམ་གཉིས་དང་། ཐང་ལུགས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཞལ་གཟིགས་སོགས་བརྒྱུད་ནས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་མང་དག་ཐོབ་ཡོད་ཅིང་། དེ་རྗེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཉེ་གནས་འགྱུར་མེད་བདེ་ཆེན་སོགས་ལ་ཐོབ་པའི་ཤངས་པའི་གདམས་ངག་དང་ཉམས་ལེན་བྱ་ཚུལ་རྣམས་ཇོ་ནང་པའི་ཆོས་བརྒྱུད་ཁོངས་སུ་བསྡུ་ལེན་གཏིང་གཟབ་གནང་ཡོད་ཅེས་འཁོད་པ་ལྟར། ཇོ་ནང་ཀུན་དགའ་གྲོལ་མཆོག་ནས་འགོ་བརྩམས་ཏེ། ཁོང་གི་སློབ་བརྒྱུད་དང་བཅས་པས་ཤངས་པའི་ཆོས་བརྒྱུད་ཀྱི་གདམས་པ་ཉམས་ལེན་དང་དར་སྤེལ་ཅི་རིགས་མཛད་སྟབས་ཤངས་པ་བཀའ་བརྒྱུད་ཀྱིས་ཇོ་ནང་པའི་ཆོས་བརྒྱུད་ལ་བོད་དར་ནང་བསྟན་གྱི་ཆོས་བརྒྱུད་གཞན་ལས་ལྷག་པའི་ཤུགས་རྐྱེན་ཐེབས་ཡོད།
ལྷག་པར་དུ་འཇམ་མགོན་ཀུན་དགའ་གྲོལ་མཆོག་གི་ཁྲི་འཛིན་ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐས་སྔ་རྗེས་སུ་ཆོས་སྐུ་ལྷ་དབང་གྲགས་པ་སོགས་ལས་ཤངས་པའི་ཆོས་སྐོར་མང་དག་ཅིག་གསན་བཞེས་དང་། ཉམས་ལེན་དཔྱིས་ཕྱིན་པ་གནང་ཡོད་པའང་ཁོང་གི་ལྗགས་རྩོམ་གྱི་གྲས་སུ་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་དང་། མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་དང་སྒྲུབ་ཐབས་སོགས་ཀྱི་ཤངས་པའི་ཆོས་སྐོར་ཇི་སྙེད་ཅིག་ཐོན་པ་ལས་ཤེས་རྟོགས་ཐུབ། ཁོང་ཉིད་སྤྱིར་ཇོ་ནང་པ་ཆེན་པོའི་རིང་ལུགས་འཛིན་པ་ཀུན་ལ་གྲགས་ཀྱང་། རྟ་མགྲིན་ལས་བྱང་དྲེགས་པ་ཀུན་འདུལ་གྱི་མཇུག་ཏུ་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་རིགས་སུ་སྐྱེས་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་པའི་ནང་དུའང་ཤངས་ཆོས་རིགས་སུ་འཁྲུངས་པ་ཞེས་ཤངས་པའི་ཆོས་སྐོར་ལ་ཞུགས་པའི་བརྒྱུད་པའི་གྲས་སུ་ཡང་འཇོག་གནང་མཛད་ཡོད། དེ་ནས་མི་ལོ་སུམ་བརྒྱ་ཙམ་འདས་ནས་མདོ་སྨད་འཛམ་ཐང་དགོན་པའི་བླ་མ་སྤོམ་མདའ་དགེ་ལེགས་(སྤྱི་ལོ་1844ལོ་ནས་1899ལོ་བར་)སོགས་ཀྱིས་ཀྱང་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་འཆད་ཁྲིད་དང་ཉམས་ལེན་གང་ལེགས་གནང་། སྤོམ་མདའ་དགེ་ལེགས་ཀྱིས་ནི་གུ་ཆོས་དྲུག་གི་ཟབ་འགྲེལ་སོགས་ཤངས་ཆོས་སྐོར་གྱི་བསྟན་བཅོས་དང་ཁྲིད་ཡིག་འགའ་ཡང་མཛད་ཅིང་། ཁོང་གི་བརྒྱུད་པ་འཛིན་པ་ནི་འཇམ་མགོན་ཀོང་སྤྲུལ་དང་། དེའི་སློབ་མ་སྙན་གྲགས་ཤིན་ཏུ་ཆེ་བའི་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མས་ཇོ་ནང་པ་དང་ཤངས་ཆོས་གཉིས་ཀ་བརྒྱུད་འཛིན་དང་དར་སྤེལ་གྱི་མཛད་འཕྲིན་བསྐྱངས་སྟབས་དེང་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་ཀུན་བདེ་གླིང་དུ་ཇོ་ཤངས་གཉིས་ཀའི་གདམས་པ་ཉམས་སུ་ལེན་པ་དང༌། འཛམ་ཐང་གི་གཙང་པ་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་བླ་མ་ཚོས་ཤངས་པའི་ཆོས་སྐོར་མ་ཉམས་བརྒྱུད་འཛིན་གནང་མུས་ཡིན་པའི་སྐོར་གཤམ་གྱི་ལེའུ་དྲུག་པའི་སྐབས་འཆད་པར་བྱའོ།
།དཔལ་ལྡན་ཤངས་པའི་ཆོས་བརྒྱུད་འདི་ཉིད་ལ་ལོ་རྒྱུས་ཀྱི་བགྲོད་ལམ་སྟེང་སྲོག་ལ་ཐུག་པའི་འཇིགས་པ་གྲངས་ལས་འདས་པ་ཞིག་འཕྲད་མྱོང་ཡང་། ཇོ་ནང་ཏཱ་ར་ནཱ་ཐ་དང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སོགས་ཀྱིས་གཙོས་པའི་ཇོ་ནང་པའི་རིང་ལུགས་འཛིན་པ་རྣམས་ཀྱིས་ཤངས་ཆོས་འདི་ཉིད་སྔ་བར་ཕྱི་གསུམ་དུ་རང་གི་བརྒྱུད་པ་བསྙོན་མེད་ལྟར་དུ་བརྩིས་ཏེ། ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་སྨིན་པ་དང་། འཆད་རྩོད་རྩོམ་གསུམ་གྱིས་གཞན་རྒྱུད་གདུལ་བ་སོགས་ཀྱི་མཛད་འཕྲིན་ནམ་མཁའ་དང་མཉམ་པ་སྤེལ་བར་མཛད། ལྷག་དོན་ཀུན་མཁྱེན་ཏཱ་ར་ནཱ་ཐས་རྡོ་རྗེ་ཐེག་པའི་རིང་ལུགས་རྣམས་ལ་འཁྲུལ་པས་བསླད་པ་ཐམས་ཅད་བསལ་ཞེས་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་། ཡང་སྒོས་ཤངས་ཆོས་མ་ཉམས་དར་འཕེལ་གཏོང་བའི་བསྟན་བཅོས་རྒྱ་ཆེར་བརྩམས་ཏེ། ཐལ་རྡུལ་གྱིས་སྦགས་པའི་ཤངས་པའི་རིང་ལུགས་ལ་ལྷག་བསམ་གྱིས་བྱི་དོར་མཛད་ནས་ཤངས་པའི་བརྒྱུད་པ་འདི་ཉིད་ལ་འཆི་ཀ་མའི་སྲོག་མཐུད་པ་ལྟ་བུའི་བཀའ་དྲིན་ཆེས་ཆེར་བསྐྱངས། དེ་ནི་ཤངས་ཆོས་བརྒྱུད་འཛིན་པ་ཚོ་དང་བོད་བརྒྱུད་ནང་བསྟན་གྱི་རིག་པ་སྨྲ་བ་ཚོས་ཇི་སྲིད་ཉི་ཟླའི་བགྲོད་པ་མ་ནུབ་ཀྱི་བར་དུ་རྗེས་དྲན་བྱ་འོས་པ་ཡིན།
II.1.5.5 Kadam
ལྔ། ཤངས་ཆོས་དང་བཀའ་གདམས་གསར་རྙིང་གི་བརྒྱུད་འཛིན་པའི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཚོ་བཞུགས་ཀྱི་དུས་ནི་བཀའ་གདམས་པའི་བསྟན་པ་དབུ་བརྙེས་པའི་དུས་སྐབས་ཤིག་ཡིན་པས། ཇོ་བོ་བཀའ་གདམས་པའི་རིང་ལུགས་འཛིན་པའི་མཁས་གྲུབ་རྣམས་ཀྱིས་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་དང་ཤངས་པའི་བླ་མ་གོང་མ་རྣམས་ལ་མདོ་ལུགས་ཀྱི་སློབ་གཉེར་དང་། གསང་སྔགས་ཀྱི་གདམས་པ་གང་ཅིར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་པ་ཡང་། མཁས་གྲུབ་ཁྱུང་པོས་མངའ་རིས་མཐོ་ལྡིང་དགོན་དུ་ཇོ་བོ་རྗེ་ལས་སེམས་བསྐྱེད་དང་། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། གསང་འདུས། དགྲ་ནག །འཇིགས་བྱེད་སོགས་ཀྱི་གདམས་པ་མང་དག་ཅིག་གསན་བཞེས་གནང་། ཡང་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར་བླ་མ་རྡོ་རྗེ་གདན་པས་ཁྱུང་པོ་རྣལ་འབྱོར་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གླང་རི་ཐང་པ་ལ་བསྙེན་པར་རྫོགས་ཤིག་ཅེས་ལུང་བསྟན་ནས། ཁྱུང་པོ་རྣལ་འབྱོར་གྱི་མཁན་པོ་མཛད་ཅེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོའི་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་ས་ནི་བླ་མ་རྡོ་རྗེ་གདན་པས་ལུང་གིས་ཟིན་པའི་བཀའ་གདམས་པའི་དགེ་བཤེས་ཆེན་པོ་གླང་རི་ཐང་པ་རྡོ་རྗེ་སེང་གེ་ཡིན། དགེ་བཤེས་གླང་ཐང་པ་ནི་པོ་ཏོ་བའི་སློབ་མ་གླང་ཤར་ཉི་ཟླ་ཟུང་འབྲེལ་དུ་གྲགས་པའི་མཚུངས་མེད་སེམས་དཔའ་ཆེན་པོ་གླང་ཐང་པ་ཞེས་བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་བསྐྱེད་ཀྱི་ཐུགས་དམ་མཐིལ་དུ་འཛིན་པས་དུས་སྐབས་དེར་མཚན་སྙན་ཡོངས་སུ་གྲགས་པའི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཞིག་རེད། ཁོང་གིས་མཁས་གྲུབ་ཁྱུང་པོར་དགེ་སློང་གི་སྡོམ་པ་མནོས་པ་དང༌། བློ་སྦྱོང་ཚིག་བརྒྱད་མ་སོགས་ཟབ་རྒྱས་ཆོས་ཀྱི་གནང་སྦྱིན་འཕངས་མེད་དུ་བསྩལ་བས། ཕྱིས་ཀྱི་མཁས་གྲུབ་ཁྱུང་པོའི་བརྒྱུད་འཛིན་པ་རྣམས་ཀྱང་དགེ་བཤེས་གླང་ཐང་པའི་འདུལ་ཁྲིམས་ཀྱི་རྣམ་ཐར་སྐྱོང་མཁན་ཤ་སྟག་ཏུ་གྱུར། མཁས་གྲུབ་ཁྱུང་པོའི་དགོན་གནས་ཐོག་མ་འཆད་ཁ་དགོན་ཡང་བཀའ་གདམས་པའི་བསྟན་པ་དར་སའི་ལྟེ་བའི་ས་ཁུལ་འཕན་ཡུལ་དུ་གནས་པས་སྐབས་དེར་ཁྱུང་པོ་རྣལ་འབྱོར་གྱི་གྲྭ་སློབ་ཀྱི་གྲས་སུ་བཀའ་གདམས་པའི་རིང་ལུགས་འཛིན་མཁན་ཡང་ཡོད་པར་ངེས། ཡང་རིན་ཆེན་བདུན་བརྒྱུད་སྔ་མའི་བཞི་པ་ཆོས་རྗེ་རྨོག་ལྕོག་པས་དགེ་བཤེས་རྫ་ར་བ་ལ་བཀའ་གདམས་པའི་གདམས་ངག་མང་དུ་ཞུས། ཆོས་རྗེ་སྐྱེར་སྒང་པས་བླ་མ་སྤེན་ཕུག་པ་ལས་ལོ་ལྔའི་བར་ཇོ་བོ་རྗེའི་གདམས་པ་ཞུས་ནས། ཇོ་བོ་བཀའ་གདམས་པའི་ལྷ་བཞིའི་མན་ངག་གྲུབ་ཆེན་སྐྱེར་སྒང་པའི་བཀའ་སྲོལ་དང་འབྲེལ་བ་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་དེ་ཡང་ཤངས་པའི་ཞལ་གཟིགས་ཀྱི་ཆོས་སྐོར་གྲས་སུ་བཞུགས་མུས་ཡིན་པ། མཁས་གྲུབ་ཤངས་སྟོན་གྱིས་གཡའ་ལུང་དགོན་གསར་བའི་མཁན་པོ་ལ་བཀའ་གདམས་ལམ་རིམ་དང་། ལམ་སྒྲོན། བྱང་ཆུབ་སེམས་དཔའི་བློ་སྦྱོང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཤེས་རབ་སྙིང་པོའི་སྒྲུབ་ཐབས་ལ་སོགས་པ་མང་དུ་ཞུས།
དེ་རྗེས་དགའ་ལྡན་ཆོས་འབྱུང་དུ་ཆོས་སྐྱོང་ཤངས་ལུགས་ཀྱི་ཕྱག་དྲུག་པར་བཀའ་མི་འདྲ་བ་བཅུ་གསུམ་ཡོད་པ་ནས་རྗེས་གནང་བར་ཆད་ཀུན་སེལ་སྣར་ཐང་ལོ་ཙཱ་བ་དོན་གྲུབ་བཟང་པོར་གསན་ཞེས་འཁོད་པ་ལྟར་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་མོས་སྣར་ཐང་ལོ་ཙཱ་བ་དོན་གྲུབ་བཟང་པོ་ལས་ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་གསན་བཞེས་གནང་བ་དང་། འཇག་པའི་སློབ་བརྒྱུད་འཇག་ཆེན་བྱམས་པ་དཔལ་ལས་ཀྱང་ཤངས་ཆོས་འགའ་ཞིག་གསན་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མུས་ཆེན་ནམ་མཁའི་རྣལ་འབྱོར་བ་ལས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་མཐའ་དག་གསན་ཞིང་མགོན་བཀའ་བཅུ་གསུམ་རྣམས་གཙོ་ཆེར་ཤངས་ལུགས་ཁོ་ནར་ཁུངས་གཏུགས་ཤིང་། མཁས་གྲུབ་བེའུ་བུམ་ཞེས་པ་ཕྱོགས་བསྒྲིགས་མཛད་ནས། ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པ་ཉིད་རིམ་བཞིན་དགེ་ལུགས་པའི་བཀའ་སྲུང་གི་གཙོ་བོའི་གྲས་སུ་གྱུར་ཅིང་། རྒྱལ་དབང་དང་པཎ་ཆེན་སོགས་དགེ་ལུགས་པའི་བླ་ཆེན་འགའ་ཞིག་བརྒྱུད་དབུས་གཙང་ཁམས་གསུམ་རྒྱ་སོག་ཡན་ཆད་དུ་ཤུགས་རྐྱེན་ཆེས་ཆེར་ཐེབས། སྤྱིར་ཤངས་ལུགས་ཀྱི་གདམས་པ་མང་དག་ཅིག་རི་བོ་དགེ་ལྡན་པས་ཉམས་བཞེས་དང་བསྡུ་ལེན་མཛད་པ་ཡང་གཙོ་ཆེར་ཡེ་ཤེས་མགོན་པོའི་ཆོས་སྐོར་དེ་ཉིད་ཡིན། གཞན་ཡང་རྒྱལ་དབང་སྐུ་ཕྲེང་དང་པོ་དང༌། གཉིས་པ། གསུམ་པ་རྣམས་ཀྱིས་ཀྱང་ཤངས་ཆོས་གསན་བཞེས་དང་ཉམས་ལེན་གནང་ཡོད་པ་སྟེ། རྗེ་དགེ་འདུན་གྲུབ་པའི་མཛད་རྣམ་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བར་ཤངས་པའི་ཆོས་སྐོར་ཅི་རིགས་པ་རྣམས་གསན་ཞེས་དང་། བྱང་ཆེན་གྱི་ཐེག་ཆེན་ཕོ་བྲང་དུ་རིན་པོ་ཆེ་ཀུན་དགའ་དཔལ་ལྡན་པ་སྤྱན་དྲངས་ཏེ་ཤངས་པའི་ནི་གུའི་ཆོས་སྐོར་ཚང་མ། མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་དང་བཅས་པ་རྣམས་ཞུས་ཞེས་འཁོད་པ་ལྟར་རྒྱལ་དབང་དགེ་འདུན་གྲུབ་པས་བྱང་ཆེན་དུ་བླ་མ་ཀུན་དགའ་དཔལ་ལྡན་སྤྱན་དྲངས་ཏེ་ཤངས་པ་བཀའ་བརྒྱུད་ཀྱི་ནི་གུ་ཆོས་དྲུག་དང་མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་སོགས་གསན་པ་དང་། རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་ཡབ་ཕ་རྒོད་ཀུན་དགའ་བཟང་པོ་དང་། དེའི་སྲས་དྲིན་མཆོག་དོན་ཡོད་རྒྱལ་མཚན། དེའི་སྲས་གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་ཀྱང་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་མང་དུ་ཉམས་ལེན་གནང་བ་སྟེ། གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་གྱིས་ནི་གུའི་རྨི་ལམ་ལ་བརྟེན་ནས་ཡུལ་སྣང་ཐམས་ཅད་གཏན་ལ་འབེབས་པར་ནུས་པས་སངས་རྒྱས་ཀྱི་ཞིང་དུ་མར་ཐོགས་མེད་དུ་བགྲོད་ཅེས་སོགས་འཁོད་པ་ལྟར། གྲུབ་དབང་ཀུན་དགའ་རྒྱལ་མཚན་གྱིས་ནི་གུའི་བཀའ་སྲོལ་ཉམས་ལེན་གྱིས་གྲུབ་པའི་རྩེ་མོར་སོན། ཡབ་མེས་རྣམས་ཀྱིས་ཤངས་ཆོས་ཉམས་སུ་ལེན་པའི་ཤུགས་རྐྱེན་གྱིས་རྗེ་དགེ་འདུན་རྒྱ་མཚོས་རྙིང་མའི་རྟ་མགྲིན་གསང་སྒྲུབ་ཤངས་ལུགས་བརྒྱུད་བཞེས་ཞེས་སོགས་གསལ་བ་ལྟར། ཤངས་ཆོས་དུ་མ་གསན་ཞིང་ཉམས་བཞེས་སུ་བསྟར་ནས་ནི་གུའི་ཁྲིད་ཡིག་སོགས་ཀྱང་མཛད་ལ། ད་དུང་འབྲོང་རྩེ་ཆོས་རྗེ་ཆོས་བློ་པ་དང་། ནང་སོ་ཚེ་དབང་བ་སོགས་སྐབས་དེའི་དགེ་ལུགས་ཀྱི་བླ་ཆེན་མང་པོར་ཤངས་པའི་ནི་གུ་ཆོས་དྲུག་སོགས་ཀྱི་གདམས་པ་ཡང་སྤེལ་བ། དེ་མིན་རྒྱལ་དབང་བསོད་ནམས་རྒྱ་མཚོས་ཤངས་དགེ་འཕེལ་རི་ཁྲོད་དུ་རྗེ་ཕྱོགས་ལས་པ་ལས་ཤངས་ཆོས་སྐོར་ཅིག་གསན་མྱོང་བ་སོགས་རི་བོ་དགེ་ལྡན་པའི་སྔ་རབས་ཀྱི་བརྒྱུད་འཛིན་པ་རྣམས་ཀྱིས་ཤངས་པའི་ཆོས་སྐོར་ཉམས་སུ་བཞེས་པའི་སྲོལ་བཟང་ལ་གཞིགས་ནས། དུས་ཕྱིས་རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད་པའི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་དེའི་སྟེང་ནས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་སོགས་དགེ་ལྡན་པའི་བླ་མ་མང་པོར་ཁྲིད་ཀ་ཐོབ་པ་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ཕ་བོང་ཁ་བདེ་ཆེན་སྙིང་པོ་ནས་བརྒྱུད་པའི་ནི་གུ་ཆོས་དྲུག་གི་ཉམས་ལེན་བཞིན་སྤྱི་ལོ་1958ལོ་ཙམ་ནས་ཆུ་བཟང་དུ་དབང་ཁྲིད་ཅི་རིགས་གནང་ཡོད་འདུག་ཅིང་། དབང་ཞུ་མཁན་ཚོས་སྐབས་འགར་འདོམས་དཀྲིས་ཙམ་ལས་གཅེར་བུར་བཞུགས་པ་དང་རུས་རྒྱན་སོགས་བསྣམས་སྲོལ་ཡོད། ད་ལྟའི་ཆར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་སོགས་ཀྱིས་ཤངས་པའི་ནི་གུ་ཆོས་དྲུག་ལ་སོགས་པའི་དབང་ཁྲིད་ཅི་རིགས་སྩོལ་སྲོལ་འདུག །དེ་ལྟར་རི་བོ་དགེ་ལྡན་པའི་བརྒྱུད་འཛིན་པ་འགས་ཤངས་པའི་ཆོས་སྐོར་དེ་རྣམས་ཉམས་སུ་བསྟར་བ་ཕུད། དྭགས་ཤངས་གཉིས་ཀའི་གསང་སྔགས་ཀྱི་གདམས་པ་དང་ལྟ་གྲུབ་སོགས་གང་ཅིར་གསན་བཞེས་རྒྱ་ཆེར་གནང་བས། སྐུ་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ་པ་མཁས་གྲུབ་ནོར་བཟང་རྒྱ་མཚོས་བཀའ་དགེ་དགོངས་པ་གཅིག་སྒྲུབ་ཅེས་པའི་དཔེ་ཆ་བརྩམས་ཏེ། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་དང་དགེ་ལུགས་པའི་དབུ་མའི་ལྟ་བ་དེ་གཉིས་རྗོད་བྱེད་ཚིག་གི་ཁྱད་པར་ལས་བརྗོད་བྱའི་དོན་གཅིག་མཚུངས་ཡིན་པའི་ལྟ་བ་ཡང་བཏོན་གནང་བས་བཀའ་དགེའི་དབར་གྱི་ལྟ་གྲུབ་ལ་འདྲ་བའི་ཆ་མང་དུ་ཡོད་པ་དང་། རྫོགས་བྱང་ལ་དམིགས་པའི་མཐར་ཐུག་གི་དགོངས་པ་ཡང་མཚུངས་པའོ།
II.1.5.6 Shijé
དྲུག ཤངས་ཆོས་དང་ཞི་བྱེད་པའི་བརྒྱུད་འཛིན་གྱི་སྐོར།
།དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཞི་བྱེད་པ་དང་ཤངས་པའི་ཆོས་སྐོར་འདི་གཉིས་ཀ་ཆོས་བརྒྱུད་སྣ་ཚོགས་པའི་ཆོས་ཀྱི་བྱུང་བ་བརྗོད་པའི་ཁོངས་སུ་བཞག་གནང་མཛད་ཡོད། འདི་གཉིས་ཀྱི་གདམས་པ་ཕལ་ཆེ་བར་རང་རང་གི་ཁྱད་ཆོས་ལྡན་པས་མི་མཚུངས་ཀྱང་། ཆོས་བརྒྱུད་འདི་གཉིས་ཀྱི་སྲོལ་འབྱེད་པོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་གྲུབ་ཆེན་ཕ་དམ་པའི་ཐུན་མོང་གི་བླ་མ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཡིན། གཞན་ཡང་ཤངས་པའི་བརྒྱུད་འཛིན་པ་རྣམས་ཀྱིས་ཞི་བྱེད་ཀྱི་གདམས་པ་ཉམས་ལེན་གནང་སྲོལ་ཡོད་པ་སྟེ། ཆོས་རྗེ་རྨོག་ལྕོག་པས་དགེ་བཤེས་འབལ་སྒོམ་ཕྱག་ན་ལ་ཞི་བྱེད་པའི་གདམས་པ་མང་དུ་ཞུས་པ་དང་། ཆོས་རྗེ་སྐྱེར་སྒང་པའི་རྣམ་ཐར་དུ་དེ་ནས་ཕག་མོ་གྲུ་པའི་ཞི་བྱེད་རྨི་ལམ་དེ་ཞུ་དགོས་སྙམ་ནས་གསོལ་བ་བཏབ་པས། དམ་པ་བྱོན་ནས་དུག་གསུམ་ལམ་ཁྱེར་གྱི་ཞི་བྱེད་གསུངས་ནས་ད་གསང་སྒྲུབ་ཀྱི་སྐྱབས་འགྲོའི་སྐོར་ང་སྒོམས་ལ་གསོལ་བ་ཐོབ་ཅིག །ངས་བྱིན་རླབས་འཇུག་པར་བྱའོ་གསུང་ངོ་ཞེས་པ་དང་འདྲ་བར། ནི་ཀོ་རིག་སེ་(Nicole Riggs)ཡིས་ཤངས་པ་བཀའ་བརྒྱུད་འདི་ཕ་དམ་པ་སངས་རྒྱས་ཀྱི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་གདམས་པ་དང་འབྲེལ་འདྲིས་ཆེ་བའི་ཁྱིམ་བརྒྱུད་དུ་འཁྲུངས་པ་ཆོས་རྗེ་སྐྱེར་སྒང་པ་བརྒྱུད་ཞི་བྱེད་པའི་གྲུབ་མཐའ་དང་འབྲེལ་བ་དམ་ཟབ་བྱུང་། ཆོས་རྗེ་སྐྱེར་སྒང་པར་དངོས་དང་རྨི་ལམ་ཅི་རིགས་བརྒྱུད་ཕ་དམ་པ་སངས་རྒྱས་ཀྱི་གདམས་པའང་ཐོབ་ཅེས་གསལ་བ་དེ་དག་ལས་དབོན་སྟོན་སྐྱེར་སྒང་པ་ཆེན་པོར་ཞི་བྱེད་ཀྱི་གདམས་པ་མང་དག་ཅིག་ཐོབ་ནས་ཤངས་པ་དང་ཞི་བྱེད་པའི་དབར་འབྲེལ་བ་དམ་ཟབ་ཆགས་པ་མཚོན། ཕྱིས་ཆོས་རྗེ་སངས་རྒྱས་སྟོན་པ་དགུང་ལོ་བཅུར་སོན་པའི་ཚེ། གངས་བཟང་དུ་མ་གཅིག་སྤྲུལ་སྐུ་བྱོན་ནས་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར། ཞལ་གདམས་ཆིག་བརྒྱུད་རྣམས་གནང་ནས་ལུང་བསྟན་ཡང་མཛད། ཁོང་གིས་མ་གཅིག་ནས་གསན་པའི་གཅོད་ཀྱི་ཆོས་སྐོར་རྣམས་ཤངས་པ་གསེར་གླིང་པ་བཀྲ་ཤིས་དཔལ་ལའང་གནང་། དེ་མིན་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ར་བཟའ་(ས་)སྨོན་མཁར་ དུ་མ་གཅིག་ལབ་སྒྲོན་དགུང་ལོ་བརྒྱ་དང་བཅུ་ལོན་པ་དང་མཇལ་ནས་གཅོད་སྐོར་དང་དཀའ་ཐུབ་ཀྱི་རིགས་རྣམས་རྫོགས་པར་ཞུས་པས། མ་གཅིག་གིས་ཀྱང་གདམས་པ་འདིའི་ཐོགས་གཅིག་ཁྱེད་རང་ཉམས་སུ་ལོངས་ ཞེས་གསུངས་པ་ལྟར་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཀྱང་མ་གཅིག་ནས་གསན་པའི་གཅོད་ཀྱི་གདམས་པ་དེ་དག་ཉམས་ལེན་གནད་སྨིན་གནང་ཕྱིར་དབུས་གཙང་གི་གཉན་ཁྲོད་མང་པོར་ལུས་སྲོག་གཏོང་བའི་གཅོད་མཛད་ཅིང་ལྷ་འདྲེའི་དོན་བསྒྲུབས། དེ་ལྟར་ཤངས་པའི་བརྒྱུད་འཛིན་པ་རྣམས་ལས་གཙོ་ཆེར་ཆོས་རྗེ་སངས་རྒྱས་སྟོན་པ་དང་། མཁས་བཙུན་གཞོན་ནུ་གྲུབ་གཉིས་ཀྱིས་གཅོད་སྐོར་དུ་མ་ཉམས་བཞེས་མཛད་ཅིང་རང་རང་གི་བུ་སློབ་རྣམས་ལའང་རྒྱ་ཆེར་སྤེལ།

མདོར་ན་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཕྱིས་ཤངས་པ་ཁོ་ནའི་ཆོས་བརྒྱུད་འཛིན་པ་ཅུང་ཉུང་ནའང་ཤངས་པའི་གདམས་ངག་གིས་ཆོས་བརྒྱུད་ཐམས་ཅད་ལ་ཁྱབ་པར་དར་རོ་ཞེས་གསུངས་པ་ཚད་མའི་གསུང་ཁོ་ནར་གནང་སྟེ། སྤྱི་ལོའི་དུས་རབས་བཅོ་ལྔ་པ་ཙམ་ནས་ཤངས་པ་ཁོ་ནའི་ཆོས་བརྒྱུད་ཁེར་རྐྱང་དུ་འཛིན་པ་ཅུང་ཟད་ཉུང་ཡང་། ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་པ་ཚོས་ཤངས་ལུགས་ཀྱི་གལ་ཆེའི་གདམས་པ་རྣམས་ལ་རིས་མེད་ཀྱི་ལྟ་མཆོག་འཛིན་ནས་ཉམས་ལེན་གནང་བ་དང་། ཤངས་པའི་བརྒྱུད་འཛིན་པ་རྣམས་ཀྱིས་ཀྱང་ཆོས་བརྒྱུད་གཞན་གྱི་ཕུལ་བྱུང་གདམས་པ་གསན་བཞེས་དང་ཉམས་ལེན་གནང་བས་ཤངས་པའི་གདམས་ངག་དེ་དག་ཀྱང་ཆོས་བརྒྱུད་མང་ཆེ་བར་ཁྱབ་ནས་ཡོད་པས། དེ་ནི་ད་ལྟའི་དུས་སུ་ཡང་ཤངས་པའི་ཆོས་སྐོར་འགའ་ཞིག་གནས་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། དེས་ན་ཤངས་པ་བཀའ་བརྒྱུད་དང་བོད་ཀྱི་ཡུལ་གྲུ་གཅིག་ཏུ་དུས་ཡུན་རིང་པོའི་ནང་འཚར་ལོངས་ཀྱི་མྱུ་གུ་མཉམ་དུ་འབུས་པའི་ཆོས་བརྒྱུད་གཞན་རྣམས་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཆགས་ཡོད་དོ།

།སྨྲས་པ། གངས་ལྗོངས་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་མངའ་བདག་མར་ཁྱུང་རྣམ་གཉིས་ལ། །རྗེ་བཙུན་ནཱ་རོ་མཻ་ཏྲི་ལ་སོགས་པཎ་གྲུབ་ཀུན་གྱི་ཐུགས་བཅུད་རྫོགས། །གསང་སྔགས་ཟབ་ཆོས་གདམས་པའི་གྲུ་གཟིངས་ཉམས་ལེན་སྐྱ་བས་བསྐུལ་མཛད་དེ། །དྭགས་ཤངས་དོན་བརྒྱུད་བསྟན་པའི་བརྒྱུད་འཛིན་ཕྱག་ཆེན་རྒྱ་མཚོའི་ཕ་མཐར་སྒྲོལ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

II.2 - The Shangpa Kagyü Lineage
ལེའུ་གཉིས་པ། ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་བླ་རབས་རྣམས་ཀྱི་སྐོར།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འདི་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཐོག་མར་སྲོལ་ཁ་འབྱེད་པ་ནས་དབུ་བཙུགས་ཏེ་གདམས་ངག་གི་ཉག་ཐག་ཡོངས་སུ་མ་ཆད་བར་མན་ངག་བརྒྱུད་པའི་རིན་ཆེན་སེར་གྱི་ཕྲེང་རྡོག་དང་གཉིས་སུ་མ་མཆིས་པའི་རྩ་བརྒྱུད་ཀྱི་བླ་མ་རབ་དང་རིམ་པས་ལུས་ཀྱི་སྙིང་ཁ་དང་མིག་གི་འབྲས་བུ་བཞིན་ཤངས་པའི་ལུགས་བཟང་ལྷ་ཆོས་བདུན་ལྡན་གྱི་སྒྲོན་མེས་ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཁྱབ་པར་མཛད་པ་ཡང་། གཙོ་ཆེར་རིང་བརྒྱུད་དང་། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད་བཅས་བརྒྱུད་པ་རྣམ་པ་གསུམ་དུ་ཕྱེ། དེས་ན་སྐབས་འདིར་ཨོ་རྒྱན་ཆེན་པོས་ལོ་རྒྱུས་བརྗོད་པས་དང་བ་འདྲེན། །ཡོན་ཏན་མཐོང་བས་དད་པ་སྐྱེ་ཞེས་གསུངས་པ་ལྟར། སྔར་སོང་ལོ་རྒྱུས་ཀྱི་གར་སྟེགས་ཐོག་བྱོན་པའི་བརྒྱུད་འཛིན་བླ་མ་དེ་དག་གི་མཛད་རྣམ་རགས་བསྡུས་ཙམ་ཞིག་ཕྱི་རབས་ཀྱི་དོན་དུ་ཅུང་ཟད་བརྗོད་པ་ལ།

II.2.1 - The distant transmission lineage
དང་པོ། རིང་བརྒྱུད།
རིང་བརྒྱུད་ནི། ཐོག་མར་རྒྱལ་བ་རྡོ་རྗེ་འཆང་ལ་ཁུངས་གཏུགས་པ་གང་ཞིག །བླ་མ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་རིམ་བཞིན་རྗེས་སུ་བཟུང་ནས་བརྒྱུད་པའི་གདམས་པ་ལ་ཟེར། རིང་བརྒྱུད་ཀྱི་རྩ་བ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྒྱལ་བ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དངོས་ལ་གཏུགས་ཤིང་། དེ་རྗེས་རྡོ་རྗེ་འཆང་ཉིད་ཀྱིས་རྗེས་སུ་བཟུང་བ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མར་སྟོན་པར་མཛད། མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར། དེ་ནས་རིམ་བཞིན་འགྲོ་མགོན་སངས་རྒྱས་སྟོན་པ་བར་བརྒྱུད་པ་དེ་རྣམས་ལ་ཡོངས་གྲགས་སུ་རིན་ཆེན་བདུན་བརྒྱུད་སྔ་མར་གྲགས། འགྲོ་མགོན་སངས་རྒྱས་སྟོན་པའི་སློབ་མ་ལས་གཙོ་བོ་ཉམས་དང་རྟོགས་པའི་དབང་ཕྱུག་མཁས་གྲུབ་ཤངས་སྟོན་གྱིས་རྨོག་ལྕོག་པའི་སྐུའི་སྐྱེ་བ་འཇག་པ་རྒྱལ་མཚན་འབུམ། དེས་འཇག་ཆེན་བྱམས་པ་དཔལ་བ། དེས་ཆོས་རྗེ་བློ་གྲོས་དཔལ་བཟང་དང་གྲུབ་ཐོབ་ཆོས་གཡུང་སོགས་ལ་བརྒྱུད་པ་ལ་འཇག་བརྒྱུད་དང་། འགྲོ་མགོན་ཉིད་ཀྱི་སློབ་མ་ལུང་རྟོགས་བསྟན་པའི་སྒྲོན་མེ་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱིས་ཤངས་པ་གསེར་གླིང་པ་བཀྲ་ཤིས་དཔལ། བྲག་སྒོ་ཆེ་བ་རྡོ་རྗེ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ་དང་ཡང་ན། འགའ་ཞིག་ཏུ་གཞོན་ནུ་གྲུབ་ཀྱིས་ཞང་སྟོན་བྱང་ཆུབ་ཤེས་རབ། བླ་ཆེན་དཔལ་བ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་སོགས་ལ་བརྒྱུད་པར་བསམ་སྡིངས་ཀྱི་བརྒྱུད་པ་སྟེ་རིང་བརྒྱུད་ལ་འཇག་བསམ་གྱི་བརྒྱུད་པ་ཁག་གཉིས་བྱུང་། ཡང་མཁས་གྲུབ་གཙང་མ་ཤངས་སྟོན་གྱིས་ཁྱུང་པོ་ཚུལ་ཁྲིམས་མགོན་པོ། དེས་རས་ཆེན་པ་སངས་རྒྱས་སེང་གེ དེས་ཤངས་དཀར་བ་རིན་ཆེན་རྒྱལ་མཚན། དེས་ལྐུགས་ལུང་པ་སངས་རྒྱས་དཔལ་བཟང་། དེས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། དེས་རྒྱ་སྒོམ་ལེགས་པ་རྒྱལ་མཚན་བཅས་ལ་བརྒྱུད་པར་རིན་ཆེན་བདུན་བརྒྱུད་ཕྱི་མར་གྲགས་པ་སོགས་འཇག་བསམ་གཉིས་ཀྱི་གདན་སའི་བརྒྱུད་པ་དང་སློབ་བརྒྱུད་མཐའ་ཡས་པ་བྱོན་པ་ཡིན་ལ། ཆེ་བ་བཅུ་དང་ལྡན་པ་ལ་སྟོད་གནས་རྙིང་གི་གདན་རབས་ལ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བརྒྱད་ཅུ་རྩ་བརྒྱད་བྱོན་ནས་བསྟན་འགྲོའི་དོན་བྱེད་པར་སྟོན་པའི་ཐོག་མའི་རབས་སུ་གྱུར་པ་ལ་སྟོད་པ་དཀོན་མཆོག་མཁར་གྱི་གདན་ས་པ་རིམ་བྱོན་དང་སློབ་བརྒྱུད་ལས་གྱེས་པ་སོགས་མཐའ་ཡས་སོ།
II.2.1.1 The former Seven Jewels of the Lineage
།གཅིག །རིན་ཆེན་བདུན་བརྒྱུད་སྔ་མའི་སྐོར།
རིན་ཆེན་བདུན་བརྒྱུད་སྔ་མ་ནི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཉིད་ལས། རིམ་བཞིན་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། དེས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར། དེས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དེས་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ དེས་གཉན་སྟོན་རི་གོང་པ་ཆོས་ཀྱི་ཤེས་རབ། དེས་འགྲོ་མགོན་སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ་བཅས་ལ་བརྒྱུད་པ་སྟེ།
Vajradhara
༡ རྒྱལ་བ་རྡོ་རྗེ་འཆང་།
དེ་ཡང་ནི་གུའི་བརྒྱུད་འདེབས་ལས་གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གཅིག་པའི་ངོ་བོ་དཔལ་རྡོ་རྗེ་འཆང་ཆེན་པོ་ཉིད་ནི་འོག་མིན་གྱི་གནས་གསང་བ་མཆོག་གི་དགྱེས་པ་དེར་བཞུགས་ཤིང༌། སྤྱིར་གསང་བ་བླ་ན་མེད་པའི་རྒྱུད་མཐའ་དག་གསུངས་པ་ཡིན། ཁོང་ནི་འཁོར་ཉིད་དང་མཉམ་པ་དང་། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ཏུ་མེད་པ། རྣལ་འབྱོར་གྱི་ཚོགས་བྱེ་བ་ཕྲག་བརྒྱད་ཅུ་སྟེ། ཨ་བྷི་དྷ་ནས་གསུངས་པའི་འཁོར་དེ་དག་ལ་སོགས་པ་རྣམས་ཌཱ་ཀི་དང་འཁོར་ལོ་བཞི་བཟུང་བ་ཡེ་ཤེས་ཀྱི་ས་ལ་གནས་པ་རྫུ་འཕྲུལ་ཅན་དཔག་ཏུ་མེད་པ་རྣམས་ཀྱི་སྣང་ངོར་དག་པ་ཡེ་ཤེས་པའི་སྣང་ཚུལ་བདེ་བར་གཤེགས་པ་མྱ་ངན་ལས་མི་འདའ་ཞིང་། བདེ་བ་ཅན་དུ་རྟག་ཏུ་བཞུགས་པ་ཐུན་མོང་མ་ཡིན་པ་གསང་ཆེན་དུ་གདམས་པ་དང་། ཐུན་མོང་བའི་རྣམ་པར་ཐར་བ་མ་དག་པའི་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་འཇིག་རྟེན་དུ་སྤྲུལ་པའི་སྐུའི་སྣང་བ་བསྟན་པ་ཐུན་མོང་སྤྱིའི་ལོ་རྒྱུས་གཉིས་སུ་ཡོད། དེ་ལ་ཆོས་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་གསང་བ་འདུས་པ་ལས་གསུངས་པའི་སྐུ་སྟེ། དེ་ཉིད་ཀྱིས་གསང་སྔགས་ཕ་རྒྱུད་མ་རྒྱུད་ཀྱི་དོན་མཐའ་དག་དཔལ་ཕྱག་ན་རྡོ་རྗེ་ལ་གསུངས། དཔལ་རྡོ་རྗེ་འཆང་གི་ལོངས་སྐུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ཞེས་བྱ་བར་གྱུར་པས་གཞུང་ཚོགས་པུ་ཏི་སྒྲིགས་བམ་དུ་བསྡུས་ནས་ནུབ་ཕྱོགས་ཨུ་རྒྱན་གན་དྷོ་ལ་དྷ་ན་ཀོ་ཥ་ཆོས་ཀྱི་མཛོད་ཅེས་བྱ་བ་ནས་སྤྲུལ་སྐུ་ཡེ་ཤེས་ཀྱི་ཌཱ་ཀི་ལ་གཏད་དེ་གནས་པ་ལས། དུས་ཕྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དེའི་སྤྲུལ་པ་བྲམ་ཟེའི་རིགས་སུ་འཁྲུངས་པ་ཏི་ལོ་ཤེས་རབ་བཟང་པོ་ཞེས་བྱ་བས་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་གསན་ཞིང་། སླར་གྲུབ་ཆེན་ཏཻ་ལོ་པ་ཉིད་འོག་མིན་གྱི་སྐུ་ལུས་ཀྱི་བཀོད་པར་བྱོན་ནས་རྡོ་རྗེ་འཆང་དང་ཞལ་མཇལ་ཏེ་ཕ་རྒྱུད་མཐའ་དག་རིམ་པ་ལྔ། མ་རྒྱུད་མཐའ་དག་ཕྱག་རྒྱ་བཞིར་བསྡུས་ཏེ། བསྐྱེད་རིམ་ཡན་ལག་དྲུག་ལྡན། རྫོགས་རིམ་མཚན་ཉིད་བཞི་ལྡན། ཆོས་ཀྱི་ཚིག་གསུམ་ གྱི་འཁོར་འདས་ཀྱི་ཆོས་ཐམས་ཅད་གཅིག་ཏུ་འདུས་པའི་གདམས་པ་སྐུ་གསུམ་ལམ་ཁྱེར་རྣམས་ཐུགས་སུ་ཆུད་དེ་འཛམ་བུ་གླིང་དུ་མར་བྱོན་པ་ཡིན་གསུངས། དེ་ལས་ཉེ་བརྒྱུད་དང་རིང་བརྒྱུད་བཀའ་བབས་བཞི་བརྒྱུད་པཎ་ཆེན་ནཱ་རོ་པ། དེས་མར་པ་ལོ་ཙཱ་བ་ལ་བརྒྱུད་པ་ཡིན་ལ། ཤངས་ལུགས་ཀྱི་ནི་གུའི་གསེར་ཆོས་ཕལ་ཆེར་ནི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རྒྱལ་བ་རྡོ་རྗེ་འཆང་དེ་ཉིད་ལས་དངོས་སུ་གསན་པ་སོགས་སོ།
།ཡང་གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས་ལས་རིགས་ཀུན་བདག་ཉིད་ཐོག་མ་ཐ་མ་མེད། །དངོས་གཅིག་བརྟན་གཡོ་ཀུན་ཁྱབ་ཟུང་དུ་འཇུག །རང་བཞིན་འོད་གསལ་བདེ་ཆེན་ཡེ་ཤེས་སྐུ། ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས་ཞེས་དང་། ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བའི་འདུས་པ་འཕགས་ལུགས་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་གསལ་བར་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། ཐོག་མ་དང་མཐའ་མ་མེད་པ། དང་པོའི་སངས་རྒྱས། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས། ཡེ་ཤེས་ཀྱི་སྐུ། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན། སྐུ་གསུམ་གྱི་བདག་ཉིད་ཅན། ཐེག་པ་གསུམ་གྱི་བདག་ཉིད་ཅན། དུས་གསུམ་གྱི་བདག་ཉིད་ཅན། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཞེས་སོགས་གསུངས་པ་ལྟར་ཐོག་མཐའི་མཚམས་དང་བྲལ་བའི་རིགས་ཀུན་གྱི་བདག་ཉིད། འཁོར་འདས་བརྟན་གཡོའི་དངོས་ཀུན་ཟུང་དུ་འཇུག་པའི་རྣམ་རོལ། རང་བཞིན་གྱིས་འོད་གསལ་ཞིང་བདེ་ཆེན་རྫོགས་པའི་ཡེ་ཤེས་ཀྱི་སྐུ། རྟག་པའི་ཡེ་ཤེས་ལྡན་ཞིང་སྐུ་གསུམ་མམ་བཞིའི་དབང་ཕྱུག་མཆོག་ཏུ་བརྙེས་པ་འདི་ཉིད་ནི། རྒྱལ་བ་རིགས་ལྔ་གཅིག་ཏུ་འདུས་པའི་བདག་ཉིད་ཅན་མཐར་ཐུག་གི་ལྷ་ཡིན་པས་སྨིན་གྲོལ་གྱི་ཡོན་ཏན་སྐྱེ་ཚབས་ཆེ་བ་དང་། སྡིག་གྲིབ་རྣམས་ཀྱང་དག་ཚབས་ཆེ་བ་རྒྱུད་སྡེ་རྣམས་སུ་གསུངས་པ་དང་། བླ་མེད་ལུགས་ལྟར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱང་སྲིད་མཐའི་བྱང་སེམས་གནས་འོག་མིན་དུ་མངོན་པར་བྱང་ཆུབ་བཞི་ ལ་སོགས་པས་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་སངས་རྒྱས་པར་གསུངས།
རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་སྐུ་མདོག་དང་ཡུམ་ཡོད་མེད་ནི་འཇིགས་བྱེད་ཀྱི་དབང་བསྐུར་སྐབས་སྐུ་མདོག་དཀར་པོ་དང་། ལམ་འབྲས་བླ་བརྒྱུད་ཀྱི་རྒྱལ་བ་རྡོ་རྗེ་འཆང་གཙོ་རྐྱང་ཡིན་པ་སོགས་མང་བར་འདུག་ཀྱང་། སྤྱིར་བླ་མེད་ལུགས་ལྟར་སྐུ་མདོག་སྔོན་པོ། ཡུམ་བཅས་དང་གཙོ་རྐྱང་གཉིས་ཀ་ཡོད་པ་ལས། སྐུ་མདོག་སྔོན་པོ་ནི་ཆོས་དབྱིངས། རྡོར་དྲིལ་དང་བཅས་ཡུམ་ལ་འཁྱུད་པ་ནི་བདེ་སྟོང་ཟུང་འབྲེལ། རིགས་ལྔའི་དབུ་རྒྱན་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་སྐུ་ལྔའི་བདག་ཉིད་ཡིན་པ་སོགས་མཚོན་པར་བྱེད། གཞན་ཡང་མཁྱེན་སྲིད་མ་ལས་མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང་། །ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར། །སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན། རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས་ཞེས་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་བདེ་བླག་ཏུ་མཁྱེན་པའི་ཤེས་རབ་ཀྱིས་སྲིད་པ་འཁོར་བའི་མཐའ་ལ་མི་གནས་པ་དང་། འགྲོ་བ་སེམས་ཅན་ཀུན་ཐུགས་རྗེའི་ཐབས་ཀྱིས་སྐྱོང་བས་ཞི་བ་མྱང་འདས་ལ་གནས་པར་མི་མཛད་པས་སྲིད་ཞིའི་མགོན་སྐྱབས་ཉག་གཅིག་ལགས། གང་དེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་སོགས་ཀྱང་། གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས་སུ་རྒྱུན་མི་ཆད་ཅིང་འགོག་པའི་ཆོས་མི་མངའ། །ཕྲ་རབ་རྡུལ་དང་འགྱུར་བ་གཏན་ནས་སྤངས། །རྒྱལ་སྲས་ཀྱིས་ཀྱང་བསམ་པའི་ཡུལ་ལས་འདས་ཞེས་གསུངས་པ་ལྟར་རྒྱལ་བའི་སྲས་དག་གིས་ཀྱང་བསམ་ཚོད་ཀྱི་ཡུལ་ལས་འདས་པས་ན། སོ་སོ་སྐྱེ་བོ་ཤེས་རབ་ཀྱི་བློ་མིག་ལྡོངས་པ་ཁོ་བོ་ལྟ་བུར་འོལ་ཚོད་ཀྱིས་བརྗོད་པའི་སྤོབས་པ་བྲལ།
Niguma
ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ།
ལྷན་སྐྱེས་ཀྱི་མཁའ་འགྲོ་ནི་གུ་མ་ནི་ཀསྨིར་གྱི་སྤྲུལ་པའི་གྲོང་ཁྱེར་དཔེ་མེད་ཅེས་པར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཤིང་། རྒྱལ་བ་རྡོ་རྗེ་འཆང་དངོས་ཀྱིས་རྗེས་སུ་བཟུང་ནས་དབང་དང་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་བསྩལ། འཆི་མེད་རིག་འཛིན་གྲུབ་པའི་འཇའ་ལུས་ཀྱི་སྐུ་བརྙེས། མཁའ་འགྲོའི་གཙོ་མོ་ནི་གུ་མས་སོ་ས་གླིང་གི་དུར་ཁྲོད་དུ་སྐལ་ལྡན་གྱི་སློབ་མ་མཁས་གྲུབ་ཁྱུང་པོ་རྗེས་སུ་བཟུང་ཞིང་། འདི་ཉིད་ཀྱི་ཐུགས་ཀྱི་བཅུད་འབྱུང་བ་ལྟ་བུའི་གདམས་ངག་གསེར་ཆོས་ལྔ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཟབ་ཆོས་རྣམས་ལྷག་ལུས་མེད་པར་བསྩལ་ནས། མཁས་གྲུབ་ཁྱུང་པོ་ཉིད་གང་དེའི་འཁོར་ཚོགས་རྒྱ་མཚོའི་ཐོག་མ། གདམས་ངག་རིན་ཆེན་བརྒྱུད་པའི་ཕྲེང་བར་བསྐོས་ཤིང་སྤྱིར་འཛམ་བུ་གླིང་པའི་སེམས་ཅན་ཐམས་ཅད་དང་། སྒོས་ཁ་བ་རི་པའི་ལས་ཅན་ཀུན་སྨིན་གྲོལ་གྱི་ལམ་ལ་དགོད་པའི་མཛད་བཟང་ཉིན་བྱེད་ཀྱིས་ཕྱོགས་ཀུན་ཁྱབ་པར་མཛད། མཁའ་འགྲོ་མ་འདིའི་སྐོར་ཞིབ་པ་སྡེ་ཚན་གོང་མར་སྨྲས་ཟིན།
Khyungpo Neljor
མཁས་གྲུབ་ཁྱུང་པོ་རྣལ་འབྱོར།
སྒྲུབ་བརྒྱུད་ཤིང་རྟ་ལྔ་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཐུགས་རྗེའི་ལྕགས་ཀྱུས་སྐྱེས་རབས་ཐམས་ཅད་དུ་རྗེས་སུ་བཟུང་ཞིང་། ཌཱ་ཀི་མ་ཉིད་ཀྱི་ཐུགས་ཀྱི་བཅུད་འབྱུང་བ་ལྟ་བུའི་གདམས་ངག་ཟབ་ལམ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་བསྩལ་བ། ཤངས་པ་རིན་ཆེན་བདུན་བརྒྱུད་སྔ་མའི་གསུམ་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་སྤྱི་ལོ་978ལོར་ཡབ་ཁྱུང་པོ་སྟག་སྐྱེས་དང་ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་བོད་ཡུལ་དབུས་ཀྱི་སྙེ་མོ་ར་མངས་སུ་སྐུ་འཁྲུངས། རྣལ་འབྱོར་པ་ཆེན་པོ་འདི་ཉིད་ཀྱིས་ཡེ་ཤེས་མཁའ་འགྲོས་རྒྱལ་བ་རྡོ་རྗེ་འཆང་ལས་དངོས་སུ་གསན་པའི་གསེར་ཆོས་ལྔ་སོགས་ཀྱི་གདམས་པ་རྣམས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་འདུལ་ཞིང་འདིར་གདན་དྲངས་པས། གདམས་ངག་དེ་དག་སངས་རྒྱས་དང་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ལས་རྨོག་ལྕོག་པ་སོགས་བརྒྱུད་པ་ཕྱི་མ་རྣམས་ལ་རིམ་བཞིན་བརྒྱུད་པའི་གསེར་ཟམ་ཉག་གཅིག་ཡིན། འདི་ཉིད་ཀྱི་སྐོར་ཞིབ་པ་རྣམས་སྡེ་ཚན་གོང་མར་བཤད་ཟིན་པས་དེར་གཟིགས་པར་འཚལ།
Mokchokpa Rinchen Tsöndrü
རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སློབ་མ་སྔ་བུ་ལྔ་དང་ཕྱི་བུ་གཅིག་ལས་སྒྱུ་ལུས་རྨི་ལམ་གྱི་འོད་གསལ་སྦྱོང་པ། ཆིག་བརྒྱུད་ཀྱི་བཀའ་བབས་འཛིན་པའི་སློབ་མ་རྨོག་ལྕོག་པ་(ལྷོ་རོང་ཆོས་འབྱུང་དང་དེབ་སྔོན་སོགས་སུ་རྨོག་ཅོག་པ་ཞེས་ཀྱང་འཁོད་)རིན་ཆེན་བརྩོན་འགྲུས་ཞེས་བྱ་བ་འདི་ཉིད་ནི་ཤངས་ཀྱི་ལྷ་ཕུའི་སྤང་རྩ་ར་ ཤེའུའི་ རིགས་སུ་ཡབ་ཤེ་རྒན་སྨན་ཆུང་དང་ཡུམ་འབྲི་མོ་པད་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་1100ལོ་ཙམ་ལ་སྐུ་འཁྲུངས། ཁོང་གིས་སྐུ་ཚེ་གང་པོར་ཐོག་མར་ཆོས་སྒོར་ཞུགས་ནས་བླ་མ་བསྟེན་པ་དང་། བར་དུ་སྒྲོ་འདོགས་ཆོད་ནས་ཉམས་སུ་བླངས་པ། མཐའ་མར་ངེས་ཤེས་བསྐྱེད་ནས་སེམས་ཐག་ཆོད་པ་སོགས་མཁས་བཙུན་བཟང་པོའི་རྣམ་ཐར་འབའ་ཞིག་བསྐྱངས་པ་ལ།
དགུང་ལོ་བཅུ་དྲུག་ནས་བཅུ་བདུན་དུ་འགྲོ་བ་ལ་ཞོང་ཞོང་དུ་ཆོས་སྒོར་ཞུགས་ནས་བླ་མ་ཤངས་པའི་དྲུང་དུ་ལོ་གཅིག་རིང་འདུལ་བ་དང་དགྱེས་རྡོར་གྱི་དབང་སོགས་ཞུས། དེ་རྗེས་བླ་མ་ཇོ་བོ་རླུང་མོས་ལྷ་ཕུའི་མཐིང་ཆུང་ དུ་སྤྱན་དྲངས་ནས་དབྱར་ཆོས་གསུངས། ས་དེར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་མཇལ། དེ་ཡང་རྗེ་ཙོང་ཁ་པ་ཆེན་མོས་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཞེས་གསུངས་པ་ལྟར་བླ་མ་ཤངས་པས་ཀྱང་གཞོན་ནུའི་དུས་སུ་ཐོས་པ་གལ་ཆེ་བའི་བཀའ་གནང་བ་མ་ཟད། གསེར་ཞོ་དྲུག་དང་མདོ་སྡེ་རྒྱན་གྱི་པོ་ཏི་གཅིག་གནང་ནས་དགུང་ལོ་ཉེར་གཅིག་པ་སྟེ་སྤྱི་ལོ་1121ལོ་ཙམ་ལ་སློབ་དཔོན་གཡོར་པོ་དང་འགྲོགས་ཏེ་དབུས་སུ་སློབ་གཉེར་ལ་ཕེབས། གནམ་གྱི་རྫིང་ཁར་བླ་མ་ཁམས་པ་ཨ་སེང་གིས་སྨིན་བྱེད་ཀྱི་དབང་རྡུལ་ཚོན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་རྫོགས་པར་བསྐུར་བ་དང་། གྲོལ་ལམ་བསྐྱེད་རྫོགས་གཉིས་ལས་བསྐྱེད་རིམ་ལ་ལུ་ཧི་པའི་དཀྱིལ་འཁོར་རྫོགས་པར་སྒོམ་པ་དང་། རྫོགས་རིམ་ལ་རྩ་རླུང་ལུས་སྦྱོང་དང་བཅས་པ་སྟེ། སྦྱོར་དྲུག་རྩ་འགྲེལ་གཉིས། སྦྱོར་འཕྲེང་རྩ་འགྲེལ་གཉིས། སྙིང་པོ་གསུམ་སོགས་ཞུས། དབྱར་སྟག་རྩེའི་གྱེ་རེར་ རླུང་བུམ་པ་ཅན་འགའ་རེ་སྒོམ། བླ་མ་ཨ་སེང་གི་དྲུང་དུ་བཞུགས་སྐབས་བླ་མ་དེ་ཉིད་དང་དགེ་བཤེས་ཕྱུ་པ་ཆོས་ཀྱི་སེང་གེ ཕྱུ་པ་ཆོས་སེང་གི་སློབ་མ་རིགས་པའི་སེང་ཆེན་བརྒྱད་ ཀྱི་ཡ་གྱལ་ཉང་བྲན་ཆོས་སེང་སོགས་མཁས་པ་དྲུག་ཅུ་ཙམ་འདུས་པ་རྣམས་ལ་བླ་མ་ཤངས་པའི་དོན་དམ་ཕན་མེད་གནོད་མེད་སྐོར་གསུངས་པས་དེ་རྣམས་ཀྱི་མགྲིན་གཅིག་ཏུ་ཁྱོད་བླ་མ་ཤངས་པའི་སློབ་མར་འདུག །གྲུབ་མཐའ་སྐྱོང་ཤེས་པར་འདུག་ཅེས་བསྟོད་བསྔགས་ཀྱི་མེ་ཏོག་ཐོར།
དེ་ནས་སྟོན་ཁ་ཞིག་རྗེ་རས་ཆུང་པའི་ཡེ་ཤེས་ངོས་ཟིན་པའི་སློབ་མ་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པའི་བླ་མ་བུར་སྒོམ་ནག་པོ་ལ་རྗེ་རས་ཆུང་པའི་ཟབ་མོའི་གདམས་པ་ཐབས་ལམ་གྱི་གདམས་ངག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས་འཕོ་བ་གྲོང་འཇུག་དང་སྒྱུ་ལུས་འོད་གསལ་ལ་སོགས་པ་མང་དུ་གསན། ལྷག་པར་དུ་བླ་མའི་བཀའ་བཞིན་ཉི་ཁྲོས་ཀྱི་སེར་བ་ཕབ་པ་ལ། བླ་མས་མཚམས་མེད་པ་ལྔ་བྱས་པ་ཡང་འཚང་རྒྱ་ཐུབ་པའི་མན་ངག་བར་དོ་དུག་གི་ཚེར་མ་དང་དུག་གི་ཐུར་མ་ཞེས་པ་གཉིས་ཀྱང་སྦྱིན་ལ། རྗེ་རྨོག་ལྕོག་པའི་ཉི་ཁྲོས་དང་མགོན་པོའི་གདམས་པ་རྣམས་བླ་མ་ལ་ཕུལ། དེའི་རྗེས་སུ་དགེ་བཤེས་དཀོན་འཁར་བ་ལས་སྤྱན་སྔའི་སྒོམ་རིམ་དང་། ལམ་རིམ། རབ་གནས་སོགས་དང་། དགེ་བཤེས་རྫ་ར་བ་ལ་ཇོ་བོ་བཀའ་གདམས་པའི་གདམས་ངག །སློབ་དཔོན་གཡོར་པོ་ཅན་དུ་ལོ་ལྔ་ཕར་ཕྱིན་དང་སྤྱོད་འཇུག །ཉང་སྨོན་ལམ་གོད་པོ་ལ་སེམས་སྦྱང་སྤུངས་པ་ཁ་ཐོར་བ་གསུམ་ཞུས། དེ་རྗེས་རྒྱགས་ཟད་པ་དང་། ཡབ་ཀྱང་གཤེགས་པ་ཐོས་པས་འཁྲུངས་ཡུལ་ཤངས་ཀྱི་ལྷ་ཕུར་ཕེབས་ནས་ས་ཞིང་བཙོངས་ཏེ་དགེ་རྩ་བྱས། དེ་རྗེས་རྒྱ་གྲགས་བསོད་ལ་སྦྱོར་དྲུག་རྡོ་རྗེའི་ཚིག་རྐང་དང་། དགེ་བཤེས་ཞུ་པ་ལ་ཕྱིའི་སྒྲོ་འདོགས་གཅོད་པའི་གསང་སྔགས་འཇུག་པ་དང་། ནང་ཉམས་སུ་ལེན་པ་ནཱ་རོའི་ཡིག་ཆུང་། སྒོམ་སྐྱོན་སེལ་བ་བདུད་རྩིའི་དུག་སེལ་དང་། ཡང་སློབ་དཔོན་ཞང་ལ་འདུལ་བ་འོད་ལྡན་དང་སུམ་བརྒྱ་པ། དགེ་བཤེས་འབལ་སྒོམ་ཕྱག་ན་ལ་ཞི་བྱེད་སོགས་ཀྱི་གདམས་པ་མང་དུ་ཞུས། དེ་ནས་ཞོང་ཞོང་དུ་ཕེབས་ཤིང་བླ་མ་ཤངས་པས་གཟིམས་གཡོག་ཏུ་བསྐོས་ནས་ལོ་གཅིག་དང་ཟླ་བ་བདུན་གྱི་རིང་ཆིག་བརྒྱུད་ཀྱི་ཟབ་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། བླ་མ་ཤངས་པ་སྐུ་གཤེགས་རྗེས་སྐུ་འབུམ་བཞེངས་པ་ལ་སོགས་པའི་རྗེས་ཀྱི་བྱ་བ་ཐམས་ཅད་ཚར་བར་བྱས། དེ་ནས་འུ་ཡུག་གི་སྡིངས་མར་ ཕེབས་ནས་ལོ་གཉིས་རིང་སྐུ་མཚམས་དམ་པོར་བཅད། སླར་འཁྲུངས་ཡུལ་སྤང་རྩ་ར་ཕེབས་ནས་ས་ཞིང་ལྷག་མ་རྣམས་བཙོངས། དྭགས་པོ་ལྷ་རྗེའི་སྙན་པ་གསན་ནས་ལམ་བར་གྱི་ནད་སོགས་དཀའ་དུབ་དུ་མ་ཁྱད་དུ་སད་ནས་དབུས་སུ་ཕེབས། བླ་མ་བུར་སྒོམ་ནག་པོའི་དྲུང་དུ་བཞུགས་སྐབས་ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་མཇལ་ཏེ། དེ་ལས་བླ་མ་འཛིམ་གྱི་ཕག་མོ་ཀེང་རུས་ཀྱི་དྲྭ་བ་ཅན་དང་རྫོགས་རིམ་རྣམ་གསུམ་སོགས་ཀྱི་གདམས་པ་མང་དུ་ཞུས་པས། ཆོས་རྗེ་རྨོག་ལྕོག་པ་ནི་ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་ཐོག་མའི་གྲས་ཤིག་ཡིན་ལ། ཕག་གྲུའི་བུ་ཆེན་ཉི་ཤུ་རྩ་བཞིའི་གྲས་ཀྱི་སྔ་ཚར་གྱི་བུ་ཆེན་བཞིའི་ཁོངས་སུའང་འདྲེན་གྱི་ཡོད། དེའི་རྗེས་ཙམ་ལ་འཁར་སྣར་ཞག་གཅིག་བསྒོམས་པས་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་ཞལ་གཟིགས། གཡོར་པོ་སྨད་དུ་དགེ་བཤེས་དམར་ཞང་ཚན་གཉིས་ཀྱིས་སྣམ་བུ་དང་དར་ཡུག་སོགས་ཕུལ་ནས་འཕོ་བ་ཡེ་ཤེས་སྐར་ཁུང་མ་ཞུས་ཀྱང་མ་གནང་བར་ལྷོ་ཁ་གྲ་ཐང་དུ་བྲོས་འབྱོལ་ལ་ཕེབས། དེ་རྗེས་སྒམ་པོའི་གནས་སུ་དྭགས་པོ་ལྷ་རྗེ་དང་མཇལ་བས་བླ་སློབ་གཉིས་ཀ་ས་དང་པོ་ཐོབ་པ་ལྟ་བུའི་དགའ་བ་དཔག་ཏུ་མེད་པ་འཁྲུངས། བླ་མས་ངེད་གཉིས་ནི་སྐྱེ་བ་མང་པོའི་དཔོན་སློབ་ཡིན་ཀྱང་། སྐྱེ་བ་འདི་ལ་ད་རེས་ལས་མ་འཕྲད་གསུང་ཙ་ན་སྤྱན་ཆབ་ཤོར་བཞིན་སྐྱེ་བ་མང་པོའི་སྔོན་རོལ་ནས། །འོ་སྐོལ་གཉིས་ནི་དཔོན་སློབ་ཡིན། དམ་ཚིག་ངོ་ལྐོག་མེད་པ་དེས། །ད་རེས་སྒམ་པོའི་བྲག་ལ་འཛོམས། །ང་ཡི་བུ་ཁྱོད་འདིར་འོངས་སམ། །མོས་གུས་ཅན་ཁྱོད་འདིར་བྱོན་ནམ་ཞེས་པ་ལ་སོགས་པའི་མགུར་གསུངས། རྗེ་སྒམ་པོ་བའི་སྤྱན་སྔར་མ་ཧཱ་མུ་དྲའི་ཚིག་རྐང་བརྒྱད་པ་དང་། ངོ་སྤྲོད་ལྔ་པོ། ཇོ་བོ་ནས་བརྒྱུད་པའི་བླ་མ་རྣམས་ཀྱི་ཆོས་སྐོར་དགུ་དང་། ཌཱ་ཀི་མའི་སྙན་བརྒྱུད། ལྟ་སྒོམ་ཆེན་མོ་ཐུན་མོང་མ་ཡིན་པའི་སྐོར། ནོར་བུ་ཕྲེང་བ། ཕག་མོ། བདེ་མཆོག །རྐྱེན་བཞི་དང་། རྗེ་བཙུན་མི་ལ་ནས་བརྒྱུད་པའི་ཐབས་ལམ་ཆོས་དྲུག །གོ་ཆ་ལམ་ཁྱེར། བདེ་མཆོག་ལྷ་ལྔ། ཐབས་ལམ་མི་འདྲ་བ་ཉི་ཤུ་ཐམ་པ་སོགས་ཀྱི་གདམས་པ་བསམ་གྱིས་མི་ཁྱབ་པ་ཞུས། བླ་མ་སྒམ་པོ་བས་རྗེ་རྨོག་ལྕོག་པར་ཆོས་དྲུག་གི་ཉམས་རྟོགས་བཟང་པོ་སྐྱེས་འདུག་སྟེ། ལྟ་བ་ཐག་ཆོད་ཅིག་དགོས་པ་འདུག་ཅེས་གསུངས་པ་བཞིན་བླ་མ་དེ་ཉིད་ཀྱིས་ལོ་གཅིག་གི་རིང་ཆོས་རྗེ་རྨོག་ལྕོག་པ་ལ་གདམས་པ་མང་པོ་དང་། ལྷག་པར་དུ་ཕྱག་ཆེན་གྱི་ལྟ་བའི་སྐོར་མ་ལུས་པ་གནང་བས་ཟླ་བྲལ་ཕྱག་ཆེན་གྱི་ལྟ་བའི་སྒྲོ་འདོགས་ཡོངས་སུ་ཆོད། དེས་ན་ལྷོ་རོང་ཆོས་འབྱུང་དུ་ཡང་རྨོག་ལྕོག་པ་ནི་ཁྱུང་པོ་རྣལ་འབྱོར་གྱི་བརྒྱུད་འཛིན་ཡིན་ཀྱང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་རྗེ་སྒམ་པོ་བ་ཉིད་ལ་འཁྲུངས་པས་ཉིན་རེ་བཞིན་བྱ་རོག་ཏུ་སྤྲུལ་ནས་སྒམ་པོའི་གཙུག་ལག་ཁང་ལ་བསྐོར་བ་མཛད་པ་དང་། བརྒྱུད་པ་འདིའི་ལུགས་ཀྱི་ཡང་གྲུབ་ཐོབ་ཡིན་ནོ་ཞེས་འཁོད། ཕྱིས་བླ་མ་ལྷ་རྗེའི་སློབ་མ་དབུ་ཆེ་བཅུ་གསུམ་བྱུང་ནས་རྗེ་རྨོག་ལྕོག་པར་བླ་མ་ལྷ་རྗེའི་བཀའ་ཐམས་ཅད་ཁྱེད་ལ་བབས་པ་ཡིན་གསུངས་ནས་རྣམ་རྟོག་གིས་མི་གནོད་པའི་ཕྱག་རྒྱ་ཆེན་པོ་ཞུས། དེ་ལྟར་ཤངས་པའི་ཆིག་བརྒྱུད་ཀྱི་བཀའ་བབས་འཛིན་པ་རྨོག་ལྕོག་པས་དྭགས་པོ་བཀའ་བརྒྱུད་ཀྱི་སྤྱི་མེས་གྲས་སུ་གྱུར་པ་དྭགས་པོ་ལྷ་རྗེ་ལས་ཕྱག་ཆེན་གྱི་ལྟ་བ་ལ་སྒྲོ་འདོགས་ཆོད་པ་དེས་དྭགས་ཤངས་གཉིས་ཀྱི་ཕྱག་རྒྱ་ཆེན་པོའི་མཐར་ཐུག་ལྟ་དགོངས་གཅིག་ཏུ་བསྒྲུབས་པས། དེ་གཉིས་དབར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གལ་ཆེན་ཞིག་ཆགས་ཡོད་པ་མཚོན།
རྨོག་ལྕོག་པ་ཆེན་པོ་དྭགས་ལྷ་སྒམ་པོ་ནས་བསམ་ཡས་སུ་ཕེབས་པའི་ཚེ། རྗེ་སྒམ་པོ་བའི་མཆོག་འགྱུར་གྱི་སློབ་མ་རྣལ་འབྱོར་ཆོས་ཀྱི་གཡུང་དྲུང་དང་མཇལ་ནས་ཁོང་གཉིས་པོས་ལྷན་དུ་གཉན་མཁར་ནག་ཀྱང་བཏུལ། རྣལ་འབྱོར་ཆོས་གཡུང་ཕྱིས་འོལ་ཁར་བཞུགས་ནས་སྦ་དང་ཚོད་ཀྱི་དགོན་པ་གཉིས་ཀ་བཟུང་། ཆོས་རྗེ་རྨོག་ལྕོག་པ་སླར་དགོན་པ་འདྲེ་ཅན་ཞིག་ཏུ་ལོ་གཅིག་བཞུགས་རྗེས་ལྷ་ཕུ་རྨོག་ལྕོག་ཏུ་ཕེབས་ནས་ཡང་ན་ཤི་བ་ཞིག་དང་། ཡང་ན་སངས་རྒྱས་པ་གཅིག་ལ་གཏད་དགོས་སྙམ་ནས་རྨོག་ལྕོག་གི་བྲག་ཏུ་སྤྱིར་མི་ཟས་སྤངས་ནས་མི་ལོ་བཅུ་གཉིས་སྒྲུབ་པ་ལ་ཞུགས་མཐར་རྗེ་བཙུན་མི་ལ་དང་འདྲ་བར་ཟད་པར་ཟིལ་གནོན་གྱི་ཏིང་ངེ་འཛིན་ལ་མངའ་བརྙེས་པ་དང་། ནམ་མཁའ་ལ་དཀྱིལ་དཀྲུང་བཅའ་བ་སོགས་ཀྱི་ནུས་པ་ཕྱོགས་མེད་དུ་ཤར། དེ་རྗེས་ཤངས་ཀྱི་ཕྱུག་པོ་རྒད་པོ་གཅིག་གིས་གདན་འདྲེན་ཞུས་ནས་ཁྲི་མཐོ་པོ་ཞིག་བརྩིགས་ཏེ། དེ་རིང་གི་སྐབས་སུ་བླ་མའི་ཞལ་ནས་གསུངས་པ་དང་། མདོ་རྒྱུད་ནས་འདི་གསུངས་བྱ་བ་མ་འཆད་པར། ལོ་བཅུ་གཉིས་བྲག་ལ་བསྡད་ནས་བསྒོམས་པས་འདི་རྒྱུད་ལ་སྐྱེས་པ་ཡིན་བྱ་བའི་ཆོས་ཤིག་གསུངས་ཞེས་བསྐུལ་བར་ཆོས་རྗེ་རྨོག་ལྕོག་པས་ཀྱང་རང་རྒྱུད་ལ་ཇི་ལྟར་སྐྱེས་པ་བཞིན་ཆོས་རྣམས་གསུངས་པས་ཚོང་འདུས་དང་འཇད་བོ་དོང་མར་བཅད་ནས་བསྡུས་པའི་མི་རྣམས་ཤིན་ཏུ་མོས་པར་གྱུར། དེས་སྐབས་དེར་ཤངས་ཁུལ་ཙམ་མ་ཟད་ཤངས་དང་ཉེ་བའི་གཙང་ཕྱོགས་ཀྱི་ས་ཆ་གཞན་རྣམས་ལ་ཡང་ཁོང་གི་སྙན་གྲགས་ཀྱིས་ཁྱབ་པ་མཚོན། དུས་དེ་ཙམ་ལ་བླ་མ་བུར་སྒོམ་ནག་པོ་དང་། སློབ་དཔོན་གཡོར་པོ་ཅན། དྭགས་པོ་ལྷ་རྗེ་རྣམས་སྔ་རྗེས་སུ་སྐུ་གཤེགས་ནས་ཁོང་གི་རྨི་ལམ་དུ་བྱོན་ཏེ་གདམས་པ་འགའ་ཡང་གནང་། དེ་ནས་སྔ་རྗེས་སུ་རྨོག་ལྕོག་དང་ལྐུགས་ལུང་གི་དགོན་གནས་གཉིས་བཏབ་ནས་གློ་བོའི་དགེ་བཤེས་རྒྱལ་བ་དང༌། སྟོན་རིན་སོགས་ཀྱི་གདུལ་བྱ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་གནང་སྦྱིན་ཕངས་མེད་དུ་བསྩལ། རྟའི་ཟླ་བ་ལ་མཚམས་སུ་ཞུགས་པས་འོད་གསལ་གྱི་གསལ་སྣང་མཆེད་དེ་གྲྭ་པ་རྣམས་ཀྱི་ཚེ་སྟོད་སྨད་ཀྱི་བྱ་སྤྱོད་ལེགས་ཉེས་ཐམས་ཅད་གསལ་བར་མཁྱེན། སློབ་མ་འགའ་རེ་ལ་ལེགས་བཅོས་ཀྱི་སླད་དུ་གསུངས་པར་མཛད་ཀྱང་ངམ་ཤོད་བླ་མཆོད་ལ་སོགས་པའི་མི་ཉན་པ་ཡང་མང་དུ་བྱུང་སྟབས་ཚོགས་པ་སྐྱོང་བའི་དུས་སུ་སྐབས་རེ་གཞན་དོན་བྱེད་པ་བདུད་ཡིན་སྙམ་པའི་སྐྱོ་ཤས་སྐྱེས་ཀྱང༌སྙིགས་མའི་སེམས་ཅན་བཟང་ངན་འབྲིང་གསུམ་སྐྱོང་བ་ལ་ཤ་ཚ་ཕན་སེམས་སྐྱོ་དུབ་མེད་པ་གསུམ་འཛོམས་དགོས་པར་འདུག་ཅེས་དགོངས།
དེ་ལྟར་ཆོས་རྗེ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་འདི་ཉིད་ཀྱིས་སྔ་བར་ཕྱི་གསུམ་དུ་མཁས་གྲུབ་ཁྱུང་པོ་དང་། བླ་མ་ཁམས་པ་ཨ་སེང་། སློབ་དཔོན་གཡོར་པོ་ཅན། བླ་མ་བུར་སྒོམ་ནག་པོ། དགེ་བཤེས་དཀོན་འཁར་བ། དགེ་བཤེས་རྫ་ར་བ། ཉང་སྨོན་ལམ་གོད་པོ། སློབ་དཔོན་རྒྱ་གྲགས་བསོད། དགེ་བཤེས་གཞུ་པ། སློབ་དཔོན་ཞང་། དགེ་བཤེས་འབལ་སྒོམ་ཕྱག་ན། དགེ་བཤེས་རྡོར་རྒྱལ། རྗེ་སྒམ་པོ་བ་སོགས་ཁྱོན་བླ་མ་བཅུ་གསུམ་ཙམ་བསྟེན་ནས་གཙོ་ཆེར་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་དང་། གཞན་ཡང་དྭགས་པོ་བཀའ་བརྒྱུད་དང་། བཀའ་གདམས། ཞི་བྱེད། སྦྱོར་དྲུག་ལ་སོགས་པའི་གདམས་པ་མཐས་ཡས་པ་ཞིག་གསན་གནང་མཛད། ལྷག་པར་དུ་ཆོས་རྣམས་ཐོས་པའི་གོ་ཡུལ་ཙམ་དུ་མ་བཞག་པར་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་མི་ལོ་བཅུ་གཉིས་རིང་དཀའ་སྤྱད་ཀྱི་གཡབ་མོ་རྒྱབ་ཏུ་བསྒྱུར་བ་དང་། མི་བཤིག་པའི་བརྩོན་འགྲུས་ཀྱི་གོ་ཆ་ཡོངས་སུ་སྤྲས་ཏེ། ཤོངས་པའི་བརྒྱུད་འཛིན་པ་རྣམས་ལ་རྗེ་བཙུན་མི་ལ་ལྟ་བུའི་དཀའ་སྤྱད་སྡུག་བསྲན་གྱི་སྙིང་སྟོབས་དང་སྒོམ་སྒྲུབ་ཀྱི་ཡོན་ཏན་ལ་རྩལ་རྫོགས་པའི་མིག་དཔེ་བཟང་པོ་ཞིག་སྟོན་གནང་མཛད། རྗེ་རྨོག་ལྕོག་པ་ཉིད་ཀྱིས་བླ་མ་ཤངས་པའི་ཆིག་བརྒྱུད་གདམས་པའི་ལྡེའུ་མིག་དབོན་སྟོན་སྐྱེར་སྒང་པར་གཏད་ནས། ཁོང་ཉིད་མི་ལོ་བཅུ་གཉིས་ཀྱི་ནག་མོག་གི་བྲག་ཁུང་དེ་དག་ལས་འདས་པའི་འོད་ཟེར་སྟོང་ལྡན་གྱི་ཞིང་ཁམས་ཤིག་ཏུ་ཕྱག་ཆེན་གྱི་རྩེད་འཇོར་ཕེབས། ཁོང་སྐུ་འདས་ནས་ཞག་འགའ་ཤས་ལོན་པའི་དུས། རྫུ་འཕྲུལ་འོད་ཀྱི་ལམ་ལ་སླར་ཡང་བྱོན་ནས་འགྲོ་མགོན་ཇོ་བཙུན་ལ་བརྒྱུད་པའི་དབང་ཞུ་བསྐོན་པ་དང་། དབོན་པོ་ཤེས་རབ་རས་པ་ལ་རིང་བརྒྱུད་མ་ཆད་པའི་ཆོས་གོས་གཏད་པ་སོགས་བརྒྱུད་པའི་དར་རྒུད་ལ་སྨན་པའི་ལུང་བསྟན་དང་བྱིན་རླབས་ཐམས་ཅད་རྫོགས་པར་གནང་ངོ༌། །ཞར་ལ། མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་སྤྱི་ལོ་978ལོ་དང་། འདས་ལོ་སྤྱི་ལོ་1128ལོ་གཞིར་བཟུང་ནས་ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོར་རགས་ཙམ་དཔྱད་ན། ཆོས་རྗེ་རྨོག་ལྕོག་པའི་རྣམ་ཐར་དུ་ལོ་བཅུ་དྲུག་ནས་བཅུ་བདུན་དུ་འགྲོ་བ་ལ་ཞོང་ཞོང་དུ་ཆོས་སྒོར་ཞུགས་ཏེ། ལོ་གཅིག་འདུལ་བ་ཉན་ནས། བླ་མ་ལ་དགྱེས་རྡོར་གྱི་དབང་ཞུས་ཞེས་འཁོད་པ་ལྟར། ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་ནི་ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་རྣམ་ཐར་ལྕགས་དཔར་མའི་དཔེ་སྐྲུན་གསལ་བཤད་སོགས་སུ་ཐད་ཀར་སྤྱི་ལོ་1110ལོ་ཡིན་པ་བཀོད་ཡོད། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན། ཆོས་རྗེ་རྨོག་ལྕོག་པ་དགུང་ལོ་བཅུ་དྲུག་ལ་ཕེབས་པའི་ལོ་མཇུག་སྟེ་སྤྱི་ལོ་1126ལོར་ཞོང་ཞོང་དུ་ཐོག་མར་མཁས་གྲུབ་ཁྱུང་པོ་མཇལ་བ་དང༌། ཡང་རྣམ་ཐར་དེ་ཉིད་ལས་བདག་གིས་བླ་མ་ཆེན་པོ་དེ་སྔར་ལོ་ལྔ་བསྟེན། ཕྱི་ནས་ལོ་གཅིག་དང་ཟླ་བ་བདུན་བསྟེན་ནས་སྐུ་གཤེགས་སོ་ཞེས་གསལ་བ་བཞིན་ཆོས་རྗེ་རྨོག་ལྕོག་པས་བླ་མ་ཤངས་པ་ཐོག་མར་ལོ་ལྔ་བསྟེན་པ་སྟེ་དགུང་ལོ་བཅུ་དྲུག་ལ་ཕེབས་པ་སྤྱི་ལོ་1126ལོ་ནས་དགུང་ལོ་ཉེར་གཅིག་ལ་ཕེབས་པ་སྤྱི་ལོ་1131ལོར་དབུས་སུ་མ་བྱོན་བར་ཡིན། དབུས་སུ་བྱོན་རྗེས་བླ་མ་ཁམས་པ་ཨ་སེང་དང་། བུར་སྒོམ་ནག་པོ། དགེ་བཤེས་དཀོན་འཁར་བ་སོགས་ཀྱི་དྲུང་དུ་གདམས་པ་མང་དག་ཅིག་གསན་པ་དེ་དག་གི་དུས་ཡུན་མ་བརྩིས་ནའང་། སློབ་དཔོན་གཡོར་པོ་ཅན་ཁོ་ནའི་དྲུང་དུ་ལོ་ལྔ་ཕར་ཕྱིན་དང་སྤྱོད་འཇུག་གསན་ནས་བཞུགས་པ་སོགས་མཛད་རྣམ་དུ་གསལ་བར་འཁོད་པས། ལོ་ལྔ་སོང་རྗེས་ཏེ་སྤྱི་ལོ་1136ལོ་ཡིན་དགོས་པ་དང་། ཕྱིས་ལོ་གཅིག་དང་ཟླ་བ་བདུན་བསྟེན་ནས་མཁས་གྲུབ་ཁྱུང་པོ་སྐུ་གཤེགས་པ་སྟེ། སྤྱི་ལོ་1136ལོ་ནས་བརྩིས་ན་ལོ་གཉིས་མ་ཟིན་ཙམ་སྟེ་སྤྱི་ལོ་1138ལོའི་གོང་དུ་ཡིན་དགོས། མཁས་གྲུབ་ཁྱུང་པོའི་འདས་ལོ་སྤྱི་ལོ་1128ལོར་བརྩིས་ན་ལོ་གཅིག་ཙམ་ལས་བསྟེན་ལོང་བྱུང་མེད་པ་ཡིན། དེས་ན་ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་སྤྱི་ལོ་1110ལོར་ཡིན་མི་སྲིད་དེ། མཁས་གྲུབ་ཁྱུང་པོའི་འདས་ལོ་སྤྱི་ལོ་1128ལོ་ལ་ངེས་པ་ལས། ཆོས་རྗེ་རྨོག་ལྕོག་པ་དབུས་སུ་ཐོག་མར་བྱོན་སྐབས་དགུང་ལོ་ཉེར་གཅིག་དང་། དེའི་སྟེང་དགེ་བཤེས་གཡོར་པོ་ཅན་ཁོ་ནའི་དྲུང་དུ་སློབ་གཉེར་ལོ་ལྔ་དང་། ཕྱིས་ཞོང་ཞོང་དུ་ཕེབས་ནས་ལོ་གཅིག་དང་ཟླ་བ་བདུན་ཏེ་ལོ་གཉིས་མ་ཟིན་ཙམ་བར་བླ་མ་བསྟེན་པ་བསྡོམས་ན། དགུང་ལོ་ཉེར་བརྒྱད་ཟིན། དེ་མཁས་གྲུབ་ཁྱུང་པོའི་འདས་ལོ་སྤྱི་ལོ་1128ལོ་ནས་འཐེན་ན། ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་མ་མཐར་ཡང་སྤྱི་ལོ་1100ལོའི་གོང་ཙམ་དུ་ཡིན་དགོས། དེར་བརྟེན་དེབ་སྔོན་དུ་རྨོག་ལྕོག་པ་ནི། དཔལ་ཕག་མོ་གྲུ་པ་དང་དུས་མཚུངས་ཞེས་འཁོད་པ་དེར་ཕག་གྲུ་རྡོ་རྗེ་རྒྱལ་པོའི་འཁྲུངས་འདས་དང་ཡོངས་སུ་མཚུངས་པར་གོ་བ་ལེན་པས། ཆོས་རྗེ་རྨོག་ལྕོག་པའི་འཁྲུངས་ལོ་ཡང་དཔལ་ཕག་མོ་གྲུ་པ་དང་མཐུན་པར་སྤྱི་ལོ་1110ལོ་དང་འདས་ལོ་སྤྱི་ལོ་1170ལོར་བརྩིས་པ་ཡིན། འོན་ཀྱང་ཁོ་བོས་ནི་ལོ་ཚིགས་དྭངས་ཤེལ་མེ་ལོང་གི་སྤྱི་ལོ་1110ལོའི་ལོ་རྒྱུས་གྲས་སུ་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱང་དུས་ཐོག་མཉམ་ཞེས་གསལ་བ་ལྟར་བླ་མ་རྨོག་ལྕོག་པ་དང་དཔལ་ཕག་མོ་གྲུ་པ་གཉིས་དུས་མཉམ་པ་ཙམ་ལས་ལོ་ཚིགས་ཡོངས་སུ་མཚུངས་པའི་དོན་མིན་སྙམ། དབོན་སྟོན་སྐྱེར་སྒང་པ་སོགས་ལའང་རིགས་བསྒྲེ་བར་བྱའོ།།
Öntön Kyergangpa
དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ
སྐྱེས་རབས་ཀུན་ཏུ་འཕགས་མཆོག་ཐུགས་རྗེ་ཆེན་མོས་རྗེས་སུ་བཟུང་ཞིང་སྐུ་ཚེ་འདིར་ཡང་བརྩོན་འགྲུས་དྲག་པོའི་བསྒྲུབས་པས་མཚམས་སྦྱར་ཏེ་འཕགས་པ་ཉིད་དང་དབྱེར་མེད་པའི་མཆོག་གྲུབ་པ། བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་རྩོལ་མེད་ཆུ་མོའི་རྒྱུན་བཞིན་མངའ་བ། རྗེ་བཙུན་རྨོག་ལྕོག་པ་ལས་མཁའ་འགྲོའི་ཆིག་བརྒྱུད་ཀྱི་གདམས་པ་ཐོབ་ཅིང་ཤར་ཕྱོགས་བཻཌཱུརྱ་སྣང་བའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་དྲི་མེད་ནམ་མཁའི་དཔལ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བའི་སྐྱེས་མཐའི་བྱང་སེམས་དབོན་སྟོན་སྐྱེར་སྒང་པ་ཆེན་པོ་འདི་ཉིད་ནི། སྤྱི་ལོ་1154ལོ་ ཙམ་ལ་ནང་གོང་གནམ་ སྟེ་དེང་སྟོད་ལུང་བདེ་ཆེན་རྫོང་གི་ཁོངས་སུ་སྐུ་འཁྲུངས། གདུང་རུས་འབལ་ཡིན། ཐོག་མར་ལོ་གཅིག་གཉིས་རིང་གཤིན་རྗེ་གཤེད་ལ་བསྙེན་པ་བསྐྱལ། དགུང་ལོ་བཅུ་བདུན་པ་སྟེ་སྤྱི་ལོ་1171ལོར་སྐྱེར་སྒང་དུ་ཁུ་བོ་འབལ་ཐམས་ཅད་མཁྱེན་པ་ ལས་རབ་ཏུ་བྱུང་ནས་སྤྱོད་འཇུག་དང་། བསླབ་བཏུས། བསྟན་རིམ་སོགས་ཞུས། དེ་རྗེས་འབལ་ཚད་མ་བའི་ཕྱག་ཕྱིར་ལྷ་སར་བྱོན་ནས་ཀླུ་སྦུག་ཏུ་འཕགས་པ་གཅེར་སྒོམ་བྱ་བའི་གྲུབ་ཐོབ་གཅིག་ལ་མོས་ནས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཚར་གསུམ་ཞུས། དེར་ལོ་བརྒྱད་མཚམས་ལ་ཞུགས་པས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ཞལ་གཟིགས། དེ་ནས་སྐྱེར་སྒང་དུ་ཕེབས་ཏེ་ཡང་ན་གཡག་གུ་ཤི་བ་ཞིག་དང་། ཡང་ན་ཚྭ་ལོན་པ་ལ་གཏད་དགོས། མི་ལུས་ལན་གཅིག་ཐོབ་དུས་འདིར་ཡང་ན་ང་རང་ཤི་བ་གཅིག་དང་། ཡང་ན་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བ་གཅིག་ལ་གཏད་དགོས་སྙམ་སྟེ་བསྒྲུབ་པ་ལ་ཞུགས་ཀྱང་། ཁམས་པའི་གྲྭ་པ་རྣམས་ཀྱིས་རྟ་བཏགས། བེར་བསྐོན། དར་བསྐྱངས་ནས་ཁྱོད་གཞོན་དུས་སུ་ཐོས་པ་མ་བྱས་ན་འབལ་ཚད་མ་བ་རབས་ཆད་པས། དཀའ་བཞི་ལ་མཁས་པ་ཞིག་བྱེད་དགོས་ཟེར། དེ་ལ་མ་ཉན་པར་མཚམས་ལ་ཞུགས་པས་དེ་དག་གིས་ཆུ་དང་མེ་ཤིང་སོགས་ཀྱང་མ་སྐྱོལ་ཅིག །ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་སྒོ་ལ་རྡོ་རྒྱོབ་ཅིག །དེ་ལྟར་བྱས་ན་སློབ་གཉེར་ལ་ཚུད་འོང་ཟེར་ནས་ཁྲིམས་བཏང༌། དེས་ན་དབོན་སྟོན་སྐྱེར་སྒང་པ་ཞག་རེ་ལ་སྐྱོ་ཚ་ཕོར་པ་རེ་ཡང་རེས་མྱོང་བ་རེས་མ་མྱོང་ངོ༌། ཐ་ན་དེའང་མེད་པར་ཆུ་དང་ཐལ་བ་བསྲེས་ནས་སྤྱད། དེ་ལྟར་དཀའ་སྤྱད་ཕུལ་དུ་ཕྱིན་པས་སྒྲུབ་པ་ལ་བརྩོན་མཐར། མི་ལོ་ཕྱེད་དང་བཞི་སོང་ཙ་ན། མདུན་གྱི་ནམ་མཁའ་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པོའི་ཞལ་གཟིགས། དེ་ནས་སྔར་བསྙེན་པ་སྐྱེལ་བའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་ཞལ་ཡང་གཟིགས། དེ་ནས་ཁུ་བོ་འབལ་ཐམས་ཅད་མཁྱེན་པས་དར་ཡུག་དྲུག་དང་གསེར་ཞོ་གང་གནང་ནས་གཙང་ལ་སྟོད་ཀྱི་ཚ་རི་རས་པ་བྱ་བ་རྗེ་རས་ཆུང་པའི་གདམས་ངག་ལ་མཁས་པའི་གྲུབ་ཐོབ་གཅིག་ཡོད་པ་དེའི་རྩར་ཆོས་ཞུ་བར་བཏང་། དབོན་སྟོན་སྐྱེར་སྒང་པས་ལོ་གཉིས་ཀྱི་རིང་བླ་མ་དེའི་དྲུང་དུ་བཞུགས་ནས་བདེ་མཆོག་ལྷ་བཅུ་གསུམ་མ་དང་། ཕག་མོ་ལྷ་བཅུ་གསུམ་ལ་སོགས་པའི་དབང་དང་གདམས་པ་མང་དུ་ཞུས། དེ་རྗེས་འུ་ཡུག་ཏུ་ཕེབས་ནས་ཇོ་བོ་རྗེའི་གསང་སྔགས་ཀྱི་བཀའ་བབས་པའི་བླ་མ་སྤེན་ཕུག་པ་ལས་ལོ་ལྔའི་རིང་ཇོ་བོའི་གདམས་པ་རྣམས་ཞུས་པ་དང་། ཇོ་བོའི་ཌ་མ་རུ་དང་ཐུགས་དམ་གསུམ་ཡང་གནང་། དེ་རྗེས་ལྷ་ཕུར་ཕེབས་ནས་ལྐུགས་ལུང་དུ་ཆོས་རྗེ་རྨོག་ལྕོག་པ་དང་མཇལ། རྗེ་རྨོག་ལྕོག་པས་ཁོང་ཉིད་མཁའ་འགྲོའི་ཆིག་བརྒྱུད་ཀྱི་གདམས་ངག་སྦྱིན་པའི་སྣོད་དུ་མཁྱེན་ཏེ། ནི་གུ་ཆོས་དྲུག་ལ་སོགས་པའི་ཤངས་པའི་གདམས་ངག་རྣམས་ཀྱི་དབང་ལུང་ཁྲིད་གསུམ་རྫོགས་པར་སྩོལ་བའི་དབུ་སྙུང་བཞེས། དེ་ལྟར་ཆོས་རྗེ་རྨོག་ལྕོག་པའི་དྲུང་དུ་ལོ་ཤས་བཞུགས་རྗེས་ཨ་ཁུ་འབལ་ཚད་མ་བ་གྲོངས་ནས་སྐྱེར་སྒང་གི་གདན་ས་ལ་གདན་འདྲེན་མཁན་རྟ་པ་སུམ་བརྒྱ་ཙམ་བྱུང༌། ཁོང་རང་ཉིད་སྒྲུབ་པ་ཁོ་ན་བྱ་དགོས་དགོངས་ཀྱང་གདན་འདྲེན་པ་རྣམས་དང་བླ་མའི་གསུང་བཞིན་སྐྱེར་སྒང་དུ་ཕེབས་ཏེ་སྐུ་འབུམ་བརྩིགས། སྐབས་དེ་ནས་བཟུང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བྲན་བཞིན་དུ་ཉན་པར་བྱུང་བ་ཡང་། གསོལ་འདེབས་དད་པའི་སྒྲ་དབྱངས་སུ་སྐྱེར་སྒང་ཆོས་ཀྱི་གདན་སར་ཕེབས་པའི་ཚེ། ཡེ་ཤེས་མགོན་པོའི་འཁོར་རྣམས་དངོས་སུ་འོང༌། །བླ་མའི་གདན་སར་མཆོད་འབུལ་སྐྱེལ་པ་ཡི། །ཞབས་ཏོག་གུས་པས་བསྒྲུབས་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་ཡིན།
དབོན་སྟོན་ཆེན་པོས་སྔ་ཕྱིར་རྨི་ལམ་བཟུང་ནས་ཐུགས་རྗེ་ཆེན་པོ་དང་། སློབ་དཔོན་པདྨ་འབྱུང་གནས། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་ནི་གུ་མ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སོགས་པའི་དྲུང་ནས་ཟབ་གསང་གི་གདམས་པ་མཐའ་ཡས་པ་གསན་པ་དང་། བྱང་རྩེ་ལྡིང་དུ་རྟོགས་ལྡན་ཞང་སྒོམ་ཆོས་སེང་ལས་མཁའ་སྤྱོད་དཀར་དམར་དང་། དགྱེས་རྡོར་བདེ་མཆོག །མགོན་པོའི་གནད་ཡིག་དམིགས་པའི་སྒྲོམ་བུ། འཕོ་བ་ལ་སོགས་པའི་གདམས་པ་མང་དུ་ཞུས་པ། གདམ་པ་ཅོག་སྟོན་ལ་དཔལ་རྒ་ལོའི་ཆིག་བརྒྱུད་ཀྱི་གདམས་པ་རྣམས་གསན་པ་སོགས་མཛད། སྐུ་ཚེའི་སྨད་ལ་སྐྱེར་སྒང་དགོན་དུ་ཐུགས་རྗེ་ཆེན་མོའི་ཆོས་སྐོར་དང་ཤངས་པའི་གསེར་ཆོས་ལྔས་གཙོས་པའི་གདམས་པ་རྣམས་ཀྱིས་གདུལ་བྱ་ཀུན་ཚིམས་པར་མཛད། གཞན་དོན་གྱི་མཐུ་རབ་ཏུ་རྒྱས་ཏེ། སྒ་དང་རྒྱའི་རྒྱལ་པོས་འབུལ་ཚན་རྒྱ་ཆེར་ཕུལ་བས། བླ་མ་རྨོག་ལྕོག་པ་ཡང་སྐྱེར་སྒང་དགོན་དུ་གདན་དྲངས་ཏེ་འབུལ་ཆེན་དང་ཉམས་རྟོགས་འབུལ་བ་སོགས་མཛད། དགུང་ལོ་བདུན་ཅུ་དོན་གསུམ་པ་སྟེ་སྤྱི་ལོ་1227ལོ་ཙམ་ལ་གཟུགས་སྐུའི་མེ་ཏོག་ཡལ། དེ་ལྟར་དབོན་སྟོན་སྐྱེར་སྒང་པ་ཆེན་པོས་སྐུ་ཚེ་ཧྲིལ་པོར་ཤངས་ལུགས་ཀྱིས་གཙོས་གྲུབ་མཐའ་རིས་མེད་ཀྱི་བླ་མ་རྣམས་ལས་གདམས་ངག་གི་བདུད་རྩི་རྫོགས་པར་བཞེས་པ་དང་སྒྲུབ་པའི་དམ་ཚིག་ཉི་ཤུའི་གོ་ཆ་བརྟན་པར་སྤྲས་པས། ནང་མྱོང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ནས་སྒྱུ་ལུས་འོད་གསལ་གྱི་བདེ་བ་ཆེན་པོའི་མཁའ་དབྱིངས་སུ་རང་དགར་སྤྱོད་པའི་ཟུང་འཇུག་གི་རྒྱལ་སར་གཤེགས། དེས་ན་ཆོས་རྗེ་རྨོག་ལྕོག་པས་ཀྱང་དབོན་སྟོན་གྱི་ལྷ་སྐུ་དང་འོད་གསལ་གྱི་རྩལ་འདི་ལྟ་བུ་ང་ལ་ཡང་མ་བྱུང་ཞེས་དང་། ང་བ་ཡིན་དབོན་སྟོན་ཁྱོད་མཛོ་ཡིན་པས། བ་ལ་མཛོ་སྐྱེས་བྱ་བ་ཡིན་ནོ་ཞེས་པ་ལ་སོགས་པའི་བསྟོད་པ་ཡང་ལན་མང་དུ་མཛད།
འོན་ཏེ་ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌུརྱའི་ཕྲེང་བར་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་དཔལ་ལྡན་ཤངས་པ་རིན་ཆེན་རྣམ་བདུན་དུ་གྲགས་པའི་གཉིས་པ་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ཞེས་འཁོད་ཀྱང་། ཤངས་པ་རིན་ཆེན་རྣམ་བདུན་གྱི་གཉིས་པ་ནི་ཡོངས་གྲགས་སུ་མཁའ་འགྲོ་ནི་གུ་མ་ཡིན་པས། ལོ་རྒྱུས་སྤྱི་བྱིངས་དང་མི་མཐུན་པའི་བརྗོད་ཚུལ་འདི་རིགས་ནི་ངེས་པར་སྤང་བར་བྱའོ།།
Sangyé Nyentön
རི་གོང་པ་སངས་རྒྱས་གཉན་སྟོན།
གཉན་སྟོན་རི་གོང་པ་ནི་ཡོལ་གྱི་མདའ་སྟེ་དེང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་བྱེ་ནུབ་ཡུལ་ཤོག་གི་མདར་ གཉན་གྱི་རིགས་སུ་སྤྱི་ལོ་1175ལོ་ཙམ་དུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དམྱལ་བའི་གནས་ཁང་ལྟ་བུ་ཞིག་ཏུ་གཟིགས་ནས་ཆགས་ཐོགས་མེད་པའི་སྦྱིན་པ་ལ་བརྩོན་པ་སོགས་དཀར་པོ་དགེ་བའི་སྤྱོད་ལམ་ཁོ་ན་སྐྱོང་བར་མཛད། དགུང་ལོ་བཅུ་གཅིག་པ་ལ་གོང་བུ་མཁར་དུ་སློབ་དཔོན་སྟོན་ཡེའི་དྲུང་དུ་ཆོས་སྒོར་ཞུགས། བཅུ་བདུན་པ་ལ་མཁན་པོ་འཁོན་བྱང་ཆུབ་སེམས་དཔའ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་ལ་མཁན་པོ་བཟོད་པ་ཅན་དུ་བསྙེན་པར་རྫོགས། མཁན་པོ་བཟོད་པ་དང་མགར་ཕྱར་གཉིས་ལ་འདུལ་བ་མདོ་རྩ་ལོ་གསུམ་གསན། དེ་རྗེས་སློབ་དཔོན་གཡོ་པ་ལ་ཚད་མ་རྣམ་ངེས་དང་། བསྡུས་པ། ཚད་མ་ཆོས་མཆོག །དབུ་མ་ཤར་གསུམ། བསླབ་བསྡུས། སྤྱོད་འཇུག་དང་བཅས་པ་ལོ་མང་དུ་གསན། བླ་མ་གྲགས་པ་རྒྱལ་མཚན་ལ་རྒྱུད་དམ་པ་དང་བཅས་པ་ཞུས། སྔ་ཕྱིར་ཞི་བྱེད་དང་། ཕག་མོའི་ཆོས་དྲུག །ཁ་རག་བསྐོར་གསུམ། ནཱ་རོའི་ཆོས་དྲུག །སོ་ཆུང་པའི་གདམས་པ་རྣམས་དང་། གཞན་ཡང་འབྲི་གུང་པ། དོལ་པོ། ས་སྐྱ་པཎ་ཆེན་སོགས་ཀྱི་མཁས་གྲུབ་མང་དག་ཅིག་བསྟེན་ནས་གདམས་པ་དུ་མ་ཞུས་ཀྱང་སྤྲོས་པ་མ་ཆོད་པར་ད་དུང་ཐོས་པ་ཅུང་ཟད་བྱེད་དགོས་སྙམ། དུས་དེ་ཙ་ན་ལ་སྟོད་འཁྱམས་པོ་ཞེས་བྱ་བ་ཞིག་གོང་བུ་མཁར་དུ་འཕྲད་ནས། དེས་ཁོང་ལ་མཚུར་ཕུ་ན་བླ་མ་སྐྱེར་སྒང་པ་བྱ་བ། སངས་རྒྱས་དངོས་གཅིག་བཞུགས་ཀྱིན་འདུག་པས་དེར་འདེང་ཞེས་བསྐུལ། དབོན་སྟོན་གྱི་མཚན་ཐོས་མ་ཐག་མཆི་མ་དྲག་ཏུ་འཛགས་པའི་མོས་གུས་ཆེན་པོ་སྐྱེས་ཤིང་མྱུར་དུ་མཇལ་བའི་སྨོན་ལམ་བཏབ། དེ་ནས་དཔྱིད་དུས་ཤིག་སྐྱེར་སྒང་དུ་ཕེབས་ནས། བླ་མས་ཤངས་པའི་ཆོས་འདི་བཀའ་དོག་པར་ཡོད་ཀྱང་ཆིག་བརྒྱུད་བཀའ་རྒྱའི་ལྡེ་མིག་ཡོངས་རྫོགས་ཕྱག་ཏུ་གཏད་དེ། ཐོག་མར་དབང་བསྐུར་ནས་བརྩམས་ཏེ་གདམས་ངག་ཟབ་མོའི་བཅུད་ཀྱིས་ཚིམས་པར་མཛད། ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་སོགས་ཀྱང་མཛད་ནས་རེ་ཞིག་སྐྱེར་སྒང་དུ་བཞུགས། ཡེ་ཤེས་མགོན་པོས་བྲན་བཞིན་དུ་ཉན་པའི་བཀའ་བསྒོ་ཡང་གནང་།
ཐེངས་ཤིག་བྲག་ཁ་ཞིག་ཏུ་གསོལ་བ་དྲག་པོ་བཏབ་པས་མཁའ་འགྲོ་མ་སུ་ཁ་སིདྡྷི་བྱོན་ནས་རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ་ཞེས་ལན་གསུམ་གསུངས། ཕྱིས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ལན་གཅིག་བྱོན་ནས་གསང་སྒྲུབ་ཀྱི་གནད་སྔར་བས་ཟབ་པ་གསང་སྒྲུབ་བསྐྱེད་རྫོགས་དབང་བསྐུར་བཀའ་དང་བཅས་པ་ཞིག་གནང་ཞིང་ལུང་བསྟན་ཡང་མང་དུ་གསུངས། སླར་ཡང་སྐྱེར་སྒང་དུ་ཕེབས་ནས་ཆོས་རྗེ་སྐྱེར་སྒང་པས་གསང་སྔགས་རྗེས་སུ་ཡིད་རང་ལ་སོགས་པའི་གདམས་པ་ལྷག་མ་རྣམས་ཀྱང་མ་ལུས་པར་སྦྱིན་ཞིང་། གཉན་སྟོན་རི་གོང་པའི་འཁྲུངས་རབས་དང་ཚེ་ཚད། དགོན་གནས། སློབ་མ་གཙོ་བོ་ཕོ་བརྒྱད་མོ་གཉིས་བཅས་བཅུ་འོང་བ་སོགས་ཀྱི་རྣམ་དག་བདེ་བ་ཆེན་པོའི་ལུང་བསྟན་མཐའ་དག་བཀའ་རྒྱ་དང་བཅས་ནས་གསུངས། རྗེ་རི་གོང་པས་ཤངས་པའི་གདམས་ངག་གི་གནད་རྣམས་ལ་ཟིན་བྲིས་ཀྱང་བཏབ་ནས་དབོན་སྟོན་གྱི་སྤྱན་སྔར་ཞུ་དག་ཡང་ཡང་མཛད། སྐབས་དེར་ང་ལས་གདམས་པ་ཆེ་བ་བོད་ན་མེད་སྙམ་པའི་ཐུགས་རྒྱལ་ཡང་ཅུང་ཟད་བྱུང་། སྐྱེར་སྒང་དུ་དབྱར་དགུན་བཅུ་གསུམ་བཞུགས་ནས་སྒྲུབ་པ་ཚུལ་བཞིན་དུ་མཛད། དེ་ནས་འབྲི་གུང་དང་། གཙང་པ་རྒྱ་རས་དྲུང་དུ་བྱོན། འབྲུག་དགོན་པ་འདེབས་པ་དང་ཐུག་ནས་ཆོས་མང་པོ་ཞུས་ཤིང་ཕྱག་གཡོག་ཀྱང་མཛད། དེ་རྗེས་ཡོལ་གྱི་བཤུང་ལུང་སྤང་ཁར་ཕེབས་ཏེ་ལོ་གསུམ་མཚམས་དམ་པོར་བཅད་ནས་སྒྲུབ་པ་མཛད། བླ་མ་དུར་ཁྲོད་ནག་པོ་ཞེས་བྱ་བའི་རྣལ་འབྱོར་པ་གཅིག་ཀྱང་གདམས་ངག་སྒོ་སྐྱེལ་གྱི་ཚུལ་དུ་ཕེབས་ནས་འཆི་མེད་འཕྲུལ་འཁོར་གྱི་གདམས་པ་གནང་། གཉན་སྟོན་རི་གོང་པ་འདི་ཉིད་ཀྱིས་རྨི་ལམ་བཟུང་ནས་སྲིད་པའི་ལྷ་འདྲེ་དང་། དུ་རའི་བཙན། ཡུལ་ལྷ་ལྡེའུ་སྤང་དཀར། ཁྱད་པར་དུ་ཆུ་བོ་རིའི་སྒོ་བཞི་དང་། གཉན་མཁར་ནག་སོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཁྱུང་དང་ཁྲོ་བོ་དཔག་ཏུ་མེད་པར་སྤྲུལ་ནས་བཏུལ་བས། དེ་རྣམས་ཀྱིས་སྲོག་སྔགས་ཕུལ་ཞིང་དབང་ཞུས་ཏེ་དམ་པའི་ཆོས་ཀྱི་སྒོར་བཙུད། ཡོལ་གྱི་ཕུར་རི་གོང་གི་དགོན་པ་བཏབ་ནས་གདུལ་བྱ་རྣམས་ཤངས་ཆོས་ཀྱི་གདམས་པས་སྨིན་པར་མཛད་མཐར། སྤྱི་ལོ་1255ལོ་ཙམ་ལ་དགོན་གནས་དེ་ཉིད་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས།
Sangyé Tönpa
འགྲོ་མགོན་སངས་རྒྱས་སྟོན་པ།
རྒྱལ་བ་རྡོ་རྗེ་འཆང་ནས་རིམ་པར་བྱོན་པའི་བརྒྱུད་རབས་བདུན་པ་ཆིག་བརྒྱུད་རྡོ་རྗེའི་རྒྱ་བཀྲོལ་པ་པོར་ཡེ་ཤེས་ཀྱི་མཁའ་འགྲོས་ལུང་བསྟན་པ་འགྲོ་མགོན་སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ་ནི་ཁ་རག་རྩའི་སིལ་མར་ ངལ་དཀར་པོའི་རུས་སུ་སྤྱི་ལོ་1213ལོ་ཙམ་ལ་སྐུ་འཁྲུངས། ཇི་སྐད་དུ་གསོལ་འདེབས་སེང་གེའི་སྒྲ་དབྱངས་ལས་ཡ་ངལ་དཀར་པོ་གཤེན་བོན་སྒྲུབ་པའི་བརྒྱུད། །མཁའ་རེག་རྩ་ཡི་སིལ་མར་མཚན་དཔེ་གསལ། སྤྱོད་ལམ་ཀུན་ཏུ་ཆོས་ཀྱི་སྣང་བ་མཆེད། སྔོན་སྦྱངས་བག་ཆགས་སད་ལ་གསོལ་བ་འདེབས་ཞེས་གསལ་བ་ལྟར། ཁོང་ནི་མེས་པོ་ཆེན་པོ་གསལ་བའི་ཁྲི་ལ་སོགས་པའི་བོན་པོའི་དགེ་བཤེས་དང་གྲུབ་ཐོབ་མང་དུ་བྱོན་མྱོང་བའི་བོན་པོའི་རིགས་རྒྱུད་དུ་གཏོགས། འོན་ཀྱང་ཁོང་ཉིད་ཆོས་ལ་མོས་པས་བོན་གྱི་གྲུབ་མཐའ་རྣམ་གསུམ་ལ་མ་ཞུགས་པར་སྤྱོད་ལམ་ཐམས་ཅད་དུ་ཆོས་ཀྱི་སྣང་བ་མཆེད། དགུང་ལོ་བརྒྱད་དགུ་ཙམ་ལ་སོན་སྐབས་ཡི་གེ་འབྲི་ཀློག་ལེགས་པར་བསླབས། དགུང་ལོ་བཅུའི་དུས་སུ་གངས་བཟང་ན་མ་གཅིག་སྤྲུལ་སྐུ་བྱོན་ནས་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར་ཞིང་། ཞལ་གདམས་ཆིག་བརྒྱུད་རྣམས་ཀྱང་གནང་ནས་ལུང་བསྟན་མཛད། དགུང་ལོ་བཅུ་གཅིག་བཅུ་གཉིས་ཙམ་ནས་སྔོན་གྱི་ལས་འཕྲོ་སད་དེ་ངེས་འབྱུང་དང་སྐྱོ་ཤས་ཀྱིས་རབ་ཏུ་གཙེས་པས། རི་དང་གངས་མཐོང་བའམ་དེར་འགྲོ་བའི་དུས་སུ་རི་དྭགས་ཀླུང་ནས་ཐར་བའམ་དྲང་སྲོང་ནགས་ཁྲོད་དུ་སླེབས་པ་ལྟ་བུ་ཞིག་ཏུ་མངོན་གྱི་ཡོད། དགུང་ལོ་བཅུ་གསུམ་ལོན་པའི་ལོ་གསར་གྱི་ཚེས་གསུམ་ལ་བླ་མ་རྩ་རི་རས་པའི་དྲུང་ནས་རབ་ཏུ་བྱུང༌། ཆོས་ཕྱོགས་སུ་བརྩོན་པ་ཆེ་བ་དང་། དགེ་སྦྱོར་སྟོབས་ཀྱིས་གཞན་ཟིལ་གྱིས་ནོན་པས་མཚན་ཡང་བརྩོན་འགྲུས་སེང་གེར་གསོལ། དེ་ནས་སློབ་དཔོན་སྲེགས་ལ་འདུལ་བའི་ཕྲན་རྣམས་དང་། སྤྱོད་འཇུག །དགྱེས་རྡོར། ལམ་འབྲས། རྫོགས་ཆེན་བརྒྱུད་པ་ཐ་མ། ཁ་རག་སྐོར་གསུམ། སྨྲ་སྒོ་ཚོན་ཆ། འཇམ་གསང་རྣམས་གསན། དགུང་ལོ་བཅོ་བརྒྱད་ལ་བཤད་པ་མཛད་པས་ཆོས་མགོ་ཐོན་པར་བྱུང་། བླ་མ་སུམ་པ་རས་པ་ལ་བཀའ་བརྒྱུད་ཀྱི་གདམས་ངག་ནམ་མཁའ་སྒོ་འབྱེད་དང་གཅོད་ཚར་བཅུ་གསུམ་ཞུས་ནས་ཟས་ནོར་དང་ཉམས་ལེན་གྱིས་མཉེས་པར་མཛད། དེ་ནས་བླ་མ་དབུ་མ་པ་ལ་དགྱེས་རྡོར་གྱི་ཁྲིད་དང་། བདག་མེད་མའི་དབང་། ཕག་མོའི་བཅལ་ལུགས་སོགས་དང་། སྟོད་ལུང་གི་ཐག་མ་ལྷ་ཁང་ དུ་བླ་མ་བཟང་ཡུལ་བ་ལ་ཚེ་དཔག་མེད་ཀྱི་དབང་ཞག་བདུན་ཞུས་པས་མྱུར་དུ་འཆི་བའི་ཚེ་ཡང་བསྲིངས། བླ་མ་སྤང་པོ་ཁ་པ་ལ་ཞང་ཚལ་པའི་ཆོས་སྐོར་དང་འཁྲུལ་གཅོད། ཚེ་དཔག་མེད་ཀྱི་ཆིག་སྒྲུབ་ཞུས། དགུང་ལོ་བཅུ་དགུ་པ་ལ་གྲུབ་ཐོབ་བཟང་ཡུལ་པའི་གསུང་བཞིན་མཁན་པོ་ཆོས་རྒྱལ་ཅན་དུ་བསྙེན་པར་རྫོགས། དེ་རྗེས་བླ་མ་གླང་ཕུག་པ་ལས་དབྱར་གཅིག་གི་རིང་འདུལ་བ་དང་། སློབ་དཔོན་ཚོགས་སྟོན་ཤག་ལ་འདུལ་བ་མདོ་རྩག །བླ་མ་ཁྲོ་ཕུ་བ་ལ་ཤྲཱི་རྣམ་གསུམ་གྱི་གདམས་པ། བླ་མ་ས་སྐྱ་པ་ལ་བ་རི་བའི་སྒྲུབ་ཐབས་བརྒྱ་རྩ་དང་། རྣམ་རྒྱལ་རྣམ་འཇོམས། གཙུག་གཏོར། མི་གཡོ་བ། སྒྲོལ་མ། བླ་མ་སྒྲུབ་པ་སོགས། སློབ་དཔོན་གཙང་པ་ལ་དཔའ་བོ་གྲུབ་པའི་རྒྱུད་དང་། གྲྭ་པ་ཧག་དང་གཉན་ཆུང་ལོ་ཙཱ་བའི་གཅོད་རྣམས། སློབ་དཔོན་ཇོ་གདན་ལ་མངོན་པའི་ཕྲན་དང་། གཅོད་ངོམས་ལུགས་རྣམས། བླ་མ་མཁར་རྒྱ་བ་ལ་རྫོགས་པའི་ལུགས་ཀྱི་དགྱེས་རྡོར། གུར། མཚན་བརྗོད་གསང་ལྡན་སོགས། སློབ་དཔོན་ཇོ་རྒྱལ་ལ་གདན་བཞི་ཞུས་པ་སོགས་ཟབ་གསང་གི་གདམས་པ་མཐའ་ཀླས་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད།
དེ་ནས་ཡུན་རིང་པོར་རྩད་བཅད་པ་བཞིན་ཡོལ་ཕུ་རི་གོང་དུ་སྒྱུ་ལུས་རྨི་ལམ་འབྱོངས་པ། ཡི་དམ་ལྷ་ཞལ་མཐོང་བ། མངོན་ཤེས་ཐོགས་མེད་མངའ་བའི་སྦས་པའི་རྣལ་འབྱོར་གཉན་སྟོན་རི་གོང་པའི་སྙན་པ་གསན་ཏེ། སྟོན་ཁ་ཞིག་རི་གོང་དུ་མཇལ་བར་ཕེབས། བླ་མས་སྔོན་ནས་མཁྱེན་པས་བླ་མ་ཀོང་པོ་བ་བྱ་བར་དི་རིང་རབ་གྲོང་ནས་བཙུན་པ་གཅིག་ང་མཇལ་དུ་ཡོང་བར་འདུག །དེས་ངའི་གདམས་ངག་གི་བདག་པོ་བྱེད་པར་འདུག །ཨོ་རྒྱན་དང་ཛ་ལན་དྷ་ར་ཚུན་ཆད་ནས་ཕྱིའི་རྒྱ་མཚོའི་འགྲམ་ཚུན་ཆད་དུ་ཆོས་ཀྱིས་ཁྱབ་ནས་འགྲོ་བར་འདུག །ད་ནང་ཆོས་སྐྱོང་དང་དཔའ་བོ་མཁའ་འགྲོ་དུ་མ་བསུ་བ་བྱེད་དུ་སོང་ཞེས་གསུངས་ནས་སེ་མའི་ན་ཁ་བར་བསུར་བཏང་། བླ་མ་དང་མཇལ་ནས་ཐོག་མར་ཐབས་ལམ་དང་སྒྱུ་ལུས་གཉིས་ཀྱི་སྔོན་འགྲོ་བཏབ་སྟེ་ཐབས་ལམ་གྱི་ཁྲིད་བསྐྱངས་པས་ཞག་བཅུ་གཅིག་ནས་རས་ཐུབ་པ་བྱུང་། བླ་མས་ཁོང་ཉིད་སྐྱེ་བ་ཕྱི་མ་ཤར་ཕྱོགས་དག་པའི་ཞིང་ཁམས་མེ་ཏོག་བཀྲམ་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་པདྨོའི་དཔལ་ཅེས་བྱ་བར་འཚང་རྒྱ་བའི་ལུང་ཡང་བསྟན། དེ་ནས་སྒྱུ་ལུས་རྨི་ལམ་གྱི་ཁྲིད་བསྐྱངས་པས་ཞག་ཉི་ཤུ་རྩ་ལྔ་ལ་སྦྱོང་སྤེལ་སྤྲུལ་བསྒྱུར་ཐམས་ཅད་དུས་གཅིག་ལ་བྱུང་། ཁོང་གིས་ཐོགས་རྡུགས་མེད་པའི་རྨི་ལམ་གྱི་རྩལ་ལ་བརྟེན་ནས་དཀར་ཆུང་རྒྱལ་པོ་ སོགས་ཀྱི་མི་མ་ཡིན་མང་དག་ཅིག་ཀྱང་བཏུལ་བར་མཛད།
དེ་ནས་བྲག་དགོན་དུ་མཚམས་ལ་ཞུགས་པའི་ཐོ་རངས་ཤིག་རྨི་ལམ་བཟུང་ནས་བྲག་ལོགས་ལ་ཕར་ཐལ་ཚུར་ཐལ་དུ་སྦྱངས། ཡང་ཐེངས་ཤིག་བྲག་དགོན་དུ་མཁའ་སྤྱོད་དཀར་དམར་མཐིང་གསུམ་གྱི་ཞལ་ཡང་གཟིགས་པ་སོགས་དག་སྣང་རྒྱན་གྱི་འཁོར་ལོར་མངའ་དབང་འབྱོར། དེར་བརྟེན་སྟག་ཚང་རྫོང་པའི་རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བར་ཁོང་ལ་བྲག་དགོན་པ་ཆོས་རྗེ་སངས་རྒྱས་སྟོན་པ་ཞེས་ཀྱང་འབོད། དེ་རྗེས་ཟད་པར་ས་ཆུ་མེ་རླུང་དུ་སྤྲུལ་བས་དེར་གྱུར་ནས་སོང་། ང་འཆི་ས་ཡང་གོང་མོའི་སྐད་ཐོས་ས་ཞིག་ཏུ་བྱེད་གསུངས། སྐུ་གཤེགས་ཁར་སྔོན་གྱི་འཕྲིན་ལས་ཀྱིས་ཤངས་སུ་བྱོན་ནས་བླ་མ་ཤངས་པའི་དུས་ཀྱི་རྟེན་རྣམས་ལ་ཕྱག་དང་མཆོད་པ་མཛད། རྟེན་ཕྱག་ན་བཞུགས་པ་རྣམས་བདག་པོ་ལ་གཏོད་ཟེར་ནས་བླ་མ་ཤངས་པའི་རྟེན་ངོ་མཚར་ཅན་མང་པོ་ལག་ཏུ་བྱོན། བླ་མ་སངས་རྒྱས་གཉན་སྟོན་གྱིས་ཁྱོད་འཆི་ས་ངའི་སྐུ་འབུམ་མཐོང་ས་ཞིག་ཏུ་གྱིས་ཞེས་གསུངས་པ་བཞིན་ཡོལ་རི་གོང་གི་བླ་མའི་སྐུ་འབུམ་དྲུང་དུ་དགུང་ལོ་བདུན་ཅུ་རྩ་གཉིས་ལ་ཕེབས་པ་སྟེ་སྤྱི་ལོ་1285ལོ་ཙམ་ལ་གཟུགས་སྐུའི་བཀོད་པ་ཡོངས་སུ་བསྡུས།
འདི་ཉིད་ཀྱི་སློབ་མ་མཆོག་གསུམ་སྟེ་མཁས་གྲུབ་གཙང་མ་ཤངས་སྟོན། གནས་རྙིང་པ་ཨ་ཡི་སེང་གེ མཁས་བཙུན་གཞོན་ནུ་གྲུབ་བཅས་ལ་ཤངས་ཆོས་ཀྱི་གདམས་པ་རྫོགས་པར་བསྩལ་བ་དང་། སློབ་མ་གཞན་ཡང་རྨོག་ལྕོག་རིན་ཆེན་བློ་གྲོས་སོགས་མང་དུ་བྱུང་བས། དཔལ་ལྡན་ཤངས་པའི་བསྟན་པ་སྟོད་མངའ་རིས་ཞོག །སྨད་མདོ་ཁམས། བར་དབུས་གཙང་ལ་སོགས་པར་རྒྱ་ཆེར་དར། རི་གོང་གི་གདན་ས་དེ་ཉིད་ནས་གྲྭ་པ་ཁྲི་ཚོ་ལྔ་ལན་ལྔ་སྐྱེས་ཏེ་ཤངས་པའི་བསྟན་པ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་པར་མཛད།
དེ་ལྟར་གསོལ་འདེབས་ཨུ་དུམྦ་རའི་འཛུམ་ཟེར་དུ་རྒྱལ་ཚབ་དམ་པ་ཆོས་ཀྱི་གདུང་འཛིན་པ། རྨོག་ལྕོག་སྐྱེར་སྒང་གཉན་སྟོན་འགྲོ་མགོན་སོགས། །སྲིད་མཐའི་བྱང་སེམས་དུ་མ་རིམ་བྱོན་ཏེ། ས་སྟེང་གྲུབ་པས་བཀང་ལ་གསོལ་བ་འདེབས་ ཞེས་འཁོད་པ་ལྟར་མཁས་གྲུབ་ཁྱུང་པོའི་རྗེས་སུ་ཆིག་བརྒྱུད་གདམས་པའི་བརྒྱུད་ཕྲེང་རིན་པོ་ཆེ་སྣ་བདུན་ལས་ཆོས་རྗེ་རྨོག་ལྕོག་པ་དང༌། དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། འགྲོ་མགོན་སངས་རྒྱས་སྟོན་པ་རྣམས་རིམ་པར་བྱོན་ནས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་དབྱར་གྱི་མཚོ་བཞིན་བླ་ནས་བླ་རུ་སྤེལ་བར་མཛད།
II.2.1.2 The close disciples of Khyungpo Neljor
གཉིས། མཁས་གྲུབ་ཁྱུང་པོའི་དངོས་སློབ་ཀྱི་སྐོར།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་ལ་མ་ཕེབས་གོང་བོན་གྱི་སློབ་མ་གཙོ་ཆེ་བ་བདུན་བརྒྱ་དང༌། སྔ་འགྱུར་རྙིང་མའི་སློབ་མ་གཙོ་ཆེ་བ་སུམ་བརྒྱ་ཡོད་པ་དེ་དག་འགའ་ཞིག་གཞིར་བྱས་ནས། ཐེངས་གཉིས་པར་རྒྱ་གར་དུ་ཕེབས་སྐབས་མང་ཡུལ་སྐྱིད་གྲོང་དུ་ཕེབས་སྐྱེལ་ལ་བྱོན་པའི་སློབ་མ་ཆིག་སྟོང་ལྔ་བརྒྱ་འདུས་ཡོད། དེ་ནས་འཕན་ཡུལ་འཆད་ཁ་དགོན་ཕྱག་བཏབ་རྗེས་མཁས་གྲུབ་ཁྱུང་པོའི་བརྒྱུད་འཛིན་གྲྭ་སློབ་ཉིས་སྟོང་ཙམ་ཟིན་པ། དེ་ནི་དགེ་བཤེས་གླང་རི་ཐང་པའི་གྲྭ་སློབ་ཀྱི་ཚོགས་པའི་གྲངས་དང་མཉམ་པ་ཡིན། དེ་ནས་འགོ་བཙུགས་ཏེ་བླ་མ་དང་ཡི་དམ་གྱིས་ལུང་བསྟན་པའི་གནས་ཞོང་ཞོང་གི་གཙུག་ལག་ཁང་དུ་རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱི་སྲངས། འབྲས་བུ་གཞན་དོན་གྱི་སྤྱོད་པ་གསུམ་གྱིས་དབུས་གཙང་ཁམས་གསུམ་གྱི་གྲྭ་སློབ་རྣམས་ལ་དཀར་པོའི་ཆོས་ཀྱི་གནང་སྦྱིན་ལེགས་པར་བསྩལ་བས། ཤིང་སྣ་འཛོམས་སར་བྱ་རིགས་མང་ཞེས་པའི་དཔེ་ལྟར་ཡོངས་གྲགས་སུ་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་ཙམ་གྱི་བར་མང་དུ་འདུས་ནས་ཤངས་ཆོས་བརྒྱུད་འཛིན་པའི་དཔུང་ཁག་སྟོབས་ཆེར་བཏང་ཡོད། གྲྭ་སློབ་དེ་དག་གི་འབོར་གྲངས་ཀྱང་དེང་རྣམ་གླིང་རྫོང་ཡོངས་ཀྱི་མི་འབོར་དང་། མངའ་རིས་ས་གནས་ཡོངས་ཀྱི་མི་འབོར་དང་གྲངས་མཉམ། མཁས་གྲུབ་ཁྱུང་པོ་བྱོན་དུས་ཀྱི་བོད་སིལ་བུའི་མཇུག་ཏུ་ཆོས་རྗེ་འབྲོམ་སྟོན་པས་མཛད་པའི་མི་རྩིས་ལྟར་ན་སྐབས་དེར་བོད་ལ་ཁྱོན་མི་འབོར་ས་ཡ་བཅུ་ཙམ་ཡོད་པར་བཞེད་པ་ལས། མཁས་གྲུབ་ཁྱུང་པོའི་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་དེ་ལྟར་ན་ཤངས་ཆོས་འཛིན་པའི་གྲྭ་སློབ་ཁོ་ནས་སྐབས་དེའི་བོད་ཀྱི་མི་འབོར་ཁྱོན་ཡོངས་ཀྱི་ཧ་ལམ་0.8%དང་། ཡང་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དུ་དེ་ནས་ཚོགས་པའི་མཐར་ཐུག་ཁྲི་ཚོ་བཅོ་བརྒྱད་ལ་ནི་ལོ་དུ་མར་ཆོས་མང་པོ་བསྟན་ཞེས་ཚོགས་པའི་མཐར་ཐུག་ཁྲི་ཚོ་བཅོ་བརྒྱད་ཅེས་འཁོད་པ་ལྟར་ན་སྐབས་དེའི་བོད་ཀྱི་མི་འབོར་ཁྱོན་ཡོངས་ཀྱི་ཧ་ལམ་1.8%ཟིན་ཡོད།
དེ་ལྟར་མཁས་གྲུབ་ཁྱུང་པོའི་རྣམ་ཐར་དྲི་མེད་སྐྱོང་བའི་དད་པ་བརྩོན་འགྲུས་དང་ལྡན་པ། རྒྱུད་སྡེའི་དབང་བསྐུར་ཀུན་ཚང་བ། སྙིང་རྗེ་ཤེས་རབ་ཀྱིས་ཕྱུག་པ། རྗེས་གནང་སྒྲུབ་ཐབས་ལ་མཁས་པ་བཅས་མཚན་ཉིད་བཞི་ལྡན་གྱི་སློབ་མ་དགེ་བའི་བཤེས་གཉེན་ཁྲི་ཕྲག་བརྒྱད་དང་ཚོགས་པའི་མཐར་ཐུག་ཁྲི་ཚོ་བཅོ་བརྒྱད་ལ་སོགས་ཤངས་ཆོས་འཛིན་པའི་སྐྱེས་བུ་ས་ཆེན་པོའི་རྡུལ་དང་མཉམ་པ་བྱོན་པའི་ནང་། གཙོ་ཆེར་སློབ་མའི་མཐར་ཐུག་དྲུག་སྟེ། ཡོན་ཏན་སྐྱེས་པའི་ས་གཞི་ལ་དྲི་མེད་ཤེས་རབ་ཀྱི་སྡོང་པོ་འཇམ་དཔལ་དབྱངས་དང་འཇིགས་བྱེད་ལ་མངའ་བརྙེས་པའི་རྨེའུ་སྟོན་པ་སྐྱེས། ཕན་སེམས་ཀྱི་ཡལ་གས་བྱམས་པ་ལ་ཆོས་གསན་པའི་བྱང་ཆུབ་སེམས་དཔའ་གཡོར་པོ་རྒྱ་མོ་ཆེ། ཚད་མེད་པའི་སྙིང་རྗེ་ཆེན་པོའི་ཡལ་འདབ་རྒྱས་པ་སྤྱན་རས་གཟིགས་དང་དབྱེར་མེད་པའི་དངུལ་སྟོན་རིན་དབང་། བྱམས་པ་ཕྱོགས་མེད་དུ་ཤར་བའི་བདེ་མཆོག་དང་མགོན་པོའི་བདག་ཉིད་ལ་སྟོད་པ་དཀོན་མཆོག་མཁར། ལྷ་སྐུ་འོད་གསལ་དབྱེར་མེད་ཀྱི་སྙིང་པོ་མངོན་དུ་གྱུར་ཅིང་མཁའ་འགྲོ་དངོས་སུ་འདུ་བའི་རྟོགས་ལྡན་ཞང་སྒོམ་ཆོས་སེང་། སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་པའི་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་བཅས་སྔ་བུ་ལྔ་དང་ཕྱིས་བུ་གཅིག་ལ་སོགས་པས་ས་ཕྱོགས་མང་པོར་ཤངས་ཆོས་ཉམས་ལེན་དང་གདམས་པ་སྤེལ་བ་སྟེ།
རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱིས་བླ་མ་ཁྱུང་པོ་ཁྱོན་ལོ་དྲུག་དང་ཟླ་བ་བདུན་བསྟེན་ཞིང་། ཤངས་ལྷ་ཕུ་རྨོག་ལྕོག་དགོན་དང་ལྐུགས་ལུང་དགོན་གཉིས་སུ་བུ་སློབ་ཀྱི་ཚོགས་པ་བསྐྱངས་ནས་ཤངས་ཆོས་དར་ཁྱབ་ཆེས་ཆེར་མཛད་པ་གོང་དུ་བཤད་ཟིན་པ་དང་།
རྟོགས་ལྡན་ཞང་སྒོམ་ཆོས་སེང་གིས་བླ་མ་ཤངས་པ་ཁྱོན་ལོ་བཅུ་གཉིས་བསྟེན་ཞིང་ཟབ་དགུའི་གདམས་པ་རྒྱ་ཆེར་མནོས། ཕྱིས་གནམ་མཚོའི་དོ་ལ་ལོ་བདུན། བྱ་དུར་དང་ཐང་ལྷའི་མགུལ་སྒྲགས་པ་ལ་ལོ་ལྔ་བཞུགས་ནས་གདམས་དོན་ཇི་བཞིན་ཉམས་ལེན་མཛད་པས་གནས་ལུགས་ཀྱི་སྦས་དོན་རྗེན་པར་གཟིགས། རྡོ་རྗེ་རྣལ་འབྱོར་མས་མི་བཞིན་དུ་ལབ་པ་དང་། མགོན་པོ་ཕྱག་དྲུག་པ་སོགས་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། སྐུ་ཚེའི་མཇུག་ཏུ་བྱང་རྩེ་ལྡིང་ དུ་ཡུན་རིང་བཞུགས་ནས་སློབ་མ་བསྐྱངས་ཏེ་ཤངས་ཆོས་སྤེལ།
ལ་སྟོད་པ་དཀོན་མཆོག་མཁར་ནི་སྤྱི་ལོ་1048ལོར་དབྱིལ་གྱི་གདུང་རུས་སུ། ཡབ་དབྱིལ་ཞང་ཁྲོམ་རིན་ཆེན་འབྱུང་གནས་སམ་སྔགས་འཆང་རིན་ཆེན་འབྱུང་གནས་དང་། དེའི་ཇོ་མོ་གཞོན་པར་གནོད་སྦྱིན་བུ་ལིའི་གངས་འདབས་ཀྱི་ལྷ་སྡིངས་བྱང་ཆུབ་གླིང་གི་ནུབ་ཕྱོགས། དེང་གཅུང་རི་བོ་ཆེ་ཡུལ་ཤོག་ཁོངས་ཐུབ་མདོ་གྲོང་ཚོར་སྐུ་འཁྲུངས། འབྲེ་ཆེན་ཤེས་རབ་འབར་གྱི་སྙན་པ་གསན་པས་ཡབ་ཀྱིས་དཀོན་མཆོག་མཁར་སྐུ་མཆེད་གསུམ་པོ་རབ་ཏུ་འབྱུང་བར་བརྫངས་པ་བཞིན། མྱང་གི་བྱེ་མདར་འབྲེ་ཆེན་པོ་ལས་རབ་ཏུ་བྱུང་། སྔར་གྱི་བག་ཆགས་སད་པའི་སྟོབས་ཀྱིས་མཁན་པོ་འབྲེ་ཆེན་པོའི་སྐུའི་ཡོན་ཏན་མཐའ་དག་ཐུགས་སུ་ཆུད་ནས་མཁས་པའི་གྲགས་པ་ཀུན་ལ་ཁྱབ། དེ་རྗེས་ཁྱུང་རིན་ཆེན་གྲགས་དང་། ས་སྐྱ་ཀུན་དགའ་སྙིང་པོ་སོགས་བླ་མ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་གཞུང་རྒྱ་ཆེར་གསན་པས། རྗེ་བཙུན་ཀུན་དགའ་སྙིང་པོའི་ཕྱོགས་ཀྱི་མཁས་གྲུབ་བཞིའི་ཡ་གྱལ་དུ་གྱུར། གནས་རྙིང་མཁན་པོ་དཀོན་སེང་གི་སྐུའི་གཅེན་པོ་ཡིན། ཁོང་གིས་ལ་སྟོད་དང་ཉང་གཉིས་ལ་དགོན་གནས་མང་དུ་བཏབ་སྟེ་མགོན་པོ་སྟོད་ལུགས་སོགས་ཤངས་པའི་ཆོས་སྐོར་སྤེལ་བར་མཛད་ལ། ལ་སྟོད་གནས་རྙིང་གི་གདུང་རབས་ལ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བརྒྱད་ཅུ་རྩ་བརྒྱད་བྱོན་པ་ལས་ཕྱིས་ཀྱི་གདུང་རབས་འགས་ཤངས་ཆོས་སྐོར་ཅིག་ཉམས་ལེན་དང་དར་ཁྱབ་རྒྱ་ཆེར་མཛད། ཁོང་ལ་དཔལ་ཕག་མོ་གྲུ་པ་དང་། གྲུབ་ཐོབ་ཉི་ཕུག་པ་ཆོས་ཀྱི་གྲགས་པ། མཁན་པོ་དབང་ཕྱུག་རིན་ཆེན་སོགས་བསམ་གྱིས་མི་ཁྱབ་པའི་སློབ་མ་མང་། མཐར་དགུང་གྲངས་གོ་དགུར་ཕེབས་པ་སྤྱི་ལོ་1147ལོར་རང་གིས་བཏབ་པའི་དགོན་པ་གནས་གསར་རམ་གནས་གོག་ཏུ་གཤེགས། སྐུ་གདུང་ཧྲིལ་པོ་ཐོག་མར་གནས་རྙིང་དང་ཉེ་བའི་ལྷོ་ངོས་ཀྱི་གནས་གོག་ལྷ་ཁང་གི་མཆོད་རྟེན་གཅིག་ཏུ་བཞུགས་ཀྱང་། ད་ལྟ་མཆོད་རྟེན་གྱི་ཤུལ་ཙམ་ལས་སྐུ་གདུང་མཇལ་རྒྱུ་མི་འདུག
སྤྱིར་ལ་སྟོད་པ་དཀོན་མཆོག་མཁར་ལ་བཀའ་བབས་པའི་ནི་གུ་ཆོས་དྲུག་གི་དབང་བྱིན་རླབས་ཁྲིད་བཅས་དང་འབྲེལ་བ་བཀའ་སྲུང་མགོན་པོའི་སྐོར་ལ། བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས། གྲིབ་སེལ། གནས་དབབ་ལྷ་བཞི་བླ་མར་དྲིལ་ནས་སྒྲུབ་པ། མགོན་མཐིང་། གཏོར་དབང་བར་ཆད་ཀུན་སེལ། མགོན་དཀར་ཡིད་བཞིན་ནོར་བུ། མགོན་དམར་དབང་གི་རྒྱལ་པོ། མགོན་ལྗང་ཚེའི་བདག་པོ། མགོན་སེར་གུར་ཀུམ་མདོག་ཅན། མགོན་པོ་འཆིང་ཁ། གསང་སྒྲུབ་ཡུམ་ཅན་མགོན་པོ་སོགས་མགོན་བཀའ་བཅུ་གསུམ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད། རཱ་ཧུ་ལ་ནས་བརྒྱུད་པའི་སྐུ་དངོས་ལ་བསྟེན་པའི་ལྔ་ཁྲིད། མེ་ཏྲི་པ་ནས་བརྒྱུད་པའི་འཁོར་ལོ་བཞི་ཁྲིད། ཡང་མཻ་ཏྲི་པ་ནས་བརྒྱུད་པའི་མཁའ་སྤྱོད་དཀར་མོ་དང་མགོན་དཀར་ཡིད་བཞིན་ནོར་བུ་གཉིས་ཀྱི་འཁོར་ལོ་བཞི་ལ་བརྟེན་པའི་ཚེ་ཁྲིད་སོགས་མཐའ་ཡས་སོ།།
༤ མཁས་པ་ཕྱ་གཡོར་གཉིས་ཞེས་གྲགས་པའི་ཡ་གྱལ་དགེ་བཤེས་གཡོར་པོ་རྒྱ་མོ་ཆེས་སྟོད་ལུང་སོགས་དབུས་ཁུལ་གྱི་ས་ཆ་འགར་བཞུགས་ནས་ཤངས་ཆོས་སྤེལ། ལྷག་པར་ཕར་ཕྱིན་ཐེག་པར་མཁས་པའི་དགེ་བཤེས་འདི་ཉིད་ཀྱིས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལོ་ལྔ་ཙམ་རྗེས་སུ་བཟུང་ནས་ཕར་ཕྱིན་དང་། སྤྱོད་བསྡུས་སོགས་འཆད་ཁྲིད་མཛད། ཁོང་གི་མཛད་རྣམ་ཞིབ་པ་ད་ཕན་མ་རྙེད།
དངུལ་སྟོན་རིན་དབང་ནི་མཁས་གྲུབ་ཁྱུང་པོ་ཐེངས་གསུམ་པར་རྒྱ་གར་ནས་བོད་དུ་ཕྱིར་ལོག་ཕེབས་རྗེས། མངའ་རིས་ནས་སྙེ་མོར་གདན་དྲངས་ཏེ་ཆོས་འཁོར་འཛུགས་མཁན་གྱི་སྒོ་མོའི་ཇོ་བཙུན་ཁྱུང་པོ་དང་། དངུལ་བཙུན་ཀྲོངས་པོ་གཉིས་ལས། ཕྱི་མ་དངུལ་བཙུན་ཀྲོངས་པོ་ཞེས་པ་དེ་མིན་ནམ་སྙམ། མཛད་རྣམ་གཞན་མ་མཇལ།
རྨེའུ་སྟོན་པ་སྐྱེས། འདི་ཉིད་ཀྱི་མཛད་རྣམ་ཞིབ་པ་ད་ཕན་མ་མཐོང་ཡང་། ཁོང་ནི་བོན་གྱི་གདུང་རྒྱུད་ཆེ་བ་དྲུག་གི་ནང་གསེས་མཁས་པ་རྨེའུ་ཡི་རིགས་སུ་གཏོགས་པར་སེམས། གང་ལགས་ཤེ་ན། གཅིག་ནས་མཁས་གྲུབ་ཁྱུང་པོ་རང་ཉིད་སྐུ་ཚེའི་སྟོད་དུ་བོན་ཆོས་ལ་ཞུགས་པ་དེས་རྐྱེན་པས། ཁམས་ཁུལ་གྱི་བོན་པོའི་གྲྭ་སློབ་འགའ་ཞིག་ཀྱང་ཞོང་ཞོང་དུ་མཁས་གྲུབ་ཁྱུང་པོའི་སྤྱན་སྔར་བྱོན་ནས་ཤངས་པ་བཀའ་བརྒྱུད་ཉམས་ལེན་གནང་སྲོལ་བྱུང་ཡོད་པ་དང་། གཉིས་ནས་མེའུ་སྟོན་ལྷ་རི་གཉན་པོས་ཤངས་གུར་ཞོག་དགོན་ཕྱག་བཏབ་པ་དང་། རྨེའུ་སྟོན་དམ་པ་དགོངས་མཛད་ཀྱིས་དཀར་པོ་བྲག་དང་བྲག་དཀར་སྒྲུབ་སྡེ་སོགས་སུ་བཞུགས་ནས་བོན་གྱི་བསྟན་པ་སྤེལ་བ། གསུམ་ནས་རྨེའུ་སྟོན་ཡེ་ཤེས་རྒྱལ་མཚན་དང་རྨེའུ་སྟོན་ཡེ་ཤེས་གཡུང་དྲུང་སོགས་རྨེའུ་ཡི་བརྒྱུད་འཛིན་པ་དེ་དག་གིས་མཛད་པ་སྐྱོང་སའི་གནས་གཞི་ཡང་སྤྱིར་ཞོང་ཞོང་གིས་ལྟེ་བར་བྱས་པའི་ས་རྣམས་སུ་འཁེལ་བའི་དབང་གིས་རྨེའུ་སྟོན་པ་སྐྱེས་ཞེས་པ་འདི་ཉིད་ཀྱང་རྨེའུ་ཡི་རིགས་སུ་གཏོགས་ཀྱང་། སྐབས་དེར་ཤངས་ཁུལ་དུ་ཁྱུང་པོ་ཉིད་གྲགས་ཆེ་བས་ཤངས་ཆོས་ཉམས་སུ་ལེན་ཏེ་འཇམ་དཔལ་དབྱངས་དང་འཇིགས་བྱེད་ལ་མངའ་བརྙེས་ཤིང་མཁས་གྲུབ་ཁྱུང་པོའི་ཉེ་གནས་གཙོ་བོའི་གྲས་སུ་གྱུར་པ་ཡིན། གཞན་ཡང་སྨན་རིའི་སློབ་དཔོན་བསྟན་འཛིན་རྣམ་དག་གིས་དགའ་ལྡན་ཆོས་འཁོར་གྱི་ཤར་ཕྱོགས་གཤང་ཆུའི་ཕར་ཁ་ན། རྨེའུ་ཚང་གི་གདན་ས་གཤང་གི་ཞོང་ཞོང་ཚལ་ཞེས་པ་དེ་འདུག་ཅེས་གསུངས་པས་ཀྱང་། མཁས་གྲུབ་ཁྱུང་པོས་དགོན་གནས་མ་བཏབ་གོང་སྐབས་ཤིག་རིང་ཞོང་ཞོང་དུ་རྨེའུ་ཡི་གདན་ས་ཡོད་པ་ལས་ཀྱང་ཤེས་རྟོགས་ཐུབ།
དེ་ལྟར་མཁས་གྲུབ་ཁྱུང་པོའི་དངོས་སློབ་ཀྱི་སྤྱིའི་གྲངས་ཚད་རགས་ཙམ་འཁོད་ཀྱང༌། མཛད་རྣམ་ཁུངས་མ་རྣམས་སུ་མཚན་གསལ་བར་འཁོད་པའི་སློབ་མ་ནི། སྔ་བུ་ལྔ་དང་ཕྱི་བུ་གཅིག་ཕུད་གཞན་ཡང་། རོང་པོ་དགེ་བ་རྒྱལ། བོན་ཞང་བདེ་བ་དཔལ། དགེ་བཤེས་རོང་པོ་དཀོན་རྒྱལ། ཉེ་གནས་རིན་ཆེན་རྡོ་རྗེ། དགེ་བཤེས་འགའ་པ་ཆོས་རྒྱལ་སོགས་སློབ་མ་ལྔ་ཙམ་དང་། གནས་རྙིང་གྱེན་ཐོར་མཁན་པོ་དབང་ཕྱུག་རིན་ཆེན་པས་ཤངས་པ་དུ་གུ་བ་ལ་ཆོས་སྐྱོང་གི་སྐོར་མཐའ་དག་གསན་ཞེས་འཁོད་པ་ལྟར། གནས་རྙིང་གི་མཁན་པོ་དབང་ཕྱུག་རིན་ཆེན་གྱིས་ཀྱང་མཁས་གྲུབ་ཁྱུང་པོའི་ཞབས་ལ་གཏུགས་ཏེ་ཆོས་སྐྱོང་གི་སྐོར་སོགས་གསན་མྱོང་བ། ཡང་དངུལ་ཆུ་དྷརྨ་བྷ་དྲའི་གསུང་འབུམ་དུ་ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དུ་གྲགས་པ་དེ་ཉིད་ལ་གངས་ཅན་གྱི་ལྗོངས་འདིར་སློབ་མའི་གཙོ་བོ་བཀའ་བབས་གསུམ་བྱུང་བ་སྟེ། ནེ་གུ་ཆོས་དྲུག་གི་བཀའ་བབས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། ཡེ་ཤེས་མགོན་པོའི་བཀའ་བབས་ལ་སྟོད་པ་དཀོན་མཆོག་མཁར། ཉམས་དང་རྟོགས་པའི་བཀའ་བབས་ཁྱུང་པོ་བྱས་བརྟེན་ཞེས་འཁོད་པ་ལྟར་མཁས་གྲུབ་ཁྱུང་པོའི་བཀའ་བབས་འཛིན་པའི་དངོས་སློབ་གལ་ཆེའི་གྲས་སུ་ཁྱུང་པོ་བྱས་བརྟེན་ཞེས་པ་ཞིག་ཀྱང་ཡོད་པ། དེ་མིན་དཔལ་རྒྱུད་སྡེ་ལྔའི་ཆོ་ག་དོན་གསལ་རྒྱས་བྱེད་དུ་རྒྱུད་སྡེ་ལྔ་བླ་མ་རཱ་ཧུ་ལ་ནས་མཁས་གྲུབ་ཁྱུང་པོར་བརྒྱུད་པའི་རིམ་པ་གསུངས་སྐབས། མཁས་གྲུབ་ཁྱུང་པོས་སྣེའུ་སྟོན་པ་ཡོན་ཏན་ཚུལ་ཁྲིམས་ལ་དངོས་སུ་བརྒྱུད་པའི་སྐོར་གསལ་བ་སོགས་ལས་མཁན་པོ་དབང་ཕྱུག་རིན་ཆེན་དང་། ཁྱུང་པོ་བྱས་བརྟེན། སྣེའུ་སྟོན་པ་ཡོན་ཏན་ཚུལ་ཁྲིམས་བཅས་ཀྱང་མཁས་གྲུབ་ཁྱུང་པོའི་དངོས་སློབ་ཡིན་པ་ཤེས་རྟོགས་ཐུབ། མཁས་གྲུབ་ཁྱུང་པོ་སྐུ་གཤེགས་རྗེས་སློབ་མ་གཙོ་བོ་མང་ཆེ་བ་ཞོང་ཞོང་དུ་མ་བཞུགས་པར་དབུས་གཙང་ཁུལ་གྱིས་གཙོས་པའི་ས་ཆ་མང་པོར་བྱོན་ཏེ། བླ་མ་ཤངས་པའི་གདམས་པ་རྣམས་གདུལ་བྱ་ཅི་རིགས་ལ་གསུངས་ནས་ཤངས་ཆོས་རྒྱ་ཆེར་སྤེལ། དེར་བརྟེན་མཁས་གྲུབ་ཁྱུང་པོ་སྐུ་གཤེགས་པ་དེས་ཞོང་ཞོང་གི་དགོན་གནས་ཉམས་རྒུད་དང་ཤངས་ཆོས་ཀྱི་སྟོབས་ཤུགས་མུ་མཐུད་གོང་འཕེལ་གཏོང་བར་ཚབས་ཆེའི་གྱོང་གུན་བཟོས་ཀྱང་། ཕྱོགས་གཅིག་ནས་བརྗོད་ན་དེས་ཤངས་པའི་ཆོས་བརྒྱུད་འདི་ཉིད་ཡུལ་ལུང་གཅིག་གཙོ་བོར་སློབ་གཉེར་དང་ཉམས་ལེན་བྱེད་པའི་བཀག་རྒྱ་ལས་གྲོལ་ཏེ་བོད་ཀྱི་ས་ཆ་མི་འདྲ་བར་ཁྱབ་བརྡལ་དུ་འགྲོ་རྒྱུར་སྔོན་འགྲོའི་ཆ་རྐྱེན་ལེགས་པར་བསྐྲུན་ནོ།
II.2.1.3 The later Seven Jewels of the lineage
།གསུམ། རིན་ཆེན་བདུན་བརྒྱུད་ཕྱི་མའི་སྐོར།
རིན་ཆེན་བདུན་བརྒྱུད་ཕྱི་མ་ནི། འགྲོ་མགོན་སངས་རྒྱས་སྟོན་པའི་སློབ་མ་མཁས་གྲུབ་གཙང་མ་ཤངས་སྟོན་དང་། ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ། རས་ཆེན་སངས་རྒྱས་སེང་གེ ཤངས་དཀར་རིན་ཆེན་རྒྱལ་མཚན། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན་བཅས་ཏེ།
Tsangma Shangtön
མཁས་གྲུབ་གཙང་མ་ཤངས་སྟོན།
མཁས་གྲུབ་ཤངས་སྟོན་ནི་ཁོང་རྒྱང་ཡང་སྒང་སྟེ་དེང་གཞིས་རྩེ་རྣམ་གླིང་རྫོང་སྟག་སྣ་ཡུལ་ཤོག་ཁོ་ལམ་ཚོན་ཁོང་རྒྱང་གྲོང་ཚོའི་ལྟག་ཏུ་ཡབ་དཔོན་པོ་དཀོན་བཟང་དང་ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་སྤྱི་ལོ་1234ལོར་བཀྲ་ཤིས་པའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། གདུང་རུས་ནི་བླ་མ་རྭ་ལོ་སོགས་དང་མཚུངས་པར་རྭ་ཡི་རིགས་ཡིན། ཡུམ་གྱི་ལྷུམས་སུ་ཞུགས་པ་ན། ཡབ་ཡུམ་བདེ་སྐྱིད་དང་ལྡན་པར་འགྱུར། སྐུ་ན་ཆུང་ངུའི་དུས་ནས་སྔོན་གྱི་བག་ཆགས་སད་པའི་སྟོབས་ཀྱིས་འདོད་པར་རྐམས་ཆགས་མེད་པ། འཁོར་བའི་ཉེས་དམིགས་གཟིགས་པ། འཆི་བ་མི་རྟག་དྲན་པ། དད་སེམས་སྙིང་རྗེ་ཆེ་བ། མཆོག་གསུམ་བླ་མར་གུས་པ་སོགས་ཀྱི་བྱིས་པའི་སྤྱོད་པ་ལས་ཡོངས་སུ་འདས། དགུང་ལོ་བརྒྱད་དགུའི་དུས་སུ་ཡེ་གེ་འབྲི་ཀློག་བསླབས། བཅུ་གསུམ་ལ་བླ་མ་ཉི་ཐོག་པ་ལས་རབ་ཏུ་བྱུང༌། སློབ་དཔོན་ཚུལ་ཤེ་དང་སློབ་དཔོན་ཤཱཀྱ་འབུམ་ལས་ཕར་ཕྱིན་དང་སྤྱོད་འཇུག་གསན། དགུང་ལོ་བཅོ་བརྒྱད་ལ་གཞུང་དེ་གཉིས་ཀྱི་བཤད་པ་ཡང་མཛད། སློབ་དཔོན་ཚུལ་ཡེས་ཚད་མ་རྣམ་ངེས་ ཀྱི་གཞུང་ཁྲིད་སྐབས། ཡིག་ཕྲེང་དང་པོ་དེ་གསུངས་པ་དང་ཤོག་ངོས་དེ་ཐམས་ཅད་བདེ་བླག་ཏུ་གོ་བ་བྱུང་བས་དཀའ་ཚེགས་མེད་པར་མཁྱེན་ཞིང་སྟོན་པ་བཟང་པོར་གྲགས་སོ།
།དེ་ནས་བླ་མ་བས་སྟོན་ལྷ་རིན་ལ་དགྱེས་རྡོར་སྒྲུབ་ཐབས་དང་བཅས་པ། བདེ་མཆོག་དྲིལ་བུ་བ། རྗེ་བཙུན་སྒྲོལ་མ། ཕྱག་ན་རྡོ་རྗེའི་མདོ་ལུགས་སོགས་ཀྱི་དབང་བསྐུར་དང་བཅས་པ་ཞུས་ནས་ཐུགས་སུ་ཆུད་པར་མཛད། གཡའ་ལུང་དགོན་གསར་བའི་མཁན་པོ་ལས་བཀའ་གདམས་ལམ་རིམ་དང་། ལམ་སྒྲོན། བྱང་ཆུབ་སེམས་དཔའི་བློ་སྦྱོང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཤེས་རབ་སྙིང་པོའི་སྒྲུབ་ཐབས་ལ་སོགས་པ་མང་དུ་ཞུས། མདོ་བོ་རུ་བླ་མ་ཀརྨ་པ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། སྐུ་གསུམ་ངོ་སྤྲོད། རླུང་སེམས་དབྱེར་མེད། བསམ་གཏན་མཐུན་འཇོག་ལ་སོགས་པ་ཞུས། ཡབ་ཡུམ་འདས་རྗེས་ཡུལ་གཞིས་བཙོངས་ནས་ལུང་པའི་སྟོན་ཁོངས་ལ་ཁལ་འགྱེད་དང་ཟོང་འགྱེད་ལན་བཅུ་གཅིག་མཛད་ནས་ཆགས་མེད་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྤྱད། ཆོས་ཞུ་སའི་བླ་མ་རྣམས་ལ་ཟང་ཟིང་གི་འབུལ་བ་དང་མོས་གུས་ཀྱི་སྒྲུབ་པ་ལ་སོགས་པའི་མཉེས་པ་གསུམ་གྱིས་མཉེས་པར་མཛད། ཀུ་རེ་དང་ཀྱལ་ཀའི་ཕྱིར་ཡང་བླ་མའི་གསུང་ཟློག་མ་མྱོང་།
དེ་རྗེས་ཡོལ་ཕུ་རི་གོང་དུ་སངས་རྒྱས་སྟོན་པ་བྱ་བའི་བླ་མ་རྟོགས་ལྡན་གྲུབ་ཐོབ་བཟང་པོ་ཞིག་བཞུགས་ཟེར་བ་ཐོས་པ་ཙམ་ནས་སྔོན་གྱི་ལས་འཕྲོ་སད་དེ་མོས་གུས་ཆེན་པོ་སྐྱེས། བླ་མའི་ཞལ་མཇལ་བ་ཙམ་གྱིས་སྤྱན་ཆབ་རང་དབང་མེད་པར་ཤོར་ཞིང་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། དུས་དེ་ཉིད་དུ་དགེ་སྦྱོར་བཟང་པོ་ཉམས་སུ་ཤར། བླ་མས་སྒྱུ་ལུས་རྨི་ལམ་སྤྱིའི་དབང་བསྐུར་ཏེ་ཆོས་དྲུག་གི་ཁྲིད་བསྐྱངས། ཐབས་ལམ་ལ་བདེ་དྲོད་འབར་བས་ཞག་བདུན་ནས་རས་ཐུབ་པ་བྱུང་། སྒྱུ་ལུས་འབྲིང་པོ་ཞག་གསུམ་སྒོམ་པའི་དུས། རྨི་ལམ་དུ་ལྷ་སྐུ་རང་ཤར། རྨི་ལམ་རང་ཟིན། སྒྱུ་མ་རང་ཤར། སྦྱོང་སྤེལ་སྤྲུལ་བསྒྱུར་ཐམས་ཅད་དུས་གཅིག་ལ་ནུས་པར་བྱུང་། བླ་མས་ང་བས་ཀྱང་ཁྱོད་དགེ་སྦྱོར་སྐྱེ་ཚུལ་བཟང་བར་འདུག །དོན་ཁྲིད་ལེགས་པར་ཐོབ་པ་ཡིན། ད་ཆོས་དྲུག་ཤར་བཤད་པས་ཆོག་པར་འདུག་ཅེས་གསུངས། དེས་ན་མཁས་གྲུབ་ཤངས་སྟོན་དེ་ཉིད་སྒྱུ་ལུས་འབྲིང་པོ་ལ་དགེ་སྦྱོར་ཐག་ཆོད་པ་ཡིན། གཞན་ཡང་སེམས་འཆི་མེད་ལ་དུས་ཡུན་ཟླ་བ་ལྔ་ཞུས་པས་ལྷ་སྐུ་རང་ཤར་དུ་ཕལ་ཆེར་བྱུང༌། ཡང་དབྱར་དུས་ཤིག་ཡོལ་རི་གོང་དུ་དགེ་སྦྱོར་འཇུར་པོ་བྱས་པས་སྐུ་ལུས་ཤ་དཔངས་བསྟོད་ཅིང་སྐྲངས་ནས་རླུང་སྐྱ་རྦབ་བྱུང་བ་ལ། བླ་མས་ལུས་འཆི་མེད་ཀྱི་འཕྲུལ་འཁོར་གནང་བས་ལེགས་པར་ཕན། དེ་ལྟར་སྔ་རྗེས་སུ་བླ་མ་སངས་རྒྱས་སྟོན་པས་ཆོས་དྲུག་སོ་སོའི་དབང་དང་། མཁའ་སྤྱོད་དཀར་དམར། བདེ་མཆོག་ལྷ་ལྔ། རྒྱུད་སྡེ་ལྔའི་དབང་བསྐུར་སྒྲུབ་ཐབས་དང་བཅས་པ། ཚེ་དཔག་མེད་ཀྱི་དབང་སྒྲུབ་ཐབས་དང་བཅས་པ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་མོ་དང་རྟ་མགྲིན་གསང་སྒྲུབ། མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར། བདེ་མཆོག་མཁའ་སྤྱོད་རིག་འཛིན་སོགས་ཤངས་པའི་ཟབ་ཆོས་མ་ལུས་རྫོགས་པར་བསྩལ་ཞིང་ཆིག་བརྒྱུད་གདམས་པའི་རྒྱལ་ཚབ་ཏུ་བསྐོས། མཁས་གྲུབ་འདི་ཉིད་ཀྱི་ཁྱད་དུ་འཕགས་པའི་ཡོན་ཏན་ལ་ཆོས་རྗེ་སངས་རྒྱས་སྟོན་པས་ཀྱང་འབྲི་གུང་ཁྲི་ཚོ་བཅོ་བརྒྱད་ཀྱི་གསེབ་ན་འོ་ཅག་གི་ཤངས་སྟོན་ཙམ་ཞིག་ཡོད་དམ་མེད་དམ་ཞེས་པ་ལ་སོགས་པའི་བསྔགས་པ་ཡང་ཡང་མཛད་ལ། མཁས་གྲུབ་ཤངས་སྟོན་ཉིད་བཅུ་བཞིའི་ས་ཐོབ་པ་དང་། སློབ་མ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་དག་པ་བདེ་སྟོང་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན།
མཁས་གྲུབ་ཤངས་སྟོན་གྱིས་རང་ཉིད་ཀྱི་གཅུང་པོ་ཚུལ་ཁྲིམས་དཔལ་ཡང་ཡབ་ཀྱིས་གཉེན་བསྒྲིགས་པ་བཤིག་སྟེ། བཙུན་པ་བྱེད་དུ་བཅུག་ནས་ཆོས་རྗེ་སངས་རྒྱས་སྟོན་པ་ལ་ཆོས་དྲུག་གི་ཁྲིད་ཞུས་པས། ཐབས་ལམ་ལ་དགེ་སྦྱོར་ཐག་ཆོད་པའི་སྒོམ་བཟང་པོ་བྱུང༌། ཡང་ཐེངས་ཤིག་ཡོལ་རི་གོང་དུ་གཞུང་བྲག་དམར་བའི་བླ་མ་རས་པ་དཀོན་མཆོག་སྐྱབས་ཆོས་རྗེ་སངས་རྒྱས་སྟོན་པ་ལ་ཆོས་ཞུ་རུ་བྱུང་བ་ལ་རྫོགས་ཆེན་སྙིང་ཏིག་ཞུས་པས། ལྟ་སྟངས་བྱས་མ་ཐག་ནམ་མཁའ་ཐམས་ཅད་ཁྲ་མིག་ཏུ་ཤིག་གེར་སོང་བས། ཁྲི་མིག་རེ་རེའི་ནང་ན་ཇོ་བོ་ཐུགས་རྗེ་ཆེན་པོ་རེ་རེ་བཞུགས་པ་ཞལ་གཟིགས། ཙ་རིར་སྐུ་ལུས་ལ་གེགས་ཤིག་བྱུང་བ་རྒན་མོ་ལྷས་པའི་བླ་མ་ཁམས་པ་ལ་ལམ་འབྲས་ཀྱི་གེགས་སེལ་ཞུས་པས་ཞག་ཉི་ཤུ་རྩ་ལྔར་གེགས་ཐོན། དེ་ལས་ལམ་འབྲས་ཞ་མ་ལུགས་ཀྱི་དབང་དང་། བཀའ་དང་བརྒྱུད་པའི་ལོ་རྒྱུས། གེགས་སེལ་ཐུགས་རྒྱུད། དམིགས་པ་རྒྱ་མཚོ། རྒྱུད་དྲག་པོ་གསུམ་འདུལ་སོགས་ཀྱི་གདམས་པ་མང་དུ་ཞུས། འཇག་ཆུང་དུ་བཞུགས་པའི་དུས་སུ། རང་གི་ལུས་པོ་ཁོང་རྒྱང་ལུང་པར་མ་ཤོང་བར་སྐུ་སྨད་ལུང་པས་བསྡམས་ནས་སྐུ་སྟོད་ཡན་ཆད་ནམ་མཁའ་ལ་ཡར་རྒྱང་ངེ་ཐོན་པའི་སྣང་བ་བྱུང་། ས་གཞི་དང་བར་སྣང་ཐམས་ཅད་ལྷ་སྐུ་ཁྲུ་རེ་ཙམ་མང་པོས་ཁྲིག་པ་ཡང་བདེ་མཆོག་ལྷན་སྐྱེས་དང་ཤཱཀྱ་ཐུབ་པ་ཆུ་ལོན་མ་མང་པོ་ཡོད་པ་ལོ་གསུམ་གྱི་རིང་འཇག་ཆུང་དུ་བབས་ནས། ཆུ་ལོན་སྐབས་སུ་ཡང་རྐང་འོག་ཏུ་མ་རྫི་བའི་ཕྱིར་ཕར་གཡོལ་ཚུར་གཡོལ་བྱེད་དགོས་ཀྱི་ཡོད། ལྷག་པར་ཕྱིར་མི་ལྡོག་པའི་ས་ནོན་པའི་རྟགས་སུ། རིགས་དྲུག་གི་གནས་སྐྱོང་ཐམས་ཅད་ཤར་བ་དང༌། མངོན་རྟོགས་རྒྱན་ལས་ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་ཞེས་གསལ་བ་ལྟར་སྐུ་ལ་འབུ་སྲིན་དང་སྲོ་ཤིག་ནག་སྦག་ལ་སོགས་པ་མི་གཙང་བའི་རྣམ་པ་གང་ཡང་མེད་པ་སྐུ་གཟི་གདངས་དང་ལྡན་པ། ཞལ་མཇལ་བ་ཙམ་གྱིས་དང་བ་འདྲེན་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་འགྲོ་མགོན་གཙང་མ་ཞེས་གྲགས་སོ།
།མཁས་གྲུབ་ཤངས་སྟོན་ངང་སྡེའི་འཁྲིས་ཀྱི་བྲག་ལ་བཞུགས་པའི་དུས་སུ། མཁའ་ལ་རོལ་མོའི་སྒྲ་ཆེན་པོ་ཞིག་གྲགས་པ་དང་མི་དཀར་པོ་ཞིག་བྱུང་ནས་ཡར་འདེང་ཞེས་བརྗོད་པ་ལྟར་བྱས་པས་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས་པ་དང་གསུང་བྱོན་ཞིང་བྱིན་རླབས་ཀྱང་མཛད། གཉན་ཁྲོད་རྣམས་སུ་གཅོད་མཛད་པའི་དུས་སུ། དངོས་སུ་ཟབ་རྡེག་པ་དང༌། རྡོ་ཆར་འབེབས་པ་དང་། འདྲུད་པ་དང་། སྙིང་རླུང་བཟོད་གླགས་མེད་པ་ལ་སོགས་བྱུང་ཡང་གཅོད་མ་ཆོད་པ་དང་། ལྷ་འདྲེ་ཟིལ་གྱིས་མ་ནོན་པ། དབང་དུ་མ་འདུས་པ་དང་། དམ་ལ་མ་ཐོགས་པ་གཅིག་ཀྱང་མ་བྱུང་། མཁས་གྲུབ་ཤངས་སྟོན་གྱི་ལྗགས་རྩོམ་སྐོར་ལ། ཚད་མའི་བསྟན་བཅོས་སྒྱུ་མ་གསལ་བྱེད་ཆོས་དྲུག་དྲིལ་དོན་མ་འཆི་བ་བདུན་མ་ཐུགས་ལ་འཁྲུངས་པའི་ཉམས་དབྱངས་མཁར་དཔེ་མ་དང་། ཆོས་དབྱིངས་རྣམ་དག་མ་སོགས་ཕུལ་དུ་བྱུང་བ་མང་ཡང་། ད་ཕན་དེ་དག་གི་དཔེ་མ་མཇལ། དེ་ལྟར་བླ་མ་གོང་མའི་ལུང་བསྟན་འཁོར་གྱི་ཐོག་མ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། རྒྱས་སྲས་ཀུན་གྱི་ཐུ་བོ། ལྷར་བཅས་འགྲོ་བའི་གཙུག་རྒྱན། ས་གསུམ་ན་འགྲན་ཟླ་བྲལ་བའི་བདག་ཉིད། ཐར་འདོད་རྣམས་ཀྱི་སྐྱབས་དམ་པ་མཁས་གྲུབ་གཙང་མ་ཤངས་སྟོན་འདི་ཉིད་ཀྱི་ནང་སེམས་ཀྱི་མྱོང་རྟོགས་རི་རབ་ཀྱི་རྩེ་མོར་སོན་ཡང་རྣམ་པ་ཀུན་དུ་རང་རྒྱུད་ཐ་མལ་པའི་ཚུལ་བཟུང་ནས་ཡོན་ཏན་ཐམས་ཅད་སྦས་པའི་རྣལ་འབྱོར་མཛད། ལྷག་པར་དུ་རང་ལ་མངའ་བའི་རྒྱུ་ནོར་ཡོད་ཚད་དགེ་ཕྱོགས་སུ་བཏང་ནས། དངོས་པོ་གཅིག་ཀྱང་མ་ལེན་པའི་དམ་བཅའ་མཛད། ཁོང་དགུང་ལོ་བདུན་ཅུ་དོན་དྲུག་ལ་ཕེབས་པ་སྤྱི་ལོ་1309ལོར་བདེ་བར་གཤེགས་སྐབས་སུ་ཡང་རྒོད་པོ་བྲག་སྟེང་ནས་འཕུར་བ་བཞིན་བཞུགས་གདན་དང་ན་བཟའ་ཕྲུགས་གཅིག་མ་གཏོགས། ཡོ་བྱད་གཞན་གང་ཡང་བཟུང་མེད་པ་ནི་ངོ་མཚར་ཆེ་བ་ཡིན། མཁས་གྲུབ་ཤངས་སྟོན་སྐུ་འདས་རྗེས་མཁས་བཙུན་རྒྱལ་མཚན་འབུམ་གྱི་རྨི་ལམ་དུ་བྱོན་ནས་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཞིག་བསྣམས་ཏེ། བརྒྱུད་པ་མི་ཉམས་པར་བྱ་བའི་དོན་དུ་དབང་ཞུ་མགོ་ལ་བསྐོན་ནས་ཤངས་ཆོས་ཀྱི་བདག་པོར་བསྐོས།
Khyungpo Tsültrim Gönpo
ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ།
དེ་ཡང་བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་ལས་བསམ་བཞིན་སྲིད་པར་སྐུ་སྤྲུལ་ནས། །འཁོར་བ་དོང་སྤྲུགས་སེམས་དཔའ་ཆེ། །ཁྱུང་པོ་གཉིས་པར་གྲགས་པ་ཡི། །ཚུལ་ཁྲིམས་མགོན་པོའི་ཞབས་ལ་འདུད་ཅེས་འཁོད་པ་བཞིན། ཤངས་པ་རིན་ཆེན་བདུན་བརྒྱུད་ཕྱི་མའི་དང་པོ། མཁས་གྲུབ་གཙང་མ་ཤངས་སྟོན་གྱི་སློབ་མ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ནི། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་ཙམ་དུ། ཤངས་ཀྱི་སྐྱ་རར་ ཁྱུང་པོའི་རིགས་སུ་ཡབ་དཔོན་པོ་མགོན་ནེ་དང་ཡུམ་གྱིར་གྱི་ཕྱུག་མོ་ཀུན་ལྡན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གྲུབ་ཆེན་ཨོ་རྒྱན་པ་སྐྱ་རར་ཕེབས་པའི་དུས་ཤིག་སྐུ་ཉེ་རྣམས་ཀྱིས་སྐྱ་རའི་དཔོན་གྱིས་ཟེར་བ་ལ་མ་གསན་པར་ཁྱིམ་ལས་བྲོས་ཏེ་འཇག་ཆུང་དུ་ཕེབས། སྐབས་དེར་བླ་མ་ཤངས་སྟོན་ལ་མཁས་གྲུབ་ཁྱུང་པོ་མཇལ་བ་རྨིས་པས། ཁོང་གིས་ཁྱོད་རང་གི་ཆོས་ཚོ་ཚང་བར་གཏད་ཀྱི་གསུངས་ནས་དགེ་བསྙེན་བྱས། མིང་ཚུལ་ཁྲིམས་མགོན་པོར་བཏགས་ཞེས་འཁོད་པ་ལྟར། བླ་མ་ཤངས་སྟོན་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། ཚིག་གསལ་ཐེམ་ཡིགའབྱམས་གཅོད་རྩ་འགྲེལ། སྒྱུ་ལུས་ཀྱི་སྦྱང་པ་རྣམ་གསུམ། འཆུག་མེད་བར་དོ་གསུམ་གྱི་གདམས་པ། འོད་གསལ་འཆར་སྒོ་ངོས་འཛིན། སྒྱུ་ལུས་དྲུག་ལྡན། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། གེགས་སེལ་རིན་ཆེན་སྒྲོན་མེ། མཁའ་སྤྱོད་དཀར་དམར་སོགས་ཤངས་ཆོས་ཀྱི་གདམས་ངག་མཐའ་དག་རྫོགས་པར་ཞུས། ཤངས་སུ་བྲེ་རྫིང་ཇོ་གདན་ཚོགས་པའི་མཁན་པོ་ཚུལ་ཁྲིམས་དཔལ་གྱི་མཁན་པོ་དང་། མཁས་བཙུན་དགེ་འདུན་རྒྱ་མཚོས་སློབ་དཔོན་མཛད་ནས་མཉམ་མེད་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང༌། མཁས་གྲུབ་ཤངས་སྟོན་སྐུ་གཤེགས་རྗེས་ཐུགས་དགོངས་གར་རྫོགས་ཀྱི་གསོལ་འདེབས་ལ་སོགས་པ་ཆག་མེད་དུ་མཛད། དེ་ནས་འཇག་ཆུང་དུ་དབུ་སྔས་ཐོག་ཏུ་མི་འཇོག་པའི་དམ་བཅའ་མཛད་དེ་སྒྲུབ་པ་ལ་རྩེ་གཅིག་ཏུ་ཞུགས། དེའི་སྐབས་མཁས་གྲུབ་ཤངས་སྟོན་རྨི་ལམ་དུ་བྱོན་ནས། སྐུའི་བཀོད་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རུས་པ་དང་རིན་པོ་ཆེའི་རྒྱན་དུ་མ་བསྣམས་པ། རིན་པོ་ཆེའི་གདན་ཁྲི་ལ་སོགས་ངོ་མཚར་བའི་བཀོད་པ་དཔག་མེད་བསྟན་ནས། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་བཀའ་འདིས་གཞན་ལ་ཕན་པའི་རྟེན་འབྲེལ་མང་པོ་མཛད། སྐབས་དེ་དུས་གེགས་ཀྱང་མང་པོ་བྱུང་བས། མཚུར་ཕུར་ཀརྨ་རང་བྱུང་རྡོ་རྗེ་དང་ཞལ་མཇལ་ཞིང་མོས་གུས་ཁྱད་པར་ཅན་སྐྱེས། གེགས་ཕལ་ཆེར་ལས་གྲོལ། མཚུར་ཕུ་དགོན་དུ་གཞུ་དགེ་འདུན་སྒང་པའི་མཁན་པོ་གཞོན་ནུ་བྱང་ཆུབ་དང་། ལས་སློབ་བྱང་ཆུབ་མགོན། གསང་སྟེ་སྟོན་པ་བསོད་རིན། དད་པའི་ཁ་སྐོང་དགེ་འདུན་བཅུའི་དབུས་སུ་བསྙེན་པར་རྫོགས། དེ་རྗེས་ནས་ཁལ་གཅིག་གིས་རྩམ་པ་བྱས་ནས་ཤངས་ཕུའི་ལྷ་ལུང་ དུ་བཞུགས་པའི་དུས་རྩོལ་བཅས་རྩོལ་མེད་ཀྱི་དགེ་སྦྱོར་བློ་ཐག་ཆོད་པ་བྱུང་། ཤངས་ཕུར་ལོ་ཉི་ཤུ་རྩ་ལྔ་བཞུགས་པ་དང་། དགུང་ལོ་བཅུར་ཕེབས་སྐབས་སུ་སྐྱ་ར་བའི་རྒན་རྒོན་གཉིས་ལ་བུ་གཉིས་ཡོད་པ་ཟླ་བ་གཉིས་སོང་བ་དང་ཤི་བས། རྒན་རྒོན་སྨྱོ་སྟེ་མི་ལ་སོགས་པ་གང་མཐོང་བ་ལ་བུ་བུ་ཟེར་ནས་འགྲོ་བ། ཆུ་ལ་མི་བྱིང་མ་འཁྱེར་བ་དང་གཡང་དུ་ལྷུང་ཡང་མི་གནོད་པར་སྡུག་བསྔལ་གྱིས་གཙེས་པས། ཡུལ་མི་གཉེན་ཚན་རྣམས་གྲོས་བྱས་ནས་ཁོང་གི་རྩར་བསྐྱལ་བ་ཟླ་བ་གཅིག་ནས་སྨྱོ་ནད་དང་སྡུག་བསྔལ་སངས། སྨྱོ་ནད་དང་ནད་གདོན་ཅན་ལ་ཁྲིད་བཏབ་པས་ཕན་པ་དུ་མ་བྱུང༌། དེ་རྗེས་ཀརྨ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་སྐུ་འཁྲུངས་པ་གསན་ནས་མཚུར་ཕུ་དགོན་དུ་མཇལ་བར་ཕེབས། ཀརྨ་རོལ་པའི་རྡོ་རྗེའི་དྲུང་ནས་དབང་བསྐུར་དང་ཆོས་མང་དུ་གསན། ཞ་ལུར་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཆོས་འབྲེལ་ཞུས་ཤིང་། འཛད་དུ་རྒྱལ་སྲས་རྔུལ་ཆུ་ཐོགས་མེད་ལས་འཇུག་པ་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། སྙིང་པོ་དོན་གསུམ། རྟེན་འབྲེལ་སྙིང་པོ་ལ་སོགས་པ་མང་དུ་ཞུས། ཕྱག་རྫས་ཅི་བྱུང་ཕལ་ཆེར་སྒོམ་ཆེན་པ་ལ་ནོར་གྱི་དགོས་པ་མེད་གསུང་ཞིང་། སྒོམ་ཆེན་པ་ལ་ཁང་པ་བཟང་པོ་མི་དགོས། སྤང་སྤྱིལ་དང་། ས་ཕུག་དང་བྲག་ཕུག་ཏུ་འཆི་རྒྱུ་ཡིན་གསུངས་ནས་ཡབ་ཡུམ་གྱི་གཤེགས་རྫོང་དང༌། ཉམས་ཆུང་ལ་སྦྱིན་པ། མ་ཎི་དུང་ཕྱུར་སུམ་ཅུ་མཛད་པ། སྤོང་ཐག་བཟང་པོ་ལན་གསུམ། དེ་བཞིན་སངས་རྒྱས་ཀྱི་དུས་མཆོད་དང་། ཆོས་རྗེ་རང་བྱུང་རྡོ་རྗེ། འཇག་པ་ཡབ་སྲས། རྒྱལ་སྲས་རྔུལ་ཆུ་ཐོགས་མེད་རྣམས་ཀྱི་དུས་མཆོད་ལ་ཆགས་མེད་བཏང༌། བདེ་ཆེན་གཟིམ་ཁང་ལ་སོགས་ཀྱི་དབེན་གནས་རྣམས་སུ་གཤེགས་དགོངས་ཀྱང་། ཡོན་བདག་བཟང་པོ་དང་གྲྭ་རིས་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་གཞན་དུ་མ་གཤེགས། སྐུ་འདའ་ཁར་ངའི་ཕུང་པོ་འདི་ཞག་བདུན་ཞོག་ལ་དེ་ནས་མེ་ལ་བསྲེག །ཡང་ན་བྱ་ལ་སྦྱིན་གསུངས་ནས། སྟག་ལོའི་ས་ག་ཟླ་བ་ལ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དགའ་ལྡན་གྱི་གནས་སུ་གཤེགས། སྤུར་མ་ཞུ་ན་བྱིན་རླབས་ཆེ་གསུངས་ནས་བདག་ཆེན་པས་ཟངས་ཀྱི་གའུའི་ནང་དུ་བཞུགས་སུ་བཅུག །སྤུར་ཁང་ཞལ་ཕྱེ་བའི་དུས་རིང་བསྲེལ་ལ་སོགས་པའི་རྟེན་མང་དུ་བྱོན། སྐུ་འབུམ་ལ་བསྐོར་བ་བྱས་པས་ཕྱུགས་ལུག་གི་ནད་ཆད་པ་ལ་སོགས་བྱུང་། རས་ཆེན་སངས་རྒྱས་སེང་གེ་ལ་སོགས་པའི་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད།
Sangyé Sengé
རས་ཆེན་སངས་རྒྱས་སེང་གེ
རྣལ་འབྱོར་གྱི་དབང་ཕྱུག་རས་ཆེན་སངས་རྒྱས་སེང་གེའམ་བྱ་བྲལ་རི་ཁྲོད་རས་ཆེན་ནི་མདོ་ཁམས་ཆོས་གླིང་དུ་ཡབ་ཨ་ཡུལ་(འགར་ཨ་སུ་ར་ཞེས་འཁོད་)དང༌། ཡུམ་ངག་ཁེགས་(འགར་ཁ་ཁེང་ཞེས་འཁོད་)གཉིས་ལ་སྲས་མིང་སྲིང་ལྔ་ཡོད་པའི་ཆེ་ཤོས་སུ་སྐུ་འཁྲུངས། ཡབ་མེས་རྣམས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་བརྒྱུད་པ་ཡིན་པས་རྣལ་འབྱོར་པའི་ཆ་ལུགས་འཛིན། དགུང་ལོ་བཞི་པ་ལ་རྨི་ལམ་ལེགས་པར་ཟིན། དགུ་ལོ་དྲུག་པ་ལ་སྐུ་མཆེད་གཉིས་ཆུ་ལེན་དུ་འགྲོ་དུས་འུར་རྡོ་ཞིག་རྙེད། འུར་རྡོ་དེ་སྐུ་མཆེད་གཞན་དེས་ཁོང་གི་ཞབས་ལ་འཕངས་པས། ཡུན་རིང་ན་སྟེ་རྐང་པ་ཡང་ཁྱོག །ཕ་མས་གཉེན་སྒྲིག་བྱ་རྒྱུའི་གྲབས་བྱས་ཡོད་ཀྱང་གཉེན་ཞིག །དགུང་ལོ་དགུ་པ་ལ་རབ་ཏུ་བྱུང་། མཚན་སངས་རྒྱས་སེང་གེར་གསོལ། དགུང་ལོ་བཅུ་གཉིས་ལ་སོན་སྐབས་བརྟག་གཉིས་ཀྱི་བཤད་ཁྲིད་དང་། བཅོ་བརྒྱད་པ་ལ་སྤྱོད་འཇུག་གི་བཤད་པ་མཛད། ཕར་ཕྱིན་ཡང་བློ་ལ་ཡོད་གསུངས། དགུང་ལོ་བཅུ་དགུར་ཕེབས་སྐབས་མཚུར་ཕུར་ལོ་གཅིག་བཞུགས་ཏེ་གཅོད་ཉམས་ལེན་གནང་། དེ་རྗེས་ས་སྐྱར་ཕེབས་ཏེ་མཁན་ཆེན་གནས་དྲུག་པ་ལས་རྣམ་འགྲེལ་གྱི་གཞུང་གསན་ཞིང་། ལོ་ཉི་ཤུ་རྩ་བརྒྱད་སོང་བ་དང་རྣམ་འགྲེལ་གྱི་གྲྭ་སྐོར་འཁོར། འབྲི་གུང་དུ་ཆོས་རྗེ་མཁས་གྲུབ་པའི་སློབ་མ། ཁོང་གི་གྲོགས་པོ་བླ་མ་བློ་བཟང་དང་འཕྲད་ནས་ནི་གུ་ཆོས་དྲུག་གི་ཆོས་བཀའ་གནང་བས་དགེ་སྦྱོར་བཟང་པོ་སྐྱེས་སྟབས། བླ་མ་བློ་བཟང་པས་ཁྱོད་ལ་དགེ་སྦྱོར་ཕུན་སུམ་ཚོགས་པོ་འོང་བར་འདུག་པས་ཤངས་སུ་ངའི་བླ་མ་ཚུལ་ཁྲིམས་མགོན་པོ་ཟེར་བའི་གྲུབ་ཐོབ་གཅིག་ཡོད་པ་དེའི་དྲུང་དུ་སོང་ལ་ཆོས་ཞུས་གསུངས། དེ་ལྟར་ཤངས་སུ་ཕེབས་ནས་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་དྲུང་དུ་ཐོག་མར་གཏུམ་མོ་ཉམས་བཞེས་གནང་བ་ཞག་བདུན་ནས་རས་ཐུབ་པ་བྱུང་། ད་ཐམས་ཅད་བཤད་པས་ཆོག་གསུངས་ཏེ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་བླ་མ་ཤངས་སྟོན་བར་གྱི་རྣམ་ཐར་དང་། སྒྱུ་མ་ལམ་རིམ་རྩ་འགྲེལ། བདེ་མཆོག་ལྷ་ལྔའི་དབང་། ཆོས་དྲུག་སོ་སོའི་བཀའ་དྲུག །མཁའ་སྤྱོད་དཀར་དམར་དབང་བཀལ། སེམས་འཆི་མེད་ཀྱི་བཀའ། འཆུག་མེད་ལམ་འཁྱེར་གསུམ་གྱི་བཀའ། ཆོས་དྲུག་གི་ཚིག་རྐང་ཚིག་གསལ་ཐེམ་ཡིག །ནི་གུའི་དམིགས་པ་བསྐོར་གསུམ། ཁྱད་འཕགས་གདམས་པ་བཅོ་ལྔ། འོད་གསལ་འཆར་སྒོ་ངོས་འཛིན། དུག་གསུམ་དག་བྱེད་བདུད་རྩི། སྒྱུ་ལུས་འཛིན་པ་རང་གྲོལ། ཞུས་ལན་རིན་ཆེན་སྒྲོན་མེ། ཉམས་མྱོང་མ་རིག་མུན་སེལ། རྟ་མགྲིན་གསང་སྒྲུབ། ཡེ་ཤེས་མགོན་པོའི་སྐོར་སོགས་ཤངས་པའི་ཆོས་སྐོར་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཤངས་པའི་བརྒྱུད་འཛིན་དུ་གྱུར་པ་ཡང་། གསོལ་འདེབས་གསང་བའི་སྒྲ་དབྱངས་ལས་ཁྱད་པར་ཁྱུང་པོ་གསུམ་པའི་ཞབས་པདྨོ། །མི་ཕྱེད་གུས་པས་གཙུག་གིས་རྒྱན་དུ་བཀོད། མཉེས་པ་རྣམ་དགུའི་ཟབ་གསང་བཅུད་མནོས་ཏེ། །རྒྱལ་བའི་གདུང་འཛིན་གྱུར་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་རོ།
།བླ་ལ་གནས་དྲུག་པ་གཤེགས་རྗེས་ས་སྐྱར་ཕེབས་ནས་ཅུང་ཟད་བཞུགས་ཀྱང་། རང་གཞན་གྱི་ཟག་པ་འཕེལ་འགྲོ་བར་དགོངས་ཏེ་ཤངས་སུ་ཕེབས། གཏུམ་མོའི་ཡོན་ཏན་གྱིས་རྟ་ལས་མགྱོགས་པ་བྱུང༌། དེ་རྗེས་རིན་སྤུངས་སུ་ཕེབས། གཏུམ་མོའི་ཡོན་ཏན་ལ་མངའ་བརྙེས་པས་མི་རྣམས་ཐམས་ཅད་ངོ་མཚར་སྐྱེས་ཤིང་། སྔར་གནོད་པ་བྱེད་མཁན་རྣམས་ཀྱིས་ཀྱང་བཤགས་པ་ཕུལ། ཆོས་རྗེ་མཁས་གྲུབ་པས་སློབ་དཔོན་ཁམས་པ་ངའི་ཤུལ་འདི་ཁྱོད་ཀྱིས་བཟུང་དགོས་ཞེས་གསུངས་པ་དང་། གཞན་ཡང་བུ་སློབ་མང་པོས་ཞུ་བ་ཕུལ་བ་བཞིན་དབོན་གནས་བདེ་ཆེན་གྱི་བདག་པོ་དང་འཛིན་སྐྱོང་མཛད། དགུང་ལོ་དྲུག་ཅུ་རེ་དགུ་པ་སྟེ་ཕག་ལོའི་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ཉིན་སྐུ་མྱ་ངན་ལས་འདས། གདུང་བཞུའི་དུས་མེ་ཏོག་གི་ཆར་སོགས་སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་མཐའ་ཡས་བྱོན་པ་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར།
གཞན་ཡང་དགོན་གོང་གི་ལོ་རྒྱུས་མདོ་ཙམ་ཞེས་པ་ལས་དགོན་འདི་(དགོན་པ་གོང་)ལས་ཐོན་པའི་སྐྱེས་བུ་དམ་པ་མཚན་སྙན་ཆེ་བ་ཡང་སྨད་ཁང་པ་གྲགས་པ་བཟང་པོ་དང་། དུས་ཕྱིར་མི་དབང་ཕོ་ལྷའི་བླ་མ་ཤངས་པ་རས་ཆེན་ཟེར་བ་ཞིག་ཡོད། དེས་བཞེངས་པའི་སེར་ཟངས་ཀྱི་གན་ཇི་ར་ལྷ་ཁང་ཆེན་པོའི་ཡང་སྟེང་དུ་ཡོད་ཅེས་འཁོད་པར་གཞིགས་ན། དགོན་འདིའི་ལྷ་ཁང་ཆེན་མོའི་ཡང་སྟེང་དུ་གསེར་ཟངས་ཀྱི་གན་ཇི་ར་བཞེངས་གནང་མཁན་མི་དབང་ཕོ་ལྷའི་བླ་མ་ཤངས་པ་རས་ཆེན་ཟེར་བ་ཞིག་འདུག་པ་དེ་ནི། རས་ཆེན་སངས་རྒྱས་སེང་གེ་འདི་ཉིད་ལ་གོ་ན་མི་འགྲིག་སྟེ། རས་ཆེན་སངས་རྒྱས་སེང་གེའི་འཁྲུངས་ལོ་གསལ་བར་མ་ངེས་ཀྱང་། སྤྱིར་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་བྱོན་པ་དང༌། མི་དབང་ཕོ་ལྷ་ནི་དེའི་རྗེས་ཀྱི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་བྱོན་པ་ཞིག་ཡིན་ལ། དེའི་བླ་མ་ཤངས་པ་རས་ཆེན་ཟེར་བ་དེ་ཡང་མི་དབང་ཕོ་ལྷ་ཉིད་དང་དུས་མཚུངས་པས་མི་ལོ་ཉིས་བརྒྱ་ལྷག་གི་ཧེ་བག་ཡོད་པས་སོ།།
Shangkarwa Rinchen Gyeltsen
ཤངས་དཀར་བ་རིན་ཆེན་རྒྱལ་མཚན།
ཤངས་དཀར་བ་རིན་ཆེན་རྒྱལ་མཚན་ནི་རབ་བྱུང་དྲུག་པའི་ཆུ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་1353ལོར་ཡབ་བདག་པོ་བཞི་ཐོགས་པ་མཁས་བཙུན་ཆེན་པོའི་ཡིག་མཁན་དབོན་ཡིག་བཟང་པོ་དཔལ་དང་། ཡུམ་ཇོ་སྲས་མ་དཔལ་ཆེན་གཉིས་ཀྱི་སྲས་སུ་ཤངས་ཁུལ་དུ་ཁྱུང་པོ་ཚུལ་ཁྲིམས་མགོན་གྱི་འཁྲུངས་ཡུལ་སྐྱ་ར་དང་ཐག་ཉེ་བར་སྐུ་འཁྲུངས། དགུང་ལོ་གསུམ་ལ་ཕེབས་སྐབས་ཡབ་ཡུམ་གཉིས་ཀ་འདས་པས། ཁུ་བོ་འདུལ་འཛིན་པ་རིན་ཆེན་འོད་མཛེས་དང་། ཤཱཀྱ་སེངྒེ་གཉིས་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་ལ་སོགས་པའི་སྦྱངས་པ་མཛད། དགུང་ལོ་བརྒྱད་ལ་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཉིས་པ་ལ་དཔལ་ཟམ་འཚེར་ གྱི་གཙུག་ལག་ཁང་དུ་མཁན་པོ་མཛེས་པ་རྒྱལ་མཚན་དང་། སློབ་དཔོན་འདུལ་འཛིན་པ་ཤཱཀྱ་དཔལ་གཉིས་ལས་རབ་ཏུ་བྱུང་། མཚན་ཡང་རིན་ཆེན་རྒྱལ་མཚན་དུ་གསོལ། དགུང་ལོ་ཉི་ཤུ་པ་ལ་སྤང་ལོའི་གཙུག་ལག་ཁང་དུ་འདུལ་འཛིན་ཆེན་མོ་མཛེས་པ་རྒྱལ་མཚན། ལས་ཀྱི་སློབ་དཔོན་དངོས་གྲུབ་བཟང་པོ། གསང་སྟོན་སློབ་དཔོན་རིན་ཆེན་འོད་མཛེས་བཅས་དང་། དད་པའི་དགེ་འདུན་ རྒྱ་མཚོ་ལྟ་བུའི་དབུས་སུ་བསྙེན་པར་རྫོགས། དེ་རྗེས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་ལོ་ཆེན་བྱང་ཆུབ་རྩེ་མོ་ལ་དབུ་མ་ལུགས་དང༌། སེམས་ཙམ་ལུགས་ཀྱི་ཆོ་ག་སེམས་བསྐྱེད་རྣམས་ཞུས། ཁྱུང་པོ་རིན་པོ་ཆེ་(འདིར་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོ་ལ་གོ་)ལ་སོགས་པའི་བླ་མ་མང་པོས་རྒྱུད་སྡེ་བཞིའི་དབང་བསྐུར་བྱིན་རླབས་དང་བཅས་ལེགས་པར་གནང་། དཔལ་ལྡན་ས་སྐྱར་སློབ་དཔོན་གཞོན་ནུ་བཀྲ་ཤིས་དང་། མཁན་པོ་ཡོན་ཏན་རྒྱ་མཚོ། ཁུ་བོ་བླ་མ་ཤཱཀྱ་བཟང་པོ་བཅས་ལས་ཚད་མ་སྡེ་བདུན་ལ་སོགས་པའི་གཞུང་ལུགས་མཐའ་ཡས་པ་གསན། དུས་དེར་དབུས་ན་རྔོག་སྟོན་དབོན་པོ་དང་། གཙང་ན་ཤངས་པ་དཀར་པོ་གཉིས་ཆོས་སྐད་བཟང་བར་གྲགས་སོ།
།དེ་རྗེས་ཞ་ལུར་ཕེབས་ཏེ་ཆོས་རྗེ་བུ་སྟོན་རིན་ཆེན་དོན་གྲུབ་ཀྱི་དྲུང་ནས་བྱམས་པའི་ཆོས་ལྔ་དང་། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། མདོ་སྲས་ཡུམ་རྣམས་ལ་གསན་སྦྱངས་རྒྱ་ཆེན་མཛད་ཅིང་། ཆོས་རྗེ་བུ་སྟོན་གྱིས་ཁོང་ལ་འཕགས་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་འགྲེལ་པ་ཀུན་ཡང་ཞིབ་ཏུ་གཟིགས་གསུངས་པ་དེ་བཞིན་དུ་བསྒྲུབས། དེ་དག་ལས་ཕར་ཕྱིན་ཡིག་ཆ་འདྲ་མིན་མང་དུ་མངའ་བ་རྣམས་ལ་འགལ་བ་ཡོད་པ་གཟིགས་ཏེ། ཕྱིས་སུ་སྣར་ཐང་དཔེ་གཟིགས་པས། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་ཊིཀ་མཇལ་བ་དང་། རང་གི་འདོད་པ་བཞིན་འདུག་པས་ཨར་གྱི་སྐྱེ་བ་ཡིན་སྙམ་པའི་བག་ཆགས་དང་། ཐུགས་དགོངས་སུའང་དེང་སང་ཕར་ཕྱིན་ཚུལ་བཞིན་དུ་ཤེས་པ་ཁོང་རང་ཉིད་དང་གཡག་ཕྲུག་སངས་རྒྱས་དཔལ་བཟང་གཉིས་ལས་མེད་སྙམ་པ་ཡང་བྱུང་། བུ་སྟོན་རིན་པོ་ཆེ་ལ་དབང་ཞུས་མ་ཐག་ཐུགས་ཡེ་ཤེས་འབེབས་པས་རྟོགས་པ་མཆོག་ཏུ་གྱུར་ལ། ཆོས་རྗེ་པས་རྒྱུད་འགྲེལ་གྱི་བཤད་པ་ཐེངས་གྲངས་ཉི་ཤུ་མཛད་པ་རྣམས་ཆ་ཚང་བར་ཞུས། སློབ་གཉེར་གྱི་སྐབས་བསོད་སྙོམས་སོགས་ཀྱང་མ་མཛད་པས་འཚོ་བ་ཤིན་ཏུ་ཕོངས། ལྷག་པར་སྣར་ཐང་གི་བྲང་ཁང་སྟོང་པ་ཞིག་ཏུ་དཔེ་མཚམས་གནང་དུས་རྩམ་པ་ཆད་པ་དང་། ནང་པར་ཕྱག་བདར་ཁྲོད་ནས་ཕྱིང་པ་སེར་པོ་ཞིག་རྙེད་པའི་ནང་གསེར་ཞོ་དོ་ཡོད་པ། ཞོ་གང་གིས་འཚོ་བ་བྱས། ཞོ་གང་གིས་སློབ་དཔོན་ལ་མཆོད་པ་བཟང་པོ་ཞིག་བཤམས། དེ་རྗེས་ཆུ་མིག་ཏུ་ལོ་ཆེན་བྱང་ཆུབ་རྩེ་མོ་ལས་གསང་འདུས་རིམ་ལྔའི་མྱོང་ཁྲིད་གསན་པས། སྒྱུ་ལུས་རྨི་ལམ་གྱི་ཉམས་ལ་ཡུལ་སྣང་ཐམས་ཅད་གཟིགས་ཤིང་གཏན་ལ་ཕེབས། ལོ་ཆེན་བྱང་ཆུབ་རྩེ་མོས་ང་རྒས་པས་ཆོས་ཀྱི་བདག་པོ་མཛོད་གསུངས་ནས་ཞུ་བ་ཕུལ་བས་དགེ་སྦྱོར་གང་འཕེལ་དུ་བཞུགས། དེའི་བར་ལ་ཁྱུང་པོ་ཚུལ་ཁྲིམས་མགོན་སྐུ་གཤེགས་རྐྱེན་སྔར་ཤངས་ཆོས་ཞུ་བའི་སྙན་གསན་ཕབ་ཡོད་པ་མ་གྲུབ་པས། ད་གདན་ས་ལ་ཞུ་སྙམ་ནས་ཆོས་རྗེ་རི་ཁྲོད་རས་ཆེན་པ་ལ་བདེ་ཆེན་སྟེང་དུ་ཤངས་པའི་ཆོས་སྐོར་མ་ལུས་པ་ཞུས། བླ་མས་ཁྱེད་ཀྱི་ཐུགས་དམ་གྱི་སྟོབས་འདི་འདྲ་མཁས་གྲུབ་ཤངས་སྟོན་ལ་ཡང་མ་བྱུང་གསུངས་ཤིང་ཤིན་ཏུ་མཉེས་ནས། ཤངས་ཆོས་ཀྱི་གདམས་ངག་རྒྱ་མཚོའི་བརྒྱུད་ཕྲེང་སྐྱོང་བའི་བདག་པོར་མངའ་གསོལ། ཕྱག་དྲིལ་དང་ཤངས་ཆོས་ཀྱི་ཕྱག་དཔེ་ལ་སོགས་པའི་བྱིན་རླབས་ཀྱི་རྟེན་མང་དུ་གནང་། རས་ཆེན་སངས་རྒྱས་སེང་གེ་སྐུ་གཤེགས་རྗེས་བདེ་ཆེན་པ་ཀུན་གྱིས་གསོལ་བ་བཏབ་པ་བཞིན་བདེ་ཆེན་སྟེང་དུ་བླ་མའི་གདན་ས་སྐྱོང་དགོས་བྱུང་། གདན་སར་ཕེབས་ནས་བླ་མཆོད་བར་མ་ཆད་པར་གནང་། དུས་མཆོད་དང་སྒྲུབ་མཆོད་བཙུགས། རྗེ་རི་ཁྲོད་པའི་སྐུ་འདྲ་ལ་མཆོད་པ་དཔག་མེད་མཛད། དེ་ལྟར་རྗེ་འདི་ཉིད་ཀྱིས་སྐུ་ཚེ་གང་པོར་དཀའ་སྤྱད་དང་དུ་བླངས་ནས་ཐོས་པའི་ཆོས་རྣམས་རྩེ་གཅིག་ཏུ་བསྒྲུབས་པས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མངའ་དབང་འབྱོར། དེར་བརྟེན་སྐུ་ལུས་ལ་སྨེ་བ་དང་། ནག་བག །ཕྱི་ནང་གི་སྲིན་འབུ་མི་འབྱུང་ཞིང་། དབུ་སྐྲ་བསིལ་བའི་དུས་སུ་ཡང་སྦུ་བ་མ་གཏོགས་འཁྲུ་རྒྱུ་མེད་གསུངས། བདེན་ཆེན་དུ་བཞུགས་རིང་གྲྭ་རིས་བུ་སློབ་རྣམས་བཤད་ཁྲིད་ཀྱིས་ལེགས་པར་བསྐྱངས་པ་ལས་ཤངས་པའི་ཆོས་ཀྱི་སྒྲུབ་པ་གཟུག་རྒྱུའི་ཐུགས་དགོངས་ཡོངས་སུ་བསྒྲུབས་མེད་པ་སྟེ། ཁོང་གིས་ངས་གནས་འདིར་འོང་བའི་རྒྱུ་མཚན་ནི་གུའི་བསྒྲུབ་པ་ཞིག་ཚུག་ལ་རེ་ནས་འོང་པ་ཡིན། སྦྱིན་བདག་ཀྱང་སྟོབས་ཆུང་མི་རྣམས་གོ་ཆ་ཆུང་བས་བསམ་བློ་མ་རྫོགས་ཞེས་གསུངས་པ་ལྟར་ཡིན། དེ་ནས་སྟག་གི་ལོ་སྟེ་སྤྱི་ལོ 1435ལོར་དགུང་གྲངས་བརྒྱད་ཅུ་གྱ་གཉིས་ལ་ཕེབས་པའི་ཚེ་དབེན་གནས་བདེ་ཆེན་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྤྲུལ་པའི་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ། ཞག་ཉི་ཤུ་རྩ་ལྔའི་རིང་ཐུགས་དམ་ལ་བཞུགས། སྐུ་གདུང་ཞུགས་འབུལ་སྐབས་གཟིམ་ཁང་ལ་འཇའ་ཟུག །རིང་བསྲེལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱོན་ནོ།།
Sangyé Pelsang
མཉམ་མེད་སངས་རྒྱས་དཔལ་བཟང་།
ཁོང་ནི་གཙང་གི་སྟག་ཚང་ཕུའི་འཆིང་ཁུང་(འགར་ཚ་བུ་ཞེས་འཁོད་)དུ་འབེ་ཡི་རིགས་སུ་ཡབ་དཔོན་རིན་ཆེན་བཟང་དང་། ཡུམ་ཚེ་བུམ་དཔལ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྤྱི་ལོ་1398ལོར་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་དང་ཐོག་བུ་གཅིག་པུ་ཡོད་པ་འདས་ནས། བདུན་ཚིགས་ཀྱི་སཱཙྪའི་རབ་གནས་ལ་རི་ཁྲོད་རས་ཆེན་པ་གདན་དྲངས། ཡུམ་ལ་ནང་མཆོད་གནང་ནས་བུ་ཁྱད་པར་ཅན་ཞིག་འོང་བའི་ལུང་བསྟན་མཛད། ལོ་ཆེན་བྱང་ཆུབ་རྩེ་མོས་ཀྱང་ཡུམ་ལ་དེང་སང་ཙམ་ན་སྤྲུལ་པའི་བུ་ཞིག་སྐྱེ་བས་བརྩོན་པས་སྲུངས་ལ་གསོས་ཤིག་གསུངས། ལྷུམས་སུ་ཞུགས་པའི་ཚེ་ཡུམ་གྱི་ལུས་བདེ་ཞིང་སེམས་དྭངས་བ། སྐུ་བལྟམས་པའི་དུས་ཀྱང་ཡུམ་ལ་གནོད་པ་མ་བྱུང་། དགུང་ལོ་ཆུང་ངུའི་དུས་ནས་དཀར་པོའི་ཆོས་བཞིར་རབ་ཏུ་མོས་པས་སེམས་ཅན་གྱི་སྲོག་གཅོད་པ་སོགས་ལ་སྙིང་རྗེ་ཚད་མེད་འཁྲུངས། དགུང་ལོ་བདུན་པ་ལ་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། དམ་པའི་ཆོས་ལ་ཤིན་ཏུ་མོས་ཀྱང་ཡབ་ཡུམ་དང་སྐུ་ཉེ་རྣམས་ཀྱིས་རབ་བྱུང་བྱེད་དུ་མ་སྟེར། ཡབ་ལ་ཐབས་ལམ་སྣ་ཚོགས་སྤྱད་དེ་ཞུ་བ་ཕུལ། དགུང་ལོ་བཅུ་པར་འབུལ་ཡིག་འབྲི་ཀློག་སོགས་མཛད། ལུག་ཚང་དགེ་སློང་བས་ཡབ་ཡུམ་གཉིས་ལ་དྲོ་དྲངས་ནས་བུ་འདི་ཆོས་ལ་མོས་པས་ཆོས་སྒོར་འཇུག་རྒྱུའི་རེ་འདུན་ཞུས་པ་དང་། བླ་མ་ཤངས་དཀར་བས་ཀྱང་རྗེ་འདི་པའི་ཡབ་ཡུམ་དང་བཅས་པ་ལ་ཆོས་འཁོར་སྟེང་ན་གྲུབ་ཐོབ་མངོན་ཤེས་སྨྲ་བ་ཞིག་འདུག་པ་དེ་ལ་ཆོས་འོང་མིན་དྲིས་ཞེས་གསུངས་པ་ལྟར། གྲུབ་ཐོབ་དེ་ལ་ཞུས་པས་རི་མོ་ཞིག་འབྲི་རུ་བཅུག །ཁོང་གིས་ཡིད་ལ་གྲ་སྒྲིག་ཅི་ཡང་མེད་པར་རྡོ་རྗེ་རྩེ་ལྔ་པ་ཞིག་བྲིས་པས། གྲུབ་ཐོབ་དེས་བུ་དེ་རྡོ་རྗེ་ཐེག་པ་ལ་བྱ་བ་བྱེད་པ་ཞིག་འོང་གསུངས། མཐར་དགུང་ལོ་བཅོ་ལྔ་པར་མཁན་ཆེན་རྒྱལ་བ་བཟང་པོས་མཁན་པོ་དང་། རྗེ་ཤངས་དཀར་བས་སློབ་དཔོན་མཛད་ནས་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་། དེ་ནས་རྗེ་ཤངས་དཀར་བའི་དྲུང་དུ་ཆོས་དང་རིག་གནས་ཅི་རིགས་གསན་སྦྱོང་དཔྱིས་ཕྱིན་པ་གནང་ཞིང་། དགུང་ལོ་བཅོ་བརྒྱད་པ་ལ་བཤད་གསར་མཛད། དེ་ནས་སློབ་གཉེར་འདོད་ཀྱང་ཐག་རིང་དུ་འགྲོ་རྒྱུ་བྱུང་མེད། དགུང་ལོ་ཉི་ཤུའི་རྗེས་སུ་རྗེ་ཤངས་དཀར་བས་མཁན་པོ་དང་། སློབ་དཔོན་ཀུན་བཟང་གིས་ལས་སློབ། བླ་མ་སངས་རྒྱས་རྡོ་རྗེས་གསང་སྟོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྗེ་ཤངས་དཀར་བའི་དྲུང་དུ་དབུ་སེམས་གཉིས་བསླབས། དེ་ནས་ལྷང་བུ་གུང་ཐད་དུ་རྗེ་ཤངས་དཀར་བར་ཆོས་ཁྲིད་ཞུ་བ་བརྒྱ་ཙམ་བྱུང་བ་ལ་ནི་གུ་དང་། ཁོང་ལ་དམིགས་པ་རེ་ལ་ཟླ་བ་ཕྱེད་ཕྱེད་བྱས་ནས་ཟླ་བ་དགུ་ལ་རྫོགས་པ་ཞིག་གནང་། ཉམས་སུ་ལེན་ཚུལ་ལ་བླ་མ་དགྱེས་ནས་བརྒྱུད་པ་འཛིན་པ་ཞིག་འོང་བའི་ལུང་བསྟན་མཛད། སླར་བདེ་ཆེན་དུ་ཕེབས་ནས་རྗེ་ཤངས་དཀར་བས་ནི་གུའི་ཆོས་སྐོར་ཆ་ལག་དང་བཅས་པ་ལ་ལོ་གཅིག་གི་བར་ཉམས་ཁྲིད་མཛད་པ་བཞིན་བསྒོམས་པས་བདེ་དྲོད་མྱུར་དུ་འབར། སྒྱུ་ལུས་ཀྱི་རྟོགས་པ་འཁྲུངས། རྨི་ལམ་སྤྲུལ་བསྒྱུར་དང་ཡུལ་སྣང་གཏན་ལ་ཕེབས་པ་དང་། འོད་གསལ་འཁོར་ཡུག་ཏུ་འཆར་བ་ལ་སོགས་པའི་ཉམས་རྟོགས་དཔག་མེད་འཁྲུངས། རྨི་ལམ་བཟུང་ནས་བདེ་ཆེན་ཞིང་གི་བཀོད་པ་ཡང་གཟིགས། བླ་མ་འདི་ཉིད་དགུང་ལོ་བཅོ་ལྔར་ཕེབས་སྐབས་ཐོག་མར་རྗེ་ཤངས་པ་དཀར་པོ་དང་མཇལ་བ་ནས། དགུང་ལོ་སོ་བདུན་གྱི་བར་ཏེ་བགྲང་བྱ་ཉི་ཤུ་རྩ་གཉིས་ཀྱི་རིང་བཀའ་ཐམས་ཅད་སྤྱི་བོས་བླངས་ཏེ་འབྲལ་མེད་དུ་བསྟེན། ཡུམ་སྲས་གཉིས་ལ་མཆོད་པ་ཟླ་མེད་པ་དང་། ཡབ་གཤེགས་པ་སོགས་ལའང་རྔན་ཆེན་མཛད། ཨ་ཁུས་སྤྱད་དངོས་ཞོ་བརྒྱ་ཙམ་འཕྲོག་པ་ལ་བླ་མའི་གསུང་བཞིན་ལབ་ཁ་ཚིག་གཅིག་ཀྱང་མ་གནང་ལ། དངོས་པོའི་བདག་འཛིན་རྟིང་ནས་ཆོད།
ལྷ་ཕུ་ལྐུགས་ལུང་དུ་ཟླ་བ་ལྔ་ཙམ་གྱི་རིང་རྗེ་ཤངས་དཀར་བ་ལས་ནི་གུ་ཆོས་དྲུག་དང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ལ་སོགས་རྫོགས་པར་གསན་ཞིང་། ཤངས་ཆོས་གདམས་པའི་བརྒྱུད་འཛིན་དུ་དབང་བསྐུར། རྗེ་ཤངས་དཀར་བ་སྐུ་བགྲེས་སྐབས་སུ་སྤྱན་ཡང་མི་གསལ་བས་ཕྱག་ཕྱི་དང་ཕྱག་དཔེའི་ཉར་ཚགས་དང་། སྤྱན་ཚབ་ཀྱང་གནང་དགོས་བྱུང༌། རྗེ་ཤངས་དཀར་བ་སྐུ་གཤེགས་ཁར་ཡང་ཁོང་ལ་སྐྱེ་སྲིད་ཀུན་ཏུ་མི་འབྲལ་བའི་དཔོན་སློབ་གནང་རྒྱུའི་དམ་བཅའ་མཛད། རྗེ་ཤངས་དཀར་བ་སྐུ་གཤེགས་རྗེས་ཞག་ཞེ་དགུའི་བར་གསོལ་འདེབས་རྒྱུན་མ་རྣམས་ལེགས་པར་མཛད་ཅིང་། སྐུ་འདྲ་གཟིམ་མལ་མ་ཞིག་ཀྱང་བཞེངས། དེ་རྗེས་མནལ་ལྟས་བཞིན་ལྷ་ཕུ་ལྐུགས་ལུང་དུ་ཕེབས་ནས་སྔར་གྱི་དགོན་གནས་དང་སྐུ་རྟེན་རྣམས་ལ་ཉམས་གསོ་དང་། དབུ་རྩེའི་རྫ་ཐོག་སོགས་ལེགས་པར་བཞེངས། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱི་དུས་མཆོད་ལ་དམིགས་པའི་སྒྲུབ་མཆོད་ཆེན་པོ་ཞིག་བཙུགས་པ་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། ཚེས་ཉི་ཤུའི་ཉིན་གྲུབ་ཆེན་མ་རྣམ་གླིང་ནས་ཕེབས་ཏེ་གསོལ་བ་བཏབ་པས་ཀྱང་། ད་ལན་འགྲོ་གསུངས། མཐར་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་དུ་ལྷ་མི་འཁྲུག་མགོན་པོའི་ཞིང་ཁམས་སུ། མཉམ་མེད་སངས་རྒྱས་དཔལ་བཟང་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར། དགུང་ལོ་དྲུག་ཅུ་རེ་བརྒྱད་ལ་ཕེབས་པ་སྟེ་སྤྱི་ལོ་1465ལོའི་ཐོ་རངས་ཤིག་ལ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་བདེ་བར་གཤེགས། དེ་ནས་ཞག་ལྔ་སོང་བའི་ཐོ་རངས་ཁམས་དྭངས་མ་བྱང་སེམས་མང་པོ་གྱེན་དུ་ལུད་ནས་ཐུགས་དམ་རྡོ་རྗེའི་དབྱིངས་ལས་གྲོལ་བའི་ཚེ་དྲི་བཟང་དང༌། འོད་ཟེར་གྱི་སྣང་བས་གཟིམ་ཁང་ཁེངས་པར་བྱུང༌། གདུང་སྦྱོར་བའི་ཚེ་ཡང་འཇའ་ཚོན་གྱི་དྲྭ་བ་དང་། སྐུ་གདུང་ལ་རིང་བསྲེལ། ཨ་ཡིག་འབུར་དུ་ཐོན་པ་ལ་སོགས་པའི་རྟེན་མང་དུ་བྱོན་ནོ།།
Namkha Gyeltsen
གྲུབ་ཆེན་ནམ་མཁའ་རྒྱལ་མཚན།
དེ་ཡང་གསོལ་འདེབས་ཟག་མེད་སྒྲ་དབྱངས་ལས་མཁས་གྲུབ་སྐྱེས་མཆོག་དུ་མ་བྱུང་བའི་ཡུལ། །སངས་རྒྱས་གཉིས་པ་པདྨས་བྱིན་བརླབས་པའི། །གནས་མཆོག་ཁྱད་འཕགས་ཤངས་ཕུའི་དགོན་གསར་དུ། །བསམ་བཞིན་སྲིད་པ་བཟུང་ལ་གསོལ་བ་འདེབས། །རྣམ་དག་རྗེའུའི་རིགས་དང་ཞང་གི་རུས། གཟིགས་པས་དགོངས་པ་ལྷུམས་སུ་ཞུགས་པའི་ཚེ་ཞེས་འཁོད་པ་ལྟར་རྟོགས་ནམ་མཁའ་རྒྱལ་མཚན་ནི་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཆེན་སྲིན་འདུལ་ཡོད་སའི་ཤངས་ཕུའི་དགོན་གསར་ དུ་རྗེའུའི་རིགས་དང་ཞང་གི་རུས་སུ་ཡབ་རིན་ཆེན་བསོད་ནམས་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་ཤིང་མོ་བྱའི་ལོ་ལ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཡིག་དྲུག་ཞལ་འདོན། བྱམས་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་བ། སྒོ་གསུམ་བག་དང་ལྡན་པ། ཉེས་པའི་དྲི་མས་མ་གོས་པ། གནས་ལུགས་ཀྱི་དོན་ཞི་ལྷག་གི་ཏིང་འཛིན་འཁྲུངས་པ་སོགས་ཀྱི་ཡོན་ཏན་མཐའ་ཡས་མངའ། དགུང་ལོ་བརྒྱད་པར་བླ་མ་རིན་ཆེན་ཚུལ་ཁྲིམས་པའི་དྲུང་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གཉིས་པར་བརྟག་གཉིས་ལ་བཤད་པ་གནང་། དགུང་ལོ་བཅོ་བརྒྱད་ལ་གནུབས་ཆོས་ལུང་ དུ་འཁོན་རིན་ཆེན་རྒྱལ་དབང་གྲགས་པ་དང་། དད་པའི་དགེ་སློང་ཁ་སྐོང་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས། མཚན་ནམ་མཁའ་རྒྱལ་མཚན་དུ་གསོལ། དྲན་ཤེས་བག་ཡོད་ཀྱི་ངང་ནས་མདོ་སྔགས་ཀུན་ལ་ཐོས་བསམ་སྒོམ་སྒྲུབ་ནན་ཏན་མཛད་པས་ཉམས་རྟོགས་ཆེན་པོ་འབར་ཞིང་མཉམ་མེད་སངས་རྒྱས་དཔལ་བཟང་དང་། བུ་སྟོན་ཐམས་ཅད་མཁྱེན་པ། སློབ་དཔོན་ནགས་ཀྱི་རིན་ཆེན། ལོ་ཙཱ་བ་ནམ་མཁའ་གྲགས། སྟག་རྩེ་རྒྱལ་མཚན་དཔལ་བཟང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ། ཐེག་པ་གསུམ་དང་རྒྱུད་སྡེའི་དོན་མཐའ་དག་ལ་མཁས་པར་གྱུར་ནས། འཆད་རྩོད་རྩོམ་པའི་གོ་འཕང་མཐོན་པོར་གཤེགས། གྲུབ་བརྙེས་སངས་རྒྱས་མཚན་ཅན་གྱི་ཐུགས་བཅུད་རྫོགས་པར་བཞེས་ནས་དབེན་པའི་གནས་སུ་བསྒོམས་པས་བདེ་དྲོད་རང་འབར་དང་། བྱང་སེམས་འཛག་མེད་དུ་བྱུང་བ། སྣང་བ་བདེན་མེད་དུ་རྟོགས་པ། རྨི་ལམ་གྱི་རྩལ་རྫོགས་ནས་ཞིང་ཁམས་དུ་མར་ཕེབས་པ་སོགས་མངོན་ཤེས་ཀྱི་ཡོན་ཏན་དང་གྲུབ་པའི་རྩལ་ལ་ཡོངས་སུ་མངའ་བརྙེས། དུས་འཁོར་དང་། རྡོ་རྗེ་ཕག་མོ་སོགས་ལྷག་པའི་ལྷ་ཡི་ཞལ་གཟིགས་ལ། མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་དུ་བསྡུ་བར་ནུས་ཤིང་། ཞལ་ཆབ་དང་ཁྲུས་ཆུའི་ཟེགས་མས་ཀྱང་ནད་གདོན་ཞི་བར་ནུས། ཆོས་རྗེ་སངས་རྒྱས་དཔལ་བཟང་གིས་ལྐུགས་ལུང་ཞིག་གསོས་གནང་བ་སོགས་ཀྱི་ཕྱག་གཡོག་ཞབས་ཏོག་འབད་པས་བསྒྲུབས་ཏེ། གནུབས་ཆོས་ལུང་། བྱང་ཆེན། ཁུ་ལུང་། བློ་མའི་ས་སྨྱུག་སོགས་སུ་སྒྲུབ་པ་དང་གཞན་དོན་ཟུང་དུ་འབྲེལ་ནས་རིམ་གཉིས་ཀྱི་རྩ་ལ་རྫོགས་ལ་ལུང་རྟོགས་ཡོན་ཏན་དང་ལྡན་པའི་བུ་སློབ་དུ་མ་སྐྱོང་གནང་མཛད། དུས་རྟག་ཏུ་ངེས་མེད་བྱ་བཏང་ཁོ་ནར་ཐུགས་རྩེ་གཏད་ཀྱང་། སྟག་ལྷུན་འགྲུབ་ལ་རེ་ཞིག་བཞུགས་དགོས་པ་བྱུང་ནས་ཆོས་འཁོར་རྒྱ་ཆེར་བསྐོར།
དགུང་ལོ་རེ་གསུམ་ལ་ཕེབས་པ་མེ་མོ་ཕག་གི་ལོར་གླང་རིའི་གདན་ས་མཛད་ཅིང་། གཙུག་ལག་ཁང་གི་རྟེན་དང་བརྟེན་པ་སོགས་རྒྱས་པར་བཞེངས། དེ་རྗེས་གདན་ས་བ་བསྐོས་ནས་རི་ཁྲོད་རབ་བརྟན་ཆོས་ལུང་དུ་བཞུགས། ཆོས་རྒྱལ་རབ་བརྟན་ཀུན་བཟང་སོགས་མི་ཆེན་དུ་མས་ཞབས་ལ་བསྟེན་པ་སོགས་ཀྱི་སྙན་པའི་གྲགས་པས་ཁྱབ། མཐར་སྐུ་སྙུང་བའི་ཚུལ་མེད་པར་སྐུ་ཤེད་ཅུང་ཟད་བྲི་ཞིང་ཞན་དུ་ཕེབས་པ་ན། ཡར་ངོའི་ཚེས་བཅུར་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་བྱེད་གསུངས་ནོས་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཤར་ཕྱོགས་མངོན་དགའི་ཞིང་དུ་ཞི་བར་གཤེགས།
Lekpa Gyeltsen
རྒྱ་སྒོམ་ལེགས་པ་རྒྱལ་མཚན།
རྒྱ་སྒོམ་ལེགས་པ་རྒྱལ་མཚན་ནི་ཤངས་ཁུལ་གྱི་མཁས་གྲུབ་ཁྱུང་པོའི་གནས་དང་ཉེ་བའི་ལ་རྒྱབ་ཏུ། ལྡོང་གི་རིགས་སུ་ཡབ་དབོན་པོ་བཀྲ་ཤིས་མགོན། ཡུམ་བདེ་ལེགས་བུ་འདྲེན་གཉིས་ཀྱི་སྲས་སུ་འབྲུག་གི་ལོ་ལ་སྐུ་བལྟམས། མཚན་ལ་ཛམ་བྷ་ལ་ཞེས་གསོལ། སྐུ་ན་ཆུང་ངུའི་དུས་ནས་སྔོན་གྱི་ལས་འཕྲོ་སད་པའི་དབང་གིས་དཀར་པོའི་ལས་ལ་རབ་ཏུ་མོས་ཤིང་། འབྲི་ཀློག་སྨན་དཔྱད་སོགས་ཀྱང་དཀའ་ཚེགས་མེད་པར་མཁྱེན། ཁུ་བོའི་དྲུང་དུ་བཀའ་ཆོས་མང་དུ་གསན། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་རབ་ཏུ་བྱུང་སྟེ། མཚན་ལེགས་པ་རྒྱལ་མཚན་དུ་གསོལ། དགུང་ལོ་ཉི་ཤུ་ཙམ་ལ་ཆོས་ལུང་སངས་རྒྱས་དཔལ་བཟང་གིས་མཁན་པོ་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། བླ་མ་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་མཆོད་དེ་མདོ་སྔགས་ཀྱི་བསྟན་པ་སྤྱི་དང༌། ལྷག་པར་དུ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་དཔལ་ལྡན་ཤངས་པའི་ཆོས་སྐོར་མ་ལུས་རྫོགས་པར་གསན། ཐོག་མར་རྒྱུད་སྡེ་ལྔའི་དབང་གི་གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་གསོལ། ཡང་བ་བོང་བ་རྡོ་རྗེ་རྒྱལ་མཚན་ལ་ཤངས་ཆོས་ཡོངས་རྫོགས། ནི་གུ་བསམ་སྡིངས་ལུགས་ཆ་ཚང་། ཕག་མོ་གཞུང་དྲུག་རྣམས་ཞུས། ཆོས་རྗེ་སེང་གེ་བཟང་པོ་ལས་བཀའ་གདམས་པའི་ཆོས་སྐོར་དུ་མ་གསན། ཐོས་བསམ་མཛད་པའི་གདམས་པ་རྣམས་ཉམས་ལེན་དཔྱིས་ཕྱིན་པ་གནང་སྟེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཡེ་ཤེས་མགོན་པོས་རྗེས་སུ་བཟུང་། དེ་ལྟར་སྐུ་ལུས་སྤྲུལ་བསྒྱུར་སོགས་ཀྱི་ཡོན་ཏན་ཀུན་ལ་མངའ་བརྙེས་ཀྱང་། རྣམ་པ་ཐམས་ཅད་དུ་ཐ་མལ་པའི་ཚུལ་བཟུང་ནས་སྦས་པའི་རྣལ་འབྱོར་གྱི་བརྟུལ་ཞུགས་འཛིན། ཕྱིས་རི་ཁྲོད་རབ་བརྟན་ཆོས་ལུང་གི་གདན་ས་མཛད།
དེ་ཡང་ནི་གུའི་རྒྱབ་ཆོས་གླུའི་ཕྲེང་བ་ལས་མ་གི་ཤེད་ཤངས་ཕུའི་རྨོག་ལྕོག་གི །ཕོ་བྲང་དེ་སྤང་པོའི་སྤྱིལ་བུ་ན། །མི་གཟུགས་ལ་ཞུ་བདེའི་འོད་འབར་བ། རྒྱ་སྒོམ་རྡོ་རྗེ་འཆང་ཆེན་དེ་ན་བཞུགས་ཞེས་འཁོད་པ་ལྟར་རིན་ཆེན་བདུན་བརྒྱུད་ཕྱི་མའི་བདུན་པ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་ཉིད་ལྷ་ཕུའི་རྨོག་ལྕོག་གི་སྤང་པོའི་སྤྱིལ་བུ་སོགས་ཤངས་ཁུལ་གྱི་རི་ཁྲོད་ངེས་མེད་དུ་སྒྲུབ་པ་མཛད་མྱོང་ཞིང་། སྐུ་ལུས་ལ་ཞུ་བདེའི་འོད་ཆེན་འབར་བ་སོགས་རང་རྒྱུད་ཡོངས་སུ་སྨིན་ལ།
གཞན་རྒྱུད་ལེགས་པར་གདུལ་ཕྱིར་སྐུ་ཚེ་གང་པོར་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སོགས་སྐལ་ལྡན་གྱི་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད་མཐར། ཞིང་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ་གསོལ་བ་འདེབས་ཞེས་འཁོད་པ་བཞིན་དག་ཞིང་འདི་ཉིད་དུ་དགོངས་པ་གཞན་དོན་དུ་གཤེགས། གདུང་རུས་ལ་རིང་བསྲེལ་བྱོན་པ་འགའ་ཞིག་ལྷ་རྩེའི་ཆོས་ལུང་བྱང་རྩེ་ ན་བཞུགས་པ་དང་། འགའ་ཤས་མྱང་ཆོས་འབྱུང་གི་མཇུག་ཏུ་བཀྲ་ཤིས་ལྷུན་པོ་དགོན་གྱི་ནང་རྟེན་དང་བཅས་པ་གསུངས་པའི་སྐབས་སུ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་བརྒྱུད་(རྒྱུད་)ལེའུ་བཅོ་ལྔ་པའི་སྐབས་གསུངས་པའི་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ཞལ་ཕྱག་ཡོངས་རྫོགས་ངམ་རིང་དུ་བཞེངས། ཐུགས་ཀར་རྒྱ་སྒོམ་ལེགས་པ་རྒྱལ་མཚན་གྱི་རིང་བསྲེལ་བཞུགས་པ་འདིའི་རབ་གནས་ཀྱི་ཉིན་ནས་ངམ་རིང་ཚོང་འདུས་ཡོང་བའི་ཐོག་མ་བྱུང་ཞེས་འཁོད་པ་ལྟར་ན་བཀྲ་ཤིས་ལྷུན་པོ་དགོན་གྱི་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྐུ་འདིའི་ཐུགས་ཀར་རྒྱ་སྒོམ་ཆེན་པོའི་རིང་བསྲེལ་བཞུགས། འོན་ཀྱང་དེང་སྐུ་འདྲ་འདི་བཞུགས་ཡོད་མེད་དང་། ཡོད་ན་དགོན་གནས་དང་ལྷ་ཁང་གང་དུ་ཡོད་མིན་རྩད་མ་ཆོད།
དེ་ལྟར་རིན་ཆེན་བདུན་བརྒྱུད་ཕྱི་མའི་བདུན་པ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་འདི་ཉིད་ཀྱིས། ནི་གུའི་ཆོས་སྐོར་འཇག་བསམ་གཉིས་ཀྱི་འཇག་ལུགས་ལ་གདན་ས་བརྒྱུད་པ་དང་། སློབ་མ་བརྒྱུད་པ་གཉིས་བྱུང་བ་ལས་གདན་ས་བརྒྱུད་པ་མཁས་བཙུན་རྒྱལ་མཚན་འབུམ་ནས། ཆོས་རྗེ་བྱམས་པ་དཔལ། བློ་གྲོས་ཀུན་དགའ་དཔལ་སོགས་བར་མ་ཆད་པ་རྣམས། སློབ་བརྒྱུད་ལ་འཇག་པ་གོང་འོག་གཉིས་ལས། གོང་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་། གྲུབ་ཆེན་རྡོ་རྗེ་གཞོན་ནུ། གྲུབ་ཆེན་ནམ་མཁའི་རྡོ་རྗེ། རོང་སྟོན་ཤེས་བྱ་ཀུན་རིག་ནས་བརྒྱུད་པ་འཁྲུལ་ཞིག་ཆོས་འབྱོར་ལེགས་པས་གསན། འཇག་པ་འོག་མ་ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་ནས་ཇོ་ནང་གི་ཕྱོགས་ལ་བརྒྱུད་པ། གནས་རྙིང་པ་ཨ་ཡི་སེང་གེ་ནས་བརྒྱུད་པ་ནི། གསེར་གླིང་པ་བཀྲ་ཤིས་དཔལ། ཁམས་པ་རྡོ་རྗེ་དཔལ། ལྐུགས་ལུང་པ་ཆོས་གྲགས་ལས་མཉམ་མེད་སངས་རྒྱས་དཔལ་བཟང་གིས་གསན་པ། སྤྲུལ་སྐུ་རིན་ཆེན་བློ་གྲོས་ལ་རྨོག་ལྕོག་པ་ཕྱི་མ་ཀུན་དགའ་འོད། དགེ་འདུན་བློ་བཟང་པ། ཤེར་སྒོམ་སངས་རྒྱས་དར། དེ་ལ་སངས་རྒྱས་དཔལ་གྱིས་གསན། ཡང་མཁས་བཙུན་གཞོན་ནུ་གྲུབ། ཀུན་མཁྱེན་རིག་པའི་རྡོ་རྗེ། བྱ་བཏང་ཆུའི་རྣལ་འབྱོར། གཞུ་སྟོན་ཚུལ་ཁྲིམས་མགོན་པོ། རྩ་གསུམ་ཆོས་གྲགས་པ་ལ་སངས་རྒྱས་དཔལ་གྱིས་གསན་པ་རྣམས། ཆོས་སྐུ་རིན་ཆེན་ནས་བརྒྱུད་པ། ཀུན་བཟང་ངག་དབང་བློ་གྲོས་པའི་སྤྱན་སྔར་ཞུས། མཁས་གྲུབ་སངས་རྒྱས་རྡོ་རྗེ། བྲག་ནག་པ་ནམ་མཁའ་རྒྱལ་ནས་བརྒྱུད་པ། བྲག་ནག་པ་སྟོབས་ལྡན་རྒྱལ་མཚན་ལ་ཞུས། ཤངས་ཟུར་ཁང་པ་བསོད་ནམས་བཟང་པོ། བ་བོང་པ་དཀོན་མཆོག་ལེགས་པ་ནས་བརྒྱུད་པ། བ་བོང་པ་རྡོ་རྗེ་རྒྱལ་མཚན་ལ་སོགས་ཏེ། ནི་གུ་ལུགས་སྲོལ་བཅུ་གཉིས་གཅིག་ཏུ་སྒྲིལ་བའི་གདམས་པའི་མངའ་བདག་ཏུ་གྱུར་ཏོ།།

II.2.2 - The close transmission lineage
གཉིས་པ། ཉེ་བརྒྱུད།
ཉེ་བརྒྱུད་ནི། ཀུན་མཁྱེན་དོལ་བུ་སངས་རྒྱས་ཀྱི་སྐུའི་སྐྱེ་བ་ཕྱི་མ་ཀམ་པ་བརྩོན་འགྲུས་བཟང་པོས། རིང་བརྒྱུད་མཁས་གྲུབ་ཤངས་སྟོན་གྱི་སློབ་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་ནས་བརྒྱུད་པའི་རི་གོང་སྟོད་བརྒྱུད་དུ་གྲགས་པའི་སྙན་བརྒྱུད་རྣམས་བྱང་སེམས་སྦྱིན་པ་བཟང་པོ་ལས་གསན་ནས་ཐུགས་ཉམས་སུ་བཞེས། ཡང་གསོལ་འདེབས་གྲུབ་པའི་སྒྲ་དབྱངས་ལས་ཡེ་ཤེས་མཁའ་འགྲོ་ནི་གུ་ལན་གསུམ་དུ། །བྱོན་ནས་དབང་དང་གདམས་ངག་རྫོགས་པར་གནང་། །རྫུ་འཕྲུལ་མངོན་ཤེས་བསམ་མི་ཁྱབ་པར་འཁྲུངས། །གདམས་ངག་ཡེ་གེར་བཀོད་ལ་གསོལ་བ་འདེབས་ ཞེས་གསུངས་པ་བཞིན་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཉིད་ཡེ་ཤེས་མཁའ་འགྲོ་དངོས་ཀྱིས་རྗེས་སུ་བཟུང་སྟེ་གདམས་ངག་སོགས་ཡི་གེར་བཀོད་ནས་ཉེ་བརྒྱུད་རིམ་པ་གསུམ་བྱུང་བ་སྟེ། དང་པོ་གཙང་སྟོད་རི་བོ་ཆེར་ནི་གུ་མ་དངོས་སུ་བྱོན་ནས་རྡོ་རྗེའི་ཚིག་རྐང་སོ་སོའི་དངོས་ཤུགས་སྦས་གསུམ་གྱི་ཟབ་དོན་ལེགས་པར་བཀྲལ་བ་དང་། མཁའ་སྤྱོད་དཀར་དམར་གཉིས་ཀྱི་འཕོ་བ་ཤིན་ཏུ་ཟབ་པ་ཞིག་ཀྱང་བསྩལ། གཉིས་པ་མདོ་སྨད་སྲིན་རྫོང་ཤུག་སྡོང་གི་རྩ་བར་དེ་དག་སོ་སོའི་དབང་། གསུམ་པ་མཁའ་སྤྱོད་ཀྱི་གདམས་པ་ཡི་གེ་མེད་པའི་བརྡ་ཐབས་སུ་བྱུང་བ་བཅས་ཀྱི་བཀའ་བབས་སྔ་བར་ཕྱི་གསུམ་མང་མཁར་བ་བློ་གྲོས་རྒྱལ་མཚན་སོགས་ལ་བརྒྱུད་པར་ཐང་ལུགས་ཀྱི་བརྒྱུད་པ་ཞེས་ད་ལྟའི་བར་བཀའ་བརྒྱུད་ཟམ་མ་ཆད་པར་བཞུགས་སོ།
II.2.2.1 Thangtong Gyelpo
།གཅིག གྲུབ་ཐོབ་ཐང་སྟོང་རྒྱལ་པོ།
དེ་ཡང་ཨུ་རྒྱན་ཆེན་པོས་འོ་བ་ཞེས་བྱའི་ཤར་མདུན་དུ། །བརྩོན་འགྲུས་ཞེས་བྱའི་མིང་ཅན་བྱུང༌། །དེ་ནི་ང་ཡི་ཐུགས་སྤྲུལ་ཡིན་ཞེས་ལུང་བསྟན་པ་ལྟར་ཨུ་རྒྱན་པདྨ་འབྱུང་གནས་དང་ཐུགས་རྗེ་ཆེན་པོ་གཉིས་ཟུང་དུ་འཇུག་པའི་རྣམ་སྤྲུལ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག །ཁ་རྒྱུན་དུ། གཅུང་སྨད་འོ་བ་ལྷ་རྩེ། གཅུང་སྟོད་རྒྱལ་ཐང་དཀར་པོ་ཞེས་སུ་གྲགས་པ་ལས་གཅུང་སྨད་འོ་བ་ལྷ་རྩེའི་རིན་ཆེན་སྡིངས་ ཀྱི་འཁྲུངས་ས་ཞེས་གྲགས་པའི་སུག་བྲིས་མའི་མ་རྒྱུད་ཀྱི་ཁྱིམ་དུ་སྤྱི་ལོ1385ལོར་ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ལ་རིགས་ཀྱི་མྱུ་གུ་ལྕམ་སྲིང་དྲུག་བྱུང་བ་སྟེ་སེ་རོ་དཔལ་དང་། སློབ་དཔོན་དཔལ་ཚུལ། འཕན་པོ། སྔ་དར། ཁྲོ་བོ་དཔལ་ལྡན། ལྕམ་མོ་དཔལ་འཛིན་རྡོ་རྗེ་མ་བཅས་ཀྱི་ལྔ་པ་ཁྲོ་བོ་དཔལ་ལྡན་ནི་ཕྱིས་ཐང་སྟོང་རྒྱལ་པོར་འབོད་པ་འདི་ཉིད་ཡིན། སྐུ་འཁྲུངས་པ་དང་ཀུན་སྤངས་དོན་ཡོད་རྒྱལ་མཚན་གྱིས་ཁྲོ་བོ་དཔལ་ལྡན་ཞེས་པའི་མཚན་གསོལ། ཚེ་དཔག་མེད་ཀྱི་དབང་དང༌། རྣམ་འཇོམས་ཀྱི་ཁྲུས་མཆོག །ཤེས་རབ་བློ་འཕེལ་གྱི་ཐབས་ལ་སོགས་པ་མང་དུ་མཛད། སྐུ་ན་ཆུང་ངུའི་དུས་ནས་རྣམ་དཔྱོད་རྩལ་གྱིས་ཕྱུག་ལ་ཕན་སེམས་ཆེ་བ་ཞིག་ཡོད། དགུང་ལོ་ལྔ་བཞེས་པའི་ཚེ། ཡབ་ཡུམ་གྱི་ར་ལུག་འཚོ་བར་བཏང་བས་ཀུན་སྤངས་དོན་ཡོད་རྒྱལ་མཚན་གྱི་ཆོས་གྲྭར་བྱོན་ནས་དབང་ཁྲིད་དང་རྗེས་གནང་མང་པོ་གསན། དགོན་པ་བྱང་སྡིངས་ སུ་བླ་མ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡི་གེ་བསླབས་པར་བརྫངས་པས། ཀློག་བརྡ་སྟོན་པ་ཙམ་གྱིས་མཁྱེན་ནས་བོད་ཡིག་དང་། ཝརྟུ། མཁའ་འགྲོའི་བརྡ་ཡིག་སོགས་འབྲི་གནང་མཛད། དེ་ནས་མི་རྒོད་ལ་ཆོས་རྒོད་ཡོད་ཅེས་པའི་དཔེ་བཞིན་དགོན་པ་བྱང་སྡིངས་སུ་བླ་མ་ཉི་མ་སེང་གེའི་དྲུང་ལས་རབ་ཏུ་བྱུང་ཞིང་མཚན་བརྩོན་འགྲུས་སེང་གེར་གསོལ། དོན་ཡོད་ཞགས་པའི་སྒྲུབ་ཐབས་ལས་ཚོགས་དང་། རྒྱུད་ཀྱི་ལུང་། སྨྱུང་གནས་ཀྱི་ཆོ་ག་དང་བཅས་པ་གསན། མདོག་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། ན་བཟའ་ཆོས་གོས་གསུམ་གྱིས་མཛེས་ཤིང་མཚན་བརྩོན་འགྲུས་བཟང་པོར་གསོལ། ཁོང་གི་དྲུང་ནས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང་། ལྷན་ཅིག་སྐྱེས་སྦྱོར། ནཱ་རོ། ནི་གུ སྦྱོར་དྲུག་ལ་སོགས་པ་གསན། ཆོས་རྗེ་ལྷ་གདོང་པ་བསོད་ནམས་མཆོག་པ་ལས་རི་ཆོས། གཅོད་སྐོར། རིག་འཛིན་རྒོད་ལྡེམ་གྱིས་གཏེར་ནས་དྲངས་པའི་རྫོགས་ཆེན་ཡོངས་རྫོགས། མཁའ་འགྲོ་སྙིང་ཐིག་རྫོགས་ཆེན་ཨ་རོའི་སྐོར་སོགས་གསན། དེ་རྗེས་གངས་བུ་ལེར་དར་མ་དཔལ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་ཕུར་བ་སོགས་ལས་གསང་སྔགས་གསར་རྙིང་དང་། མེ་རླུང་གི་སྒོམ་ཐབས་སོགས་མན་ངག་མང་དུ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་གནས་རྣམས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། བལ་ཡུལ་དུ་བྷ་རོ་མ་ནུ་དྷ་རས་གསེར་དངུལ་རུས་ཆས་སིལ་སྙན་ལ་སོགས་པའི་མཆོད་པའི་ཡོ་བྱད་ཕུལ་བས་ཆ་རྐྱེན་མཛད་དེ་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་ཞིང་། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པར་མཛད། ལོ་ངོ་བཅོ་བརྒྱད་ཙམ་གྱི་རིང་རྒྱ་བལ་སོགས་ལ་འབྱོན་བཞུད་ཀྱིས་པཎྜི་ཏ་མ་ཧཱ་བོ་དྷི་དང་། བླ་མ་དྷརྨ་རཀྟ། བླ་མ་སིདྡྷི་རཏཱ། གྲུབ་ཐོབ་ཨ་ཏི་ཀ་ར་སོགས་ཀྱི་པཎ་གྲུབ་དུ་མ་ལས་ཆོས་གསན་པ་དང་། ལྷག་པར་དུ་རྡོ་རྗེ་གདན་དང་ཐག་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་གསང་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་གསན་མཐར་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་དང་། ཐེངས་ཤིག་ལྷ་རྩེའི་གྲམ་པ་རྒྱང་གི་ལྷ་ཁང་དམར་པོ་ནས་ཐུགས་སྒྲུབ་ཡང་གསང་བླ་ན་མེད་པའི་ཆོས་སྐོར་གཏེར་ནས་བཞེས་པ་སོགས་ཀྱིས་སྔ་འགྱུར་རྙིང་མ་བའི་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་བརྒྱུད་འཛིན་གྲས་སུ་ཚུད།
དེ་ནས་གྲུབ་ཆེན་ཉིད་ལ་བྱང་སེམས་སྦྱིན་པ་བཟང་པོས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟིན་པ་ཞིག་ཡོང་བ་འདུག །ང་རྒས་ཁར་ཆོས་བདག་པོ་ལ་འཕྲོད་པ་ཞིག་བྱེད་ཅེས་གསུངས་ནས་ནི་གུ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་གའུ་མ། ལམ་ཁྱེར་རྣམ་གསུམ། འཆི་མེད་འཆུག་མེད། མཁའ་སྤྱོད་དཀར་དམར། བླ་མ་མགོན་པོ་དབྱེར་མེད་སོགས་ཤངས་པ་རིན་ཆེན་རྣམ་བདུན་ནས་མཁས་གྲུབ་ཤངས་སྟོན་ལ་ལེགས་པར་བརྒྱུད་པའི་ཟབ་མོའི་གདམས་པ་མཐའ་དག་རྫོགས་པར་གནང༌། གྲུབ་ཆེན་གྱི་ཐུགས་ལ་བས་མཐའ་རི་ཁྲོད་འགྲིམས་ཤིང་སྙན་བརྒྱུད་ཟབ་མོ་གངས་རིའི་ལྗོངས་སུ་དར་བར་བྱེད་དགོངས་པའི་ཚེ། རྡོ་རྗེ་འཆང་གིས་རྡོ་རྗེའི་རྒྱལ་ཐབས་བསྩལ། །ཡེ་ཤེས་མཁའ་འགྲོས་གསང་མཛོད་ལན་གསུམ་གཏད་ཅེས་པ་ལྟར་བར་སྣང་གི་སྤྲིན་གསེབ་ཏུ་མཁའ་འགྲོ་ནི་གུ་མས་ཞལ་མངོན་སུམ་དུ་བསྟན། མཆོག་གི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་གནང་བས་དགའ་བཞིའི་ལང་ཚོས་ཡོངས་སུ་གང་། དེའི་སྐབས་སུ་རྡོ་རྗེའི་ཚིག་རྐང་སོ་སོ་དང༌། དེ་དག་ལ་དངོས་ཤུགས་སྦས་གསུམ་གྱི་མན་ངག་གི་འཕུལ་ཕྱེ་སྟེ་ཡོངས་སུ་རྫོགས་པར་གདམས་ཤིང་། ཁྱད་པར་འཆུགས་མེད་མཁའ་སྤྱོད་དཀར་དམར་གྱི་འཕོ་བ་ཤིན་ཏུ་ཟབ་པ། གདམས་པ་དཔེ་གཉིས་ཀྱི་སྒོ་ནས་བཏོན་པ་དང་བཅས་པ་བཀའ་རྒྱས་བཏབ་ནས་གནང་བ་དེ་དག་ཉམས་བཞེས་སུ་བསྟར་བས། དུས་སྐད་ཅིག་ཉིད་ལ་སྐུ་ལུས་ཀྱི་བཀོད་པ་གྲངས་ལས་འདས་པ་སྟོན་པ་དང་། གཞན་གྱི་སེམས་ཤེས་པའི་མངོན་པར་མཁྱེན་པ་དང་། ཕ་རོལ་ལ་འཕོ་བ་མཛད་པས་དངོས་སུ་འཕོ་ནུས་པ་སོགས་གྲུབ་པའི་ཟློས་གར་བསམ་གྱིས་མི་ཁྱབ་པ་མངའ། ཕྱིས་ཀྱང་ལན་གཉིས་ཞལ་གཟིགས་ནས་ཉེ་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་མང་དུ་བསྩལ། འོན་ཀྱང་རྩོམ་པ་པོ་ཞོལ་མུ་ཡིས་ཐང་སྟོང་རྒྱལ་པོ་འཕགས་བལ་དུ་ལན་མང་དངོས་སུ་ཕེབས་ནས་ནི་གུ་མ་མཇལ་ཏེ་གསེར་ཆོས་ལྔ་ཞུས་པར་འདོད་པ་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན། ཕྱིས་གྲུབ་ཆེན་གྱིས་བླ་མ་ནམ་མཁའི་རྣལ་འབྱོར་དང་མཇལ་ནས་ཆོས་ཕར་ཞུ་ཚུར་ཞུ་མཛད་སྐབས་ཕལ་ཆེར་བླ་མ་དེ་ལས་ཤངས་ཆོས་ཅུང་ཞིག་གསན་མྱོང་བ་དང་། བླ་མ་རྡོ་རྗེ་གཞོན་ནུ་ལས་ཀྱང་ཤངས་ཆོས་སྐོར་མང་དུ་གསན།
དེ་རྗེས་རིན་ཆེན་སྡིངས་ཀྱི་ཤར་ཕྱོགས་དམ་ཕུག་ཀོ་ས་ལ་བྲག་སོགས་སུ་སྒྲུབ་པར་ཞུགས། མ་ཎི་དུང་སྒྲུབ་ལན་གཉིས་མཛད་ནས་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་མ་སོགས་ཀྱིས་ཞལ་གཟིགས། ཐོག་མར་ཐར་པ་གླིང་གི་བླ་མ་མཆོག་བཟང་ལེགས་པའི་བློ་གྲོས་ཀྱི་དྲུང་དུ་ཕྱག་རྒྱ་ཆེན་པོ་གངྒ་མ། གའུ་མ། ཡི་གེ་མེད་པ། ལྔ་ལྡན་ལ་སོགས་པའི་ཁྲིད་དང་དབང་ལུང་མང་དུ་གསན་པ་དང་། སླེ་ཁ་བ་ཤེས་རབ་བཟང་པོ་ལས་དུས་ཀྱི་འཁོར་ལོའི་དབང་གོང་མ། ཇོ་ནང་ལུགས་ཀྱི་སྦྱོར་དྲུག་ཆ་ཚང་གསན། དེ་རྗེས་གཙང་རྒྱས་སྡེ་ཐང་ཁར་ གསང་སྤྱོད་ལ་ཞུགས་པའི་སྐབས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡེ་ལྔས། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས་ཞེས་པས་ཐང་སྟོང་རྒྱལ་པོ་དང་། ལུང་སྟོང་སྨྱོན་པ། ཟས་རྣམས་བཅུད་ལེན་མཁན། རྐྱེན་རྣམས་རོ་སྙོམས་མཁན། ཆོས་རྣམས་རྐྱགས་གཏད་མེད་པ་བཅས་ཀྱི་མཚན་མཆོག་ལྔ་གསོལ་བས། གསོལ་འདེབས་གྲུབ་པའི་སྒྲ་དབྱངས་སུ་གདུལ་དཀའ་འདུལ་ཕྱིར་གྲུབ་པའི་སྐུར་བཞེངས་པ། །ཡེ་ཤེས་ཌཱ་ཀི་ཡོངས་ཀྱི་མིང་གཅིག་པུ། །མཚན་མཆོག་ལྔ་དང་ལྡན་ལ་གསོལ་བ་འདེབས་ཞེས་འཁོད་པ་ཡིན་ལ། དུས་དེ་ནས་བཟུང་ཐང་སྟོང་རྒྱལ་པོ་ཞེས་པའི་མཚན་སྙན་གྱི་བ་དན་ས་གསུམ་ཁྱོན་དུ་གཡོ། སླར་འཁྲུངས་ཡུལ་དུ་ཕེབས་ནས་ཕ་མ་གཉིས་ཀྱི་བུ་ལོན་རྣམས་མཇལ་རྗེས་ཐར་པ་གླིང་གི་སྒྲུབ་ཁང་ཞལ་དཀར་ལྷ་གདོང་དུ་ར་མ་གཉིས་ཀྱི་འོ་མ་ལ་འཚོ་བ་མཛད་པ་ལས་གཞན་ལོངས་སྤྱོད་བྲེ་གང་ཡང་མེད་པར་ལོ་དྲུག་སྒྲུབ་པ་གནང་བའི་སྐབས་ཤིག་རྨི་ལམ་བཟུང་ནས་རྒྱ་གར་གྱི་དུར་ཁྲོད་ཀེང་རུས་མེ་འབར་དུ་ཕེབས་ཏེ་རྗེ་བཙུན་བི་རུ་པ་ལས་རྒྱུད་སྡེ་མཐའ་ཡས་པ་མཐའ་དྲུག་དང་ཚུལ་བཞིས་རྣམ་པར་ཕྱེ་སྟེ། ལམ་འབྲས་བུ་དང་བཅས་པའི་མན་ངག་ཡོངས་སུ་རྫོགས་པ་གསན། ལྷ་ལྡན་གྱི་ཇོ་བོ་རིན་པོ་ཆེའི་མགུལ་ལ་གསེར་རྡོག་པོ་ཉི་ཤུ་རྩ་གཅིག་ཕུལ་བ་སོགས་མཆོད་པ་དུ་མས་མཉེས་པར་མཛད།
ཐེངས་ཤིག་ཚལ་གུང་ཐང་གི་མེ་ཏོག་མཆོད་པ་ ལ་བྱོན་ནས་ལྷ་སར་ལོག་ཕེབས་སྐབས་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བས་ལ་ཁར་ཇག་པ་དང་ཆུ་ཁར་གཉན་དཔོན་གྱི་དཔེ་ལྟར་གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་ཞུས་ཏེ་ཆུ་ནང་དུ་བསྐྱུར་བས། ཁོང་གི་ཐུགས་དགོངས་ལ་ཉམ་ཐག་གི་སྐྱེ་བོ་གྲངས་ལས་འདས་པ་ཞིག་ཀྱང་འདི་དང་འདི་འདྲ་བའི་དཀའ་སྡུག་དང་བརྙས་བཅོས་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས་ཆུ་ཀླུང་བརྒལ་མི་བཏུབ་པ་རྣམས་ལ་ལྕགས་ཟམ་གཟུག་རྒྱུའི་མི་ཕྱེད་པའི་དམ་བཅའ་ཐུགས་ལ་བཀོད། དེ་རྗེས་ཀོང་པོར་ལྕགས་འཚོལ་བར་ཕེབས་སྐབས་སློབ་མ་ལྔ་བཅུ་ཙམ་བྱུང་བ་རྣམས་ཁྲིད་ནས་ཀོང་ཡུལ་སྟེང་རྩ་དང་སྨན་མོ་སྒང་སོགས་སུ་ཕེབས་ཏེ་ལྕགས་ཀྱི་སློང་མོ་དང་། ལྕགས་གཏེར་སྔོག་འདོན་གྱི་ལས་ལ་ཞུགས་ཤིང་། མགར་བ་མང་པོའི་དཀའ་སྤྱད་ལ་བརྟེན་ནས་ཞག་བཅོ་བརྒྱད་ཀྱི་རིང་ལ་ལྕགས་ཐག་འདོམ་བཅོ་བརྒྱད་ཡོད་པ་བཞི་གྲུབ་པས་མཚོན་ལྕགས་གུག་རྐང་བུ་སྟོང་ཕྲག་མང་པོ་བཟོ་རྡུང་མཛད། དེ་དག་མཛོ་གཡག་སོགས་ལ་བཀལ་ནས་དབུས་གཙང་དུ་དབོར། གཞན་ཡང་དབུས་གཙང་ཁམས་གསུམ་དང་མོན་ཡུལ་སོགས་སུ་ལྕགས་མང་པོ་བསྒྲུབས་ཏེ་ལྕགས་ཟམ་འཛུགས་ཡུལ་གྱི་ས་ཆ་ཁག་ལ་དྲངས། ཐོག་མར་སྐྱིད་ཆུའི་གྲུ་ཁ་དེ་ཉིད་དུ་ལྕགས་ཟམ་གཟུག་རྒྱུའི་དམ་བཅའ་བཞིན་དགུང་གྲངས་བདུན་ཅུར་ཕེབས་པ་རབ་བྱུང་བདུན་པའི་ལྕགས་ཕོ་ཁྱི་སྤྱི་ལོ1430ལོར་སྡེ་པ་སྐྱིད་ཤོད་པ་དང་ཁུལ་དེའི་སྐྱ་སེར་ཀུན་བསྐུལ་ནས་ལྷ་གདོང་ཤན་ཁའི་ལྕགས་ཟམ་ཐོག་མར་བསྐྲུན། དུས་དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་དུ་ཁྱབ། དེ་ནས་ཆུ་བོ་རིའི་ལྕགས་ཟམ་དང་། ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་སོགས་སྐུ་ཚེ་གང་པོར་ཁྱོན་ལྕགས་ཟམ་ལྔ་བཅུ་ང་བརྒྱད། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་སོགས་འཛུགས་གནང་མཛད། གྲུབ་ཆེན་གྱིས་བཙུགས་གནང་བའི་ལྕགས་ཟམ་དེ་དག་ལ་མི་ཆུར་ལྷུང་སྟེ་འཆི་བ་སོགས་བྱུང་མྱོང་མེད་པ་ནི། དཔེར་ན་བགྲང་བྱ་བཞི་བཅུའི་གོང་ཙམ་དུ་ལྷ་རྩེ་རྫོང་གྲའུ་ཡུལ་ཤོག་ལྕགས་ཁ་གྲོང་ཚོའི་ཉེ་འཁོར་གྱི་ལྕགས་ཟམ་དེའི་སྟེང་ཚྭ་དོ་པོ་གཅིག་སྒལ་པར་ཁུར་ཡོད་པའི་བུ་མོ་ཞིག་ཆུ་ནང་དུ་ལྷུང་། ཚྭའི་ལྗིད་ཀྱིས་རྐྱེན་པས་ཆུའི་གཏིང་དུ་ལྷུང་ཡང་བུ་མོ་དེས་ཐག་པ་གཏོང་ཤོག་ཅེས་འབོད་པས་ཉེ་འཁོར་གྱི་མིས་ཐག་པར་བརྟེན་ནས་བུ་མོ་དེ་སྲོག་ཉེན་ལས་བསྒྲོལ་ཞེས་པ་སོགས་དོན་དངོས་ཀྱི་ཤོད་རྒྱུན་མང་དུ་མཆིས། ལྷག་པར་དམ་པ་གང་དེས་ལྕགས་ཟམ་སྒྲུབ་པའི་དགེ་བསྐུལ་གྱི་ཆ་རྐྱེན་དུ་མཛད་ཅིང་དེང་ལོངས་སུ་སྤྱོད་ཡུལ་དུ་གྱུར་པའི་ཨ་ཅེ་ལྷ་མོའི་ཟློས་གར་གྱི་འཁྲབ་རྒྱུན་ཡང་གསར་དུ་གཏོད་པ་སོགས་ཀྱིས། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་གཙོ་བོར་ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་པའི་བླ་ཆེན་ཞིག་གིས་ངོས་ནས་སྐབས་དེའི་སྤྱི་ཚོགས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་དང་། རིག་རྩ་ལ་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་དམངས་ཕན་བྱ་གཞག་ལ་ལེགས་སྐྱེས་བསམ་གྱིས་མི་ཁྱབ་པ་ཕུལ་ཡོད་པས། རིས་མེད་སྐྱེ་འགྲོ་ཀུན་གྱིས་གཙུག་ཏུ་བཀུར།
མ་གཞི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སྲས་མཁར་དགུ་ཐོག་ཏུ་ཞག་གསུམ་བཞུགས་པའི་ཚེ་ནུབ་གཅིག་མར་པ་ལོ་ཙཱ་བ་དང་མཇལ་བས། རྗེ་མར་པས་མ་ཧཱ་མ་ཡའི་དབང་བསྐུར་རྒྱུད་བཤད་མཛད་ནས་ཆོས་བདག་པོ་ལ་འཕྲོད་དོ་གསུངས་ནས་ནམ་མཁའ་ལ་གཤེགས། ཡང་ཆོས་རྗེ་འབྲི་གུང་པ་ནམ་མཁའ་རྒྱལ་མཚན་དང་མཇལ་ནས་ནཱ་རོ་ནི་གུ་ཕར་ཞུ་ཚུར་ཞུ་མཛད། དེ་ལྟར་ཁོང་གིས་སྐུ་ཚེ་གང་པོར་སྔ་འགྱུར་རྙིང་མའི་མན་ངག་ཟབ་ཆོས་དང་། ས་སྐྱ་པའི་ལམ་འབྲས། དྭགས་པོ་བཀའ་བརྒྱུད་ཀྱི་ནཱ་རོ་ཆོས་དྲུག་སོགས་ཀྱི་གདམས་ངག་མང་དག་ཅིག་ཐུགས་ཉམས་སུ་བཞེས་པ་མ་ཟད། རིས་སུ་མ་མཆིས་པའི་དགེ་ལས་པ་རྣམས་ལ་རང་རང་གི་བློ་འདོད་ལྟར་ཆོས་ཕྱག་རྒྱ་ཆེན་པོ་དང་། རྫོགས་ཆེན། ནཱ་རོ་ནི་གུའི་ཆོས་དྲུག །གཙང་ཁྲིད་དང་བློ་སྦྱོང་སོགས་ཁྲིད་ཚུལ་སྣ་ཚོགས། མདོ་སྡེ་ལས་བརྒྱ། དགོངས་པ་ངེས་འགྲེལ། ཁང་བུ་བརྩེགས་པའི་མདོ་ལ་སོགས་པ་སྤྱི་ཆོས་སུ་གནང་། ལྷག་པར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རྗེས་སུ་བཟུང་ཞིང་ཉེ་བརྒྱུད་ཀྱི་བཀའ་བབས་ལན་གསུམ་བསྩལ་བས། ཁོང་ནི་དུས་རབས་བཅོ་ལྔ་པའི་ནང་ཤངས་ཆོས་ཀྱི་ཚབ་མཚོན་བརྒྱུད་འཛིན་པ་ཞིག་ཡིན་པ་གོར་མ་ཆག །ཁོང་གིས་ལོ་མང་རིང་གནས་ངེས་མེད་དུ་ཕེབས་ནས་དགོན་གནས་གསར་བཞེངས་དང་དམ་པའི་ཆོས་ཀྱི་གདམས་ངག་མཐས་ཀླས་པ་མདོ་དབུས་ཁམས་གསུམ་སོགས་ཀྱི་གདུལ་བྱ་འགྲོ་བའི་དོན་དུ་སྤེལ་བ་ཡང་། སྤྱི་ལོ་1446ལོ་ཙམ་ནས་བཟུང་གྲུབ་ཆེན་ཉིད་དང་ལྷ་རིགས་སྡེ་དགེའི་རྒྱལ་རབས་དང་པོ་བོ་ཐར་བཀྲ་ཤིས་སེང་གེ་གཉིས་མཆོད་ཡོན་ཟུང་འབྲེལ་གྱིས་ཕྱག་བཏབ་པའི་ཐང་རྒྱལ་ལྷ་ཁང་དང་སྲིབ་དགོན་དུད་བརྒྱ་རྩ་བརྒྱད་རྣམས་དེང་ཕལ་ཆེར་དགོན་ཆེན་དགོན་གྱི་ཁོངས་སུ་གཏོགས་པས་ས་ལུགས་འཛིན་པ་ཤ་སྟག་ཡིན་ལ། དེ་མིན་ཤངས་པའི་ཆོས་སྐོར་ལ་སོགས་པའི་ཆོས་བརྒྱུད་གཞན་གྱི་གདམས་པ་རྣམས་ཀྱང་གནས་ངེས་མེད་དུ་སྤེལ་ནས་སངས་རྒྱས་བསྟན་པའི་གདུགས་དཀར་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་མཛད། ཁོང་གིས་ཤངས་ཆོས་ཀྱི་གདམས་པ་འདི་དག་གཙོ་ཆེར་མང་མཁར་བ་བློ་གྲོས་རྒྱལ་མཚན་དང་འབྲི་གུང་ཆོས་རྗེ་ནམ་མཁའ་རྒྱལ་མཚན་སོགས་ལ་བསྩལ་མཐར་རབ་བྱུང་དགུ་པའི་ས་སྦྲུལ་སྤྱི་ལོ1509ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས།
II.2.2.2 Lodrö Gyeltsen
གཉིས། དཀའ་བཅུ་པ་བློ་གྲོས་རྒྱལ་མཚན།
དཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་ལྷ་རྩེའི་མང་མཁར་དུ་སྐུ་འཁྲུངས། ཁོང་ནི་གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་མཐར་སོན་པའི་དགེ་བཤེས་ཤིག་ཡིན་ཞིང༌། གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་མཇལ་ནས་ནི་གུའི་ཉམས་ཁྲིད་རྒྱས་པར་གསན། ས་ཉལ་མའི་ཕུག་པར་ཟླ་བ་བདུན་བསྒོམས་པས། གཏུམ་མོའི་བདེ་དྲོད་དང་སྒྱུ་མའི་ཉམས་བཟང་པོ་སྐྱེས། རྨི་ལམ་སྤྲུལ་བསྒྱུར་གྱི་སྒོ་ནས་རྒྱ་གར་རྡོ་རྗེ་གདན་སོགས་ཡུལ་སྣང་གཏན་ལ་ཕེབས་ཤིང་། འོད་གསལ་གྱི་གཟིགས་པ་རྒྱ་ཆེན་པོ་ཤར། ཁྲིད་གྲོལ་ནས་ཁྲིད་ཡིག་ལ་གཟིགས་པས་དེར་མ་འཁོད་པའི་དམིགས་པ་མང་པོ་བྱུང་འདུག་པ་བླ་མ་ལ་དྲིས་པས། ཡེ་ཤེས་མཁའ་འགྲོས་དངོས་སུ་གནང་བའི་གདམས་པ་ཡིན་པས་བསྐྱུར་མི་ཉན་གསུངས། ཟིན་བྲིས་བྱས་ན་ཡོང་མིན་དྲིས་ཀྱང་མཁའ་འགྲོའི་གནང་བ་མ་ཐོབ་པས་མི་ཡོང་གསུངས། དེ་རྗེས་ཁོང་གིས་ཆོས་སྡེའི་སློབ་དཔོན་གྱི་ཁུར་མཛད་སྐབས་སུ་ཡང་འབད་པས་ཉམས་སུ་བླངས་པས། དབེན་པར་སྒོམ་པ་བས་ཆོས་སྡེའི་ཚོགས་དབུས་སུ་སྒོམ་པ་བོགས་ཆེ་བ་བྱུང་། དཀའ་བཅུ་པ་སླར་གྲུབ་ཆེན་གྱི་དྲུང་དུ་བྱོན་པས་ནི་གུའི་དམིགས་པ་རྣམས་བརྗེད་འདུག་གམ་གསུངས། མི་འདུག་ཞུས་པས་ཤོག་བུ་ལོངས་ལ་བྲིས། མཁའ་འགྲོའི་བཀའ་གནང་ཐོབ་པ་ཡིན་ཞེས་གསུངས། དེ་ནས་ཇི་ལྟ་བ་བཞིན་བྲིས་ཏེ་བླ་མར་ཕུལ་བས་ཤིན་ཏུ་དག་པ་མཁྱེན། ཟིན་བྲིས་འདིའི་ལུང་བསྟན་འཛིན་རིན་པོ་ཆེ་གཙོ་བོར་གྱུར་པའི་གདུལ་བྱ་འགའ་ཞིག་ལ་གནང་།
དེ་ཡང་ནི་གུའི་བརྒྱུད་འདེབས་སུ་གནས་མང་མཁར་དགོན་གསར་གྱི་དགོན་པ་རུ། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་ལ་གསོལ་བ་འདེབས་ཞེས་པ་ལྟར། རྗེ་བཙུན་བློ་གྲོས་རྒྱལ་མཚན་འདི་ཉིད་ཀྱིས་གཙང་སྟོད་ལྷ་རྩེར་ཐེག་ཆེན་འོད་གསལ་གླིང་ཞེས་པའི་ས་སྐྱ་ཚར་ལུགས་ཀྱི་དགོན་གནས་ཕྱག་བཏབ་གནང་མཛད། དེང་བསམ་གྲུབ་དགོན་གསར་ཞེས་ཡུལ་མིང་དགོན་ལ་ཐོགས་པ་དེ་ཡིན། ཁོང་གིས་དགོན་གནས་འདི་བཏབ་ནས་བུ་སློབ་ཀྱི་འཁོར་རྣམས་ལ་ཤངས་པའི་ཉེ་བརྒྱུད་ཀྱི་གདམས་པ་རྒྱ་ཆེར་སྤེལ་བས་བཀའ་དྲིན་ཆེ་བ་ཡིན། ནི་གུ་ཐང་སྟོང་ལུགས་འདི་མང་མཁར་བ་བློ་གྲོས་རྒྱལ་མཚན་གྱིས་མཁས་གྲུབ་དཔལ་ལྡན་དར་པོ། དེས་རྗེ་བཙུན་བསོད་ནམས་རྩེ་མོ། དེས་སྐལ་བཟང་འགྱུར་མེད་བདེ་ཆེན། མཁན་ཆེན་ངག་དབང་ཆོས་གྲགས། དེས་འཇམ་དབྱངས་བསོད་ནམས་རྒྱལ་མཚན། དེས་ངག་དབང་བསྟན་པ་རབ་རྒྱས། དེས་མང་ཐོས་བསོད་ནམས་ཆོས་འཕེལ། དེས་ཀུན་དགའ་ལེགས་པའི་འབྱུང་གནས། དེས་འཇམ་དབྱངས་བསོད་ནམས་དཔལ་བཟང་། དེས་འཕགས་མཆོག་ཆོས་ཉིད་ཡེ་ཤེས། དེས་མཚུངས་མེད་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་མ་ཏིའི་མཚན་ཅན། དེས་འཇམ་མགོན་རྡོ་རྗེ་རིན་ཆེན། དེས་འཇམ་དབྱངས་མཁྱེན་བརྩེ་དབང་པོ། དེས་འཇམ་མགོན་ཡོན་ཏན་རྒྱ་མཚོ་ལ་རིམ་གྱིས་བརྒྱུད་པའོ།

II.2.3 - The very close transmission lineage
།གསུམ་པ། ཤིན་ཏུ་ཉེ་བརྒྱུད།
ནག་པོ་སྤྱོད་པའི་རྣམ་སྤྲུལ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཉེ་བརྒྱུད་དག་པའི་སྣང་བར་རྡོ་རྗེ་བཙུན་མོ་ནི་གུ་མས་ཞལ་དངོས་སུ་བསྟན་ཏེ་གདམས་ངག་ཁྱད་པར་ཅན་ལན་གཉིས་བསྩལ་བ་དང་། རིང་བརྒྱུད་འཇག་བསམ་གཉིས་དང་ཐང་སྟོང་རྒྱལ་པོ་ལ་སོགས་བརྒྱུད་པའི་རྣམ་གྲངས་ཉེར་བཞི་སྟེ། བརྒྱུད་སྲོལ་ཉེར་ལྔ་དང་ཁྲིད་ཐེངས་བརྒྱ་ལྷག་བཅས་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གིས་གསན། ཁོང་གིས་ཆོས་སྐུ་ལྷ་དབང་གྲགས་པ་སོགས་ལ་བརྒྱུད་པ་ནི་གུ་ཇོ་ནང་གི་ལུགས་སུ་གཏོགས། དེའི་བརྒྱུད་པ་གཞན་རྣམས་ཁོ་བོས་ཟུར་དུ་བཀོད་པའི་ཤངས་པའི་བླ་རབས་ཀྱི་མཚན་ཐོར་གསལ་བས་དེར་གཟིགས་པར་འཚལ། སྐབས་འདིར་ལུགས་འདིའི་ཚབ་མཚོན་གྱི་བླ་མ་འགའ་ཞིག་གི་སྐོར་ཅུང་ཟད་ཞིང་བ་ལ།
II.2.3.1 Künga Drölchok
གཅིག །དཔལ་ལྡན་ཀུན་དགའ་གྲོལ་མཆོག
།ཁོང་ནི་མངའ་རིས་སྨད་ཀྱི་གློ་བོ་སྨོན་ཐང་ དུ་གཉག་སྟོན་ཤཱཀྱ་མུ་ནེའི་རིགས་སུ་ཡབ་རྗེ་དགུང་ལོ་ལྔ་བཅུ་རྩ་བརྒྱད་དང་། ཡུམ་དགུང་ལོ་ཉི་ཤུ་རྩ་གཉིས་བཞེས་པའི་ཚེ་སྐུ་བལྟམས། སྐུ་འཁྲུངས་སྐབས་སྒྲོལ་མ་འབུམ་ཐེར་འཛུགས་པའི་དུས་ཡིན་པས། རྗེ་བཙུན་སྒྲོལ་མའི་ཐུགས་རྗེར་དགོངས་ཏེ་མཚན་སྒྲོལ་མ་འབུམ་དུ་གསོལ། དགུང་ལོ་བཞི་པའི་ཐོག་བླ་མ་དམ་པ་ཀུན་དགའ་མཆོག་གྲུབ་ཀྱི་དྲུང་དུ་ཆོས་སྒོར་ཞུགས། དེ་ནས་དགུང་ལོ་བརྒྱད་ཀྱི་བར་དུ་ཡབ་ཀྱི་དྲུང་ནས་ཀློག་ཡིག་སོགས་སྦྱངས། དགུང་པོ་བཅུ་གསུམ་པ་ལ་བླ་མ་ཀུན་དགའ་མཆོག་གྲུབ་ལས་རབ་ཏུ་བྱུང་ཞིང་། མདོ་སྔགས་ཀྱི་ཆོས་མང་དུ་གསན། དེ་ནས་དབུས་གཙང་དུ་སློབ་གཉེར་ལ་ཕེབས། ལམ་བར་དུ་ས་སྐྱ་མཇལ་ནས་ཁའུ་བྲག་རྫོང་དུ་ཀུན་སྤངས་ཆོས་ཀྱི་ཉི་མའི་དྲུང་དུ་དཔལ་མགོན་གྱི་རྗེས་གནང་གསན་པས། ཆོས་སྐྱོང་གི་སྐུའི་རྣམ་པ་གསལ་ཆ་ཆེར་བྱུང༌། ལོ་དགོན་དུ་ཞེན་པ་བཞི་བྲལ་གྱི་ཁྲིད་གསན་རྗེས་ཆགས་མེད་ཀྱི་ངེས་འབྱུང་དྲག་པོ་སྐྱེས། དེ་ནི་ཁྲིད་ཐོབ་པའི་ཐོག་མ་ཡིན། དེ་རྗེས་ཆོས་གྲྭ་ཆེན་པོ་གསེར་མདོག་ཅན་ དུ་པཎྜི་ཏ་དོན་ཡོད་གྲུབ་པ་ལ་རྒྱུད་སྡེ་ལྔ་དང་། བདེ་མཆོག་ལྷ་ལྔའི་དབང་ཞུས་ཤིང༌། སླར་མངའ་རིས་སུ་ཕེབས། དགུང་ལོ་ཉི་ཤུ་པ་ལ་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་རྒྱལ་མཚན་གྱིས་མཁན་པོ་དང་། ངོར་ཆེན་རྡོ་རྗེ་ལྷ་མཆོག་གིས་ལས་སློབ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། སློབ་དཔོན་རྣམས་ལས་གསུང་ངག་ལམ་འབྲས་སོགས་མང་དུ་གསན། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་ལ་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་ཞུས། དྲུང་པ་ཆོས་རྗེ་ལས་རྒྱལ་སྲས་ཁྲིད་དྲུག་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཕུད་པའི་གཞན་ལྔའི་དམིགས་ཁྲིད། སྐྱེས་བུ་གསུམ་གྱི་ཁྲིད། སྙིང་རྗེ་མཁའ་ཁྱབ་སྟེ་བཀའ་གདམས་ལྷ་བཞིའི་ཟབ་ཁྲིད། བློ་སྦྱོང་སོགས་བཀའ་གདམས་པའི་ཆོས་སྐོར་མང་དག་ཅིག་གསན། མོན་རྫོང་པ་ཟླ་བ་རྒྱལ་མཚན་ནས་བརྒྱུད་པའི་ལམ་འབྲས་ཞ་མ་ལུགས་སོགས་བརྒྱུད་ལུགས་མི་འདྲ་བ་ཉེར་ལྔ། སྒྲོལ་དཀར་འབྱུང་པོ་འདུལ་བྱེད་སོགས་ས་སྐྱ་པའི་ཆོས་སྐོར། གཞན་ཡང་གཙུག་རྒྱན་ནོར་བུ་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་དང་། སངས་རྒྱས་རིན་ཆེན་སེང་གེ ཀུན་དགའ་མཆོག་གྲུབ། དོན་ཡོད་མཚན་ཅན། དཔལ་ལྡན་ཚུལ་ཁྲིམས། ཡིག་དྲུག་ཤེས་དཔལ། ཁམས་སྟོན་བསོད་ནམས་རྒྱལ་མཚན། ཀརྨ་པ་དྲེ་བོ་ཆོས་རྒྱལ། དཔལ་ལྡན་འབྲུག་པ་ངག་དབང་ཆོས་རྒྱལ། ལྕང་ལུང་པ་གཞོན་ནུ་མཆོག་གྲུབ། སྟག་ལུང་པ་རྣམ་རྒྱལ་བཀྲ་ཤིས་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དྲུག་ཅུ་ཙམ་བསྟེན་པ་ལས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཉིད་ཀྱིས་གང་ཆོས་ཀྱི་འབྲེལ་བའི་བླ་མ་དྲུག་ཅུ་རྩ་མཆིས་པ་ཀུན་ཀྱང་རྒྱ་སྒོམ་གཅིག་པུར་ངོ་བོ་གཅིག་པ་མ་གཏོགས་ཐ་དད་པར་ནི་མི་འཛིན་ཞེས་གསུངས་པ་ལྟར་རྒྱ་སྒོམ་ཆེན་པོ་ནི་ཁོང་གི་རྩ་བའི་བླ་མ་ཉག་གཅིག་ཡིན་པ་བཅས་དེ་དག་གི་དྲུང་ནས་མདོ་སྔགས་ཀྱི་གཞུང་འགྲེལ་དང་དབང་ཁྲིད་བྱིན་རླབས་ལ་སོགས་པའི་མན་ངག་མཐའ་ཡས་པ་གསན་ཏེ་མཁས་ཤིང་གྲུབ་པའི་རྩེ་མོར་སོན་པས། གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོས་ཞབས་ལ་གཏུགས། དབུས་གཙང་སྡེ་དཔོན་ཆེ་ཕྲ་ཀུན་གྱི་མཆོད་པའི་ཞིང་དམ་པར་གྱུར་ཅིང་། གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད། སྔ་རྗེས་སུ་ཐུབ་བསྟན་གསེར་མདོག་ཅན་དང་། དཔལ་འཁོར་བདེ་ཆེན་གླིང་། རྩེ་ཆེན་ངམ་རིང་སོགས་ཀྱི་གདན་སའི་བདག་པོར་བསྐོས་ཀྱང་། བྱ་བཏང་ཁོ་ནའི་ཚུལ་གྱིས་སྡེའི་ཞལ་འཛིན་ཆེར་མ་མཛད། སྐུ་ཚེའི་མཇུག་ཏུ་ཇོ་ནང་དུ་སྒྲུབ་པར་ཞུགས་པ་དང་། ལྷག་པར་ཆོས་ལུང་བྱང་རྩེའི་དགོན་གནས་ བཏབ་ནས་སྒྲུབ་སྡེ་ལ་གཙོ་བོར་མཛད་ཅིང་། སློབ་མ་མཁས་པ་མང་དུ་བྱུང་བ་ལས་གཙོ་བོ་རྡོ་རིང་པ་ཀུན་དགའ་རྒྱལ་མཚན། མཁས་དབང་བྱམས་པ་ལྷུན་གྲུབ། ཆོས་སྐུ་ལྷ་དབང་གྲགས་པ་རྣམས་ལ་ས་དྭགས་ཇོ་ཤངས་ཀྱི་ཆོས་སྐོར་མཐའ་ཡས་པའི་བཀའ་བབས་གཏད་དེ། གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཆོས་ལུང་བྱང་ཆུབ་རྩེ་མོར་བཞུགས་སོ།
།རྗེ་བཙུན་འདི་ཉིད་ལ་ཤངས་པའི་ཆོས་ཀྱི་བཀའ་བབས་པ་དང་། གདམས་པ་ཇི་ལྟར་གསན་པའི་སྐོར་ཡང་། ཐེངས་ཤིག་མནལ་ལམ་དུ་བུད་མེད་དམར་པོ་གཉིས་ཀྱིས་ཡར་བཏེགས་ནས་སོ་ས་གླིང་གི་དུར་ཁྲོད་ཡིན་ཟེར་བ་ཞིག་ཏུ། ནི་གུ་མས་ཚོགས་དཔོན་མཛད་པའི་མཁའ་འགྲོ་མ་མང་པོ་འདུས་པའི་ཚོགས་འཁོར་གྱི་གྲལ་དུ་ཚུད་པ་དེས། ནི་གུ་མས་བྱིན་གྱིས་བརླབས་པའི་མཚན་མ་ཐོབ། དེ་རྗེས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་དངོས་སུ་ཞལ་གཟིགས་ཏེ་ཆོས་དྲུག་དང་ཕྱག་ཆེན། ལམ་ཁྱེར་དང་འཆི་མེད། མཁའ་སྤྱོད་དང་མགོན་པོ་སོགས་ཀྱི་བཀའ་སྣ་རྣམས་གནང་བས། རྗེ་བཙུན་གྱིས་ཀྱང་བདག་དང་མཁའ་འགྲོའི་བར་དུ་བརྒྱུད་པ་གཞན་མི་དགོས་གསུངས། ལྷག་པར་དུ་ཡོལ་ཕུ་རི་གོང་གི་རང་བྱུང་མགོན་པོའི་ལུང་བསྟན་བཞིན་སྦས་པའི་རྣལ་འབྱོར་རྒྱ་སྒོམ་ལེགས་པ་རྒྱལ་མཚན་གྱིས་རྒྱུད་སྡེ་ལྔའི་དབང་བསྐུར་མནོས་ཤིང་། དེ་རྗེས་ཤངས་པའི་ཚོགས་ཆོས་སྔོན་འགྲོ་མི་རྟག་སྐྱོ་ཤས་ཀྱི་ཉམས་ཁྲིད་ཆེན་མོ་བསྩལ་ནས། རྩ་བའི་ཆོས་དྲུག །བཀའ་དྲུག་དང་དམིགས་པ་སྤེལ་བའི་མྱོང་ཁྲིད། སྡོང་པོ་ཕྱག་ཆེན་གའུ་མའི་དོན་ཁྲིད་དབང་དང་འབྲེལ་བ། ལམ་འཁྱེར་གྱི་འཇུག་སྒོའི་བྱིན་རླབས། མཁའ་སྤྱོད་དཀར་དམར་བྱིན་རླབས་དང་འབྲེལ་བའི་ལྟ་ཁྲིད། གསང་སྒྲུབ་ལྟེ་བ་འཕྲུལ་འཁོར། མགོན་པོ་སྙིང་ཞུགས་ཀྱི་དམར་ཁྲིད། མགོན་པོ་མི་འདྲ་བ་སུམ་ཅུ་སོ་གསུམ་སོགས་ཀྱི་དབང་བཀའ་དྲུག་ཅུ་རེ་བརྒྱད་ཙམ་གསན་པ་བཅས། སྔ་ཕྱིར་ཤངས་ཆོས་ཀྱི་གདམས་པ་ལྷག་མ་རྣམས་རྫོགས་པར་བསྩལ་བས། རྒྱ་སྒོམ་ཆེན་པོས་ཀྱང་ཆོས་བདག་པོ་ལ་འཕྲོད་པ་མི་རྒན་ད་ལྟ་ཤི་ཡང་བློ་བདེ་ཞེས་གསུངས་པ་ཡིན། ཡང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཉིད་ཀྱིས་ནི་གུའི་ཁྲིད་བརྒྱ་རྩ་བརྒྱད་འཆད་པའི་དམ་བཅའ་ཕུལ་བས། རྒྱ་སྒོམ་ཆེན་པོའི་ཞལ་ནས་བརྒྱ་རྩ་བརྒྱད་ཀྱི་མཐར་དངོས་གྲུབ་ཀྱི་ཕ་ཕོགས་ཆེན་པོ་བྱུང་ཞེས་པའི་ལུང་བསྟན་གནང་ཞེས་འཁོད་པ་ལྟར་ནི་གུའི་ཁྲིད་ཐེངས་གྲངས་བརྒྱ་རྩ་བརྒྱད་འཆད་པའི་དམ་བཅའ་ཕུལ་བས། རྒྱ་སྒོམ་ཆེན་པོའི་ལུང་བསྟན་ཐོབ་པ་དང་། ཤངས་པའི་གདམས་ངག་གི་བརྒྱུད་པ་ཅུང་ཟད་ཉམས་རྒུད་དུ་སོང་བའི་དུས་དེར་ཤངས་ཆོས་རྒྱ་ཁྱབ་ཏུ་འགྲོ་བར་ལེགས་སྐྱེས་བསམ་གྱིས་མི་ཁྱབ་པ་ཕུལ་བར་མཛད། གཞན་ཡང་རིན་པོ་ཆེ་ལྕོག་པོ་རྩེ་པ་ལས་གྲུབ་རྒྱལ་མའི་ཚེ་དབང་དང་། མགོན་པོ་རྒྱན་གྱི་སྐོར། དུར་ཁྲོད་ལམ་ཁྱེར། གའུ་མའི་རྡོ་རྗེའི་ཚིག་རྐང་སོགས་ཞུས། ཁམས་སྟོན་བསོད་ནམས་རྒྱལ་མཚན་ལ་ནི་གུའི་ཆ་ལག་ཕྱག་ཆེན་རྣམས་མཐའ་རྒྱས་སུ་གསན། དེ་ལྟར་ཁོང་ལ་ནི་གུའི་ལུགས་སྲོལ་མི་འདྲ་བ་ཉེར་ལྔ་ཐོབ་པས། ཁོང་རང་ཉིད་ཀྱིས་ཀྱང་ཆོས་ནི་གང༌། སྤྱིར་ཤངས་པའི་བཀའ་བརྒྱུད་ལ་སྙིང་ཕུར་བཏབ་མོད། ཐོས་པའི་ཆོས་ཇི་སྙེད་པ་མཐའ་དག་ཀྱང་དེའི་ཚུལ་དུ་འདུས་པ་ལས་རྣམ་རྟོག་གི་རྒྱུ་ཤན་མི་བྱེད་དོ་ཞེས་གསུངས་པ་ལྟར་ཤངས་པའི་ཤིན་ཏུ་ཉེ་བརྒྱུད་ཀྱི་རིང་ལུགས་དྲི་མེད་མངའ་བ་ཡིན། སྐུ་གཤེགས་ཁར་བྲག་སྟོད་པ་ལྷ་དབང་གྲགས་པ་ཤངས་ཆོས་གདམས་པའི་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་པ་བཅས་སོ།
།ཞར་ལ། དམ་པ་འདི་ཉིད་ཀྱིས་དམ་པའི་ཆོས་ཀྱི་མན་ངག་ཟབ་མོའི་བཅུད་ཀུན་ལེགས་བསྡུས་ཀྱི་ཚུལ་དུ་མཛད་པ་གྲོལ་མཆོག་ཁྲིད་བརྒྱ་ཞེས་གྲགས་པ་ཟབ་མོའི་ཁྲིད་ཚན་བརྒྱ་རྩ་བརྒྱད་ཀྱི་བཀླག་ལུང་ཚར་གསུམ་ཕྱག་བཞེས་ཀྱི་བཀའ་སྲོལ་མཆོག་གི་བརྒྱུད་རིམ་ནི། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཉིད་དང་། དེ་ནས་རིམ་པར་ཐུགས་སྲས་མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། དགེ་སློང་སྙིང་པོ་མཐའ་ཡས། རྗེ་ཀུན་བཟང་དབང་པོ། ཚེ་དབང་ནོར་བུ་དང་ཀུན་དགའ་རྣམ་རྒྱལ་གཉིས། དེ་གཉིས་ནས་ཆོས་ཀྱི་འབྱུང་གནས་ཀརྨ་འགྱུར་མེད། པདྨ་ནོར་བུ། དཔལ་ལྡན་མི་ཕམ་ཆོས་རྒྱལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེ་ནས་འཛམ་ཐང་སྒར་གོང་འོག་གི་རྡོ་རྗེ་འཛིན་པ་ཅི་རིགས་པས་གསན་ཞིང་ལུང་རྒྱུན་ད་ལྟའི་བར་མ་ཆད་ཙམ་བཞུགས། ཡང་གྲོལ་མཆོག་ཁྲིད་བརྒྱ་ཞིབ་ཁྲིད་ལུགས་ཀྱི་བརྒྱུད་རིམ་ནི། རྗེ་གྲོལ་མཆོག་གང་ཉིད་དང༌། གང་གི་ཞལ་སྔར་གསན་པ་ལུང་རིག་རྒྱ་མཚོ་དང་། ལྷ་དབང་གྲགས་པ་གཉིས། དེ་གཉིས་ཀས་རྗེ་བཙུན་ཏཱ་ར་ནཱ་ཐ། ཁོང་ནས་གསན་པ་རྗེ་བཙུན་འཕྲིན་ལས་དབང་མོ་དང་། རིན་ཆེན་རྒྱ་མཚོ་གཉིས། དེ་གཉིས་ནས་དགེ་སློང་སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། དེ་ནས་ཚེ་དབང་ནོར་བུ་དང་གོང་བླ་ཀུན་དགའ་རྣམ་རྒྱལ་གཉིས། གོང་བླ་དེ་ཉིད་ལས་འཛམ་ཐང་སྒར་གོང་འོག་གི་བླ་སྤྲུལ་ཅི་རིགས་ལ་ཐོབ་པ་ཡིན་ལ། གཞན་ཡང་ཀུན་བཟང་དབང་པོའི་རྗེས་ནས། སྔགས་གསར་ཕྱོགས་ལྕགས་ཟམ་པ་བློ་བཟང་དཔལ་གྲུབ། ལྕགས་ཐང་བ་བཀྲ་ཤིས་འབྱུང་གནས། འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ། ངག་དབང་བློ་བཟང་། བདེ་བའི་རྡོ་རྗེ། དཀོན་མཆོག་རྒྱལ་མཚན། བཀའ་འགྱུར་བ་ཤེས་རབ་རྒྱ་མཚོ། ཨ་མཆོག་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན། དཀོན་མཆོག་མཁས་གྲུབ། འབྲོག་དགེ་ཡོན་ཏན་རྒྱ་མཚོ། གྲོང་མང་རིག་འཛིན་རྣམ་སྣང་རྡོ་རྗེ་སོགས་ནས་རྔ་ཡུལ་ཕྱོགས་སུ་བརྒྱུད་ཚུལ་ཞིག་ཡོད་ལ། འདི་ནི་དམར་ཁྲིད་ལྟར་གྱི་ཁྲིད་ཚུལ་རྒྱས་པ་ཡིན་མོད། འོན་ཀྱང་གོང་ལྟར་བཀླག་ལུང་བཞིན་བྱས་པས་ཁྲིད་ཀྱི་གོ་ཆོད་པའི་གསུངས་སྲོལ་ཡོད་ཅིང་། གང་ལྟར་ཡང་བརྒྱུད་ལྡན་གོང་མ་རྣམས་ཀྱི་ཉམས་ལེན་ཕྱག་བཞེས་མ་ཆད་པའི་བྱིན་རླབས་དོན་བརྒྱུད་དུ་གྲགས་སྐད།
II.2.3.2 Chöku Lhawang Drakpa
གཉིས། བྲག་སྟོད་པ་ལྷ་དབང་གྲགས་པ།
ཁོང་ནི་ལ་སྟོད་དུ་སྐུ་འཁྲུངས་ཤིང་། ཐོག་མར་སྟོད་འབྲུག་གི་བླ་མ་འགའ་ལས་འབྲུག་ལུགས་ཀྱི་ཆོས་སྐོར་གསན། དེ་རྗེས་བླ་མ་དུ་མ་ལས་རས་ཆུང་པའི་སྙན་བརྒྱུད། སྔ་འགྱུར་རྙིང་མའི་ཆོས་སྐོར། སྦྱོར་བ་ཡན་ལག་དྲུག་པ། ས་སྐྱའི་ཆོས་སྐོར་སོགས་གསན་པས་ཐུགས་རྒྱུད་བྱུར་བུར་གཏམས། ཁྱད་པར་དུ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཞབས་ལ་གཏུགས་ནས་ཤངས་པ་བཀའ་བརྒྱུད་པའི་གདམས་པ་མང་དག་ཅིག་གསན་ཞིང་། ཤངས་པའི་ཆོས་སྐོར་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་མཁྱེན་ཞིང་ཐུགས་སུ་ཆུབ་པར་མཛད། སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཉམས་རྟོགས་ཀྱི་ཀློང་བརྡོལ། རྩ་རླུང་ལ་རང་དབང་ཐོབ་ཅིང་འཆི་མེད་རྡོ་རྗེའི་སྐུ་བརྙེས་པས་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས། དེ་ཡང་ནི་གུའི་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་ལས་གནས་བྲག་སྟོད་ཆོས་ཀྱི་དགོན་པ་རུ། ཆོས་སྐུ་ལྷ་དབང་གྲགས་པ་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་ཕྱིས་རྟག་བརྟན་ཕུན་ཚོགས་གླིང་གི་དགོན་ལག་ཁག་བཅུ་དྲུག་ གི་ཁོངས་སུ་གཏོགས་པའི་ཕོ་དགོན་བྲག་སྟོད་ཆོས་ཀྱི་ཕོ་བྲང་ དུ་བཞུགས་ནས་ས་དྭགས་ཇོ་ཤངས་སོགས་གྲུབ་མཐའ་རིས་མེད་ཀྱི་གདམས་པས་གདུལ་བྱ་དུ་མ་སྨིན་གྲོལ་ལ་བཀོད། སློབ་མ་རྣམས་ལས་མཆོག་ཏུ་གྱུར་བ་རྗེ་བཙུན་ཏཱ་ར་ནཱ་ཐས་རང་ཉིད་དགུང་ལོ་སོ་གསུམ་ལ་ཕེབས་སྐབས་བྲག་སྟོད་ཀྱི་སྒྲུབ་སྡེ་འདིར་སྐྱེས་བུ་གསུམ་གྱི་ལམ་རིམ་དང་། ཤངས་ཆོས་ཆ་ཚང་གི་དབང་བཀའ་ཅི་རིགས་གནང་། ལྷ་དབང་གྲགས་པ་ཉིད་ཀྱིས་ཇོ་ནང་ཏཱ་ར་ནཱ་ཐ་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་མཐའ་དག་གི་བདག་པོར་གཏད་དེ་ཞིང་གཞན་དུ་གཤེགས། སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་རྣམས་བྲག་སྟོད་ཀྱི་གསེར་གདུང་བཀྲ་ཤིས་འོད་འབར་དུ་བཞུགས་ཏེ་འགྲོ་བ་རྣམས་ཀྱི་མཆོད་པའི་ཞིང་དུ་གྱུར། བླ་མ་འདི་ཉིད་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སྐུ་གཤེགས་རྗེས་ཤངས་ཆོས་ཤིན་ཏུ་ཉེ་བརྒྱུད་ཀྱི་བདག་པོར་གྱུར་ཅིང་། མདོག་ལྷོ་སྐུ་ཕྲེང་རིམ་བྱོན་གྱི་དང་པོར་བརྩི་བ་ཡིན་ལ། དེང་གང་དེའི་སྐུ་ཕྲེང་བཅུ་བཞི་པ་བློ་བཟང་བསྟན་སྐྱོང་གིས་ཕུན་ཚོགས་གླིང་དུ་རྒྱལ་བའི་བསྟན་པ་སྐྱོང་བའི་ཁུར་ཆེན་ཕྲག་ཏུ་བཞེས་མུས་ལགས།
II.2.3.3 Jetsün Taranatha
གསུམ། རྗེ་བཙུན་ཏཱ་ར་ནཱ་ཐ།
རྗེ་བཙུན་ཏཱ་ར་ནཱ་ཐའམ་སྒྲོལ་བའི་མགོན་པོ་ནི། རབ་བྱུང་བཅུ་པའི་ཤིང་ཕག་ལོ་སྟེ་སྤྱི་ལོ1575ལོར་ཁ་རག་འབྲང་གི་ཕུ་སྟེ་དེང་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཁ་རག་ཡུལ་ཤོག་འབྲང་ཕུ་གྲོང་ཚོའི་ཁོངས་སུ། རྭ་ལོ་རྡོ་རྗེ་གྲགས་པའི་གདུང་རུས་ལས་རིམ་བཞིན་གྱེས་པའི་རྭ་ཤར་ནུབ་གཉིས་ལས་ཤར་པ། གྲུབ་ཐོབ་དབུས་སྨྱོན་པའི་ལུང་བསྟན་བཞིན་ཡབ་རྣམ་རྒྱལ་ཕུན་ཚོགས་དང་། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་སྲི་གཅོད་རྡོ་རྗེར་གསོལ། དགུང་ལོ་གཉིས་ལ་ཕེབས་སྐབས་སྙུང་གཞིས་མནར་བས། འཕགས་ཡུལ་གྱི་བླ་མ་དམ་པ་རྣམས་ཀྱི་སྤྲུལ་པ་ཨ་ཙ་ར་ལྔ་གློ་བུར་དུ་ཕེབས་ཏེ་བྱིན་གྱིས་བརླབས་པས། སྙུང་བ་ལས་གྲོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་། མངོན་ཤེས་ཐོགས་མེད་མངའ་བས་རྗེ་གྲོལ་མཆོག་གི་སྐུའི་སྐྱེ་བ་ཡིན་པའི་ངེས་ཤེས་ཀུན་ལ་སྐྱེས། སྔོན་གནས་ལེགས་པར་མཁྱེན་པས། སྣ་དཀར་རྩེ་དང་། བྱང་མཁར་རྩེ་སོགས་རིམ་གྱིས་བརྒྱུད་དེ་རྗེ་གོང་མའི་གདན་སར་ཕེབས། ཆོས་ལུང་བྱང་རྩེར་ཀློག་ཡིག་སོགས་སྦྱངས། རྗེ་རྡོ་རིང་པ་དང༌། ལྷ་དབང་གྲགས་པ་གཉིས་ལས་ཟབ་ཆོས་དུ་མ་གསན་པའི་དབུ་ཚུགས། ཐེངས་ཤིག་ཡར་འབྲོག་སྟག་ལུང་དུ་རྣལ་འབྱོར་མའི་ཆོས་གསན་སྐབས་མནལ་ལམ་དུ་རྣལ་འབྱོར་མ་དེའི་ཕྱག་དབུ་ཐོག་ཏུ་བཞག་ནས་རྗེས་སུ་བཟུང་། ཡི་དམ་གྱི་གཙོ་བོར་གྱུར། ཆོས་ལུང་བྱང་རྩེར་སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་གི་དྲུང་ལས་རབ་ཏུ་བྱུང་། མཁས་མཆོག་བྱམས་པ་ལྷུན་གྲུབ་སློབ་དཔོན་དུ་བསྟེན་ནས་མདོ་ཕྱོགས་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་པས་ལུང་རིག་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། གཞན་ཡང་སྟག་ལུང་པ་ཆེན་པོ། མཁན་ཆེན་ལུང་རིགས་རྒྱ་མཚོ། བླ་མ་བྱམས་པ་ལྷུན་གྲུབ། གྲུབ་མཆོག་ལྷ་དབང་གྲགས་པ། མཁས་གྲུབ་སངས་རྒྱས་ཡེ་ཤེས་སོགས་ལ་རྒྱུད་སྡེ་བཞི་དང་འབྲེལ་བའི་ས་སྐྱའི་ཆོས་སྐོར་ཡོངས་རྫོགས། དཔལ་ཇོ་ནང་བ་དང་། ཞ་ལུ་བ་གཉིས་ཀྱི་ཆོས་སྐོར། འབྲུག་པའི་རྒྱལ་དབང་བཀའ་འབུམ་སོགས་ཆོས་སྐོར་ཡོངས་རྫོགས། ཀརྨ་ཀཾ་ཚང་གི་ཆོས་སྐོར། སྟག་ལུང་པའི་ཆོས་སྐོར་སོགས་གྲུབ་མཐའ་རིས་མེད་ཀྱི་ཆོས་སྐོར་མཐའ་ཡས་པ་གསན།
ལྷག་པར་དུ་ཤངས་པ་བཀའ་བརྒྱུད་ཀྱི་སྨིན་གྲོལ་གདམས་པ་ལག་ཁྲིད་ཞལ་གདམས་དང་བཅས་པ་མ་ལུས་གསན་ཞིང་། ཡི་དམ་ཆོས་སྐྱོང་གི་བསྙེན་སྒྲུབ་སོགས་ཀྱང་ནན་ཏན་གནང་བས་བསྐྱེད་རིམ་ལ་བརྟན་པ་ཐོབ། རྒྱུད་སྡེའི་གཞུང་བཤད་རྒྱ་ཆེན་ཐུགས་སུ་ཆུད། དགུང་ལོ་ཉི་ཤུར་ཉེ་བའི་ཚེ། འདུལ་འཛིན་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ། མཁས་མཆོག་བྱམས་པ་ལྷུན་གྲུབ་པས་སློབ་དཔོན། དགེ་བཤེས་བློ་བཟང་པ་དང་རྗེ་དྲུང་ཀུན་དགའ་སོགས་ཀྱིས་ཁ་སྐོང་མཛད་ནས་བསྙེན་པར་རྫོགས། དེ་རྗེས་ཕྱི་ལྟར་ཉན་ཐོས་ཀྱི་སྤྱོད་པ། ནང་ལྟར་རྒྱལ་སྲས་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ཏེ། བསྟན་པའི་བདག་པོ་མཛད་ནས་བྱང་སྟག་ལུང་། ལྷོ་སྟོན་ཁེབས། སྣེ་སྡོ་པ་རྩེ། ཡར་རྒྱབ། ནུབ་ལ་སྟོད་བར་གྱི་སྡེ་དཔོན་ཆེ་ཕྲ་དང་དགོན་བདག་གྲྭ་རིས་དང་བཅས་པ་ཀུན་གྱི་དད་པའི་ཞིང་མཆོག་ཏུ་གྱུར། སྦྱོར་དྲུག་གི་རྟགས་བཅུ་སོགས་བཤད་ཚོད་དང་མཐུན་པར་ཐུགས་ཉམས་སུ་འཁྲུངས། རྒྱ་གར་གྱི་པཎྜི་ཏ་པུཎྜ་བཛྲ་དང་། བུདྡྷ་གུབྷ་ནཱ་ཐ་སོགས་ལས་རྡོ་རྗེ་ཐེག་པའི་གཞུང་འགྲེལ་མན་ངག་བོད་ཀྱི་བསྲེ་ལྷད་མ་བཞུགས་པ་མང་དུ་གསན། འཕགས་ཡུལ་དུའང་སྙན་གྲགས་ཀྱི་འབྲུག་སྒྲ་ལྡིར། ནི་གུ་ཆོས་དྲུག་ཐུགས་ཉམས་སུ་བསྟར་བའི་དུས་རྨི་ལམ་ཟིན་སྦྱོངས་དང་ཡུལ་སྣང་གཏན་ལ་ཕེབས་པས། ལྐོག་འགྱུར་གྱི་དོན་ལ་མངའ་བརྙེས་པ་སོགས་གསང་ཆེན་རྒྱུད་སྡེ་བྱེ་བའི་བཅུད་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། བསམ་སྡིངས་སུ་བཞུགས་པའི་སྐབས་ཞྭ་དམར་སྐུ་ཕྲེང་བཅུ་པ་དབང་ཕྱུག་རྡོ་རྗེ་དང་མཇལ་ནས་བསྟན་པའི་བདག་པོར་དབང་བསྐུར་ཞིང་། བདག་ཆེན་བསོད་ནམས་དབང་པོས་ཀྱང་ས་སྐྱ་པའི་བསྟན་པའི་བདག་པོར་མངའ་གསོལ་བ། ལྷག་པར་དགུང་ལོ་ཉེར་དགུ་པའི་ཐོག་ཇོ་ནང་སྐུ་འབུམ་རྡོ་རྗེ་གདན་དུ་ཀུན་མཁྱེན་དོལ་བུ་བ་དང་མཇལ་ནས་ཇོ་ནང་པའི་བསྟན་པའི་བདག་པོར་མངའ་གསོལ་བ་སོགས། ངེས་པ་དོན་དང་ལྡན་པའི་བསྟན་པ་སྤྱིའི་བདག་པོར་གྱུར། འོན་ཀྱང་ཀུན་མཁྱེན་ཆེན་པོའི་ལུང་བསྟན་དང་། རིན་སྤུངས་སྡེ་པ་ཀརྨ་བསྟན་སྐྱོང་དབང་པོས་སྦྱིན་བདག་མཛད་པ་ལ་བརྟེན་ནས་དཔལ་ཇོ་མོ་ནང་པའི་ལུགས་སྲོལ་གཙོ་བོར་སྐྱོང་བའི་རྟག་བརྟན་ཕུན་ཚོགས་གླིང་ ཕྱག་བཏབ། དེ་ནས་བཟུང་རྟག་བརྟན་སྤྲུལ་སྐུ་ཞེས་སུ་ཡང་གྲགས། གནས་དེར་གཙུག་ལག་ཁང་ཉི་ཤུ་རྩ་གྲངས། གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་བཅས་པ་དང་། སངས་རྒྱས་རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ལས་གྲུབ་པ། བྱམས་ཆེན་ཐོག་ཚད་གཉིས་ལྡན་གསེར་ཟངས་ལས་གྲུབ་པ་སོགས་རྟེན་དང་བརྟེན་པ་མཐའ་ཡས་པ་བཞེངས། དགུང་ལོ་ལྔ་བཅུ་རྩ་བདུན་ཐོག་ཡུམ་སྐུ་ནོངས་པར་གྱུར་པའི་དགོངས་རྫོགས་ལ་ཡང་རྟེན་བཞེངས་རྒྱ་ཆེར་གྲུབ། དགོན་གནས་འདིར་རྨོག་ལྕོག་པ་དཔོན་སློབ་དང་། གཙང་ཕྱོགས་ཀྱི་བླ་མ་ཆེ་ཕྲ། ལ་སྟོད་ལྷོ་བྱང་གི་བླ་མ་གྲྭ་རིས། སྡེ་དཔོན་སྐྱ་མི་སོགས་ལ་ཆོས་དང་ཟང་ཟིང་གཉིས་ཀའི་བཀའ་དྲིན་ལེགས་པར་བསྩལ། སོག་པོ་ཁལ་ཁའི་ཡུལ་ཁ་བོང་དུ་ལོ་གྲངས་ཉི་ཤུའི་རིང་བསྟན་པ་སྤེལ་ཞིང་། དགོན་གནས་དུ་མ་བཏབ། ཇོ་ནང་པའི་ལུགས་ཉམས་གསོ་མཛད། སོག་ཡུལ་དུ་རྗེ་བཙུན་དམ་པ་ཞེས་སུ་གྲགས། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ1634ལོར་འདས། དེའི་ཡང་སྲིད་མོང་གོལ་རྒྱལ་པོ་ཐུ་ཤེ་ཐུ་ཧན་གྱི་སྲས་སུ་འཁྲུངས། དེ་ནས་བཟུང་དབུས་གཙང་ཁུལ་དུ་ཇོ་ནང་པའི་ལུགས་འཛིན་པའི་སྡེ་རིམ་གྱིས་ཉམས་པར་གྱུར། དེ་ལྟར་རྗེ་བཙུན་དམ་པ་འདི་ཉིད་ལ་སྤྱིར་ཆོས་སྒོ་མཐའ་ཀླས་ཐོབ་པ་ལས། ཁྱད་པར་དཔལ་ལྡན་ཤངས་པའི་ཆོས་སྐོར་དབང་ལུང་ཁྲིད་གསུམ་དང་རླུང་གནད་འཁྲུལ་འཁོར་སོགས་ཉམས་ལེན་གྱིས་མཐིལ་དུ་བཟུང་བས། ཤངས་བརྒྱུད་བསྟན་པའི་ཉག་ཐག་ཆེས་ཕྲ་བའི་དུས་རབས་བཅུ་དྲུག་པའི་མཇུག་དང་བཅུ་བདུན་པའི་སྟོད་དུ་ཤངས་ཆོས་གདམས་པའི་ཉིན་བྱེད་ཀྱིས་གངས་ལྗོངས་ས་ཡི་མཐའ་གྲུ་ཀུན་སླར་ཡང་ཁྱབ་པར་མཛད་ལ། རྗེ་འདི་ཉིད་ཀྱིས་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་བརྩམས་པ་ལས། དཔལ་དུས་ཀྱི་འཁོར་ལོའི་ཆོས་འབྱུང༌། གཞན་སྟོང་དབུ་མའི་རྒྱན། རྒྱ་གར་ཆོས་འབྱུང་། ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་དང་དབང་ཆོག །ནི་གུའི་འཁྲུལ་འཁོར་རྩ་འགྲེལ། མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་འཕྲིན་ལས་གཏེར་མཛོད་སོགས་གསུང་འབུམ་པོད་ཆེན་བཅུ་བདུན་གྱི་པར་ཤིང་ཆ་ཚང་སྔར་གྱི་དུས་ཤིག་བསམ་གྲུབ་རྩེ་ནས་དགའ་ལྡན་ཕུན་ཚོགས་གླིང་གི་པར་ཁང་དུ་སྤྱན་འདྲེན་མཛད་པ་ད་ལྟ་ཕལ་མོ་ཆེ་བཞུགས་སུ་གསོལ་ཡོད། ཁོང་གིས་ས་དྭགས་ཇོ་ཤངས་སོགས་ཀྱི་གདམས་པ་དུ་མས་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ། མཁས་དབང་ཡེ་ཤེས་རྒྱ་མཚོ། མཁན་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། སྒམ་པོ་སྤྲུལ་སྐུ། ཆོས་རྗེ་ངག་དབང་པ། བླ་མ་ཆུ་བོ་ཆུང་བའི་སྐུ་སྐྱེས། མཁན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན། སྤྲུལ་སྐུ་ངག་གི་དབང་པོ། དྲེ་བོ་སྤྲུལ་སྐུ། ཞབས་དྲུང་བླ་མའི་དྲུང་། ཆོས་རྗེ་རིན་སྟེངས་པ། དུས་འཁོར་ཤར་ཆེན་པ། ཆོས་རྗེ་ལྷ་འོ་པ། དགེ་སློང་སྙིང་པོ་མཐའ་ཡས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་བསོད་ནམས། ཀུན་དགའ་འཕྲིན་ལས་དབང་མོ། གཙང་གི་རྒྱལ་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་བསྟན་པའི་རྩ་ལག་ཏུ་འོས་པ་འབོར་ཆེན་སྨིན་པར་མཛད།
ལྷག་པར་རྗེ་བཙུན་ཡེ་ཤེས་རྒྱ་མཚོས་ཀུན་མཁྱེན་ཏཱ་ར་ནཱ་ཐའི་དྲུང་ནས་ཇོ་ནང་དང་ཤངས་པའི་གདམས་པ་སོགས་རྫོགས་པར་གསན། ཟླ་བ་དྲུག་གི་རིང་འབད་པའི་མཐུས་མཚམས་སྦྱར་ཏེ་བསྒྲུབས་པས་ནི་གུའི་གསེར་ཆོས་ལྔ་ཡི་གྲུབ་པའི་རྒྱལ་སར་གཤེགས། ཁོང་གིས་ཇོ་ནང་ལུགས་ཀྱི་ཤངས་པའི་ཆོས་སྐོར་རྣམས་བྱམས་པ་ཡོན་ཏན་མགོན་པོས་གཙོས་པའི་སློབ་མ་མང་པོར་གནང་བས། གོ་འཕང་མཆོག་བརྙེས་ཀྱི་སློབ་མ་བརྒྱ་བྱུང༌། དགུང་ལོ་བདུན་ཅུར་ཕེབས་སྐབས་སྐུ་མྱ་ངན་ལས་འདས། དེ་ལྟར་ཤངས་པའི་གདམས་པ་རྣམས་རྗེ་བཙུན་ཡེ་ཤེས་རྒྱ་མཚོས་བྱམས་པ་ཡོན་ཏན་མགོན་པོ། དེས་འཇའ་ལུས་མགོན་པོ་དཔལ་འབྱོར། དེས་གྲུབ་མཆོག་མགོན་པོ་གྲགས་པ། དེས་ཁྱབ་བདག་མགོན་པོ་རྣམ་རྒྱལ། དེས་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ལ་བརྒྱུད་པའོ།

II.2.4 - The masters of Jakpa and Samding
།བཞི་པ། འཇག་བསམ་བརྒྱུད་པའི་བླ་མ་སྐོར་ཅིག
དེ་ཡང་ཤངས་པ་བཀའ་བརྒྱུད་ཀྱི་རིན་ཆེན་བདུན་བརྒྱུད་སྔ་མ་མཇུག་སྒྲིལ་རྗེས། འགྲོ་མགོན་སངས་རྒྱས་སྟོན་པའི་མཆོག་འགྱུར་གྱི་སློབ་མ་མཁས་གྲུབ་གཙང་མ་ཤངས་སྟོན་གྱིས་འཇིག་ཏུ་བཞུགས་ནས་ཤངས་པའི་གདམས་པ་དེ་རྣམས་མཁས་བཙུན་རྒྱལ་མཚན་འབུམ་དང་། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་སོགས་ལ་བརྒྱུད་པར་འཇག་ལུགས་ཞེས་སུ་འབོད། འདི་ལའང་འཇག་པ་སྟོད་སྨད་བར་གསུམ་བྱུང་བ་ལས། སྟོད་དུ་མུས་ཆེན་རྒྱལ་མཚན་དཔལ་བཟང་གིས་མུས་ཕྱོགས་དང་། ལ་ཆེ་བ་ནམ་མཁའ་རྒྱལ་མཚན་གྱིས་ས་ཆ་གཞན་འགར་དར་བར་མཛད་པ། སྨད་དུ་ཆོས་རྗེ་བྱམས་པ་དཔལ་གྱི་སློབ་མ་གོག་སྟོན་ནམ་མཁའ་རྒྱལ་པོ་སོགས་ཀྱིས་དར་བར་མཛད་པ། བར་དུ་མཁས་བཙུན་རྒྱལ་མཚན་འབུམ་གྱིས་འཇག་གིས་གདན་ས་མཛད་པ་བཅས་སོ། འཇག་པ་གདན་ས་བརྒྱུད་པར་གྲགས་པ་ལས་འཕྲོས་ཏེ། བ་བོང་བ་རྡོ་རྗེ་རྒྱལ་མཚན་སོགས། བ་བོང་ལུགས་སུ་ཤངས་ཟུར་ཁང་པ་བསོད་ནམས་བཟང་པོ། གུང་དཀར་བ། བཤོངས་ཅན་པ། ཐོབ་རྒྱལ་བྲག་ནག་པ། གེར་བྲ་དཀར་པ། ཡང་དགོན་དུ་རྨོག་ལྕོག་པ་ཕྱི་མ་ཀུན་འོད་ཀྱིས་བསྟན་པ་དར་ཞིང་རྒྱས་པ་མཛད། འགྲོ་མགོན་སངས་རྒྱས་སྟོན་པའི་སློབ་མ་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱིས་མྱང་སྨད་བསམ་སྡིངས་བཏབ་ནས་གསེར་གླིང་པ་བཀྲ་ཤིས་དཔལ། དེས་བྲག་སྒོ་ཆེ་བ་རྡོ་རྗེ་དཔལ། དེས་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་སོགས་ལ་བརྒྱུད་པ་ལ་ནི་གུ་བསམ་སྡིངས་ལུགས་སམ་བསམ་སྡིངས་བརྒྱུད་པར་གྲགས། ཕྱིས་བསམ་སྡིངས་ཀྱི་བརྒྱུད་པ་དེ་ཙམ་གྱི་དར་རྒྱས་བྱུང་མེད་ཀྱང་། འཇག་པའི་སློབ་བརྒྱུད་ནས་བརྒྱུད་པ་འདི་ཁོ་ན་དར་ཞིང་རྒྱས་པར་འཕེལ། འགའ་ཞིག་གིས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་། རས་ཆེན་དཔལ་འབྱོར་བཟང་པོ་གཉིས་ནས་བརྒྱུད་པའི་ལུགས་འདི་ཉིས་ཀྱང་འཇག་བསམ་གཉིས་ཀའི་ཆར་གཏོགས་པར་བརྩི། དེ་ལྟར་འཇག་བསམ་གཉིས་ཀྱི་བརྒྱུད་པའི་བླ་རབས་ཡོད་རྒུ་འབྲི་བར་མི་ལངས་ཀྱང༌།
II.2.4.1 Gyeltsen Bum
གཅིག མཁས་བཙུན་རྒྱལ་མཚན་འབུམ།
མཁས་བཙུན་རྒྱལ་མཚན་འབུམ་ནི་ཁོ་ལམ་རྩྭ་ཐང་ དུ་ཡབ་ཕྱུག་པོ་ཆོས་སྐྱོང་བཙན། ཡུམ་དབྱངས་མོ་སྟེ། ཡབ་ཡུམ་འབྱོར་པ་དང་ལྡན་པའི་སྲས་སུ་རབ་བྱུང་བཞི་པའི་ལྕགས་བྱ་སྤྱི་ལོ1261ལོ་ཙམ་ལ་སྐུ་འཁྲུངས། གདུང་རུས་ཤུད་དགྱེ། མནོ་ཤེས་ཙམ་ནས་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་མ་ཎི་པདྨེ་བགྲང་བ་ཞིག་བྱུང་། ཡབ་ཀྱིས་འདི་སྔོན་གྱི་ལས་འཕྲོ་སད་པར་སྙམ་ནས་དྲིན་ཅན་རིག་པའི་དྲུང་དུ་ཐུགས་རྗེ་ཆེན་པོའི་རིགས་གཏད་དང་མ་ཎིའི་ལུང་ཞུར་བཅུག །དེ་ཡང་གསོལ་འདེབས་རྣམ་གྲོལ་སྒྲ་དབྱངས་སུ་གྲུབ་རིགས་ཐིག་ལེ་སྤྲུལ་པའི་སྐུ་རུ་བསྟན། མ་བསླབ་ཡི་གེ་རང་བརྡོལ་བློ་རྩལ་རྒྱས། །གཟིགས་པ་ཙམ་གྱིས་ཆོས་ཀུན་ཐུགས་ལ་འཁྲུངས། །གང་འདུལ་སྒྱུ་འཕྲུལ་སྟོན་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་དགུང་ལོ་དྲུག་བདུན་ནས་ཀློག་སློབ་ཏུ་བྱོན་པའི་སྐབས་ཤིག །ཀློག་ཕྲུག་པ་གཉིས་འཐབ་པས་གསེར་འོད་དམ་པའི་རྒྱ་གར་སྐད་ཀྱི་ཤོག་བུ་རལ་པ་སློབ་དཔོན་གྱིས་མཁྱེན་པར་དོགས་ནས། མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཆོས་དཔེ་དེ་བཞིན་ཡི་གེ་རྣམས་བསབས་པས། སྟོན་པ་རིན་ཆེན་མཛེས་ཀྱིས་མ་བསླབས་པའི་ཡི་གེ་རང་བྱུང་དུ་ཤེས་པ་ཁྱོད་སྤྲུལ་པའི་སྐུ་ཞིག་འདུག །འོ་སྐོལ་ལ་ཕ་མེས་ཀྱང་གྲུབ་ཐོབ་སེང་གེ་གྲགས་དང་། ཤུད་དགྱེ་སྟོན་པ་ལ་སོགས་གྲུབ་ཐོབ་མང་པོ་བྱུང་། ཁྱེད་ཀྱང་འདི་འདྲ་འོང་བར་འདུག་གསུངས། དེ་ནས་འཇམ་དཔལ་མཚན་བརྗོད་དང་། ཤེར་སྙིང་། སྒྲོལ་མ། གཙུག་གཏོར་ལ་སོགས་པ་གཟིགས་པ་ཙམ་གྱིས་མཁྱེན་ནས་ནར་མར་འདོན་ནུས། དགུང་ལོ་དགུ་ལ་ཁོང་རྒྱང་དུ་བླ་མ་དབོན་གྲགས་པ་ལ་མཚན་བརྗོད་དང་སྒྲོལ་མ་ལ་སོགས་པའི་དབང་ཞུས།
དགུང་ལོ་བཅུ་གཉིས་པ་ལ་བླ་མ་ཤར་པ་ཀུན་དགའ་སེང་གེ་དང་བླ་མ་སྟེང་ཁང་པ་གཉིས་ལས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང༌། བླ་མ་སྟེང་ཁང་པ་དང་སློབ་དཔོན་ཀུན་དགའ་འབུམ་གཉིས་ལས་ཕར་ཕྱིན་གསན་པས་ལོ་གསུམ་ལ་ཚིག་དོན་མ་ལུས་ཐུགས་སུ་ཆུད། དེ་རྗེས་ས་སྐྱར་བྱོན་ནས་བླ་མ་འཇམ་དབྱངས་པ་ལས་བརྟག་གཉིས་གསན། སྒོས་སློབ་དཔོན་ཀུན་དགའ་དཔལ་ལ་བཅོལ་ནས་ས་ལུགས་ཀྱི་ལག་ལེན། དབྱངས་རྟག་གཉིས་ཀྱི་འཛུགས་ཁྲིད་དང་བཅས་པ་མཁས་པར་བསླབས་ཤིང༌། ཤངས་ཀྱི་སྲོག་ཤིང་དུ་ཡུན་རིང་བཞུགས་ནས་བརྟག་གཉིས་ཀྱི་བཤད་པ་མཛད་པ་སོགས་ཆོས་འཆད་ཀྱི་ལམ་བཟང་ལ་རྩེ་གཅིག་ཏུ་གཞོལ། དེ་ནས་བླ་མ་རིན་ཆེན་རྒྱལ་མཚན་གྱིས་རྡོ་རྗེ་སྙིང་འགྲེལ་དང་། བདེ་མཆོག་རྩ་རྒྱུད། འཁོར་ལོ་སྡོམ་པའི་རྒྱུད་ཆུང་བསམ་མི་ཁྱབ་པ། དུས་འཁོར་བསྡུས་རྒྱུད། སྦྱོར་དྲུག་གི་འགྲེལ་པ་སྦལ་པ་མིག་འབྱེད། གསུང་རབ་རིན་ཆེན་བསྡུས་པ་ལ་སོགས་དབང་དང་སྒྲུབ་བརྒྱུད་མང་དུ་གནང་། སྣར་ཐང་པའི་མཁན་པོ་སྨོན་ཚུལ་ལ་དྲིལ་བུ་སྐོར་གསུམ་རྩ་འགྲེལ་དང་བཅས་པ། ཀུན་ཏུ་བཟང་པོའི་མཆོད་སྤྲིན། རབ་གནས་འོད་གསལ། གཏོར་མ་ཆ་གསུམ་ལ་སོགས་པའི་སྒྲུབ་སྐོར་མང་པོ་དང་། བདེ་བ་ཅན་པའི་བླ་མ་ཡེ་ཤེས་མགོན་ལ་འདུལ་བ་ལུང་སྡེ་བཞི། །རྒྱུད་འབུམ། འཕགས་པ་སྡུད་པ། རྣམ་འཇོམས། འོད་ཟེར་ཅན་སོགས། སློབ་དཔོན་ཟླ་འོད་ལ་བཟང་སྤྱོད། སྡོམ་གསུམ། ལམ་འབྲས་སོགས། བླ་མ་ཤར་པ་ཀུན་དགའ་སེང་གེ་ལ་བསྟན་བཅོས་རིན་ཆེན་སྒྲོན་མེ། ཨཎྜི་ཕྱིར་བཟློག །ཤེར་སྙིང་རྒྱ་ཆེར་འགྲེལ། བརྒྱད་སྟོང་དོན་བསྡུས་སོགས། བླ་མ་བླ་ཆེན་ལ་ངན་སོང་སྦྱོང་རྒྱུད་ཞལ་བཅུ་གཉིས་ཀྱི་དབང་བསྐུར། འཇམ་དཔལ་ཨ་ར་པ་ཙའི་དབང་བསྐུར། སྤྱན་རས་གཟིགས་དམར་པོའི་རིགས་གཏད། བླ་མ་ནག་པ་ཀུན་སྙིང་ལ་ལམ་འབྲས་ཀྱི་ཁྲིད་ལམ་སྐོར་དང་བཅས་པ་མ་ཚང་བ་མེད་པ། བླ་མ་མན་ལུང་པ་རཏྟཱ་ཤཱི་ལ་འཇིགས་བྱེད་ཀྱི་རྒྱུད་རྟོགས་པ་བདུན་པ། རྭ་ལོ་རྡོ་རྗེ་གྲགས་ཀྱིས་མཛད་པའི་ཡིག་སྣང་། རྭ་ཡེ་ཤེས་སེང་གེས་མཛད་པའི་བསྙེན་སྒྲུབ་ལག་ལེན་སོགས་འཇིགས་བྱེད་ཀྱི་སྐོར་རྣམས་དང་། གདོང་དྲུག་གི་མངོན་རྟོགས། གཤེད་དམར་གྱི་སྐོར། དམུགས་འཛིན་འཚོལ་བའི་སྒྲུབ་ཐབས་ལས་ཚོགས་སོགས་ཀྱི་གདམས་ངག་རབ་འབྱམས་རྒྱ་མཚོའི་གླིང་ནས་ཐོས་བསམ་གྱི་ནོར་བུ་ཇི་སྙེད་ཅིག་བཙལ།
།ཐེངས་ཤིག་མཁས་གྲུབ་ཤངས་སྟོན་འཇག་ཏུ་བཞུགས་པ་ལ། མོས་གུས་དྲག་པོ་སྐྱེས་ནས་མཇལ་དུ་ཕེབས། བླ་མས་ད་རེས་ཆོས་འབྲེལ་ཙམ་བྱ་ཡིས། མྱུར་དུ་རྟེན་འབྲེལ་འགྲིག་ནས་འོང་གསུངས། དེ་རྗེས་ས་སྐྱར་བྱོན་ནས་གདན་སའི་ཆོས་འཆད་ཀྱང་ཡུན་རིང་དུ་མཛད། བླ་མ་བདག་ཉིད་ཆེན་པོ་ཡང་མཉེས་པར་བྱུང་། ས་སྐྱ་ནས་ཤངས་སུ་ཕྱིར་ལོག་ཕེབས་རྗེས་ཐོག་མར་བཀྲས་རྫོང་དུ་བླ་མ་ཤངས་སྟོན་ལས་ཕྱག་རྒྱ་ཆེན་པོའི་གདམས་པ་ཞུས། དེ་ནས་བླ་མ་ཤངས་སྟོན་གྱིས་ཆོས་དྲུག་གི་དབང་བསྐུར་དང་། ལུས་སེམས་འཆི་མེད་ལ་སོགས་པའི་ཟབ་ཆོས། སྒྱུ་མ་ལམ་རིམ་ལ་སོགས་པའི་རྒྱབ་ཆོས། བདེ་མཆོག་ལྷ་ལྔའི་དབང་སྒྲུབ་ཐབས་དང་བཅས་པ། བཀའ་ལུང་མན་ངག་ཞལ་བཞེས་དང་བཅས་པ། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཕྱི་ནང་གི་དབང་བཀལ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་རྟ་མགྲིན་གསང་སྒྲུབ། ལུས་འཆི་མེད་ཀྱི་བཀའ་འཕྲུལ་འཁོར་ལག་ལེན་དང་བཅས་པ། གཅོད་བཀའ་བརྒྱུད། ལམ་འབྲས་ཞ་མ་ལུགས་ཀྱི་ཆོས་སྐོར། ཐེག་ཆེན་བློ་སྦྱོང་ལ་སོགས་པ་མང་དུ་གནང་། མཐར་རྣམ་ཐར་བདུད་རྩིའི་ཆུ་རྒྱུན་ལས་རིན་པོ་ཆེ་སྣ་ལྔ་ལས་བྱས་པའི་དབུ་རྒྱན་གཅིག་ངའི་མགོ་ལ་བསྐོན་ནས་བརྒྱུད་པ་མི་ཉམས་པར་བྱ་བའི་ཕྱིར། དབང་ཞུ་མགོ་ལ་སྐོན་པ་ཡིན་གསུངས་ཞེས་འཁོད་པ་ལྟར། བླ་མ་ཤངས་སྟོན་གྱིས་མཁས་བཙུན་རྒྱལ་མཚན་འབུམ་ཉིད་ཆིག་བརྒྱུད་གདམས་པའི་བརྒྱུད་འཛིན་དུ་བསྐོས། དེ་ནས་ལྟ་ལུངས་སུ་བྱོན་ནས་ལོ་གསུམ་གྱི་བར་དུ་སྒྲུབ་པ་མཛད། ཡུལ་དེའི་གཞིས་བདག་མོ་དེས་ཀྱང་ཆོས་ཞུ་བ་དང་མཐུན་རྐྱེན་སྒྲུབ་པ་སོགས་གུས་པའི་ཚུལ་མང་དུ་བསྟན། སློབ་དཔོན་འདི་ཉིད་ཀྱིས་ཁྲོ་མོ་ཆུ་མིག་དང་བུ་ཡུག་གི་གཡའ་རི་སྒོ་མོ། དེ་བཞིན་ས་སྐྱའི་དུར་ཁྲོད་དང་ལྷ་སའི་རྡོ་རིང་ལ་སོགས་པའི་གཉན་ཁྱོད་གང་དུ་ཕྱིན་ཀྱང་གཅོད་མ་ཆོད་པ་དང་། ལྷ་འདྲེ་དམ་ལ་མ་ཐོགས་པ་མ་བྱུང་གསུངས། བླ་མ་ཤངས་སྟོན་གྱི་གསུང་བཞིན་འཇག་ཆུང་དུ་ཡུན་རིང་བཞུགས་ནས་འགྲོ་དོན་བསྐྱངས། ལྷག་པར་དུ་འཇག་ཆེན་གྱི་བྲག་ཁུང་འོག་མར་གཞན་གྱི་ཟས་མི་ཟ་བར་དམ་བཅས་ནས་ལོ་བཅུ་གསུམ་སྒྲུབ་པ་མཛད། གཉིད་ཅུང་ཟད་ཤོར་བ་དང་། སློབ་དཔོན་རྒྱལ་མཚན་འབུམ་ལོངས་ལ་དགེ་སྦྱོར་གྱིས་ཟེར་བ་དང་། གསོལ་འདེབས་ཀྱི་སྒྲ་དི་རི་བ་དང་། འགྲོ་དོན་གྱིས་ཟེར་བའི་དཔའ་བོ་མཁའ་འགྲོའི་ལུང་བསྟན་མང་པོ་བྱུང་། ཡི་དམ་ལྷ་ཚོགས་ཀྱི་ཞལ་དང་། སངས་རྒྱས་ཀྱི་ཞིང་ཁམས། རིགས་དྲུག་གནས་རིས་སོགས་གསལ་བར་གཟིགས། བླ་མ་ཤངས་སྟོན་སྐུ་གཤེགས་རྗེས་བླ་མའི་གཤེགས་རྫོངས་ཀྱི་དཀར་མེ་དང་། འབུལ་སྐལ་སྐྱེལ་བར་ལྷ་ས་དང་སྐྱེར་སྒང་། རི་གོང་སོགས་སུ་བྱོན། དེའི་དུས་སུ་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་དྲུང་ནས་སྐུ་གསུམ་ངོ་སྤྲོད། བསམ་གཏན་མཐུན་འཇོག །རླུང་སེམས་དབྱེར་མེད། རྫོགས་ཆེན་སྙིང་ཏིག་ལ་སོགས་པ་མང་དུ་ཞུས། བླ་མ་མངའ་རིས་པ་སངས་རྒྱས་ཡེ་ཤེས་ལ་གཤེད་དམར་གྱི་རྒྱུད་ལེའུ་བཅུ་དགུ་པ། གཤེད་དམར་ལྷ་ལྔ། སྒྲུབ་ཐབས་མངོན་རྟོགས་དང་བཅས་པ། གྲུབ་རྒྱལ་མའི་ཚེ་སྒྲུབ། རྟ་མགྲིན་ནག་པོ། འཁོར་ལོ་ཆེན་པོའི་སྒྲུབ་ཐབས་དང་བཅས་པ་མང་དུ་ཞུས། བླ་མ་མང་མཁར་བ་རིན་ཆེན་མགོན་ལ་རྡོ་རྗེ་ཕྲེང་བ། རྣལ་འབྱོར་རྫོགས་ཕྲེང་། འོད་ཀྱི་སྙེ་མ། བདེ་མཆོག་ནག་པོ་བའི་སྒྲུབ་ཐབས། ས་སྐྱ་པ་ནས་བརྒྱུད་པའི་མཻ་ཏྲི་མཁའ་སྤྱོད། ནཱ་རོ་མཁའ་སྤྱོད་ལ་སོགས་པ་དང་། དིང་རི་གླང་འཁོར་དུ་བྱོན་ནས་བླ་མ་ཟུར་ཕུག་པ་ལ་ཕྱག་ན་རྡོ་རྗེ་ཨུ་ཙའི་རྗེས་གནང་། མངོན་རྟོགས་ཧཱུྃ་ཆོས་གསུམ་དང་བཅས་པ། བླ་མ་ཁྲ་པ་ལ་རི་ཆོས་ཀྱི་སྐོར་མ་ལུས་པ། གཟེར་ལྔ། གནད་ལྔ། ཕྱག་རྒྱ་ཆེན་པོ་གམ་ག་མ། ཡི་གེ་བཞི་པ་ལ་སོགས་པ། བླ་མ་བྲག་ནག་པ་ལ་རྒྱུད་སྡེ་ལྔའི་དབང་སྒྲུབ་ཐབས་དང་བཅས་པ། མཁའ་འགྲོ་མ་ཡེ་ཤེས་གསལ་ལ་སྡེ་འཆའི་ལུང་སོགས་ཞུས། དེ་ལྟར་ཁོང་གིས་རྒྱུད་ལུང་མན་ངག་མཚན་ཉིད་ལ་སོགས་པའི་གདམས་པ་བསམ་གྱིས་མི་ཁྱབ་པ་གསན་བཞེས་གནང་ནས་ཐུགས་རྒྱུད་རྒྱ་མཚོའི་གཏིང་ཐམས་ཅད་ཡོན་ཏན་གྱི་ནོར་བུས་ཡོངས་སུ་གང་བར་མཛད། དེ་ནས་བླ་མའི་གསུང་བཞིན་འཇག་ཆུང་དུ་ཡུན་རིང་བཞུགས་ནས་འགྲོ་དོན་སྐྱོང་བའི་སྐབས་ཤིག་ཐུགས་ཅུང་མ་ཚིམས་པར་དབེན་གནས་ཙ་རི་ལྟ་བུ་ཞིག་ཏུ་འགྲོ་སྙམ་སྟེ་ཕེབས་ཀྱང་། ཁ་རག་སྙིང་གོང་དུ་བཞུགས་པའི་ནུབ་མོ་མཁའ་འགྲོ་ཆོས་སྐྱོང་དུ་མ་བྱོན་ནས། བླ་མའི་གདན་ས་བཞག་སྟེ་གར་འགྲོ། ཡར་ལོག་ལ་བླ་མའི་གདན་ས་བཟུང་། ཆོས་བརྒྱུད་སྐྱོངས། འགྲོ་དོན་ལས་བསོད་ནམས་ཆེ་བ་མེད་པས་འགྲོ་དོན་གྱིས་ཞེས་གསུངས་པ་ལྟར་ལྷ་ས་བསྐོར་ནས་ཡར་ལོག་ཕེབས།
དེ་ཡང་གསོལ་འདེབས་རྣམ་གྲོལ་སྒྲ་དབྱངས་ལས་རྩ་གསུམ་གནང་བ་ཇི་བཞིན་གདམས་ངག་རྣམས། །ཡི་གེར་བཀོད་པས་ཐུགས་བསྟན་ཇི་སྲིད་བར། །སྒྲུབ་བརྒྱུད་སྙིང་པོ་རྒྱུན་མི་ཆད་མཛད་པ། བཀའ་དྲིན་བསམ་ལས་འདས་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར། མཁས་བཙུན་ཆེན་པོ་འདི་ཉིད་ཀྱིས་བླ་མ་ཤངས་སྟོན་གྱི་དྲུང་དུ་ཆོས་དྲུག་ལ་ཁྲིད་ཡིག་མཛད་པར་ཞུས་པས། ང་རྒྱས་པ་ཡིན། ཁྱོད་ཀྱིས་བྲིས་ཤིག་གསུངས་ནས་ཆོས་དྲུག་ལ་ལུང་འདྲེན་དང་བཅས་པའི་ཁྲིད་ཡིག་ཅིག་མཛད་པ་དེ་ད་ལྟ་ཡང་མཇལ་དུ་ཡོད་པའི་ཆོས་དྲུག་གི་ཁུངས་དཔེ་ཚད་ལྡན་ཞིག་ཡིན། གཞན་ཡང་ཟབ་ཆོས་རྣམས་ཀྱི་ཁྲིད་ཡིག་དང༌། ལྷ་ལྔ་ལ་སོགས་པའི་མངོན་རྟོགས། རྒྱུད་སྡེ་ལྔའི་དཀྱིལ་མཆོག་ལ་སོགས་པའི་གསང་སྔགས་ཟབ་དོན་རྣམས་ཀྱི་ཡིག་ཆ་མང་དག་ཅིག་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་དངོས་སམ་རྨི་ལམ་དུ་ལུང་བསྟན་པ་བཞིན་མཛད། སྤྱིར་ཤངས་པའི་ཆིག་བརྒྱུད་ཀྱི་བཀའ་རྒྱ་གྲོལ་རྗེས་མཁས་གྲུབ་རྣམ་གསུམ་དང་། ལྷག་པར་དུ་དེ་དག་ལས་མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཤངས་པའི་སྙན་བརྒྱུད་དང་ཟབ་གསང་གི་གདམས་པ་འབོར་ཆེན་ཡི་གེར་བཀོད་པ་དེས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་། ཡང་སྒོས་དཔལ་ལྡན་ཤངས་པའི་ལུགས་བཟང་མ་ཉམས་བརྒྱུད་འཛིན་དང་། དར་རྒྱས་རྒྱ་ཁྱབ་ཏུ་འགྲོ་བར་བསམ་གྱིས་མི་ཁྱབ་པའི་ལེགས་སྐྱེས་ཕུལ་ཡོད།
མཁས་བཙུན་ཆེན་པོ་འདིའི་ཕྱི་ནང་གི་ཡོན་ཏན་རྒྱ་མཚོའི་ཕ་མཐར་སོན་པ་སྟེ། དཔའ་བོ་མཁའ་འགྲོའི་ལུང་བསྟན་ཐོབ་པ། ཡི་དམ་ལྷ་ཡིས་ཞལ་གཟིགས་གནང་བ་སོགས་ཀྱིས་སྐུ་ཚེའི་འཕྲིན་ལས་ཀྱི་འབྲས་བཟང་ཡོངས་སུ་སྨིན། སྐུ་འདའ་ཁར་དགོན་གནས་དབོན་པོ་བྱམས་པ་དཔལ་ལ་གཏད་ནས། རྟག་འཛིན་ཅན་གྱི་ལོག་རྟོགས་བཟློག་པ་དང་། ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བ། ཞིང་ཁམས་གཞན་དུ་གདུལ་བྱ་ཆེར་དགོངས་པ་སོགས་ཀྱིས་བླ་མའི་རྡོ་རྗེའི་སྐུ་ལ་འདས་གྲོངས་མི་མངའ་ཡང་དགུང་གྲངས་བདུན་ཅུ་དོན་གསུམ་ལ་ཕེབས་པ་སྟེ་རབ་བྱུང་དྲུག་པའི་ཤིང་ཁྱི་སྤྱི་ལོ1334ལོའི་དབྱར་ཟླའི་ཚེས་ཉི་ཤུ་ལ་སྐུ་གཤེགས་པའི་ཚུལ་བསྟན། སྐུ་གདུང་ལ་ལྷ་སྐུ་དང་རིང་བསྲེལ་ལ་སོགས་པའི་རྟེན་མང་དུ་བྱོན་ནོ།
II.2.4.2 Jampa Pel
།གཉིས། འཇག་ཆེན་བྱམས་པ་དཔལ།
ཆོས་རྗེ་བྱམས་པ་དཔལ་ནི་སྐུའི་སྐྱེ་བ་སྔ་མར་རྒྱ་གར་ལྷོ་ཕྱོགས་སུ་ཡབ་བྲམ་ཟེ་ཆོས་གྲུབ་དང་། ཡུམ་ལྷ་མོ་འོད་མཛེས་མ་གཉིས་ལ་བུ་སྤུན་གསུམ་བྱུང་བའི་འབྲིང་པོ་ཆོས་ཀྱི་རིན་ཆེན་ཞེས་བྱ་བའི་བཙུན་པར་གྱུར་ནས་བྱམས་དང་སྙིང་རྗེའི་སྒོ་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེར་བསྒྲུབས། སྐུ་ཚེ་འདིར་འཇག་ཆེན་རྒྱལ་མཚན་འབུམ་དང་མཚུངས་པར་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་གནས་མཆོག་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་འབབ་པའི་འགྲམ་ཁོ་ལམ་རྩྭ་ཐང་དུ་ཡབ་ཤུད་ཀྱི་བྱམས་པ་མགོན་དང་། ཡུམ་ཆིངས་སྲི་ཐར་འབུམ་གྱི་སྲས་བར་མར་རབ་བྱུང་ལྔ་པའི་ལྕགས་ཁྱི་སྤྱི་ལོ1310ལོར་སྐུ་འཁྲུངས། ལྷུམས་སུ་ཞུགས་པའི་ཚེ། ཡུམ་ལུས་ཡང་བ་དང་རྨི་ལམ་དུ་ཡང་ཉི་མ་ཤར་བ། འོད་གསལ་གྱི་སྣང་བ་ཉིན་མོ་ལྟ་བུར་འཆར་བ་བྱུང་། དགུང་ལོ་ལྔ་ལོན་པའི་ཚེ། མ་ཎི་བགྲང་བ་དང་། རྩེད་དུས་སུ་ཆོས་ཁྲི་དང་སྤྱིལ་བུ་བརྩིགས་ནས་ཆོས་སྨྲ་བ། ཉ་སོགས་གསོད་པ་ལ་སྲོག་བླུ་བྱེད་པ། བྱིས་པ་འགྲོ་མི་ཤེས་པ་རྣམས་ཁུར། སྙོམས་ཆུང་རྣམས་ལ་གཟན་སོགས་སྦྱིན་ནས་བསྐྱངས་པས། རྩྭ་ཐང་ན་བྱིས་པ་བྱང་ཆུབ་སེམས་དཔའ་ཞིག་འདུག་ཅེས་ཟེར་བའི་གཏམ་མི་ཤངས་ལ་སོགས་པར་ཡང་གྲགས། དགུང་ལོ་བཅུ་པར་ཡང་དགོན་ དུ་རིན་པོ་ཆེ་པ་ལ་དགེ་བསྙེན་མཛད། བཅུ་གཅིག་པ་ལ་མཁས་གྲུབ་ཤངས་སྟོན་ལས་མགོན་པོའི་རྗེས་གནང་དང་། བླ་མ་མགོན་པོ་དབྱེར་མེད་གསན། དགུང་ལོ་བཅུ་གཉིས་པར་སློབ་དཔོན་སེང་བཟང་དང་ལྷན་དུ་ས་སྐྱར་བྱོན་ནས་མཁན་པོ་བླ་མ་མཉམ་མེད་པའི་དྲུང་ནས་རབ་ཏུ་བྱུང་། མཚན་བྱམས་པ་དཔལ་ཞེས་གསོལ། དགུང་ལོ་བཅུ་དྲུག་པ་ལ་སླར་ཡང་ཤངས་སུ་ཕེབས་ཏེ། ཡང་དགོན་དུ་སློབ་དཔོན་སེང་གེ་བཟང་པོ་ལ་ཀྱི་རྡོར། བདེ་མཆོག་སོགས་ཀྱི་དབང་སྒྲུབ་ཞུས། དགུང་ལ་ཉེར་ལྔ་པ་ལ་མཁན་པོ་སེང་གེ་དཔལ་བས་མཁན་པོ། རིན་པོ་ཆེ་པས་ལས་སློབ། སློབ་དཔོན་གྲུབ་སེང་གིས་གསང་སྟོན་མཛད་ནས་འཇག་ཏུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་རྗེས་མཁས་བཙུན་རྒྱལ་མཚན་འབུམ་མཇལ་བར་ལྐུགས་ལུང་དུ་ཕེབས། ཐོག་མར་དག་བྱེད་ཨའི་སྟོང་ར་གནང་ཞིང་ཉམས་རྟོགས་བཟང་པོ་འཁྲུངས། རིམ་བཞིན་མཁས་བཙུན་རྒྱལ་མཚན་འབུམ་གྱི་དྲུང་ནས་ནི་གུ་ཆོས་དྲུག་དང་། ཕྱག་རྒྱ་ཆེན་མོ། ཡེ་ཤེས་མགོན་པོ་སོགས་ཀྱི་ཟབ་ཆོས་ཡོངས་སུ་རྫོགས་པ་གསན།
ཐེངས་ཤིག་འཇག་གི་གཟིམས་སྤྱིལ་དུ་ཕྱག་ཆེན་གྱི་སྒྲུབ་པ་མཛད་པའི་ཚེ། སྒོམ་ཁང་དུ་ལྟ་སྟངས་ཤིག་མཛད་པས། ཐོག་མར་ཐོག་མཚམས་སུ་འོད་དཀར་པོ་འཁྱིལ་བ་ཞིག་བྱུང་། དེ་ཇེ་གསལ་དུ་སོང་ནས་བྱི་བའི་མཆོད་རྟེན་ཡན་ཆད་དཀར་ལྷག་གེར་སོང་། དེའང་ཇེ་གསལ་ལ་སོང་ནས་སྲོག་ཤིང་ཡན་ཆད་ཀྱི་མི་རྣམས་ལུད་སྐྱེལ་བ་དང་། བྲོ་ཟ་བ་ལ་སོགས་དང་། སྲོག་ཆགས་གཞན་ཐམས་ཅད་ཅི་བྱེད་པ་གསལ་བར་གཟིགས། སྐུགས་ལུང་གཟིམ་ཁང་དུ་བཞུགས་དུས། རྨི་ལམ་དུ་མགོན་པོ་ཕྱག་དྲུག་པའི་ཞལ་གཟིགས་ཤིང་། ང་དང་བླ་མ་དབྱེར་མེད་དུ་སྒོམས། བྱིན་རླབས་འཇུག་པ་ཡིན་གསུངས། བླ་མ་སངས་རྒྱས་རྒྱལ་མཚན་ལས་མི་ཤངས་གཡག་ཐང་དུ་སྦྱོར་དྲུག་གསན་པའི་ཚེ། གཡག་ཐང་གི་ཐང་ཞབས་ན་མི་དང་ཁལ་པ་ལ་སོགས་འགྲོ་བ་མུན་ཁང་ནས་གཟིགས། དེ་ལ་མཆེད་ནས་མི་ཤངས་ལུང་པ་དང་འཇག་གི་མི་རྣམས་ཅི་བྱེད་དང་ལྷག་པར་རང་གི་གཡོག་པོས་མཛོད་ནས་རྐུ་མ་བརྐུ་བའང་གཟིགས། ངང་ཤངས་ཀྱི་རི་ལ་གཅོད་མཛད་པས་ཐུགས་དམ་ལ་བོགས་ཆེན་པོ་ཐོན། ཞོང་ཞོང་སྐུ་འབུམ་དྲུང་དུ་ཞག་བདུན་གསོལ་བ་འདེབས་ཀྱིན་བཞུགས་པས་རྨི་ལམ་འབད་མེད་འཁོར་མར་ཟིན། ཞོང་ཞོང་གི་སྐུ་འབུམ་ཞིག་གསོ་མཛད། གཞན་ཡང་གྲམ་ཆུམས། དཀར་པོ་བྲག །གུར་ཕྱོགས་ཉུག །ཡོ་བྲོ་བོ་ལ་སོགས་སུ་ཁྲིད་བསྐྱངས། འདོག་གཅོད་དཔོན་དགེ་ན་ནས་ཆོས་རྗེ་གདན་འདྲེན་ཞུ་བའི་ནུབ་མོ་གཅོད་པའི་བཙན་ཞིག་གིས་བསུ་བ་དང་བསྙེན་བཀུར་བྱས། གུར་ཕྱོགས་ཤཱཀྱ་བཤེས་གཉེན་འདས་པའི་ཆོ་ག་ནར་མར་མཛད་པའི་ཚེ། ཆུམས་ལྷ་སྡིངས་པས་གདན་དྲངས་ཏེ་འཇིགས་བྱེད་ཀྱི་དབང་སོགས་མཛད་པས། ཇོ་བོ་གལ་ལྗང་ཕྱག་དང་གུས་པ་བྱེད་ཀྱིན་གདའ་གསུངས། མཐར་རབ་བྱུང་བདུན་པའི་ལྕགས་ལུག་སྤྱི་ལོ1391ལོར་སྐུ་གཤེགས། དེ་ལྟར་ཆོས་རྗེ་ཆེན་པོ་འདི་ཉིད་ཀྱི་མཐའ་ཡས་པའི་མྱོང་རྟོགས་ཡོན་ཏན་གྱིས་སྲོག་ཤིང་དང་། ལྐུགས་ལུང་། འཇག་སོགས་ཀྱིས་གནས་གཞི་གཙོ་བོར་མཛད་དེ་ཚད་མེད་པའི་བྱམས་དང་སྙིང་རྗེས། གྲུབ་ཐོབ་ཆོས་གཡུང་དང་། གྲུབ་ཆེན་རིན་རྫོང་པ་སོགས་སྙིགས་དུས་གདུལ་བྱའི་ཚོགས་བགྲང་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་བཟང་དུ་བཀོད།
II.2.4.3 Müchen Gyeltsen Pelsang
གསུམ། མུས་ཆེན་རྒྱལ་མཚན་དཔལ་བཟང་།
ཤངས་པ་བཀའ་བརྒྱུད་ཀྱི་འཇག་པའི་བརྒྱུད་པ་སྟོད་སྨད་བར་གསུམ་དུ་གྱེས་པ་ལས། འཇག་པ་སྟོད་ལུགས་ཀྱི་བསྟན་པའི་མངའ་བདག་མུས་ཆེན་རྒྱལ་མཚན་དཔལ་བཟང་ནི་གྲུབ་ཐོབ་གཉགས་ཀྱི་རིགས་སུ། ཡབ་སློབ་དཔོན་རྡོ་རྗེ་སྙིང་པོ་དང་། ཡུམ་དཀོན་མཆོག་ཅེས་བྱ་བའི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་པ་སྟེ། ཁྲོ་ཕུ་དགའ་ལྡན་གྱི་གནས་སུ་ས་གཡོ་བ་དང་། མེ་ཏོག་གི་ཆར་འབབ་བཞིན་དུ་སྐུ་འཁྲུངས། ཁྲོ་ཕུ་སེམས་དཔའ་ཆེན་པོས་དབང་བསྐུར་ཞིང་ལུང་བསྟན་ཁྱད་པར་ཅན་མཛད། སྐུ་ན་ཆུང་ངུའི་དུས་ནས་བྱིས་པའི་སྤྱོད་པ་ལས་ཡོངས་སུ་འདས། དགུང་ལོ་བཅོ་ལྔ་པར་དཔལ་ས་སྐྱར་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་མཛད། དབུ་ཕར་འདུལ་མཛོད་ལ་སོགས་པའི་གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་མཁས་པའི་སྙན་པ་རྒྱ་ཆེར་ཁྱབ། དགུང་ལོ་ཉེར་དྲུག་ལ་ཕེབས་སྐབས་ཆོས་རྗེ་རྒྱལ་མཚན་དཔལ་བཟང་གིས་མཁན་པོ་དང་། རིན་ཆེན་བསོད་ནམས་གྲགས་པས་ལས་སློབ་མཛད་དེ་བསྙེན་པར་རྫོགས། མཁན་སློབ་དེ་གཉིས་དང་། རོང་པ་ཤེས་རབ་སེང་གེ་ཚོགས་སྒོམ་པ། ཉན་ཆེན་པ་ཡབ་སྲས། བླ་མ་ཡོན་ཏན་མཚན་ཅན། བྱང་སེམས་ཆུ་བཟང་པ། ཆོས་རྗེ་འཛིམས་པ་སོགས་ལས་དུས་འཁོར། ལམ་འབྲས། བློ་སྦྱོང་། རྫོགས་ཆེན། གཅོད་ཡུལ་སོགས་གྲུབ་མཐའ་རིས་མེད་ཀྱི་གདམས་པ་མཐའ་ཡས་པ་གསན་ཅིང་། ཐུགས་ཉམས་སུ་བཞེས་པས་མཁས་གྲུབ་ཆེན་པོར་གྱུར། བླ་མ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་ཀྱང་སྤྱི་བོར་མཆོད། ཕོ་བྲང་ཆེན་པོ་ཏཱའི་ཏུར་དུ་རྒྱལ་པོ་ཨཱ་ཡུ་བ་རས་སྤྱན་དྲངས་ཤིང་། འགྲོ་དོན་མཐའ་ཡས་པ་མཛད། སླར་བོད་དུ་ཕེབས་ནས་བྲིན་ཆུ་བར་དུ་དཀའ་ཐུབ་ཀྱི་འཚོ་བ་ལ་བརྟེན་ནས་བསྒོམས་པས་ཉམས་རྟོགས་ཀྱི་ཡོན་ཏན་དཔག་མེད་འཁྲུངས། སྐབས་ཤིག་ལ་མཁས་གྲུབ་ཤངས་སྟོན་གྱི་སྙན་པ་གསན་ནས་སྤྱན་སྔར་བྱོན་པས། མཁས་གྲུབ་ཤངས་སྟོན་ལ་ཡེ་ཤེས་མགོན་པོས། ཁྱོད་ཀྱི་སློབ་མ་ཆོས་བརྒྱུད་ཟིན་ངེས་ཤིག་འོང་བར་ཡོད་པས་གདམས་ངག་མ་ལུས་སྟོན་ཅིག་ཅེས་ལུང་བསྟན་པས། ནི་གུའི་གསེར་ཆོས་ལྔ་ལ་སོགས་པའི་ཤངས་པའི་གདམས་ངག་ཡོངས་རྫོགས་དགྱེས་བཞིན་དུ་གནང་། དེ་ཐམས་ཅད་ཐུགས་ཉམས་སུ་བཞེས་པས་རྨི་ལམ་སྤྲུལ་བསྒྱུར་སྦྱོངས། འོད་གསལ་རྒྱུད་ལ་སྐྱེས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་ནས་སྒྲུབ་པ་སྙིང་པོར་གཞོལ་བའི་སྐབས། ཧོར་གྱི་རྒྱལ་པོ་རྒན་པ་ཆེན་པོས་ནན་གྱིས་སྤྱན་དྲངས་པ་བཞིན་ཕེབས་ནས་ཧོར་དང༌། སོག་པོ། ཡུ་གུར། མི་ཉག་སོགས་ཀྱི་སྐྱེ་འགྲོ་མཐའ་ཡས་པའི་དོན་མཛད། སླར་བོད་དུ་ཕེབས་ནས་ཆོས་དང་ཟང་ཟིང་གིས་དགའ་སྟོན་རྒྱ་ཆེར་སྤེལ། ཡང་ནི་གུའི་བརྒྱུད་འདེབས་སུ་མས་མཐའ་གོང་དཔལ་གྱི་རྭ་བ་རུ། མུས་ཆེན་རྒྱལ་མཚན་དཔལ་བཟང་ལ་གསོལ་བ་འདེབས་ ཞེས་འཁོད་པ་བཞིན་མུས་མཐའ་གོང་དཔལ་གྱི་རི་ཁྲོད་སོགས་སུ་བཤད་སྒྲུབ་སྤེལ་མར་མཛད་པའི་མཐར། མེ་ཕག་ཧོར་ཟླ་བདུན་པའི་ཚེས་ཉི་ཤུ་དྲུག་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་བདེ་ཅན་གྱི་ཞིང་དུ་གཤེགས། སློབ་མའི་གཙོ་བོ་མཁས་གྲུབ་རྡོ་རྗེ་གཞོན་ནུ་ལ་ཤངས་ཆོས་ཀྱི་གདམས་ངག་རྫོགས་པར་བསྩལ་ནས་ཤངས་ཆོས་བསྟན་པའི་བདག་པོར་དབང་བསྐུར་བ་དང་། མུས་ཆེན་ནམ་མཁའི་རྣལ་འབྱོར་ལའང་ཤངས་ཆོས་ཀྱི་གདམས་པ་དུ་མ་བསྩལ། བླ་མ་འདིའི་རྣམ་ཐར་དགེ་བཤེས་སྨོན་ལམ་པས་མཛད་པ་ཞིག་ཡོད་ཚོད་འདུག་ཀྱང་ད་ཕན་མ་རྙེད།
II.2.4.4 Müchen Namkhé Neljor
བཞི། མུས་ཆེན་ནམ་མཁའི་རྣལ་འབྱོར།
ཁོང་ནི་ཡབ་བྲག་རམ་པའི་དགེ་བའི་བཤེས་གཉེན་བླ་མ་རྡོ་རྗེ་བསོད་ནམས་དང་། ཡུམ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་མ་རྡོ་རྗེ་འབུམ་གྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དད་པ་དང་། ཤེས་རབ། མངོན་པར་ཤེས་པ་སོགས་མངའ། གློ་ལུང་ཆོས་སྡེར་མཁན་པོ་ཤཱཀྱ་འཕེན་པ་ལས་རབ་ཏུ་བྱུང་། མཚན་ནམ་མཁའ་རྒྱལ་མཚན་དུ་གསོལ། མདོ་སྔགས་གཞུང་ལུགས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་མུས་ཆེན་རྒྱལ་མཚན་དཔལ་བཟང་ལས་ནི་གུའི་ཐབས་ལམ་གསན་ནས་ཟླ་བ་གཅིག་བསྒོམས་པས། བདེ་དྲོད་རྩོལ་མེད་དུ་ཤར། བཀའ་གཞན་རྣམས་རྫོགས་པར་བླ་མ་རྡོ་རྗེ་གཞོན་ནུ་ལས་གསན། དགུང་ལོ་ཉི་ཤུ་པར་བསྙེན་པར་རྫོགས། སྔ་རྗེས་སུ་བླ་མ་དུ་མ་ལས་གདམས་ངག་བསམ་གྱིས་མི་ཁྱབ་པ་ཞུས། ཆོས་གསན་པའི་དུས་མ་གཏོགས་དབེན་པ་ཁོ་ནར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ངེས་འབྱུང་དང༌། སྙིང་རྗེ་ཕྱོགས་མེད་དུ་ཤར། ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། སྤྱན་རས་གཟིགས་སོགས་ཡི་དམ་གྱི་ལྷ་མང་པོས་རྗེས་སུ་བཟུང༌། ཏིང་འཛིན་གྱི་སྒོ་དུ་མ་ལྡན་པ་དང་། མངོན་ཤེས་རྒྱ་ཆེན་མངའ་བ། ཆོས་སྐྱོང་བྲན་དུ་ཁོལ་བ་སོགས་ཀྱི་ཡོན་ཏན་ལ་དབང་འབྱོར། གདུལ་བྱ་དཔག་མེད་སྨིན་གྲོལ་ལ་བཀོད་པའི་ནང་ནས་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་དང་། རོང་སྟོན་ཤེས་བྱ་ཀུན་རིག །སེམས་དཔའ་གཞོན་ནུ་རྒྱལ་མཆོག །མུས་ཆེན་དཀོན་མཆོག་རྒྱལ་མཚན། གྲུབ་ཆེན་ཐང་སྟོང་རྒྱལ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་བཙུན་གྲུབ་པའི་ཉམས་མྱོང་དང་ལྡན་ཞིང་། འཕྲིན་ལས་རྒྱ་ཆེན་མངའ་བའི་བུ་སློབ་དུ་མ་བྱོན་ཏེ་རྒྱལ་བསྟན་སྤྱི་དང་། ཁྱད་པར་དུ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་བསྟན་པ་དར་ཞིང་རྒྱས་པར་མཛད། བླ་མ་འདི་ཉིད་ཀྱིས་ཡེ་ཤེས་མགོན་པོའི་ཆོས་སྐོར་སོགས་ཀྱི་ཤངས་པའི་གདམས་པ་འགའ་ཞིག་མཁས་གྲུབ་དགེ་ལེགས་དཔལ་བཟང་བརྒྱུད་རི་བོ་དགེ་ལྡན་པའི་ཕྱོགས་སུའང་དར་ཁྱབ་མཛད། མཐར་དགུང་གྲངས་དགུ་བཅུ་རྩ་གསུམ་དུ་ཕེབས་པ། བྱི་ལོ་ཧོར་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་དགོངས་པ་ཞི་བར་གཤེགས་པའི་ཚེ། འཇའ་འོད་དང་། སྙན་པའི་སྒྲ། དྲི་ཞིམ་འཐུལ་བ། མེ་ཏོག་གི་ཆར་ཆེན་པོ་འབེབས་པ་བཅས་ངོ་མཚར་གྱི་ལྟས་དུ་མ་བྱུང་། སྐུ་གདུང་ཞུགས་སུ་ཕུལ་བས་སྐུ་དང་། རིང་བསྲེལ་གྲངས་ལས་འདས་པ་བྱོན་པ་རྣམས་ཕྱི་རབས་ཀུན་གྱི་དད་པའི་ཞིང་མཆོག་ཏུ་གྱུར་ཏོ། རྗེ་འདིའི་རྣམ་ཐར་རྒྱས་པ་བཀའ་བཅུ་པ་རིན་ཆེན་དར་རྒྱས་ཀྱིས་མཛད་པ་ཞིག་དང་། དགུང་ལོ་བརྒྱད་ཅུ་རྩ་བཞི་ཡན་གྱི་རྣམ་ཐར་ཁ་སྐོང་ཞིག་ཡོད་པ་ཐོས་ཀྱང་ད་ཕན་མ་རྙེད།
II.2.4.5 Rindzongpa Wangchuk Gyeltsen
ལྔ། སྒྲུབ་ཆེན་རིན་རྫོང་པ་དབང་ཕྱུག་རྒྱལ་མཚན།
དེ་ཡང་རྗེ་འདི་ཉིད་ཀྱི་གསུང་ལས་སྨོན་ལམ་དབང་གིས་ཆོས་བརྒྱུད་རིགས་སུ་སྐྱེས། །ལས་ངན་ཚེ་འདིར་སློངས་པས་ནད་དུ་སྨིན། །དམ་པས་རྗེས་བཟུང་བསྟན་ལ་རབ་ཏུ་བྱུང༌། རྒྱུད་གཞུང་མན་ངག་ཐོབ་པས་སྒྲོ་འདོགས་བཅད། བླ་མ་མང་བསྟེན་སྙན་བརྒྱུད་བདུད་རྩི་འཐུངས། །རི་ཁྲོད་དགོན་པར་སྒྲུབ་ལ་བརྩོན་པར་བྱས། །ཕྱི་ནང་གསང་གསུམ་གེགས་རྣམས་གྲོགས་སུ་ཤར། ཉམས་རྟོགས་རིམ་སྐྱེས་གཞན་དོན་མཉམ་ཉིད་རྟོགས། །རྣམ་ཐར་མདོར་བསྟན་སྒྲུབ་པ་ཉམས་སུ་ལོངས་ཞེས་གསལ་བ་ལྟར། ཁོང་ནི་དམ་པའི་ཆོས་དར་བའི་ས། རྒྱལ་གྱི་ཤྲཱི་རིའི་ལྷོ་ཕྱོགས་ཀྱི་དགོན་པ་ཇོ་མོ་ཞེས་བྱ་བར་ཡབ་ཕྱག་སྟོན་ནམ་མཁའ་འཕེན་དང་། ཡུམ་རྨེ་ཟ་རྒྱ་གར་ལྷ་མོ་ཞེས་བྱ་བ་ལ་སྲས་བདུན། དེ་དག་ལས་དགེ་བཤེས་གསུམ་བྱུང་བའི་འབྲིང་པོར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་ཆོས་ལ་ཤིན་ཏུ་མོས། དགུང་ལོ་དགུ་པ་ལ་རབ་ཏུ་བྱུང་། མཚན་དབང་ཕྱུག་རྒྱལ་མཚན་དུ་གསོལ། སྐབས་ཤིག་གི་རིང་མྱོང་འགྱུར་གྱི་ལས་ངན་ནད་དུ་སྨིན་པའི་དབང་གིས་བཟོད་གླགས་བྲལ་བའི་ན་ཟུག་མྱང་། དགུང་ལོ་བཅུ་དགུ་པར་མཁན་པོ་པཎ་ཆེན་རིན་པོ་ཆེ། ལས་སློབ་ལོ་ཆེན་བྱང་ཆུབ་རྩེ་མོ། གསང་སྟོན་བླ་མ་མགོན་པོ་འབུམ། གྲིབ་ཆོད་པ་དཀའ་བཞི་བསོད་ནམས་དོན་གྲུབ་སོགས་ཀྱིས་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཁན་ཆེན་པའི་དྲུང་ནས་ལྷན་ཅིག་སྐྱེས་སྦྱོར་དང་། བླ་མ་མགོན་པོ་དབྱེར་མེད། འཆུག་མེད་ལམ་ཁྱེར་རྣམ་གསུམ་གྱི་བཀའ་ཁྲིད། གའུ་མའི་ཁྲིད་སོགས་གདམས་པ་མང་དག་ཅིག་ཞུས། དེ་རྗེས་མཁན་ཆེན་འཕྲིན་ལས་པའི་དྲུང་དུ་ཕྱག་རྒྱ་ཆེན་པོ་སྒྲུབ་སྙིང་། གམ་ག་མ། ཤངས་པའི་རྣམ་ཐར་བསམ་སྡིངས་པ་ཡན་ཆད་སོགས་གསན་ནས་སྔ་ཕྱིར་རིན་རྫོང་དུ་སྒྲུབ་པ་ལན་འགའ་མཛད།
ཐེངས་ཤིག་ཆོས་རྗེ་བྱམས་པ་དཔལ་གྱི་རྣམ་ཐར་དྲན་པས་མོས་གུས་ཚད་མེད་སྐྱེས་ཏེ་ད་ལྟ་རང་བླ་མ་དང་མཇལ་བར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་ཤར། དེ་རྗེས་ཤངས་ཀྱི་སྲོག་ཤིང་དུ་ཆོས་རྗེ་དང་མཇལ་བས། ཆོས་རྗེས་ཁྱེད་ཤྲི་རི་ནས་བྱོན་ནམ། ལམ་ཁར་མགོ་ཐོན་པ་དགའ་མོ་ཡིན། ཆོས་བརྒྱུད་གང་ཡིན། ཆོས་ཅི་ཐོབ་གསུང་བ་ལ། (སྒྲུབ་ཆེན་རིན་རྫོང་པས་)ཆོས་བརྒྱུད་ཤངས་པ་ཡིན། རི་བོ་ཆེ་པའི་སློབ་བརྒྱུད་ཡིན་ལགས་ཞུས་པས། རི་བོ་ཆེ་བའི་ཁྲི་པ་དང་ངེད་ཀྱི་རིན་པོ་ཆེ་པ་ཕར་སློབ་ཚུར་སློབ་ཡིན་ཞེས་གསུངས་ནས་ཐོག་མར་ནི་གུ་ཆོས་དྲུག་གི་སྔོན་འགྲོའི་དབང་དང་བཅས་ཡོངས་སུ་རྫོགས་པ་དང་། དེ་ནས་རིམ་བཞིན་རང་བབས་རྣམ་གསུམ། འཆུག་མེད་རྣམ་གསུམ། སེམས་འཆི་མེད་ཀྱི་ཁྲིད། བྱིན་རླབས་ཀྱི་བཀའ་དང་བཅས་པ། ལུས་འཆི་མེད་ཀྱི་བཀའ། བདེ་མཆོག་ལྷ་ལྔ། མཁའ་སྤྱོད་དཀར་དམར། མཁའ་སྤྱོད་གསུམ་སྦྲག །བྱིན་རླབས་ལྷ་བཞི། ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་གསང་སྒྲུབ། རྟ་མགྲིན་གསང་སྒྲུབ། རྗེས་སུ་ཡི་རང་། མགོན་པོའི་ཕྱི་བཀའ། བླ་མ་མགོན་པོ་དབྱེར་མེད། གསང་སྒྲུབ། གྲིབ་སེལ་གནད་དབབ། དེ་རྣམས་ཀྱི་བཀའ་སྒྲུབ་ཐབས། ལས་ཚོགས། རྒྱུད་སྡེ་ལྔའི་དབང་བཞི་རྫོགས། ཚེ་དཔག་མེད་ལྷ་དགུའི་དབང་སོགས་མང་དུ་གནང་། གཞན་ཡང་གདན་ས་པའི་དྲུང་དུ་སྒྱུ་མ་ལམ་གྱི་རིམ་པའི་གཞུང་འགྲེལ་གཉིས། ཉམས་མྱོང་ཡོན་ཏན་རྒྱ་མཚོ། འཆི་མེད་འཕྲུལ་འཁོར། སྒྱུ་ལུས་འོད་ཕྲེང་། ཁྱད་འཕགས་གདམས་པ་རྒྱས་བསྡུས་གསུམ། སྒྱུ་ལུས་དྲུག་ལྡན། དབུ་མ་ཡིག་བདུན། རྒྱུད་སྡེ་ལྔའི་རྒྱ་གཞུང་རྡོ་རྗེ་གདན་པས་མཛད་པ་སོགས་ཤངས་པའི་གདམས་ངག་དབང་རྒྱུད་མཐའ་དག་རྫོགས་པར་གསན། ཐོས་པའི་གདམས་ངག་དེ་དག་ཀྱང་ཉམས་སུ་ལེན་པའི་དཀའ་སྤྱད་དྲག་པོའི་མཐུས་མཚམས་སྦྱར་བས་ཉམས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས། མཐར་དགེ་བཤེས་བྱང་སེང་ལ་སོགས་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཤངས་པའི་ཆོས་རྣམས་རྫོགས་པར་གནང་ཞིང་། ཤངས་པའི་འཇག་བརྒྱུད་ཀྱི་བསྟན་པ་ཕྱོགས་མཚམས་ཀུན་ཏུ་རྒྱས་པར་མཛད།
II.2.4.6 Shönu Drup
དྲུག བསམ་སྡིངས་པ་གཞོན་ནུ་གྲུབ།
དེ་ཡང་གསོལ་འདེབས་སྙན་པའི་སྒྲ་དབྱངས་སུ་བསྔགས་འོས་ཡོན་ཏན་བརྒྱ་ལྡན་ཉང་སྨད་དུ། ཁྱིམ་བདག་དྲྭ་མར་མཁའ་འགྲོའི་ལྷུམས་སུ་ཞུགས། །བལྟམས་ནས་དགུང་ལོ་བཞི་པར་སྒྲུབ་པའི་གནས། །གཟིགས་ཚེ་ཏིང་འཛིན་བརྙེས་ལ་གསོལ་བ་འདེབས་ཞེས་འཁོད་པ་བཞིན་མཁས་བཙུན་གཞོན་ནུ་གྲུབ་ནི་ལོ་ཆེན་བཻ་རོ་ཙ་ན་དང་མཁས་པ་ཆེན་པོ་གཙང་ནག་པ་སོགས་སྐུ་འཁྲུངས་པའི་ཡུལ། ཉ་མོ་ཆབ་ལ་འཛུལ་འདྲའི་མྱང་སྨད་གཅུང་པ་ཡུ་བ་གདོང་དུ་ཡབ་ལྡིང་གི་རུས་རྒྱལ་པོ་ཚེ་འཕེལ་དང་། ཡུམ་རྒྱ་མོ་ཁེ་འདྲེན་དཔལ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་ཀྱི་ཆར་སྐུ་འཁྲུངས། གོང་གི་ཡུ་བ་གདོང་ཞེས་པ་དེ་གང་དུ་ཡིན་པའི་སྐོར་ཡང་། པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་འཛམ་གླིང་མཛེས་རྒྱན་ལས་གནོད་སྦྱིན་དབང་པོ་གང་བ་བཟང་པོ་བཞུགས་པའི་གནས་ཕུ་ཧ་བོ་གང་བཟང་ནས་མདའ་ཡུ་བ་གདོང་ལ་བརྟེན་པའི་བར་ཆུ་ཀླུང་དལ་གྱིས་འབབ་སའི་ཆ་ལ་ཉང་ཞེས་གྲགས་ཞེས་འཁོད་པར་གཞིགས་ན། ས་ཆ་འདི་ནི་མྱང་ཆུ་རྒྱུག་ཁུལ་གྱི་མདར་གནས་པ་གསལ་པོར་མངོན་ལ། དེ་མིན་གཅུང་པ་ཡུ་བ་གདོང་ཞེས་པ་གཞིས་རྩེ་གྲོང་ཁྱེར་གྱི་གནའ་བོའི་མིང་ཡིན་པ་མྱང་ཆོས་བྱུང་དུའང་གསལ་བས། མཁས་བཙུན་གཞོན་ནུ་གྲུབ་ཀྱི་འཁྲུངས་ཡུལ་ནི་ལོ་ཆེན་བཻ་རོ་ཙ་ན་དང་འདྲ་བར་དེང་ཡུལ་འཁོར་སྲུང་པི་ཝང་བརྡུང་བ་འདྲ་བའི་ཟངས་དཀར་རི་བོའི་འགྲམ་དུ་གནས་པའི་ཆུ་ཤར་གྲོང་ཚོའི་བྱང་རྒྱུད་དུ་ཡིན། དགུང་ལོ་བཞི་པར་གྱོང་ཕུག་ཏུ་སྒྲུབ་པ་མཛད། དགུང་ལོ་བཅུ་པའི་མཇུག་ཏུ་ཆོས་གྲྭ་ཆེན་མོ་སྣར་ཐང་དུ་མཁན་ཆེན་མཆིམས་ནམ་མཁའ་གྲགས་ལས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུར་མཁན་ཆེན་དེ་ཉིད་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཁན་ཆེན་མཆིམས་པ་ལས་སྒོམ་ཚིག་ལ་སོགས་པའི་འདུལ་བའི་ཕྲན་རྣམས་དང་། མངོན་པ་གོང་འོག །ཕར་ཕྱིན་གྱི་སྐོར། བསླབ་བཏུས། སྤྱོད་འཇུག་ལ་སོགས་པའི་གཞུང་རྣམས། ལམ་རིམ། ལམ་སྒྲོན། ལམ་མཆོག །སྐྱེས་བུ་གསུམ་གྱི་ཁྲིད་ལ་སོགས་བཀའ་གདམས་པའི་མན་ངག་རྣམས། དེ་བཞིན་དབུ་མ་རིན་ཆེན་ཕྲེང་བ་སོགས་མང་དུ་གསན། སློབ་དཔོན་ཆུ་མིག་པ་དང་། ལྷོ་བྲག་པ་ལས་ཕར་ཚད་འདུལ་གསུམ་གྱི་གཞུང་གསན་ཏེ། བཤད་པ་མཛད་ནས་དགེ་བཤེས་ཀྱང་ལོ་འགའ་གནང་། དགུང་ལོ་ཉི་ཤུ་རྩ་གཅིག་པར་ས་སྐྱར་བྱོན་ནས་བླ་མ་ཆོས་ཀྱི་རྡོ་རྗེ་ལ་ཀྱི་རྡོ་རྗེ། མཁའ་འགྲོ་མ་གུར། སམྦུ་ཊ་ལ་སོགས་པ་གསན། སློབ་དཔོན་དྷརྨ་པཱ་ལ་ལས་ཚོགས་ཆོས་གང་གསུངས་གསན། བླ་མ་ཉི་ཐོག་པ་ལ་ཀྱི་རྡོ་རྗེ་དང་། བདེ་མཆོག་ལ་སོགས་པའི་དབང་དང་གདམས་ངག་མང་དུ་ཞུས། སློབ་དཔོན་བང་སྟོན་པ་ལ་རྣམ་འགྲེལ་དང་རིགས་གཏེར་སོགས་མདོ་སྔགས་གཞུང་ལུགས་སྤྱི་དང་། ཁྱད་པར་ས་ལུགས་ཀྱི་ཕྱག་ལེན་རྣམས་ལ་མཁས་པར་བསླབས། དུས་དེར་ས་སྐྱ་པ་ནང་འཁྲུག་གི་འགོ་ཚུགས་པས་ངེས་འབྱུང་སྐྱོ་བས་གཙེས་ཏེ་སློབ་དཔོན་འདམ་པ་ལས་རྒྱུན་གཅོད་དཀའ་ཐུབ་ཀྱི་རིགས་མང་པོ་དང་། དྲིལ་བུ་པའི་དབང༌། གདམས་སྐོར་གཞན་ཡང་གསན། རྒྱུན་གཅོད་བགེགས་སྒྲོལ་མཛད། བླ་མ་སུམ་སྟོན་རས་པ་ལས་ཀྱང་གཅོད་ཡུལ་གྱི་གདམས་པ་མང་དག་ཅིག་གསན། འཆི་བ་མི་རྟག་པའི་རྟོགས་པ་རྒྱུད་ལ་ང་གིས་སྐྱེས་ཤིང༌། སྲིད་ལ་སྐྱོ་ཤས་ཀྱིས་བསམ་པས་གདུང་པས་ཉིན་ཞག་མཚམས་མི་ཆད་པར་དགེ་སྦྱོར་འབའ་ཞིག་ལ་བརྩོན། དེ་ནས་ཁ་རག་ཚ་ཚ་མོར་ཕེབས་ཏེ་སློབ་དཔོན་གྲགས་ལས་རྗེ་བཙུན་མའི་བྱིན་རླབས། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། ལམ་ཁྲིད་རླན་ལུགས་ཀྱི་རྩ་རླུང་ལ་སོགས་པ་ཞུས། སླར་ཡང་ས་སྐྱར་བྱོན་ནས་བླ་མ་དུར་ཁྲོད་དགོན་པ་ལས་གསུང་ངག་རིན་པོ་ཆེ་དང་བྱིན་རླབས་ཀྱི་དབང་བཀའ་མང་དུ་ཞུས།
དེ་རྗེས་ཡོལ་རི་གོང་དུ་ཕེབས་ཏེ་ཤངས་པ་རིན་ཆེན་བདུན་བརྒྱུད་ཀྱི་མཐའ་མ་འགྲོ་མགོན་སངས་རྒྱས་སྟོན་པ་ཆོས་ཀྱི་ཤེས་རབ་ཀྱི་དྲུང་ནས་རྒྱུད་སྡེ་ལྔའི་དབང་དང་། བདེ་མཆོག །ཆོས་དྲུག །སེམས་འཆི་མེད། འཆུག་མེད། ཕྱག་ཆེན། བྱིན་རླབས་ཀྱི་ཁྲིད། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་མོ་དང་རྟ་མགྲིན། མཁའ་སྤྱོད་དཀར་མོ། ནམ་མཁའ་སྒོ་འབྱེད། བླ་མ་མགོན་པོ་དབྱེར་མེད་སོགས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་མ་ལུས་པ་དང་། གཞན་ཡང་བླ་མ་དེ་ཉིད་ལས་དྭགས་པོ་བཀའ་བརྒྱུད་ཀྱི་འབྲི་གུང་དང་། འབྲུག་པ། ཚལ་པ་བཅས་དང་། དེ་བཞིན་ས་སྐྱ། མ་གཅིག་ལས་བྱོན་པའི་གཅོད་རྒྱུན་སོགས་གདམས་ངག་གི་ཁུངས་མང་དུ་མངའ་བ་དག་ཀྱང་གསན། ཆོས་རྗེ་སངས་རྒྱས་སྟོན་པ་སྐུ་འདའ་ཁར་ཡང་མཁས་བཙུན་གཞོན་ནུ་གྲུབ་ལ་ཆིག་བརྒྱུད་ཀྱི་གདམས་པའི་གནད་འདི་རྣམས་ཀྱི་བདག་པོ་བགྱིས། སྣོད་ལྡན་གྱི་སློབ་མ་རྣམས་ལ་ཕན་ཐོགས་དང་འགྲོ་དོན་མཛད་ཅིག་ཅེས་སོགས་ཆིག་བརྒྱུད་ཀྱི་བདག་པོར་དབང་བསྐུར་ལན་བཞིའི་བར་མཛད། སྔ་རྗེས་སུ་གཡུ་རི་ནགས་དང་སྲིན་པོ་རི་ སོགས་དབུས་གཙང་གི་ས་ཆ་མང་པོར་ལུས་སྲོག་བློས་གཏོང་བའི་གཅོད་གནང་ནས་ལྷ་འདྲེ་མང་པོའི་དོན་མཛད། ཤངས་ཀྱི་ནུབ་ཕྱོགས་འཇད་ཀྱི་ཐང་སྟོང་དུ་བཞུགས་སྐབས་ཏེ་ཧ་ལམ་སྤྱི་ལོ་1285ལོའམ་སྤྱི་ལོ1290ལོ་ ཙམ་ལ་ས་སྐྱ་དང་འབྲི་གུང་པ་ཕན་ཚུན་འཐབ་འཁྲུག་གི་ལས་སྦྱོར་ལ་རྩེན་པས་ཐུགས་ཡིད་ཤིན་ཏུ་མུག །འཇད་ཀྱི་འགྲུལ་ཁང་ཞིག་ཏུ་བཞུགས་དུས་མཛེ་ཅན་ཁྲག་རྣག་གིས་སྦགས་པ་ཞིག་གཟིགས་པས་ནད་པ་དེའི་རྐང་པ་ཞལ་གྱིས་འཇིབ། ནད་ལས་གྲོལ་ཐབས་མཛད་པས་བྱམས་སྙིང་རྗེའི་ཡོན་ཏན་གྱིས་ཡོངས་སུ་ཕྱུག་པ་སྟོན་གནང་མཛད། རང་ཉིད་ལ་ནད་སོགས་བྱུང་སྐབས་ཀྱང་ཐུགས་གཡེང་མི་གནང་བར་ང་ཡང་དགེ་སྦྱོར་གྱི་སྟེང་ནས། ན་རོགས་འཆི་རོགས་གཞན་མི་འཚོལ། འདི་ཀ་ལ་ཉལ་བ་ཡིན་གསུངས་ཞེས་པ་ལྟར་རོ། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་བླ་མ་ཁྲོ་ཕུ་བ་དང་རྗེ་ཀུན་སྤོངས་པ་སོགས་མཚན་ལྡན་མཁས་གྲུབ་བརྒྱད་ཅུ་རྩ་གསུམ་ཙམ་བསྟེན་ནས་དེ་དག་གི་ཐུགས་བཅུད་རྫོགས་པར་བཞེས་པ་དང་། ལྷག་པར་སྤྲུལ་སྐུ་འགའ་རབ་རྡོ་རྗེ་ལས་གསང་ཆེན་རྙིང་མའི་རྫོགས་ཆེན་གྱི་གདམས་པའང་ཐོབ་པས་རིས་སུ་མི་ཆད་པའི་ཆོས་བརྒྱུད་དུ་མའི་གདམས་ངག་རིན་ཆེན་ནོར་བུས་ཐུགས་ཀྱི་བང་མཛོད་ལེགས་པར་གཏམས། དེ་ནས་ཕྱིས་མྱང་སྨད་དུ་བསམ་སྡིངས་བཏབ་ནས་ལམ་འབྲས། ཕྱག་ཆེན། ནི་གུ་རྣམས་ཆོས་ཀྱི་གཙོ་བོ་མཛད་ནས་གདུལ་བྱ་མང་པོ་ལ་ཁྲིད་བསྐྱངས་ཞེས་འཁོད་པ་ལྟར་སྐུ་ཚེའི་མཇུག་ཏུ་པ་སྣམ་བསམ་སྡིངས་དགོན་བཏབ་ནས་བོད་སོག་གི་བུ་སློབ་མང་པོར་ཤངས་པའི་ཆོས་སྐོར་གྱིས་གཙོས་པའི་ཆོས་ཀྱི་གནང་སྦྱིན་རྫོགས་པར་བསྩལ་ཏེ་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད་གནང་མཛད། མཐར་དབེན་གནས་བསམ་གཏན་སྡིངས་དེ་རང་དུ་སྤྱི་ལོ1319ལོ་ཙམ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས།
II.2.4.7 Serlingpa Tashi Pel
བདུན། ཤངས་པ་གསེར་གླིང་པ་བཀྲ་ཤིས་དཔལ།
ཁོང་ནི་ཡབ་རྗེ་བཙུན་མཚན་ཅན་དང་། ཡུམ་དཀོན་མཆོག་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་འབྲུག་སྤྱི་ལོ1292ལོར་ཡོལ་ཕུ་གསེར་གླིང་སྟེ་དེང་ཆུ་ཤུར་རྫོང་བྱེ་ནུབ་ཡུལ་ཤོག་ཁོངས་ཀྱི་གསེར་གླིང་གྲོང་ཚོར་སྐུ་བལྟམས། དགུང་ལོ་བདུན་ལ་སོན་སྐབས་ཡི་གེ་འབྲི་ཀློག་ལེགས་པར་མཁྱེན། ནེལ་པ་པཎ་ཆེན་ལས་བསྙེན་པར་རྫོགས། ནེལ་པ་ཁུ་དབོན་གྱི་དྲུང་དང་། གསང་ཕུར་ཕར་ཕྱིན་དང་ཚད་མ་ལ་སོགས་པའི་མདོ་སྔགས་ཆོས་གཞུང་མང་པོར་གསན་བསམ་རྒྱ་ཆེར་མཛད། དེ་རྗེས་ཀརྨ་རང་བྱུང་རྡོ་རྗེ་དང་། རྒྱ་བྲག་ཆོས་རྗེ། སྐྱེས་མཆོག་བསམ་གཏན་དཔལ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་དུ་བསྟེན་ནས་ཕྱག་ཆེན་དང་། ཞི་བྱེད་ཀྱི་གདམས་པ་སོགས་ཇི་སྙེད་པ་གསན། སླར་རང་ཡུལ་དང་ཉེ་བའི་མཁས་གྲུབ་རྣམས་ལས་གསང་སྔགས་ཀྱི་ཆོས་སྐོར་དང་། རྨོག་ལྕོག་པ་རིན་ཆེན་བློ་གྲོས་སོགས་ལས་ཤངས་པའི་གདམས་ངག་མཐའ་ཡས་པ་གསན། ཡི་དམ་ལྷ་ཚོགས་དུ་མའི་ཞལ་གཟིགས། ལྷག་པར་དུ་སྐབས་དེའི་ཤངས་ཆོས་ཀྱི་བདག་པོ་མཁས་བཙུན་གཞོན་ནུ་གྲུབ་ལས་ཤངས་པའི་ཟབ་ཆོས་དུ་མའི་བདུད་རྩི་བཞེས། སངས་རྒྱས་སྟོན་པ་ལས་བྱུང་བའི་གཅོད་ཀྱི་སྐོར་རྣམས་ཀྱང་ཐུགས་སུ་ཆུད་པས། ཕྱིས་གདུལ་བྱ་རྣམས་ཀྱང་ཤངས་པའི་ཆོས་སྐོར་དང་། གཅོད་ཀྱི་གདམས་པས་གཙོ་བོར་མཛད་ནས་བསྐྱངས། དགེ་བའི་བཤེས་གཉེན་སྡེའི་བདག་པོ་དང་། མི་དཔོན་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་གཏུགས་ནས་ཆོས་དང་འཇིག་རྟེན་གྱི་བསླབས་གདམས་ཅི་རིགས་བསྩལ་བ་སོགས་ཀྱིས་འགྲོ་དོན་རྒྱ་ཆེར་མཛད། དེ་རྗེས་ཡོལ་དང་། སྦུས་སྡེའི་སྒྲུབ་སྡེ་བཙུགས། ཆོས་དཔལ་ཤེས་རབ་དང་། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ལ་སོགས་པའི་གསུང་གི་སློབ་མ་མང་བར་བསྐྱངས་ནས། མཐར་དགུང་གྲངས་དོན་བཞིར་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་1365ལོའི་ཟླ་བ་དང་པོའི་ཚེས་བཅུ་དགུ་ཉིན་ཞི་བར་གཤེགས་པ་བཅས་སོ།
།གསེར་གླིང་པ་བཀྲ་ཤིས་དཔལ་གྱི་སློབ་མ་བྲག་པོ་ཆེ་བ་རྡོ་རྗེ་དཔལ། བཟང་དུ་སྐུ་འཁྲུངས། གསེར་གླིང་པ་ལས་ཤངས་ཆོས་དང་གཅོད་སྐོར་གསན་ཞིང་མགོན་པོས་ཀྱང་ལེགས་པར་རྗེས་སུ་བཟུང་། སློབ་མ་རྣམས་ཤངས་ཆོས་ལ་སོགས་པའི་གདམས་པ་རྣམས་ཀྱིས་ཚིམས་པར་མཛད། རྗེ་འདིའི་མཛད་རྣམ་ཞིབ་པ་ད་ཕན་མ་རྙེད།
དེའི་སློབ་མ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ། །གཙང་དུ་འཁྲུངས། ཐར་པ་གླིང་ དུ་བྱོན་ནས་མཁན་ཆེན་ཤེས་རབ་འོད་ཟེར་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྟོད་འབྲུག་བསྟན་པའི་མངའ་བདག་ཆོས་རྗེ་འབའ་ར་བ་ལས་རི་ཆོས་དང་ཕྱག་ཆེན་ལ་སོགས་གསན་པས་མནལ་གྱིས་མ་སྒྲིབ་པའི་འོད་གསལ་འཁྲུངས། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ལས་ཤངས་པའི་ཆོས་སྐོར་དང་གཅོད་ཡུལ་གསན་ནས་ཐུགས་ཉམས་སུ་ཡང་བཞེས། ཕྱིས་ཐེལ་གྱི་ཆོས་སྒོ་ལ་ཞུགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ཐེངས་ཤིག་ངང་རྐྱལ་གྱི་གཙུག་ལག་ཁང་དུ་ཕེབས་ནས་ཆོས་འདི་དག་གི་འཁོར་ལོ་རྒྱ་ཆེན་སྐོར་བའི་ཚེ། རྟོགས་པས་སྲིད་གསུམ་ཟིལ་གྱིས་གནོན་པ། བྱིན་རླབས་ཀྱིས་རྡོ་རྗེའི་མཁའ་འགྲོ་མ་ཐམས་ཅད་འདུ་བ། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བའི་གནས་རྒོད་ཕྲུག་རས་པ་ཞེས་ཡོངས་སུ་གྲགས་པའི་སྐལ་ལྡན་གྱི་སློབ་མ་ཞིག་བྱུང་བས་གཙོས་གདུལ་བྱ་དུ་མ་སྐྱོང་བར་མཛད།
ཆོས་རྗེ་རྒོད་ཕྲུག་པ་གྲགས་པ་འབྱུང་གནས་ནི་རྒྱལ་ཚབ་ཆོས་རྗེ་འཁྲུངས་པའི་སྔ་ལོ་སྟེ་སྤྱི་ལོ1364ལོར་སྐུ་བལྟམས། སྔ་རྗེས་སུ་བླ་མ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་སོགས་ལས་དྭགས་ཤངས་བཀའ་བརྒྱུད་ཀྱི་གདམས་པ་མང་དུ་གསན་ཞིང་། ཐུགས་ཉམས་སུ་བཞེས་པས་ཕྱག་ཆེན་གྱི་རྟོགས་པ་ནམ་མཁའ་དང་མཉམ་པ་འཁྲུངས། གྲུབ་པའི་རྟགས་ཀྱང་མང་དུ་བསྟན་པས་མི་དབང་གྲགས་པ་འབྱུང་གནས་སོགས་མཐོ་དམན་ཀུན་གྱིས་བཀུར་བར་མཛད། རྗེ་ཙོང་ཁ་པ་ཆེན་པོ་བཀྲ་ཤིས་དོ་ཁར་ཕེབས་དུས་དགེ་ཚུལ་གྱི་སྡོམ་པ་ཞུས་ཤིང་གསུང་ཆོས་ཀྱང་མང་དུ་གསན་པར་གྲགས། རྗེ་རྒོད་ཕྲུག་རས་པས་གཅོད་ཡུལ་གྱི་གདམས་པ་འགའ་ཞིག་འགོས་ལོ་གཞོན་ནུ་དཔལ་ལ་བསྩལ་གནང་བ་འགོས་ལོ་རང་ཉིད་ཀྱིས་གསུངས་འདུག་ལ། ཡང་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་སུ་གྲུབ་ཐོབ་དངོས་གྲུབ་ནས་རྗེ་རྒོད་ཕྲུག་པ་བར་བརྒྱུད་པའི་བརྒྱུད་པ་ཞིག་ཀྱང་འདུག །འོན་ཀྱང་རྗེ་རྒོད་ཕྲུག་རས་པས་ཤངས་པའི་གདམས་པ་རྣམས་སུ་ཞིག་ལ་གནང་བའི་སྐོར་གྱི་ཡིག་ཆ་ད་ཕན་མ་མཐོང་བས། དེའི་རྗེས་ཙམ་ནས་ནི་གུ་བསམ་སྡིངས་ལུགས་ཀྱི་བརྒྱུད་པ་གསལ་བར་འཛིན་པའི་བླ་མ་མ་རྙེད་དོ།

II.2.5 -
།ལྔ་པ། ཉེ་དུས་ཀྱི་ཤངས་ཆོས་འཛིན་པའི་བླ་མ་གཙོ་ཆེན་འགའ་ཞིག
སྤྱི་ལོའི་དུས་རབས་བཅུ་བདུན་པ་ཙམ་ནས་ད་བར་ཤངས་ཆོས་འཛིན་པའི་བརྒྱུད་པ་ཟམ་མི་ཆད་པར་བྱོན་ཡོད་ཅིང༌། དེ་དག་ལས་ཚབ་མཚོན་འགའ་ཞིག་བརྗོད་པར་བྱ་བ་ལ།
II.2.5.1 Rigdzin Tsewang Norbu
གཅིག ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ།
མཚན་གྱི་རྣམ་གྲངས་ལ་རིག་འཛིན་གཏེར་བཞད་རྩལ། འཇམ་དཔལ་རྒྱ་མཚོ། འོད་གསལ་བདེ་གཤེགས་སྙིང་པོ། དཔའ་བོ་དོན་གྲུབ་རྡོ་རྗེ། རྣལ་འབྱོར་མ་རབ་ཏུ་དགྱེས་པའི་རྡོ་རྗེ། རྡོ་རྗེ་དྲག་པོ། ཀུན་བཟང་འཕྲིན་ལས་འགྲོ་བ་ཡོངས་འདུས་རྩལ། བསོད་ནམས་ཐེག་མཆོག་བསྟན་པའི་རྒྱལ་མཚན་སོགས་མཚན་མཆོག་བརྒྱ་རྩའི་ཕྲེང་བ་མཚར་དུ་དངར་བ་མཆིས་པ་ལས་ཡོངས་གྲགས་སུ་རིག་འཛིན་ཚེ་དབང་ནོར་བུར་འབོད་པ་འདི་ཉིད་ནི། ཐུགས་གཏེར་གསང་བའི་ལུང་བྱང་ལས་པདྨ་ང་སྤྲུལ་ནག་པོས་བྱིན་རླབས་ཤིང༌། །ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ། །ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ། །མཆོག་དམན་སྤངས་པ་བར་མ་དག་པའི་རིགས། །མགོན་དང་མཚོ་ཞེས་བྱ་བ་གཉིས་ཀྱི་བུ། །དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན་ཞེས་སོགས་རྡོ་རྗེའི་ལུང་བསྟན་བཀའ་རྒྱ་དུ་མས་ཡོངས་སུ་ཟིན་པ་ལྟར་མདོ་ཁམས་སྤོ་འབོར་སྒང་གི་ཆར་གཏོགས། བཙན་རྒོད་རི་བཀྲའི་ཉེ་ཟུར། དུང་དཀར་རི་ཁྲོད་དུ་གྲགས་པའི་བསམ་གཏན་གྱི་བསྐྱིལ་བུར་ཡབ་རྔུ་བ་ཨ་ཏི་མགོན་པོའམ་ཇོ་བོ་སྐྱབས་དང་། ཡུམ་སྒོ་བཟའ་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ1697ལོར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་རོང་སྟོན་པདྨ་བདེ་ཆེན་གླིང་པ། བྲག་དམར་ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་སོགས་ཀྱིས་རིག་འཛིན་པདྨ་ནོར་བུའི་སྐྱེ་སྲིད་དུ་ངོས་འཛིན་མཛད་ཅིང་། གཏེར་སྟོན་བདེ་ཆེན་གླིང་པས་ཚེ་དབང་ནོར་བུ་ཞེས་པའི་མཚན་གསོལ། དེ་རྗེས་ཚབ་སྤྲུལ་དྲུག་པ་ཀརྨ་གསུང་རབ་རྒྱ་མཚོ་ལས་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་སོགས་གསར་རྙིང་གི་ཟབ་ཆོས་དུ་མ་གསན་པ་དང་། དགུང་ལོ་བཅོ་བརྒྱད་པ་ཤིང་ལུག་སྤྱི་ལོ1716ལོར་སྤོ་བོ་དང་ཀོང་པོ་བརྒྱུད་ནས་དབུས་གཙང་དུ་ཕེབས་ཏེ་ཤངས་སྟག་སྣར་ཏྲེ་ཧོ་ཆོས་ཀྱི་དབང་པོ་ལས་བཀའ་ཇོ་རྙིང་གསུམ་གྱི་ཟབ་ཆོས་འགའ་ཞིག་ཞུས། དེ་ནས་བྱང་ལྷ་རྩེའི་འབྲས་སྤུངས་དགོན་དུ་ཆོས་རྗེ་ཀུན་བཟང་དབང་པོ་ལ་ཐོག་མར་ཆོས་འབྲེལ་ཙམ་དང་། ཕྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚར་མང་པོ། དབུ་མའི་ལྟ་ཁྲིད། ཁྲིད་བརྒྱ་སྒྲུབ་ཐབས་རིན་འབྱུང་། སྒྲོལ་མ་རྣལ་འབྱོར་མ། ནི་གུའི་ཆོས་སྐོར། རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་སོགས་ཇོ་ལུགས་ཀྱི་གདམས་སྐོར་རྒྱུན་གང་བཞུགས་གསན་ཞིང་ཇོ་ནང་རི་ཁྲོད་དུ་ཆོས་ཁྲིར་མངའ་གསོལ་མཛད། རི་ཁྲོད་འདིར་རྟེན་བཞེངས་རྒྱ་ཆེན་མཛད། མང་ཡུལ་སྐྱིད་གྲོང་གི་ཀཿཐོག་བདུད་རྩི་ཕུག་ཏུ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་ཡུན་རིང་མཛད། གཙང་སྟོད་གྱེ་རེ་ལོ་ཙཱ་བ་བཀྲ་ཤིས་རྣམ་རྒྱལ་ལས་སྒྲ་རིག་པ་དང་། སྙན་དངགས། སྐར་རྩིས་སོགས་གསན་ཞིང་རང་བཞེད་རྒྱུད་རྩིས་གཙོར་འདོན་གྱིས་རྩིས་གཞུང་གསར་དུ་མཛད་པར་རིག་འཛིན་གྲུབ་པའི་རྩིས་སུ་གྲགས། དེ་ལྟར་རྗེ་འདི་ཉིད་ཀྱིས་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་དུ་བསྟེན་པ་སྟེ། ཏམྦུ་ར་སེང་གེའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་པའི་མགུར་དུ་སྤྱིར་བླ་མ་ལྔ་ཕྲག་དྲུག་ཙམ་བསྟེན། །ཀུན་དམ་ཚིག་སེལ་མེད་ཐུགས་ཡིད་འདྲེས། །སྒོས་རྩ་བའི་བླ་མ་རྣམ་གསུམ་གྱི། །ཐུགས་གཏིང་ནས་གཅེས་པའི་ཐུགས་སྲས་མཛད་ཅེས་གསུངས་པ་ལྟར་སྔ་ཕྱི་ཁྱོན་དུ་བླ་མ་སུམ་ཅུ་ཙམ་བསྟེན་ནས་མདོ་སྔགས་གསར་རྙིང་གི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་གསན་ཞིང་། ཁྲིད་རྒྱུན་སོ་སོ་བ་དང་། ཁྲིད་ངོ་བོ་གཅིག་ཀྱང་བརྒྱུད་ཁུངས་ཐ་དད་པ་རྣམས་བསྡོམས་པས་ཁྲིད་བཀའི་རྒྱུན་བརྒྱ་དང་བརྒྱད་ཅུ་ལ་ཉེ་བ་གསན་པ་དང་། ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱུན་ཁོ་ན་སུམ་ཅུ་སོ་བརྒྱད་ཙམ་གསན་ནས། གངས་ཅན་གྱི་ལྗོངས་འདིར་རྒྱལ་བསྟན་མ་ལུས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་ལ་འབད་པས་རིས་མེད་བསྟན་པའི་སྲོལ་འབྱེད་དུ་ཡོངས་སུ་གྲགས་པས། འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཀྱང་རིས་མེད་བསྟན་པའི་སྲོལ་འབྱེད་ཆེན་པོ་ཞེས་བསྔགས་བརྗོད་མཛད།
དགུང་ལོ་ཉེར་དྲུག་པ་ཆུ་ཡོས་སྤྱི་ལོ1723ལོར་ཁམས་ཀྱི་ཀཿཐོག་མ་དགོན་དུ་ཕྱིར་ཕེབས་ནས་དགོན་པའི་གདན་ས་མཛད། ལོ་དེའི་སྟོན་མཇུག་ལ་སླར་ཡང་དབུས་གཙང་དང་ལ་སྟོད་དིང་རི་བརྒྱུད་བལ་ཡུལ་དུ་ཕེབས། དགུང་ལོ་སུམ་ཅུ་སྟེ་སྤྱི་ལོ1727ལོར་མངའ་རིས་མང་ཡུལ་དུ་ཕེབས་ནས་ལོ་ཤས་བཞུགས། དགུང་ལོ་སོ་གཅིག་པར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རབ་གནས་ལ་བྱོན། དགུང་ལོ་ཞེ་བརྒྱད་པ་ཤིང་གླང་སྤྱི་ལོ1745ལོར་ཀོང་པོའི་ཉང་ཁ་ལྗོན་ས་ལུང་དུ་ཕེབས་ཏེ་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཞེས་པ་བརྩམས་གནང་། སྤྱི་ལོ1748ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་དང་ལྷན་དུ་བལ་ཡུལ་ལ་ཕེབས། བལ་པོའི་རྒྱལ་པོའི་རེ་འདུན་ལྟར་མཆོད་རྟེན་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་ལ་ཉམས་གསོ་ཕུན་སུམ་ཚོགས་པ་མཛད་པའི་དྲན་རྟེན་རྡོ་རིང་ད་ལྟའང་འཕགས་པ་ཤིང་ཀུན་ན་ཡོད། དེ་ནས་ཕྱིར་ལོག་ཕེབས་སྐབས་གུང་ཐང་ཟ་འོག་ཕུག་ཏུ་གུང་ཐང་གི་རྒྱལ་རབས་ཡིག་རྙིང་མང་པོར་དཔྱད་ཞིབ་ཐོག་གུང་ཐང་རྒྱལ་རབས་ཞེས་པ་རྩོམ་སྒྲིག་གནང་། དགུང་ལོ་ང་ལྔ་སྟེ་སྤྱི་ལོ1742ལོར་ལ་དྭགས་སྟོད་སྨད་གཉིས་ནང་འཁྲུག་ཤོར་སྐབས་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་བཀའ་མངགས་ལྟར་ལ་དྭགས་སུ་ཕེབས་ནས་ལོ་གཅིག་རིང་བཞུགས་ཤིང་། ཟངས་ཡིག་རྣམ་ལྔ་དང་ཆིངས་ཡིག་ཆེན་པོ་འཇོག་གནང་མཛད་པས་ཕྱོགས་གཉིས་ཀས་གུས་བཀུར་ཚད་མེད་ཞུས། དགུང་གྲངས་ང་བདུན་པ་ཤིང་ཁྱི་སྤྱི་ལོ་1754ལོར་སླར་ཡང་བལ་ཡུལ་དུ་ཕེབས་པའི་ཕྱི་ལོ། སྤྱི་ལོ1755ལོར་མང་ཡུལ་སྐྱིད་གྲོང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས།
ཁོང་གི་སྐུ་ཚེ་གང་པོའི་ལོ་རྒྱུས་མདོར་བསྡུས་ན་རྨད་བྱུང་མཛད་ཆེན་བཞི་ ཞེས་གྲགས་པ་འདི་ལྟ་སྟེ། དམག་དང་འཁྲུག་རྩོད་ཐབས་ཀྱིས་བཟླུམ་ཞིང་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བསྩལ། རྟེན་གསུམ་གསོ་དང་ཕྱོགས་མེད་སྦྱངས་ཏེ་རིས་མེད་གྲུབ་མཐའི་སྲོལ་ཚུགས་པ། མཁས་གྲུབ་དམ་པའི་ཐུགས་རྒྱུད་ཟིན་ཞིང་བརྒྱུད་པ་དཀོན་པོའི་སྲོག་མཐུད་པ། གསོན་དུར་སྦ་བའི་སྲོལ་ངན་བཅད་དེ་གཞན་ཕན་དགེ་བའི་ལུགས་སྤེལ་བ་བཅས། དམ་པ་འདི་ཉིད་མང་དུ་ཐོས་པ་ལུང་གི་ཡོན་ཏན་དང་། ཚུལ་བཞིན་སྒྲུབ་པ་རྟོགས་པའི་ཡོན་ཏན་གྱི་རྩལ་རྫོགས་ཤིང་། གཞན་ཕན་འཕྲིན་ལས་ཀྱི་མཚོ་བརྡོལ་བས་རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ། སྡེ་དགེ་ས་སྐྱོང་། མང་ཡུལ་གུང་ཐང་རྒྱལ་པོ། བལ་པོའི་རྒྱལ་པོ་སོགས་ཡུལ་ཁམས་མི་འདྲ་བའི་གོང་མ་དང་སྡེ་དཔོན་ཆེ་ཕྲ་ཀུན་གྱིས་གཙུག་ཏུ་བཀུར། གང་གི་གསུང་དང་ཐུགས་ལས་སྤྲུལ་པའི་སྲས་ནི། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ། འབྲུག་པ་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟ། ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས། དཔའ་བོ་གཙུག་ལག་དགའ་བ་སོགས་རྩོད་བྲལ་གྱི་སྐྱེས་ཆེན་རྣམས་གཙོ་བོར་བཞུགས་ཤིང་། གཞན་མདོ་ཁམས་སྟོད་སྨད་དང་། མངའ་རིས་ལ་དྭགས་ཚུན་གྱི་སྤྱིར་གྲུབ་མཐའ་རིས་མེད་དང་། ལྷག་པར་སྐབས་དེའི་རྙིང་མ་དང་བཀའ་བརྒྱུད་པའི་ལུགས་འཛིན་གྱི་བླ་མ་ཕལ་ཆེར་གང་དེའི་ཞལ་སློབ་ཏུ་མ་གྱུར་པ་མེད། གསུང་འབུམ་མང་དུ་བྱུང་བར་ངེས་ཀྱང་ལ་དྭགས་རྒྱལ་རབས་སུ་གསུང་རྩོམ་པོད་ཆེན་པོ་བཞི་ཡོད་ཅེས་དང་། ཕྱིས་སུ་ཕྱོགས་བསྒྲིགས་བྱས་པར་པུ་ཏི་ལྔ་ལྷག་ཙམ་བཞུགས་ལ། རིག་འཛིན་ཆེན་པོས་མཛད་པའི་གཞི་ལམ་འབྲས་བུའི་རྣམ་གཞག་པད་དཀར་ཕྲེང་བ་ལ་དཔེ་བྱས་པའམ། རྒྱས་སུ་བཏང་སྟེ་འཇམ་མགོན་ཀོང་སྤྲུལ་གྱིས་ཤེས་བྱ་ཀུན་ཁྱབ་མཛད།
རྗེ་འདི་ཉིད་ཆོས་བརྒྱུད་སྤྱི་དང་། ཁྱད་པར་ཇོ་ནང་པ་དང་ཤངས་པ་བཀའ་བརྒྱུད་གཉིས་ལ་བཀའ་དྲིན་ལྷག་པར་ཆེ་བ་སྟེ། ཁོང་གིས་ཆོས་རྗེ་ཀུན་བཟང་དབང་པོ་ལས་དཔལ་ཇོ་ནང་པའི་གདམས་པ་ཡོངས་སུ་རྫོགས་པའི་དབང་ལུང་ཁྲིད་གསུམ་མ་ཚང་བ་མེད་པར་གསན་ཞིང་སྐལ་ལྡན་གྱི་གདུལ་བྱ་དག་ལ་རྒྱ་ཁྱབ་ཏུ་སྤེལ་བས། ད་ལྟའི་ཆར་འཛམ་ཐང་དགོན་དང་། འབྲོག་དགེ་དགོན། བསྭེ་དགོན་སོགས་སུ་གཙང་པ་དགེ་སློང་གི་བརྒྱུད་པའང་ཅུང་ཟད་ཡོད་མོད། གདམས་ངག་མང་ཆེ་ཤོས་ཀྱི་བརྒྱུད་པ་རིག་འཛིན་ཆེན་པོ་མཆོག་ནས་བྱུང་བ་ཇོ་ནང་ཆོས་འབྱུང་དང་། བླ་བརྒྱུད་གསོལ་འདེབས་སོགས་སུ་གསལ་བས། ཁོང་ཉིད་ཆོས་ལུགས་སྤྱི་རྙིང་མ་ཡིན་ཀྱང་ཇོ་ནང་པའི་བཀའ་སྲོལ་འཛིན་སྐྱོང་སྤེལ་གསུམ་གནང་སྟབས་གཏེར་ཆེན་བརྒྱ་རྩའི་གྲས་སུ་ཡང་བཞུགས་ལ། རྔ་ཡུལ་ཨ་ལག་གྲོང་མང་རིན་པོ་ཆེ་རིག་འཛིན་རྣམ་སྣང་རྡོ་རྗེ་ཉིད་ཀྱི་སྐྱེ་སྲིད་དང་ཆོས་བརྒྱུད་འཛིན་པ་གཙོ་བོར་གྱུར་པས་སྦྱོར་དྲུག་དང་། བདེ་མཆོག །འཇིགས་བྱེད། མགོན་པོ་ཏྲག་ཤད། ལམ་འབྲས། ཕྱག་ཆེན་ལྷན་སྐྱེས། སྒྲོལ་མ་རྣམ་འབྱོར་མ། ཀྱི་རྡོ་རྗེ་སོགས་ཀྱི་བླ་བརྒྱུད་ཕལ་མོ་ཆེར་ཁོང་གི་མཚན་གསལ་བར་འཁོད་ཡོད་པ་བཅས། བསེ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་གི་བརྒྱུད་པ་མ་ལུས་པ་རིག་འཛིན་ཚེ་དབང་ནོར་བུ་ནས་བརྒྱུད་པ་ཤ་སྟག་ཡིན་པས། ཨ་ལག་གྲོང་མང་ཚང་གིས་ཚ་གྲང་བཀྲེས་སྐོམ་དཀའ་ངལ་ཁྱད་བསད་ནས། །དབུས་གཙང་གནས་བྱོན་གསང་ཆེན་བདུད་རྩི་ཐོབ། །བརྟུལ་ཞུགས་གྲུབ་པའི་དཔའ་བོ་སྒྲོལ་བའི་མགོན། ཚེ་དབང་ནོར་བུའི་ཞབས་ལ་གསོལ་བ་འདེབས་ཞེས་ཀྱང་གསུངས།
ཡང་དམ་པ་འདི་ཉིད་ཀྱིས་ཁྱབ་བདག་མགོན་པོ་རྣམ་རྒྱལ་ལས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ནི་གུའི་གསེར་ཆོས་ལྔ། མགོན་པོའི་བཀའ་ཕྱི་ནང་། ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་སོགས་གདམས་ངག་གི་རྒྱུན་གང་བཞུགས་གསན་ཏེ། ནི་གུའི་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་དུ་གནས་འོ་ཡུག་ཕྱི་གོང་རྫ་ར་ན། །རིག་འཛིན་ཚེ་དབང་ནོར་བུ་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་འོ་ཡུག་གི་ཕྱི་གོང་རྫ་ར་ སོགས་སུ་བཞུགས་ནས་ཤངས་པའི་གདམས་པ་ཉམས་བཞེས་མཐར་ཕྱིན་པ་མཛད། དེ་རྗེས་ཕྱག་ཆེན་གའུ་མའི་ཁྲིད་ཡིག་ས་བོན་ཙམ་གྱུར་བདུད་རྩིའི་ཐིག་ལེ་དང་། གའུ་མའི་རྩ་སྡོམ་ས་བཅད་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་ལ། རང་ཉིད་ཀྱིས་ཉམས་སུ་བསྟར་བའི་ཤངས་པའི་གདམས་པ་ཡོངས་རྫོགས་བརྒྱུད་པའི་དར་རྒུད་ལ་དགོངས་ཏེ་འབྲུག་པ་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟ་ ལ་ལེགས་པར་བརྒྱུད་པ་དང་། དེས་རྨོག་ལྕོག་ཀུན་དགའ་དགེ་ལེགས་དཔལ་འབར། དེས་ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། དེས་གྲུབ་མཆོག་བཀའ་བརྒྱུད་བསྟན་འཛིན། དེས་མཆོག་གཟིགས་ཀརྨ་ལྷག་མཐོང་། དེས་ཀརྨ་གཞན་ཕན་འོད་ཟེར། དེས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ལ་བརྒྱུད་པའོ།
II.2.5.2 The Jamgön Kongtrül incarnations
།གཉིས། ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་སྐོར།
དེ་ཡང་མཛོད་ཆེན་རྣམ་པ་ལྔའི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་སྐུའི་སྐྱེ་ཕྲེང་རིམ་པར་བྱོན་པ་ནི། དཔལ་ལྡན་མཁྱེན་བརྩེ་འོད་ཟེར་དང་། ཀརྨ་བློ་གྲོས་ཆོས་ཀྱི་སེང་གེ ད་ལྟ་འཚོ་བཞུགས་བློ་གྲོས་ཆོས་ཀྱི་ཉི་མ་བཅས་ཡིན་པ་ལས།
༡ སྐུ་ཕྲེང་དང་པོ་འཇམ་མགོན་བློ་གྲོས་མཐའ་ཡས།
མཚན་གཞན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས། པདྨ་གར་དབང་འཕྲིན་ལས་འགྲོ་འདུལ་རྩལ་སོགས་སུ་གྲགས་པ་འདི་ཉིད་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཅེས་དང་། ལངྐར་གཤེགས་པའི་མདོ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། དཔའ་བོ་ཆེན་པོ་འབྱུང་བར་འགྱུར། ཞེས་པ་སོགས་འཁྲུལ་མེད་རྡོ་རྗེའི་ལུང་གིས་རབ་ཏུ་ཟིན་པ་ལྟར། རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་1813ལོར་མདོ་སྟོད་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ལྗོངས་སུ་ཡབ་ཁྱུང་རྒྱལ་བསྟན་འཛིན་གཡུང་དྲུང་དང་། ཡུམ་བཀྲ་ཤིས་མཚོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་ལ་ཡབ་འདས། སྐུ་ན་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བའི་མཛད་སྤྱོད་ངོ་མཚར་ཆེ་བ་མང་དུ་ཡོད་པ་དང་། བཟོ་དང་གསོ་བ་རིག་པ་སོགས་ཐེངས་རེ་གསན་གཟིགས་བྱུང་བ་ཙམ་གྱིས་མཁྱེན་ཞིང་། ཐུགས་རྒྱུད་དྲང་ལ་སྤྱོད་ལམ་ཞི་ཞིང་དུལ་བ། གང་བརྩམས་མཛད་པ་མཐར་འདོན་པ་ལ་ཞུམ་པ་མེད་པ་སོགས་སྐྱེ་བོ་ཕལ་པ་ལས་ཁྱད་དུ་འཕགས་པའི་ཡོན་ཏན་དུ་མ་མངའ། དགུང་ལོ་ཉེར་གཅིག་པ་སྤྱི་ལོ1833ལོར་ཁང་གསར་དཔོན་རྒན་ཚེ་འཕེལ་དང་ལྷན་དུ་དཔལ་སྤུངས་སུ་ཕེབས། ཐོག་མར་དབོན་རྒན་སྤྲུལ་སྐུ་དང་མཇལ། དབོན་རྒན་རིན་པོ་ཆེས་སི་ཏུ་པདྨ་ཉིན་བྱེད་ལ་གྲྭ་པ་འདིར་སྤྲུལ་སྐུ་ཞིག་གི་མཚན་གསོལ་ན་བསྟན་འགྲོའི་དོན་ལ་ཕན་ཐོག་ཆེ་ཚུལ་དང་། དེ་མིན་སྡེ་དགེའི་དྲུང་ཡིག་ཏུའང་ཁྲིད་ཉེན་ཡོད་པས་ཅིས་ཀྱང་སྤྲུལ་པའི་སྐུའི་མཚན་གསོལ་དགོས་པ་ནན་ཞུས་མཛད་པས། སི་ཏུ་ཆོས་འབྱུང་གི་སྐུ་ཚེ་སྟོད་ཀྱི་ཞལ་སློབ་ཀོང་པོ་བམ་སྟེང་སྤྲུལ་སྐུ་ཟེར་བ་དེའི་ཡང་སྲིད་དུ་མིང་བཏགས་ན་འབྲེལ་ཆགས་པར་ཐུགས་ཐག་བཅད། དེ་ནས་བཟུང་ཀོང་སྤྲུལ་ཞེས་པའི་མཚན་ཐོགས། ཐོག་མར་སྔ་འགྱུར་ལུགས་ཀྱི་བསྙེན་རྫོགས་བསྒྲུབས་པ་ལ། སླར་དཔལ་སྤུངས་དགོན་དུ་རྗེ་བླ་མ་པདྨ་ཉིན་བྱེད་དབང་པོས་མཁན་སློབ་སྦྲགས་མ་མཛད་དེ་སྟོད་འདུལ་པཎ་ཆེན་ལུགས་ཀྱི་བསྙེན་རྫོགས་མཛད། མཚན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་གསོལ། སྔ་རྗེས་སུ་ཞེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་ལྔ་བཅུ་ལྷག་ཙམ་བསྟེན་ནས་ཐུན་མོང་གི་རིག་པའི་གནས་བཅུ་ཕྲག་བརྒལ་བ་དང་། ཐུན་མིན་ནང་རིག་པ་དབུ་ཕར་འདུལ་མཛོད་བྱམས་ཆོས་གཙོ་བོར་གྱུར་པའི་མཚན་ཉིད་ཐེག་པའི་བཀའ་དང་དགོངས་འགྲེལ་དུ་མ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ལམ་སྲོལ་བོད་ཡུལ་དུ་མཆིས་སུ་ཅོག་གི་སྨིན་གྲོལ་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་གསན། གང་གསན་པ་ཐམས་ཅད་ཐོས་པའི་གོ་ཡུལ་ཙམ་དུ་བཞག་པར་ཉམས་ལེན་གྱི་གནད་དུ་བཟུང་བས་དངོས་གྲུབ་རྣམ་གཉིས་ཉམས་འོག་ཏུ་ཆུད་ཅིང་། སློབ་མ་རྣམས་ལ་རང་རང་གི་འདོད་མོས་དང་འཚམས་པའི་ཆོས་བཀའ་རྒྱ་ཆེར་སྤེལ། ལྷག་པར་བཀའ་དང་བསྟན་བཅོས། རྒྱུད་ལུང་མན་ངག་གི་གཞུང་བཤད། ཞལ་ཤེས་ལས་ཚོགས་ཕྱག་ལེན་ཕྲ་ཞིབ་དང་བཅས་པ་ཐུགས་ཀྱི་བུམ་པར་བསྐྱིལ་ནས། གསན་བསམ་སྒོམ་པའི་ཕྱག་རྗེས་རྨད་དུ་བྱུང་བའི་བསྟན་བཅོས་ཀྱང་། ཐུན་མོང་རིག་པའི་གནས་ཀྱི་ལམ་ནས་བཟུང་ཐུན་མིན་ཐེག་དགུའི་མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་མདོ་སྔགས་ཀྱི་ལུགས་ཡོངས་སུ་རྫོགས་པ་ལེགས་པར་སྟོན་པ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད། རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་མ་ཡང་ཕུར་གསུམ་སོགས་དང་། གསར་འགྱུར་མར་རྔོག་རྒྱུད་སྡེའི་སྐོར་གྱི་སྒྲུབ་དཀྱིལ་སྨིན་གྲོལ་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་བརྒྱུད་སྔགས་ཀྱི་མཛོད། སྔ་འགྱུར་བརྒྱུད་པ་དྲུག་ལྡན་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་བཅུད་དུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད། ཤོག་སེར་དམ་རྫས་སོགས་ཟབ་གཏེར་གསང་བའི་ཁྱད་ནོར་ཐུན་མོང་མ་ཡིན་པའི་མཛོད་དང་། དེའི་རྗེས་འབྲེལ་གསུང་རྩོམ་ཐོར་བུའི་ཕྱོགས་བསྡུས་རྒྱ་ཆེན་བཀའ་ཡི་མཛོད་དེ་ཁྱོན་མཛོད་ཆེན་རྣམ་པ་ལྔ་རུ་བསྡུས་པ་རྣམས་དཔར་ལ་འཁོད་པ་དང་། མ་འཁོད་པ་ཡོངས་རྫོགས་བསྡོམས་པའི་པོད་དགུ་བཅུ་ལྷག་ཙམ་བཞུགས་པ་དེ་དག་གིས་རིས་མེད་བསྟན་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད། གཞན་ཡང་བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་མཛད་སྐབས་མནལ་ལམ་དུ་གུ་རུ་རིན་པོ་ཆེ་མཇལ་ནས་དབང་བཞི་སྔགས་ཚིག་དང་བཅས་པའི་བྱིན་རླབས་བསྩལ་བ་སོགས་ཀྱིས་མཚོན་པའི་དག་སྣང་འཁོར་ལོ་རྒྱན་ལ་མངའ་དབང་རབ་ཏུ་འབྱོར། ཁང་ཁྱིམ་ལ་ཟང་ཐལ་དུ་ཕེབས་པ་དང་། རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱོན་པ། སྣང་བ་བདེན་འཛིན་མེད་པས་འཁྲུལ་པ་ཞིག་པའི་ངང་ཚུལ་གཏན་དུ་བཞུགས་པ་སོགས་ཀྱི་གྲུབ་པའི་ཡོན་ཏན་འཛད་མེད་མངའ། དགུང་ལོ་བཞི་བཅུར་སོན་སྐབས་གཏེར་སྟོན་མཆོག་གྱུར་གླིང་པ་དང་མཇལ་བ་ཙམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་། ཁྱད་པར་གྱི་ལུང་བྱང་བསྩལ་བ་རྣམས་ཀྱང་ཕྱག་བཞེས་སུ་བསྟར། དེ་རྗེས་ཙཱ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་ཡབ་བཀའ་ཡུམ་བཀའི་སྒྲུབ་སྐོར་ཤོག་སེར་དང་འཆི་མེད་རིག་འཛིན་བཅུ་གསུམ་གྱི་ཚེ་རིལ། ཟླ་གམ་དབང་ཕུག་ནས་ཚིག་བདུན་སྒྲུབ་ཐབས་ཀྱི་ཆོས་སྐོར་སོགས་སྔ་འགྱུར་གྱི་གདམས་པ་དུ་མའི་ཟབ་གཏེར་བཞེས་པ་དང་། ཙཱ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་དགོན་སྡེ་གསར་སྤེལ་དང་རྟེན་རྙིང་མང་པོའི་ཉམས་གསོ། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་གསར་བཞེངས། དགེ་འདུན་གྱི་སྡེ་མང་པོར་བསྙེན་བཀུར་སོགས་མཛད་འཕྲིན་རི་རབ་ཀྱི་གཏོས་དང་མཉམ་པ་བསྐྱངས། མཐར་དགུང་གྲངས་གྱ་བདུན་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་སྤྱི་ལོ1894ལོར་དགོངས་པ་གཞན་དོན་དུ་གཤེགས། སློབ་མ་བགྲང་ལས་འདས་པ་ཞིག་བྱོན་པ་ལས། གཙོ་ཆེ་བ་ནི། ཀརྨ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། ཏཱ་སི་ཏུ་བཅུ་པ་དང་བཅུ་གཅིག་པ། རྫོང་གསར་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས། མི་ཕམ་འཇམ་དབྱངས་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། རྒྱུད་སྨད་མཁན་པོ་ཡེ་ཤེས་གོང་འཕེལ་སོགས་སོ། མཛད་རྣམ་ཞིབ་པ་རྗེ་རང་ཉིད་ཀྱིས་ལྗགས་རྩོམ་མཛད་པ་སོགས་ཁག་བཞི་ཙམ་ཡོད་པ་དེ་དག་ཏུ་གཟིགས་པར་འཚལ།
དེ་ལྟར་དམ་པ་འདི་ཉིད་ཀྱིས་རྒྱལ་བསྟན་སྤྱི་ལ་ཐོས་བསམ་སློབ་གཉེར་དཔྱིས་ཕྱིན་པ་གནང་ནས་འཆད་རྩོད་རྩོམ་སོགས་མཁས་པའི་བྱ་བ་རྣམ་གསུམ་གྱིས་སྐུ་ཚེ་ཧྲིལ་པོ་འདའ་བར་མཛད། ལྷག་པར་དུ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གདམས་ངག་གི་བརྒྱུད་པ་པུ་ཤུད་སང་འགྲོ་གནངས་འགྲོ། གྱང་གོག་སང་འགྱེལ་གནངས་ འགྱེལ་ལྟ་བུར་གྱུར་བའི་སྐབས་སུ་བླ་མ་ཀརྨ་ནོར་བུས་ཤངས་ལུགས་བདེ་མཆོག་ལྷ་ལྔའི་དབང་དང་། ཉིད་ཀྱི་ཡིག་སྟེང་ནས་ཆོས་དྲུག་གི་བྱིན་རླབས་སོ་སོ། མགོན་པོ་བར་ཆད་ཀུན་སེལ་གྱི་བཀའ་རྣམས། ཆོས་དྲུག་ཁྲིད་རྒྱས་འབྲིང་བསྡུས་གསུམ་ཁ་སྐོང་དང་བཅས། ཕྱག་ཆེན་གའུ་མ་སོགས་ཞིབ་ཁྲིད་དུ་བསྩལ་བ་བཞིན་བསྒོམས་པས་ཉམས་མྱོང་ཡང་ཐར་ཐོན་གསུངས། དེ་བཞིན་ཀརྨ་གཞན་ཕན་འོད་ཟེར་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ལས་ཤངས་པའི་གདམས་པ་ཇོ་ནང་ལུགས་དང་ཐང་སྟོང་ལུགས་གཉིས་ཀ་ནས་བརྒྱུད་པའི་རྒྱུད་སྡེ་ལྔའི་དབང་ཆེན། ཆོས་དྲུག་བཀའ་བཅུ། གཞུང་བཀའ་ཕྱི་མ་རྣམས་དང་མགོན་པོའི་བཀའ་ཆེན་བཅུ་གསུམ། ནི་གུའི་གསེར་ཆོས་ལྔ། སུ་ཁ་ཆོས་དྲུག །རཱ་ཧུ་ལའི་ལྷ་བཞི་དྲིལ་སྒྲུབ་རྣམས་ཀྱི་ཁྲིད་སོགས་རྒྱ་བོད་ཀྱི་གཞུང་དང་ཡིག་ཆ་པོ་ཏི་ལྔར་ལོངས་པའི་དབང་ལུང་གསན་བཞེས་མཛད་པ་དང་། གདམས་ངག་མཛོད་དུ་ཤངས་ཆོས་དཀར་ཆག་བཻཌཱུརྱའི་ལྡེ་མིག་དང་། གསེར་ཆོས་རྣམ་ལྔའི་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག །གཞུང་བཀའ་ཕྱི་མ་རྣམས་ཀྱི་བྱིན་རླབས། ཉེ་བརྒྱུད་ཐང་རྒྱལ་ལུགས་ཀྱི་ཁྲིད་ཆ་ཚང་། རིང་བརྒྱུད་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད། སུ་ཁ་སིདྡྷི་དང་ལྷ་བཞི་དྲིལ་སྒྲུབ་སྐོར། ཤངས་ལུགས་བླ་མ་མཆོད་མཆོག །མཁའ་འགྲོ་སྡེ་ལྔ་དང་མྱུར་མཛད་ཡེ་ཤེས་མགོན་པོའི་རྗེས་གནང༌། མགོན་པོའི་བཀའ་ཆེན་བཅུ་གསུམ། སྙིང་བཞུགས་དང་ཀྵེ་ཏྲ་པཱ་ལ་བཅས་པ་སོགས་ཤངས་ཆོས་སྐོར་གྱི་དཔྱད་ཡིག་མང་དག་ཅིག་གསར་རྩོམ་དང་བསྡུ་སྒྲིག་མཛད། ད་དུང་རང་ཉིད་ཀྱིས་གསན་བཞེས་དང་ཉམས་ལེན་གནང་བའི་གདམས་པ་རྣམས་ཀརྨ་བཀྲ་ཤིས་འོད་ཟེར་དང་། ཚབ་ཚ་སྒྲུབ་སྤྲུལ། སྐུ་ཞབས་ཏཱ་སི་ཏུ་རིན་པོ་ཆེ། དབོན་སྤྲུལ། མདོ་སྨྱོན་སྤྲུལ་སྐུ། ཐར་རྩེ་དཔོན་སློབ་སོགས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བསྩལ་ནས་དཔལ་ལྡན་ཤངས་པའི་རིང་ལུགས་སྙིགས་མའི་དུས་མཐའ་འདིར་ཡང་འཛིན་སྐྱོང་སྤེལ་གསུམ་མཛད་པས། རྗེ་བླ་མ་པདྨ་ཉིན་བྱེད་ཀྱིས་ཀྱང་ཀུན་བདེ་གླིང་གི་ནགས་ཁྲོད་ན། །ཀུན་མཁྱེན་གྲུབ་དབང་དབེན་གསུམ་ལ། །མངའ་བརྙེས་གང་ཁྱོད་བདུད་བཞི་ཡི། །གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བསྟོད་པ་དང་ཐུགས་སྨོན་ཡང་མཛད།
༢ སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར།
ཁོང་ནི་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་ཡབ་ཀརྨ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དང་། ཡུམ་བདེ་སྐྱོང་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་སྤྱི་ལོ1904ལོར་འོག་མིན་མཁའ་སྤྱོད་ཐུགས་ཀྱི་གནས་མཆོག་མཚུར་མདོ་བོ་ལུང་གི་སྐྱེད་ཚལ་བསམ་གྲུབ་ཆོས་གླིང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྒྲུབ་མཆོད་དང་། དབང་བསྐུར། སྦྱིན་སྲེག །གར་འཆམ་སོགས་ཀྱི་ལད་མོས་དུས་འདའ་བ་བྱིས་སྤྱོད་ཕལ་ཆེར་ལས་ཡོངས་སུ་འདས། ཡབ་རྗེ་མཁའ་ཁྱབ་རྡོ་རྗེས་རབ་བྱུང་གི་རྟགས་བསྩལ་ཞིང་། མཚན་ལ་ཀརྨ་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་བློ་གྲོས་དྲི་མེད་པདྨའི་མྱུ་གུ་མཁྱེན་བརྩེའི་འོད་ཟེར་རབ་ཏུ་རྒྱས་པའི་སྡེ་ཞེས་གསོལ། དགུང་གྲངས་བདུན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པ་མཛད། ཁམས་སུ་ཕེབས་ཁར་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་སི་ཏུ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ལ་གསུངས་པར། ངའི་བུ་འདི་ཕ་མ་བཤད་མཁས་ནས་བུ་སྤྲུལ་སྐུ་བཟོས་པ་མིན། འཇམ་མགོན་རིན་པོ་ཆེའི་མཆོག་སྤྲུལ་འཁྲུལ་མེད་ཡིན་པའི་ངེས་ཤེས་གཏིང་ཟབ་རྙེད་རྒྱུ་ཡོད། དམ་ཚིག་འགལ་མེད་ཀྱིས་ཞབས་ཏོག་བྱེད་དགོས་པ་སོགས་ཀྱི་བཀའ་མངགས་མང་དུ་གནང་། ཡབ་རྗེ་མཁའ་ཁྱབ་རྡོ་རྗེ་ལས་བཀའ་བརྒྱུད་སྔགས་མཛོད་དང་། ནག་རྒྱལ་ཕག་གསུམ། ཆོས་དྲུག །ཕྱག་ཆེན་སོགས་བཀའ་བརྒྱུད་ཀྱི་ཟབ་ཆོས་གལ་ཆེའི་རིགས། རིན་ཆེན་གཏེར་མཛོད་དང་ལུང་རྒྱུན་གང་བཞུགས་རྣམས་མཐར་ཕྱིན་པར་ཞུས། དགུང་གྲངས་བཅུ་གཅིག་ལ་ཕེབས་སྐབས་སི་ཏུ་པདྨ་དབང་མཆོག་གི་དྲུང་ནས་ཡབ་རྗེ་དང་ལྷན་དུ་སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་པོ་ཏི་བཅུ་གསུམ་གྱི་ལུང་གསན། དགུང་ལོ་བཅུ་གཉིས་ལ་འོག་མིན་མཚུར་ཕུའི་གཙུག་ལག་ཁང་ཆེན་མོར་འཇམ་མགོན་ཀོང་སྤྲུལ་གྱི་སྤྲུལ་པའི་སྐུར་མངའ་གསོལ་མཛད། དེ་རྗེས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་ཀྱང་དབུ་སྐྲ་གཙུག་ཕུད་བཞེས་ཤིང་། ཐུབ་བསྟན་ཆོས་སྐུ་བདེ་ཆེན་དབང་ཕྱུག་ཅེས་པའི་མཚན་གསོལ། དཔལ་སྤུངས་སུ་ཕེབས་ལམ་ཟུར་མང་རྣམ་རྒྱལ་རྩེར་མཁན་ཆེན་དྲུང་རིན་པོ་ཆེ་ཐོག་མར་མཇལ། བཀའ་དྲིན་གསུམ་ལྡན་ཡབ་རྗེ་རྡོ་རྗེ་འཆང་སྐུ་གཤེགས་རྗེས་མདོ་སྟོད་སྨད་ཀྱི་དགོན་སྡེ་མང་པོར་ཕེབས་ཏེ་འབུལ་འགྱེད་གཤེགས་རྫོང་རྒྱ་ཆེར་མཛད་ཅིང་། ཀར་རབས་ལྷ་ཁང་བཞེང་རྒྱུའི་མཐུན་རྐྱེན་ཆེད་སྔ་རྗེས་སུ་ལྷ་ཐོག་དཀར་ལེགས་དང་། ཀརྨ་དགོན། ཀརྨ་ལྷ་སྟེང་། ནང་ཆེན་ཇ་དགོན། སྒ་སྟོད་བན་ཆེན། ཁྲ་འགུ་བཀྲ་ཤིས་ཆོས་གླིང་། འདམ་དཀར་དགོན་སོགས་སུ་ཕེབས། དེ་ནས་ལྷ་ལྡན་ཕྱོགས་སུ་ཕེབས་ཏེ་མཚུར་ཕུའི་གདན་སར་མགོན་པོའི་རྔ་འཆམ་ཆེན་མོ་མཇལ། སླར་ཀརྨ་དགོན་དང་། ལྷ་ཐོག་སོགས་སུ་ཕེབས། བེ་རུ་མཁྱེན་བརྩེ་ལས་ནང་བརྟག་རྒྱུད་གསུམ་གྱི་བཤད་པ་སོགས་གསན། དྲུང་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གནས་བཟང་དམ་ཚིག་སྤྲུལ་སྐུ་ལས་གཏེར་མཛོད་བཀའ་རྒྱ་པོད་གསུམ་གྱི་དབང་ལུང་དང་། རྒྱལ་ཚབ་རིན་པོ་ཆེ་ལས་འཁོན་ལུགས་ཡང་དག་དང་། བླ་མ་ཡང་ཏིག་རྣམས། ཞེ་ཆེན་ཀོང་སྤྲུལ་གྱི་མདུན་ནས་རྒྱལ་ཚབ་བཀའ་འབུམ་དང་། སྒར་པ་བཀའ་འགྱུར་བླ་མ་ལས་བཀའ་འགྱུར་གྱི་ལུང་། ཆུ་འགུ་བླ་མ་ལས་ཤེས་བྱ་མཛོད་རྣམས། རོལ་རྡོ་གཏེར་སྤྲུལ་ལས་ཟུར་ལུགས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་དང་། རོལ་རྡོའི་གཏེར་ཆོས་ཡོངས་རྫོགས། སྤྲུལ་སྐུ་བསམ་གཏན་རྒྱ་མཚོ་ལས་མཆོག་གཏེར་ཡོངས་རྫོགས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་དྲི་མེད་རྣམ་གཉིས་སོགས། ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་མདུན་ནས་ཤངས་ཆོས་གཞུང་པོད་བཞི་དང་། མགོན་པོའི་གཞུང་པོད་སྟོད་སྨད་ལུགས་གཉིས། དུས་འཁོར་ལྷ་དགུའི་བསྙེན་ཡིག་གི་ལུང་སོགས་གདམས་ངག་དུ་མའི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན། དེ་ལྟར་མདོ་སྔགས་དམ་ཆོས་རྒྱ་མཚོས་ཐུགས་རྒྱུད་ཡོངས་སུ་གཏམས་ཀྱང་། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཡོན་ཏན་ས་འོག་གི་གཏེར་བཞིན་སྦས་པར་མཛད།
ལྷག་པར་རྗེ་ཉིད་ཀྱིས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཐེངས་དང་པོ་སྐྱབས་མགོན་དཔའ་བོ་རིན་པོ་ཆེ་དང་། དཔལ་སྤུངས་བེ་རུ་མཁྱེན་སྤྲུལ་རིན་པོ་ཆེ། རྡོར་སློབ་བླ་མ་ཀརྨ་རང་བྱུང་ཀུན་ཁྱབ། ཟུར་མང་འབྲུག་པ་སྤྲུལ་སྐུ་དང་རས་ཆུང་སྤྲུལ་སྐུ། ཚབ་ཚ་སྒྲུབ་སྤྲུལ། ཉ་འགེ་སྤྲུལ་སྐུ། སྐུ་སྐྱེ་བློ་གྲོས། ལྷ་སྟེང་འཇའ་མོ་སྤྲུལ་སྐུ། ཇ་པ་གཏེར་སྤྲུལ། དབོན་སྟོད་ལྷ་འབྲང་སྤྲུལ་སྐུ་སོགས་བླ་གྲྭ་དྲུག་ཅུ་ཡར་བརྒལ་ལ་བསྩལ་བ་དང་། དེ་རྗེས་རྗེ་ཁྲ་ལེགས། བླ་མ་རིན་པོ་ཆེ་ཀ་ལུ། ལྷ་སྟེང་འཇའ་མོ་སྤྲུལ་སྐུ། གོ་ཆེ་ཧོར་སྐུ་སྤྲུལ་སྐུ་སོགས་ཀྱི་དཔོན་སློབ་ཉི་ཤུ་སྐོར་ལ་གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་དང་བཅས་པ་ལན་དང་པོ་བསྩལ་བ། མཚུར་གདན་དཔོན་སློབ་རྣམས་ལ་རིན་གཏེར་དབང་འཕྲོས་པདྨ་གསུང་དྲག་སྒྲུབ་སྐོར་ལས་སྐྱེར་སྒང་རྟ་མགྲིན་གསང་སྒྲུབ་དབང་ནས་ཟུར་མཁར་ཕྱག་རྡོར་དབང་བར་ཕུལ་བ་སོགས་མཛོད་ཆེན་རྣམ་ལྔའི་དབང་ལུང་དང་། དེ་ལས་ཀྱང་རིན་གཏེར་དབང་ལུང་སྔ་ཕྱིར་ཐེངས་གསུམ་ཙམ་གནང་སྟེ་སྐལ་ལྡན་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད། ཞལ་སློབ་ཀྱི་གཙོ་བོར་གྱུར་པ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་དང་། དཔའ་བོ་བཅུ་པ་གཙུག་ལག་སྨྲ་བའི་དབང་ཕྱུག །རྒྱལ་ཚབ་ལྕོག་གྲྭ་སྤྲུལ་སྐུ དཔལ་སྤུངས་མཁྱེན་སྤྲུལ། ཟུར་མང་གར་བསྟན་དྲུང་གསུམ། ཀརྨ་རང་བྱུང་ཀུན་ཁྱབ། བོད་གཞུང་སའི་སྐུ་དྲག །སྡེ་དགེ་རྒྱལ་བློན་སོགས་བླ་མ་སྐྱེས་ཆེན་དང་སྐྱ་སེར་དཔོན་རིགས་ཤིན་ཏུ་མང་། མཐར་དགུང་གྲངས་ལྔ་བཅུ་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་སྤྱི་ལོ1953ལོར་ཁྲ་ལེགས་སྐྱ་མགོན་སྐུ་གཤེགས་པའི་དགོངས་རྫོགས་སུ་ཕེབས། དགོངས་རྫོགས་གྲུབ་ཕྲལ་ཁྲ་འགུ་དགོན་དུ་གཤེགས།
༣ སྐུ་ཕྲེང་གསུམ་པ་ཀརྨ་བློ་གྲོས་ཆོས་ཀྱི་སེང་གེ
ཁོང་ནི་ཡབ་ཚེ་རིང་སྟོབས་རྒྱལ་དང་ཡུམ་ང་ཕོད་པདྨ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྤྱི་ལོ1954ལོའི་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལྷ་སར་སྐུ་འཁྲུངས། དགུང་གྲངས་གཅིག་དང་ཟླ་བ་ལྔ་ཟིན་སྐབས་ན་བཟའ་དང་མཚན་གསོལ། ཀརྨ་པ་རིག་པའི་རྡོ་རྗེས་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གྱི་ཡང་སྲིད་དུ་ངོས་འཛིན་གནང་། སྤྱི་ལོ་1960ལོར་རུམ་བཏེག་དོར་རྒྱུ་ཆོས་སྒར་དུ་ཕེབས། ལོ་དེའི་བོད་ཟླ་དྲུག་པའི་ཚེས་བདུན་ཉིན་ཀརྨ་སྐུ་ཕྲེང་བཅུ་དྲུག་པ་དབུ་བཞུགས་ཀྱིས་བཀའ་བརྒྱུད་བླ་ཆེན་ཡོངས་ཀྱི་དབུས་སུ་སྤྲུལ་སྐུ་ཁྲི་འདོན་གྱི་མཛད་སྒོ་རླབས་ཆེན་སྤེལ། ཡི་གེ་འབྲི་ཀློག་སོགས་ནས་བཟུང་སློབ་གཉེར་གཟབ་ནན་གནང་བས་དགུང་ལོ་བཅུ་གཅིག་སྐབས་ནས་སྙན་ཚིག་འབྲི་ཐུབ་པ་བྱུང་། དེ་ནས་རྒྱལ་དབང་ཀརྨ་པ་བཅུ་དྲུག་པའི་དྲུང་ནས་ཕྱག་ཆེན་རྒྱ་གཞུང་ཁག་གཙོས་པའི་ཕྱག་ཆེན་གྱི་ཁྲིད་ཆ་ཚང་། རྒྱ་ཆེན་བཀའ་མཛོད་པོད་བཅུ། གཅིག་ཤེས་ཀུན་གྲོལ། ཆོས་སྐྱོང་སྒྲིག་ཕྲེང་བཅས་ཆ་ཚང་། གདམས་ངག་མཛོད་ཆ་ཚང་། བཀའ་བརྒྱུད་སྔགས་མཛོད་ཆ་ཚང་བཅས་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཐོབ། དཔའ་བོ་སྐུ་ཕྲེང་བཅུ་པ་གཙུག་ལག་སྨྲ་བའི་དབང་ཕྱུག་གི་མདུན་ནས་ཞྭ་དམར་མཁའ་སྤྱོད་དབང་པོའི་བཀའ་འབུམ་པོད་བདུན་དང་། འདུལ་ཁྲིད་ཉི་མའི་དཀྱིལ་འཁོར། ཐེག་མཆོག་རྒྱ་མཚོ་བཅས་ཀྱི་ལྗགས་ལུང་ཐོབ། བླ་མ་རང་བྱུང་ཀུན་ཁྱབ་ཀྱི་དྲུང་ནས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རྣམ་པ་ལྔས་གཙོས་ཆོས་སྐོར་ཆ་ཚང་གི་དབང་ལུང་ཡོངས་རྫོགས་ལེགས་པར་གསན། ཁྲ་འགུ་སྤྲུལ་སྐུའི་མདུན་ནས་གཞུང་བཀའ་པོད་ལྔའི་འགྲེལ་བཤད་ཞུས་པ་མ་ཟད། རྒྱུགས་འབུལ་དང་། བརྒལ་བརྟག །རྩོད་སྒྲིང་སོགས་མཐར་ཕྱིན་པར་མཛད།
༤ ཀོང་སྤྲུལ་སྐུ་ཕྲེང་བཞི་པ་བློ་གྲོས་ཆོས་ཀྱི་ཉི་མ།
ཡབ་མགོན་པོ་དང་། ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ1995ལོར་ཆུ་ཤུར་རྫོང་སྙེ་མོ་ར་ས་ཐོག་སྐུ་འཁྲུངས། ཀརྨ་པ་འགྲོ་འདུལ་འཕྲིན་ལས་རྡོ་རྗེས་ཀོང་སྤྲུལ་བློ་གྲོས་ཆོས་ཀྱི་སེང་གེའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་པའི་མངའ་གསོལ་གཟེངས་བསྟོད་མཛད། ད་ལྟ་ཐོས་བསམ་སློབ་གཉེར་གནང་བཞིན་པའོ།
II.2.5.3 Kalu Dorjé Chang
།གསུམ། ཀརྨ་རང་བྱུང་ཀུན་ཁྱབ་]]ཡབ་སྲས་རྣམ་གཉིས་ཀྱི་སྐོར།
།སྤྱིར་ཡབ་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མས་གདམས་ངག་བདུད་རྩིས་སྨིན་པར་མཛད་པའི་བུ་སློབ་ཤིན་ཏུ་མང་ཡང་། སྐབས་འདིར་ཤངས་ཆོས་སྤེལ་བར་འཕྲིན་ལས་ཆེ་བས་སྲས་ཞེས་པ་འབོ་དཀར་ངེས་དོན་ཆོས་ཀྱི་བློ་གྲོས་ལ་གོ་བ་ཡིན་ཏེ། ཡབ་སྲས་རྣམ་པ་འདི་གཉིས་ཀྱི་མཛད་རྣམ་བརྗོད་པ་ལ།
ཀརྨ་རང་བྱུང་ཀུན་ཁྱབ།
རིས་མེད་བསྟན་པའི་སྣང་བྱེད་འཇམ་མགོན་བློ་གྲོས་མཐའ་ཡས་པའི་ཕྲིན་ལས་ཀྱི་རྣམ་པར་རོལ་པ་སྐྱབས་རྗེ་ཀ་ལུ་རིན་པོ་ཆེའམ་གྲུབ་མཆོག་རང་བྱུང་ཀུན་ཁྱབ་ནི་སྤྱི་ལོ1904ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་རྭ་བའི་མངའ་ཁོངས་ཏེ། དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གོ་ལམ་ཡུལ་ཤོག་ཁོངས་ཀྱི་ཀརྨ་རི་ཁྲོད་དུ་ཡབ་ར་བཏགས་དཔལ་བཟང་སྤྲུལ་སྐུ་སྐུ་ཕྲེང་བཅུ་གསུམ་པ་སྔགས་འཆང་ལེགས་བཤད་སྒྲ་དབྱངས་དང༌། ཡུམ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་འཁོར་བ་ལ་ངེས་འབྱུང༌། སེམས་ཅན་ལ་སྙིང་རྗེ། ཆོས་དང་བླ་མར་དད་གུས་སོགས་ལྷན་སྐྱེས་སུ་མངའ། ཡི་གེ་འབྲི་ཀློག་དང་། ཆོས་ཀྱི་གོ་དོན་སོགས་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་ཐོག་ཏཱ་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ་པད་མ་དབང་མཆོག་གི་དྲུང་ལས་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་ཞིང་། མཚན་ཀརྨ་རང་བྱུང་ཀུན་ཁྱབ་ཅེས་གསོལ། དགུང་ལོ་བཅུ་དྲུག་ནས་དབུ་བཙུགས་ཏེ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པར་ཐོག་མར་ཞུགས། སྐབས་དེར་ཉམས་རྟོགས་མཐར་ཕྱིན་པའི་སྒྲུབ་དཔོན་བླ་མ་ནོར་བུ་དོན་གྲུབ་ཀྱི་ཞལ་སྔ་ནས་གསར་རྙིང་གི་སྨིན་གྲོལ་གདམས་པ་སྤྱི་དང་། ཁྱད་པར་དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་པ་ལྔའི་གདམས་ངག་དབང་ཁྲིད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པ་མ་ཟད། དེ་དག་གི་བསྙེན་སྒྲུབ་ཉམས་བཞེས་ཀུན་དད་བརྩོན་ཞེ་བཅད་དྲག་པོས་མཐར་ཕྱིན་པར་མཛད། སྒྲུབ་ཁང་དུ་ཞུགས་པའི་སྔ་རྗེས་རྣམས་སུ་འཇམ་མགོན་ཀོང་སྤྲུལ་གྱི་ཞལ་སློབ་མཁས་དབང་བཀྲ་ཤིས་ཆོས་འཕེལ་དང་། སི་ཏུ་པདྨ་དབང་མཆོག །མཁྱེན་བརྩེ་གཞན་ཕན་འོད་ཟེར། དཔལ་ལྡན་མཁྱེན་བརྩེ་འོད་ཟེར། དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག །ཚབ་ཚ་སྒྲུབ་སྤྲུལ། རྫོགས་ཆེན་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ། ཞེ་ཆེན་ཀོང་སྤྲུལ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་གསར་རྙིང་གི་སྨིན་གྲོལ་གདམས་སྐོར་དཔག་ཏུ་མེད་པ་གསན་བཞེས་དང༌། སྒོམ་སྒྲུབ་རྩེ་གཅིག་ཏུ་མཛད། དགུང་གྲངས་ཉེར་ལྔའི་སྟེང་འཁོར་འབངས་ཉེ་འབྲེལ་དང༌། ཟས་ནོར་ལོངས་སྤྱོད་ཐམས་ཅད་རིང་དུ་སྤངས་ཏེ་སྡེ་དགེ་ལྷ་ཕུ་སོགས་ཀྱི་དབེན་པའི་རི་ཁྲོད་རྣམས་སུ་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་དཀའ་སྤྱད་སྙིང་རུས་ཀྱི་སྒྲུབ་པ་ཁོ་ན་ལོ་བཅུ་གཉིས་ཙམ་མཛད།
དེ་རྗེས་སི་ཏུ་པདྨ་དབང་མཆོག་གི་བཀའ་བཞིན་དཔལ་སྤུངས་གདན་སའི་ནཱ་རོ་དང་ནི་གུའི་སྒྲུབ་སྡེ་གོང་འོག་གཉིས་ཀྱི་སྒྲུབ་དཔོན་བླ་མ་ལོ་མང་གནང་སྟེ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་བུ་སློབ་འཁོར་ཚོགས་མང་དུ་བསྐྱངས། དགུང་གྲངས་བཞི་བཅུའི་ནང་ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་དབུས་གཙང་གནས་ཆེན་ཁག་དང་རིས་མེད་ཀྱི་དགོན་སྡེ་རྣམས་ལ་གནས་གཟིགས་མཆོད་འབུལ་དུ་ཕེབས། སྐབས་དེའི་དུས་སུ་སེ་ར་མཁར་རྡོ་རྗེ་དང༌། ལྷ་བཙུན་རིན་པོ་ཆེ། ཐོགས་མེད་རིན་པོ་ཆེ། འབྲས་སྤུངས་རྨོག་ལྕོག་རྗེ་སོགས་ཀྱི་སྐྱེས་ཆེན་དུ་མར་དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་པ་ལྔའི་གདམས་ངག་གནང་སྟེ་ཤངས་པའི་བསྟན་པ་གཏད། ལྷག་པར་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དང་། ཞོང་ཞོང་རྡོ་རྗེ་གདན། ལྷ་ཕུ་རྨོག་ལྕོག །མཉེས་ཐང་རྨོག་ལྕོག་ལ་སོགས་པའི་དགོན་གནས་རྣམས་སུ་ཇོ་ཤངས་གཉིས་ཀྱི་བསྟན་པ་སླར་གསོས་ཤིང་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད། སླར་མདོ་ཁམས་སུ་ཕེབས་ནས་དཔལ་སྤུངས་དང་ཧོར་ཁོག་རྣམས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སྤྱི་ལོ1955ལོར་སླར་ཡང་བོད་ཡུལ་དབུས་སུ་ཕེབས། སྤྱི་ལོ1957ལོར་དོར་རྒྱུ་སྐུར་སྟོད་བྱང་ཆུབ་ཆོས་གླིང་སོགས་སུ་ཕེབས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། ཀཾ་ཚང་དང་ཤངས་ཆོས་ཀྱི་སྒྲུབ་སྡེ་གསར་འཛུགས། མཆོད་རྟེན་གསར་བཞེངས་སོགས་རྒྱ་ཆེར་མཛད།
སྤྱི་ལོ་1966ལོར་དོར་རྒྱུ་བསོད་ནམས་དར་གྱི་གདན་སར་དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་ལྔའི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་སྡེ་གསར་འཛུགས་གནང་། སྤྱི་ལོ་1973ལོར་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་འགར་ཐབས་ལམ་ནཱ་རོ་ཆོས་དྲུག་དང༌། གྲོལ་ལམ་ཕྱག་རྒྱ་ཆེན་མོ། ཤངས་པའི་གསེར་ཆོས་རྣམ་ལྔ་སོགས་ཀྱི་དབང་ལུང་འབུལ་བཞེས་མཛད།
དེས་ན་མ་གཞི་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཀརྨ་ཀཾ་ཚང་དང་ཤངས་པའི་ཆོས་བརྒྱུད་གཉིས་ཀ་འཛིན་གནང་གི་ཡོད་ཀྱང་། སྨོན་ལམ་འགྲོ་བ་སྒྲོལ་བའི་གྲུ་ཆེན་གྱི་མཇུག་ཏུ་དཔལ་ལྡན་ཤངས་པའི་གྲལ་མཐར་འཁོད་པ་ཀརྨ་རང་བྱུང་ཀུན་ཁྱབ་པས་ས་ཕོ་འབྲུག་གི་ལོར་སྨྲས་པ་ཞེས་ཁོང་རང་ཉིད་ཀྱིས་ཀྱང་ཤངས་པའི་བརྒྱུད་འཛིན་ཡིན་པར་གསུངས་པ་བཞིན། ཀ་ཎ་ཊ་སོགས་ཀྱི་རྒྱལ་ཁབ་མང་ཆེ་བར་ཀརྨ་རང་བྱུང་ཀུན་ཁྱབ་འདི་ཉིད་ཤངས་པ་བཀའ་བརྒྱུད་པའི་ཚབ་མཚོན་བླ་མ་ཞིག་ཏུ་བརྩི་ཡི་ཡོད་པས། འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཤངས་པ་བཀའ་བརྒྱུད་ནི་དུས་རབས་ཉི་ཤུ་པའི་ནང་ཀརྨ་རང་བྱུང་ཀུན་ཁྱབ་སྐུ་ཕྲེང་དང་པོས་སླར་གསོ་མཛད་པ་ཡིན་ཞེས་པའི་གཏམ་དེ་ཡང་བྱུང་བ་ཡིན།
དེ་ལྟར་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་རང་དོན་ཐོས་བསམ་སྒོམ་གསུམ། གཞན་དོན་འཆད་རྩོད་རྩོམ་གསུམ། གཉིས་དོན་མཁས་བཙུན་བཟང་གསུམ་སྟེ་དམ་པའི་ཚུལ་དགུའི་སྒོ་ནས་འབོ་དཀར་རིན་པོ་ཆེས་གཙོས་ཤངས་ཆོས་འཛིན་པའི་ཚད་ལྡན་གྱི་བུ་སློབ་བླ་སྤྲུལ་དུ་མ་གསོ་སྐྱོང་གནང་སྟེ། ཨི་ཤི་ཡའི་རྒྱལ་ཁབ་འགའ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཤངས་པའི་དབང་དང་གདམས་པ་སྤེལ་གནང་བ་དང་། ཤངས་པའི་ཆོས་བརྒྱུད་འཛིན་པའི་དགོན་གནས་སོགས་རིམ་གྱིས་བཞེངས་ཏེ་ཆོས་བརྒྱུད་སྤྱི་ལ་དོ་སྣང་ལྷག་པར་བྱེད་པའི་ཚ་རླབས་འཛམ་གླིང་ཡུལ་གྲུ་མང་པོར་འཕྱུར་ནས་མཁས་གྲུབ་ཁྱུང་པོའི་གསེར་ཆོས་ཀྱི་གདུགས་དཀར་ས་ཆེན་གོ་ལའི་ཁྱོན་ལ་ཁྱབ་པར་མཛད། མཐར་དགུང་གྲངས་བརྒྱད་ཅུ་རྩ་ལྔར་ཕེབས་པ་སྤྱི་ལོ་1989ལོའི་ཟླ་བཅཔའི་ཚེས10ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས།
རྗེ་བླ་མ་འདི་ཉིད་ཀྱིས་བསྟན་འགྲོའི་དོན་ལ་སྐྱེ་སྲིད་ཀུན་ཏུ་ཐུགས་བསྐྱེད་དང་སྨོན་ལམ་འབའ་ཞིག་མཛད་པའི་འབྲས་བུ་དུས་སུ་སྨིན་ཏེ། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྤྱི་ལོ་1990ལོའི་སྤྱི་ཟླ་9པའི་ཚེས17ཉིན་རྗེ་གོང་མའི་ཉེ་གནས་དང་སྐུ་ཚ་ཡིན་པ་ཡབ་ར་བཏགས་རྒྱལ་མཚན་དང་། ཡུམ་སྐལ་བཟང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གཅིག་དང་ཟླ་བ་དྲུག་གི་སྟེང་བསོད་ནམས་དར་བསམ་གྲུབ་དར་རྒྱས་ཆོས་གླིང་གི་ཁྲིར་མངའ་གསོལ། ད་ལྟ་འཚོ་ཞིང་གཞེས་པའོ།།
ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས།
ཁོང་ལ་འབོ་དཀར་ཞེས་པའི་མཚན་ཐོགས་དོན་ནི། སྐུ་གོང་མ་གཞས་ཡས་མཚམས་པ་རིན་པོ་ཆེ་ཀརྨ་ཤེས་རབ་འོད་ཟེར་ཞེས་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་རྣམ་སྤྲུལ་དུ་གྲགས་པ་ཞིག་སྤྱི་ལོ 1890ལོར་ཤར་མི་ཉག་ཏུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་ངུའི་དུས་ནས་འབོ་གངས་དཀར་དགོན་དུ་ཆོས་ཞུགས་གནང་བས། བསྡུས་མཚན་དེ་ལྟར་དུ་གྲགས། དགུང་ལོ་བཅུ་དྲུག་སྐབས་ཉེ་འབྲེལ་ལོངས་སྤྱོད་ཀུན་སྤངས་ཏེ་མཚུར་མདོ་བོ་ལུང་གི་གདན་སར་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ལས་ཟབ་གསང་རྒྱུད་སྡེའི་སྨིན་གྲོལ་སྤྱི་དང་། ཆོས་དྲུག་ཕྱག་ཆེན་སོགས་ཀྱི་གདམས་སྐོར་མཐའ་དག་གསན་བཞེས་མཛད་དེ། སྔ་རྗེས་སུ་ལ་ཕྱི་གངས་ཀྱི་ར་བ་སོགས་ཀྱི་སྒྲུབ་གནས་རྩ་ཆེན་རྣམས་སུ་སྒྲུབ་པ་རྒྱུན་རིང་དང་། ལྷག་པར་མངའ་རིས་འབྲོང་བྱང་གཞལ་ཡས་བྲག་ཕུག་ཏུ་སྨྱུང་གནས་ཚར་སྟོང་རྩ་གཅིག་མཛད་པ་སོགས་སྒྲུབ་པའི་རྒྱལ་མཚན་བཙུགས་པས། ཕྱིས་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་བཀའ་བཞིན་སྤྱི་ལོ1920ལོར་མངའ་རིས་འབྲོང་བྱང་ཁུལ་ཏེ་དེང་མཚོ་ཆེན་རྫོང་མདའ་གཞུང་ཡུལ་ཤོག་ཁོངས་སུ་འབོ་དཀར་དགོན་བཀྲ་ཤིས་རབ་བརྟན་ངེས་དོན་དགེ་འཕེལ་གླིང་ཞེས་པ་ཕྱག་བཏབ་ནས། སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་མཐར་རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ1938ལོར་དགོངས་པ་གཞན་དོན་དུ་གཤེགས།
ཆོས་རྗེ་བླ་མ་དེ་ཉིད་ཀྱི་སྐུ་སྐྱེ་ཕྱི་མ་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ནི། མངའ་རིས་སྟོད་ཀྱི་འབྲོང་པ་ཚོ་དགུའི་ནང་ཚན་སྐྱང་རང་དུ་ཡབ་ཚེ་རྣམ་དང་། ཡུམ་བསོད་ནམས་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་སྤྱི་ལོ1940ལོའི་སྤྱི་ཟླ10པའི་ཚེས15ཉིན་སྐུ་འཁྲུངས། དགུང་གྲངས་བཞིར་ཕེབས་སྐབས་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་གིས་གཞས་ཡས་མཚམས་པ་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་ནས། འབོ་དཀར་དགོན་གྱི་གསེར་ཁྲིར་མངའ་གསོལ་ཞིང་དགོན་དེ་གར་ཡི་གེ་འབྲི་ཀློག་ནས་བཟུང་ཐོས་བསམ་སློབ་གཉེར་གྱི་དབུ་བཙུགས། སྤྱི་ལོ1948ལོར་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་གངས་རིར་གནས་གཟིགས་གྲུབ་འཕྲལ་འབོ་དཀར་དགོན་དུ་ཕེབས་ཏེ་མཆོག་སྤྲུལ་རིན་པོ་ཆེར་དགེ་ཚུལ་གྱི་སྡོམ་པ་བསྩལ་ཞིང་། ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཞེས་པའི་མཚན་གསོལ། དགུང་གྲངས་བཅུ་གསུམ་ལ་ཕེབས་སྐབས་ཀརྨ་པ་མཆོག་གི་བཀའ་དགོངས་བཞིན། དགེ་རྒན་བླ་མ་མདོ་སྔགས་དང་ཞབས་གྲྭ་ཁ་ཤས་བཅས་དཔལ་མཚུར་ཕུའི་གདན་ས་ཆེན་མོར་དམ་ཆོས་གསན་སྦྱོང་གནང་བར་ཆེད་ཕེབས་སྐབས། ཕྱག་དཔེའི་དགེ་རྒན་ཚུལ་ཁྲིམས་ཡོངས་འདུས་དང་། བླ་མ་འཇིགས་མེད་སོགས་ཀྱི་མདུན་ནས་ཀར་ལུགས་རྒྱུད་སྡེ་ཡོངས་རྫོགས་ཐུགས་འཛིན་དང་། དེ་དག་གི་ཕྱག་ལེན་གསན་སྦྱོང་མཐར་ཕྱིན་པ་མཛད་རྗེས་འབོ་དཀར་དགོན་དུ་ཕྱིར་ཕེབས་གནང་། དགུང་གྲངས་བཅུ་བདུན་ལ་ཕེབས་སྐབས་དགེ་རྒན་བླ་མ་མདོ་སྔགས་སྐུ་གཤེགས། སྤྱི་ལོ་1958ལོའི་ལོ་མཇུག་ཏུ་མཚུར་ཕུར་སླར་ཕེབས། ཕྱི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར་གཟིམ་སྤྱིལ་བཀྲ་ཤིས་འཁྱིལ་དུ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་མཁན་སློབ་སྦྲགས་མ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། དེ་རྗེས་གློ་བོར་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེའི་དྲུང་ནས་ལོ་གཅིག་ཙམ་གྱི་རིང་མར་མི་དྭགས་གསུམ་གྱི་བླ་སྒྲུབ་དབང་དང་། ཐུགས་སྒྲུབ་དབང་རྒྱས་བསྡུས། ཕྱག་ཆེན་ངེས་དོན་སྒྲོན་མེ་སོགས་ཀྱི་ཆོས་བཀའ་ཅི་རིགས་གསན། སྤྱི་ལོ་1963ལོ་ཙམ་དུ་གྲུབ་མཆོག་རང་བྱུང་ཀུན་ཁྱབ་དང་ཐོག་མར་མཇལ་ཏེ་མི་ཕྱེད་པའི་དད་པ་འཁྲུངས་ཤིང་། སྤྱི་ལོ1964ལོར་རྡོ་གཙུག་དགོན་དུ་ཀར་ལུགས་རྒྱུད་སྡེ་ཁག་དང་། དཔལ་ལྡན་ཤངས་པའི་གསེར་ཆོས་ཡོངས་རྫོགས། ཇོ་ལུགས་དུས་འཁོར་གྱི་དབང་མོ་ཆེ། ཇོ་ནང་རིན་འབྱུང་བརྒྱ་རྩ་སོགས་ཀྱི་དབང་ལུང་གནང་བ་རྣམས་ལེགས་པར་གསན། དེ་རྗེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་ལུང་དང་། བཀའ་འགྱུར་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་མདུན་ནས་རྙིང་མ་རྒྱུད་འབུམ་གྱི་ལྗགས་ལུང་རྣམས་གསན། སླར་ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་སྐུ་མདུན་དུ་ཟླ་བ་ལྔའི་རིང་སྔོན་འགྲོ་འབུམ་ལྔ་གསོག་གནང་དང་འབྲེལ། བར་མཚམས་རྣམས་སུ་ཉམས་ཁྲིད་དང་དོགས་གཅོད་སོགས་ཀྱང་ལྷུག་པོར་ཞུས། སྤྱི་ལོ་1965ལོར་བདུད་འཇོམས་རིན་པོ་ཆེའི་མདུན་ནས་བཀའ་འགྱུར་གྱི་ལྗགས་ལུང་ཆ་ཚང་དང་། འཇའ་ཚོན་པོད་དྲུག །སེ་ར་མཁའ་འགྲོའི་ཆོས་སྐོར་གྱི་དབང་ལུང་རྣམས་ཞུས་པ་སོགས་རིས་མེད་སྐྱེས་ཆེན་དུ་མའི་ཐུགས་ཀྱི་བདུད་རྩི་རང་སེམས་ཀྱི་ཞིང་སར་དྲངས།
དེ་རྗེས་ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་ལྷུར་བཞེས་མཛད་པའི་སྔར་གྱི་དམ་བཅའ་བཞིན། སྤྱི་ལོ1966ལོར་དོར་རྒྱུ་བསོད་ནམས་དར་གྱི་སྒྲུབ་གྲྭ་གསར་དུ་བཙུགས་པའི་སྒྲུབ་ཐེངས་དང་པོར་སྒྲུབ་པར་ཞུགས་ཤིང་། ཀརྨ་རང་བྱུང་ཀུན་ཁྱབ་སྐུ་མདུན་ནས་ཐོག་མར་བསགས་སྦྱོང་སྔོན་འགྲོ་འབུམ་བཞི་ནས་བརྩམས། དངོས་གཞིའི་རིམ་པ་ལ་དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་པ་ལྔ་དང་། རྒྱུད་སྡེ་ཆེན་པོ་ལྔ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་རྩ་གསུམ་གྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་ཉམས་བཞེས་མཐར་ཕྱིན་པ་མཛད། ཐུན་མཚམས་རྣམས་སུ་རྒྱུད་སྡེའི་ཕྱག་ལེན་དང་། བསྐྱེད་རྫོགས་ཀྱི་སྒོམ་དོན་སོགས་ཀྱི་ཐད་སྒྲུབ་གྲྭ་བ་ཚོའི་སྐྱོར་དཔོན་ཡང་མཛད། སླར་བསོད་ནམས་དར་གྱི་སྒྲུབ་ཐེངས་གཉིས་པར་རང་ལུགས་མདོ་སྔགས་ཀྱི་གཞུང་རྒྱུན་དཀོན་རིགས་གསན་བསམ་དང་། གཞན་ལ་དབང་ཁྲིད་སྩོལ་བ། ལྷག་པར་ཀརྨ་རང་བྱུང་ཀུན་ཁྱབ་ཕྱི་ཕྱོགས་སུ་ལན་མང་ཕེབས་དགོས་རྐྱེན། སྒྲུབ་སྡེ་འདི་ཉིད་ཀྱི་དབང་ལུང་ཁྲིད་གསུམ་ཕལ་ཆེར་བསྩལ་ནས་སྒྲུབ་དཔོན་མཛད། སྤྱི་ལོ1974ལོར་བསོད་ནམས་དར་གྱི་སྒྲུབ་ཐེངས་གསུམ་པར་ནཱ་རོ་ཆོས་དྲུག་གི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པར་ཞུགས་ནས། རྒྱུད་སྡེའི་བསྙེན་སྒྲུབ་དང་། ཞི་ལྷག་ཏིང་འཛིན། ཕྱག་ཆེན་ཆོས་དྲུག་སོགས་ལ་ཉམས་བཞེས་མཐར་ཕྱིན་མཛད། དེ་ལྟར་སྔ་ཕྱིར་བསོད་ནམས་དར་གྱི་གདན་ས་རང་དུ་ནི་གུའི་སྒྲུབ་ཐེངས་གཉིས་དང༌། ནཱ་རོའི་སྒྲུབ་ཐེངས་གཅིག་གི་སྒྲུབ་པ་མཐར་ཕྱིན་པར་མཛད།
སྤྱི་ལོ1978ལོའི་ལོ་མཇུག་ཏུ་ཀརྨ་པ་རིག་པའི་རྡོ་རྗེས་རུམ་བཏེག་སྒྲུབ་སྡེ་ཡིད་འོང་བསམ་གཏན་གླིང་གསར་འཛུགས་གནང་སྐབས། ཀརྨ་པ་དང་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་སྒྲུབ་ཐེངས་དང་པོའི་སྒྲུབ་དཔོན་དུ་བསྐོ་བཞག་མཛད། འདི་སྐབས་ཀོང་སྤྲུལ་བློ་གྲོས་ཆོས་ཀྱི་སེང་གེ་དང་། རྒྱལ་ཚབ་རིན་པོ་ཆེ་གྲགས་པ་བསྟན་པ་ཡར་འཕེལ་སོགས་ལ་ཟླ་བ་གསུམ་གྱི་རིང་རྒྱུད་བརྟག་གཉིས་ཀྱི་བཀའ་ཁྲིད་འབུལ་བཞེས་གནང་། སྤྱི་ལོ1982ལོར་རུམ་བཏེག་སྒྲུབ་ཐེངས་གཉིས་པའི་མཚམས་སྒོ་བསྡམས་ཏེ། སྔར་ལྟར་དབང་ལུང་ཁྲིད་གསུམ་མཐའ་དག་སྩལ་བའི་བཀའ་དྲིན་བསྐྱངས། དེ་རྗེས་སྒྲུབ་ཐེངས་གསུམ་པ་དང་། བཞི་པའི་སྒྲུབ་དཔོན་གནང་མཐར་ཀར་བསྟན་ནང་ཁུལ་གྱི་རྩོད་རྙོག་གིས་རྐྱེན་པས་སྒྲུབ་པ་ཚུགས་ཐུབ་མེད། སྤྱི་ལོ1983ལོར་ཀརྨ་རང་བྱུང་ཀུན་ཁྱབ་དང་། ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་དཔོན་སློབ་འདུས་པ་ཉིས་བརྒྱ་སྐོར་གྱི་འཕགས་བལ་ཁུལ་དུ་གནས་གཟིགས་གསོལ་སྨོན་ཟབ་རྒྱས་དང་། ཁྱད་པར་དུ་རྡོ་རྗེ་གདན་དུ་བཟང་སྤྱོད་སྨོན་ལམ་འབུ་ཐེར་ཚོགས་རྒྱུའི་དབུ་བརྙེས།
སྤྱི་ལོ1984ལོར་དོར་རྒྱུ་མི་རིགས་ས་གནས་སུ་མངའ་བདག་མཻ་ཏྲི་པ་འི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡོད་སར་འབོ་དཀར་ངེས་དོན་ཆོས་འཁོར་གླིང་ཕྱག་འདེབས་པའི་དབུ་བཙུགས་ཤིང་། ཐོག་མར་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཁང་ཞིག་དང་། འདུ་ཁང་། གྲྭ་ཤག་བཅུ་ཕྲག་ཁ་ཤས་བཅས་གསར་བསྐྲུན་གནང་བ་ནས་དཔལ་དུས་ཀྱི་འཁོར་ལོའི་མཚམས་སྒྲུབ་ཀྱི་སྲོལ་བཙུགས། དེ་རྗེས་མངའ་རིས་སུ་ཕེབས་ནས་འབོ་དཀར་དགོན་ཉམས་གསོ་གནང་། སྤྱི་ལོ1989ལོར་ཀརྨ་རང་བྱུང་ཀུན་ཁྱབ་དགོངས་པ་རྫོགས་རྗེས་མཆོད་འབུལ་གསོལ་འདེབས་ཟབ་རྒྱས་དང༌། ལོ་ལྟར་བླ་མ་མཆོག་གི་འདས་མཆོད་དུ་རྒྱུད་སྡེ་ལྔའི་སྒྲུབ་མཆོད་ཆེན་མོ་ཚོགས་རྒྱུའི་གཏན་རྩ་འང་འཇོག་པར་མཛད། ལོ་དེར་བསོད་ནམས་དར་གྱི་སྒྲུབ་གྲྭ་བ་རྣམས་ཀྱིས་གཙོས་དགེ་འདུན་བརྒྱ་སྐོར་ལ་ཤངས་ཆོས་ཡོངས་རྫོགས་ཀྱི་དབང་ལུང་དང་། དགེ་ཚུལ་སློང་གི་སྡོམ་པ་གནང་བ་སོགས་མཛད། དེ་རྗེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ཤེས་བྱ་མཛོད་དབྱིན་སྐད་དུ་བསྒྱུར་བ་དང་། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་བཀོད་འདོམས་གནང་བ་སོགས་རྗེ་བླ་མའི་དགོངས་བཞེད་མཐའ་དག་རྫོགས་པར་མཛད། སྤྱི་ལོ1992ལོར་སྟོད་ལུང་མཚུར་ཕུར་ཀརྨ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་མངའ་གསོལ་ཁྲི་འབུལ་གྱི་མཛད་སྒོ་ཆེན་མོར་ཞབས་བཅར་དང་སྦྲགས་སྟོད་མངའ་རིས་ཁུལ་སོགས་ཀྱི་སྐྱ་སེར་དུ་མ་དམ་པའི་ཆོས་ཀྱི་སྨིན་པར་མཛད། ལྷག་པར་མངའ་རིས་འབོ་དཀར་དགོན་དུ་ནཱ་རོ་ཆོས་དྲུག་གི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་སྡེ་གསར་དུ་བཙུགས་ཏེ་སྒྲུབ་གྲྭ་བས་གཙོས་པ་རྣམས་ལ་ཀར་ལུགས་རྩ་གསུམ་རབ་འབྱམས་ཀྱི་དབང་ལུང་ཁྲིད་གསུམ་དང་། དགེ་ཚུལ་སློང་གི་སྡོམ་པ་སོགས་བསྩལ། སྤྱི་ལོ་1996ལོར་མི་རིགས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དུ་ཟུང་འཇུག་དགའ་ཚལ་གླིང་ཞེས་པའི་ནཱ་རོ་ཆོས་དྲུག་གི་སྒྲུབ་སྡེ་གསར་དུ་བཙུགས་ཏེ། ཆོས་དྲུག་ཕྱག་ཆེན་སོགས་ལོ་གསུམ་ཕྱོགས་གསུམ་ནང་ཉམས་སུ་ལེན་པའི་དབུ་བཙུགས། སྤྱི་ལོ1999ལོ་ནས་བཟུང་ཡང་སྲིད་ཀ་ལུ་རིན་པོ་ཆེ་སྐུ་འཁྲིས་སུ་གཏན་བཞུགས་མཛད་པར་ཡི་གེ་འབྲི་ཀློག་ནས་བརྩམས་མདོ་སྔགས་རིག་གནས་ཀྱི་རིན་ཆེན་ཕྱག་རྟགས་དུ་མ་འབུལ་བཞེས་མཛད། སྤྱི་ལོ2001ལོའི་ཟླ་བ་བཅུ་པའི་ཚེས་ཉེར་གཅིག་ནས་བཟུང་ཉིན་བཅུའི་རིང་། ཡང་སྲིད་ཀ་ལུ་རིན་པོ་ཆེ་བཞུགས་པའི་དབུས། མི་རིགས་གདན་ས་དང་། བསོད་ནམས་དར། ལཱ་ཝ་དགོན། དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་ཤངས་པའི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པར་ཞུགས་མཁན་རྣམས་ཀྱིས་གཙོས། ཕྱི་ནང་གི་སྐྱ་སེར་དོན་གཉེར་ཅན་སྟོང་ཕྲག་ལ་ཉེ་བར་དཔལ་ལྡན་ཤངས་པའི་ཆོས་སྐོར་ཡོངས་སུ་རྫོགས་པའི་སྨིན་གྲོལ་རྒྱབ་རྟེན་ཆ་ལག་དང་བཅས་དགྱེས་བཞིན་དུ་བསྩལ།
མདོར་ན། སྤྱི་ལོ1979ལོ་ནས་བཟུང་འཕགས་བལ་བོད་གསུམ་དང་། འབྲས་ལྗོངས། ཡོ་རོབ། ཨེ་ཤི་ཡ་བཅས་སུ་ཕེབས་ནས་ནཱ་རོ་དང་ནི་གུ་ཆོས་དྲུག་གི་སྒྲུབ་སྡེ་རྣམས་ལ་ལན་གྲངས་དུ་མ་ཕེབས་ཏེ་ཟབ་གསང་ཆོས་ཀྱི་གནང་སྦྱིན་ལེགས་པར་བསྩལ། སྒྲུབ་མཐར་ཕྱིན་པའི་བླ་མ་རྣམས་ལ་ཡང་དུས་གཏན་དུ་དབེན་པའི་གནས་སུ་རིའི་བུ་བྱས་ན་བུན་གོས་སུ་གྱོན་ནས་སངས་རྒྱས་བསྟན་པའི་ཞབས་ཏོགས་མཛད་དགོས་པའི་བཀའ་སློབ་ལན་མང་གནང་། དམ་པ་འདིས་སྐུ་ཚེ་གང་པོར་སྦྱིན་པའི་བདག་པོ་འདས་གསོན་བརྒྱ་སྟོང་མང་པོས་ཕུལ་བའི་དད་རྫས་ལ་བག་མེད་ལོངས་སྤྱོད་དང་། གནས་མིན་ཆུད་ཟོས་སུ་གཏོང་བ་འདི་ཕྱིའི་སྒྲིབ་ཉེས་སུ་གཟིགས་ཏེ་རྟག་ཏུ་བག་ཡོད་དྲན་ཤེས་དང་ལྡན་པར་མཛད་ཅིང་། བཀའ་དྲིན་གསུམ་ལྡན་གྱི་བླ་མའི་དགོངས་རྟོགས་ལས་འཁྲུངས་པའི་མན་ངག་སྙིང་གི་བདུད་རྩི་རྣམས་ཡང་སྲིད་ཀ་ལུ་རིན་པོ་ཆེ་སོགས་རིས་སུ་མ་ཆད་པའི་བུ་སློབ་དོན་གཉེར་ཅན་རྣམས་ལ་འདམས་པར་མཛད་མཐར། དགུང་གྲངས་དྲུག་ཅུ་རྩ་བཞི་བཞེས་པ། སྤྱི་ལོ2005ལོའི་སྤྱི་ཟླ8པའི་ཚེས17ཉིན་གདན་ས་མི་རིགས་དགོན་དུ་ཟག་མེད་ཆོས་སྐུའི་དབྱིངས་ལ་སྙོམས་པར་བཞུགས་སོ།
།དེ་ལྟར་སྔར་སོང་ལོ་རྒྱུས་ཀྱི་བཤུལ་ལམ་སྟེང་མཁས་གྲུབ་ཁྱུང་པོའི་བརྒྱུད་པ་འཛིན་པ་རྣམས་ཕལ་ཆེར་ངུར་སྨྲིག་རྒྱལ་མཚན་འཛིན་པ་ལ། མཁས་པའི་ཡོན་ཏན་གྱི་རྒྱ་མཚོ་བརྒལ་ཞིང་གྲུབ་པའི་ཉམས་རྟོགས་ཀྱི་གཏེར་ཁ་བརྡོལ་བའི་སྐྱེས་ཆེན་ཤ་སྟག་ཡིན་པ་ཡང་། བླ་མཆོད་ཆོ་ག་ཡིད་བཞིན་ནོར་བུ་ལས་བཀའ་བབས་ཐུགས་སྲས་ཆེན་པོ་རྣམ་དྲུག་ནས། རྩ་བའི་བླ་མའི་བར་དུ་རིམ་བྱོན་པའི། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་འཛིན་པ་རྣམས། །ཕལ་ཆེར་གཙང་སྒོམ་ངུར་སྨྲིག་འཆང་བ་ལ། ལ་ལ་རྣལ་འབྱོར་སྤྱོད་སོགས་མ་ངེས་ཚུལ། གང་ལ་གང་འདུལ་མོས་པའི་དཔལ་དུ་འཆར། ཀུན་ཀྱང་སྐྱེ་མེད་རྟོགས་པའི་གདེང་དང་ལྡན་ ཞེས་འཁོད་པ་ལྟར་ཡིན་ལ། མཁས་བཙུན་ཆེན་པོ་རྒྱལ་མཚན་འབུམ་གྱིས་ཀྱང་ཤངས་པའི་གདམས་པ་རྣམས་གནད་ཟབ་པས་ཚད་ལྡན་གྱི་བླ་མ་བརྒྱུད་པ་ཁོ་ན་ལ་བརྟེན་དགོས་པ་ལས་བཀའ་ཆད་པ། དམ་ཉམས་པ། འདྲེས་ཁྱེར་བའི་བརྒྱུད་པ་སྤངས་དགོས་ ཞེས་གསལ་བར་གསུངས། དེང་གི་ཆར་འཇག་བསམ་གྱི་བརྒྱུད་པ་ལོགས་སུ་འཛིན་པ་མེད་ཀྱང་། དེ་གཉིས་ལས་བརྒྱུད་པའི་གདམས་པ་འགའ་ཞིག་ཉེ་བརྒྱུད་དང་ཤིན་ཏུ་ཉེ་བརྒྱུད་ཀྱི་བརྒྱུད་པ་རྣམས་ལས། ཀོང་སྤྲུལ་བློ་གྲོས་མཐའ་ཡས། དེས་བཀྲ་ཤིས་ཆོས་འཕེལ། དེས་ནོར་བུ་དོན་གྲུབ། དེས་ཀརྨ་རང་བྱུང་ཀུན་ཁྱབ། དེས་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས། དེས་ཡང་སྲིད་ཀ་ལུ་རིན་པོ་ཆེ་སོགས་ལ་བརྒྱུད་པ་གནས་མུས་ཡིན་ལ། ཡང་ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ། དེས་ཤངས་ཞོང་ཞོང་དགོན་གྱི་གྲྭ་སློབ་འགར་བརྒྱུད་པ་ཡང་ད་ལྟ་གནས་མུས་ཡིན། དེར་བརྟེན་རྗེ་དྲུང་བསྟན་པའི་རྒྱལ་མཚན་གྱིས་གདམས་ངག་ཉེ་རིང་ཤིན་ཏུ་ཉེ་བརྒྱུད་ཀྱིས། །གངས་ཅན་གྲུབ་མཐའ་ཀུན་ལ་ཁྱབ་གདལ་ཞིང༌། །ཕྲིན་ལས་བསམ་མི་ཁྱབ་པའི་རིང་ལུགས་ཆེའི། །སྒྲུབ་བརྒྱུད་ཤངས་པའི་བསྟན་པ་རྒྱས་གྱུར་ཅིག་ ཅེས་གསུངས་པ་ལྟར། དངོས་དང་བརྒྱུད་པའི་བླ་མ་རབ་དང་རིམ་པས་ཤངས་པའི་གདམས་པ་གསན་བཞེས་ཉམས་ལེན་དང་བརྒྱུད་འཛིན་དར་སྤེལ་མཛད་པ་དེས་ཤངས་པ་བཀའ་བརྒྱུད་འདི་ཉིད་རང་རྐང་ཚུགས་པའི་བརྒྱུད་པ་གཙང་རྐྱང་སྟེ་བརྒྱུད་པ་གཞན་དང་རྩ་བ་ནས་ནས་མ་འདྲེས་པ་ཞིག་ཏུ་གནས་མེད་ཀྱང༌། གདམས་ངག་གི་མུ་ཏིག་སྟར་ནས་སྟར་དུ་བརྒྱུས་པའི་གསེར་སྐུད་ཕྲ་མོ་དེ་ཡོངས་སུ་ཆད་མེད་པ་ཡིན་ནོ།

།སྨྲས་པ། རྡོ་རྗེ་འཆང་དབང་སྐུ་ཡིས་རྗེས་བཟུང་མཁའ་འགྲོའི་གཙོ་མོ་ནི་གུ་མས། །ཁྱུང་པོ་ཛོ་ཀི་ཐུགས་རྗེས་བཟུང་ཞིང་གསེར་ཆོས་ལྡེ་མིག་ཕྱག་ཏུ་གཏད། །རིན་ཆེན་སྣ་བདུན་སྔ་ཕྱི་ཟུང་གིས་ཤངས་ཆོས་གདམས་པའི་རྒྱལ་ས་འཛིན། །བརྒྱུད་པ་རྣམ་གསུམ་བུ་སློབ་ཚོགས་ཀྱིས་ཟླུམ་གཟུགས་གོ་ལའི་ཁྱོན་ཀུན་ཁྱབ། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

II.3 -
།ལེའུ་གསུམ་པ། ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐོར་གསེར་ཆོས་རྣམ་པ་ལྔའི་སྐོར།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་མདོ་སྔགས་བཤད་སྒྲུབ་ཀྱི་ལམ་སྲོལ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང༌། འཆད་ཉན་སྒོམ་སྒྲུབ་ཀྱི་འཕྲིན་ལས་རྒྱ་ཆེར་མཛད་པ་ཡང་། མཛོད་རྩ་བ་ལས་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཞེས་གསུངས་པ་ལྟར་བརྗོད་བྱ་རྟོགས་པའི་ཆོས་དང་། རྗོད་བྱེད་ལུང་གི་ཆོས་གཉིས་པོ་བཤད་པ། རྩོད་པ། སྒྲུབ་པའི་ལམ་རིམ་གསུམ་དུ་བསྡུས་པ་སྟེ། དང་པོ་བཤད་པའི་ལམ་རིམ་ལ། མདོ་དང་དེའི་བསྟན་བཅོས། རྒྱུད་རྒྱུད་འབྲེལ་དང་བཅས་པ། མཚན་ཉིད་ཐེག་པ་ལ་གྲུབ་མཐའ་ཆེན་པོ་བཞི། རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་ཆེན་པོ་བཞི་ཚུལ་བཞིན་དུ་བཤད་པ་དང་། གཉིས་པ་རྩོད་པའི་ལམ་རིམ་ལ། ཚད་མ་སྡེ་བདུན་སོགས་རྟོག་གེ་ཕྱི་རབས་པའི་ལུགས་ཀྱང་གསན་མོད། གཙོ་བོ་ཚད་མ་སྔ་རབས་པ་ལ་གྲགས་པ་ལྟར་གཏན་ཚིགས་ཆེན་མོ་བཞིས་མཚན་ཉིད་གསུམ་གཏན་ལ་ཕབ་ཅིང་། ཚད་མ་ཡང་མངོན་སུམ་རྗེས་དཔག་ཡིད་ཆེས་གསུམ་དུ་ཕྱེ་ནས། བརྒལ་ལན་རྣམ་པར་ངེས་པར་བྱེད་པ་དང་། གསུམ་པ་སྒྲུབ་པའི་ལམ་རིམ་ལ་རྒྱུ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཀྱི་ཉམས་ལེན་མཐའ་དག །བྱང་ཕྱོགས་སོ་བདུན་ཐུན་མོང་དང་ཁྱད་པར་བའི་གནད་ཀྱིས་ཉམས་སུ་ལེན་ཚུལ་རྣམས་མན་ངག་ཏུ་དྲིལ་ནས་སྟོན་པས། གངས་ཅན་བོད་ཀྱི་ཡུལ་འདིར་བྱོན་པའི་སྟོན་པ་ཞིག་ལ་ཆོས་སྒོ་མཐའ་ཡས་པ་དང་འགྲན་ཟླ་མེད་པ་ཡིན། དེ་དག་ཐམས་ཅད་ལས་ཕྱི་མ་སྒྲུབ་པའི་ལམ་རིམ་གྱི་སྙིང་བཅུད་དེང་སང་གི་བར་དུ་བཞུགས་པ་སྟེ། ནི་དྷི་གཉིས་ཀྱི་གསེར་ཆོས་རྩ་བར་གྱུར་པའི་ཆོས་སྐོར་ལྔར་གྲགས་པ་སྟེ། ནི་གུ་མ། སུ་ཁ་སིདྷི། རྡོ་རྗེ་གདན་པ། མཻ་ཏྲི་པ་། རཱ་ཧུ་ལའི་སྐོར་ལྔ། མན་ངག་ཐོར་བུ་དང་བཅས་པ་རྣམས་བཞུགས་ཤིང་། དེ་རྣམས་ཀྱང་གཙོ་ཆེར་སྡེ་ཚན་དུ་བསྡོམས་པའི་བརྡར་བཞག་པ་ལས་ཁྱུང་པོ་ཉིད་ཀྱིས་ཇི་ལྟར་གསན་པའི་ཆོས་སྐོར་ཚང་བ་ནི་མ་ཡིན་ཏེ། ཐོག་མ་ནས་བརྒྱུད་སྲོལ་གཅིག་ལ་ཚང་བར་འབྱོན་དུ་མ་བཏུབ་ན་ད་ལྟ་སྨོས་ཅི་དགོས་པས་སོ།

II.3.1 - The Five Golden Dharma
།དང་པོ། གསེར་ཆོས་རྣམ་ལྔའི་སྒྲ་དོན་སྤྱི་བཤད།
དེ་ཡང་ཐོག་མར་གསེར་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ནི། ཁ་རྒྱུན་དུ་ཆུ་མགོ་གངས་དང་། ཆོས་མགོ་སངས་རྒྱས་ཞེས་སུ་གྲགས་པ་ལྟར། མཁས་གྲུབ་ཁྱུང་པོའི་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པར་མངའ་བརྙེས་པའི་མཁྱེན་རབ་དང་། ཆོས་ཕྱིར་སྲོག་ལ་མ་ལྟོས་པའི་དཀའ་སྤྱད་ཀྱིས་དམ་པའི་ཆོས་ཀྱི་འགོ་ཁུངས། སངས་རྒྱས་སྟོང་གི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་དུ་ལན་གསུམ་ཕེབས། དེར་མདོ་སྔགས་རིག་གནས་ཀྱི་སྐྱེད་ཚལ་དུ་སྔ་ཕྱི་ཁྱོན་བསྡོམས་ལོ་ངོ་ལྔ་བཅུ་ཙམ་རོལ་ནས་དམ་ཆོས་ཀྱི་ཉིང་ཁུ་མཐའ་དག་ལེགས་པར་བསྡུས་ཤིང༌། འཕགས་ཡུལ་དུ་སློབ་གཉེར་ལ་བྱོན་མྱོང་བའི་བོད་ཀྱི་མཁས་པ་གཞན་དང་འདྲ་བར་གསེར་གྱི་རྡོག་པོ་མང་དག་ཅིག་བསྣམས་ནས། དམ་ཆོས་ཞུ་བའི་དད་པའི་རྟེན་དུ་རང་གི་བླ་མ་སོགས་ལ་གསེར་གྱི་འབུལ་སྐྱེས་བྱ་དགོས་པ་ཡིན་ཏེ་དེང་སང་གི་སློབ་ཡོན་དུ་ཕུལ་བའི་དངུལ་ལོར་སོགས་དང་འདྲ། དེ་ཡང་ནི་གུ་མས་ཐེག་པ་ཆེན་པོ་གསང་སྔགས་ཞུ་བ་ལ་གསེར་དགོས་པ་ཡིན། གསེར་ཡོད་ན་བྱ་ཡི་གསུངས་ནས་ཞེས་དང་། ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷིས་ཀྱང༌གསང་སྔགས་མངོན་སུམ་ལམ་པ་ཡི། །སྨིན་པར་བྱེད་པའི་དབང་བཞི་དང་། གྲོལ་བྱེད་བསྐྱེད་རྫོགས་སྟོན་པ་ལ། །དཀོན་པའི་རིན་ཆེན་གསེར་ཕྱེ་ཕུལ་ཞེས་གསུངས་པ་ལྟར། མཁའ་འགྲོ་མ་ནི་དྷི་རྣམ་གཉིས་ཀྱིས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་བསྐྱེད་རྫོགས་ཞུ་བ་ལ་གསེར་འབུལ་དགོས་པའི་བཀའ་གནང་བ་ཡིན་ལ། ཡང་རྗེ་བཙུན་བྷ་རོས་རྭ་ལོ་ཙཱ་བར་བཀའ་བཟང་པོ་འདི་འདྲ་ཞུ་བ་ལ། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་དགོས་ཞེས་པ་དང་། འབྲོག་མི་ལོ་ཙཱ་བས་མར་པ་ཆོས་ཀྱི་བློ་གྲོས་ལ་ཆོས་ཐམས་ཅད་གསེར་ཆོས་སུ་དགོས་པས། བླ་མའི་རྣལ་འབྱོར་ཙམ་ལའང་གསེར་ཞོ་གང་ཙམ་འབུལ་དགོས་ཞེས་སོགས་གསུངས་པ་ལྟར། རྭ་ལོ་ཙཱ་བ་དང་མར་པ་ཆོས་ཀྱི་བློ་གྲོས་སོགས་ལ་ཡང་རང་རང་གིས་བླ་མས་གསེར་འབུལ་དགོས་པའི་བརྡ་བསྐུལ་མཛད་པ་ཡིན་ཏེ། བཞི་པའི་རྒྱ་ཆེར་འགྲེལ་པ་ལས་རེ་ཞིག་ཐོག་མར་ཉན་པ་པོ། །སྦྱིན་གཏམ་ལ་སོགས་ཡང་དག་སྦྱར། །སྣོད་དུ་ཤེས་ནས་ཕྱིས་དེ་ལ། །ཟབ་མོའི་གཏམ་ནི་བསྙད་པར་བྱ་ཞེས་ཐོག་མར་བླ་མས་སྦྱིན་གཏམ་སོགས་ལ་སྦྱར་ནས་ཕྱིས་སྣོད་དུ་ཤེས་ཚེ་ཟབ་མོའི་གདམས་པ་སྟོན་དགོས་པར་གསུངས། དེས་ན་མཁས་གྲུབ་ཁྱུང་པོའི་གསེར་ཆོས་རྣམས་ཀྱང་གོང་དང་འདྲ་བར་ཟབ་མོའི་གདམས་ངག་སྟོན་པ་ལ་གདམས་ངག་དེར་དཀོན་པའི་འདུ་ཤེས་དང་། གདམས་ངག་སྦྱིན་སའི་སྣོད་བརྟག་པ་སོགས་ཀྱི་ཕྱིར་གསེར་མང་པོ་བླ་མར་ཕུལ་ནས་ཚུར་གདམས་ངག་ཞུས་པ་ཞིག་ཡིན་པ་ལས་མཐིང་ཤོག་གི་ངོས་སུ་གསེར་ཞུན་གྱིས་བྲིས་པའི་ཆོས་ཁོ་ནར་གོ་ན་མི་འགྲིག
རྗེ་བཙུན་མི་ལའི་རྣམ་མགུར་དུ་རྗེ་བཙུན་མི་ལ་དྷརྨ་བོ་དྷིའི་ཕྱག་ལེན་དུ་རྒྱ་གར་ལ་འབྱོན་པར་བརྩམ་པ་ན། རས་ཆུང་པས་རྗེ་བཙུན་མི་ལར་རྒྱ་གར་བ་གསེར་ལ་བརྩི་བ་ཡིན་གསུངས་ཀྱང་། རྗེ་བཙུན་མི་ལས་དྷརྨ་བོ་ངྷི་གསེར་མི་འདོད། །དྷརྨ་བོ་ངྷི་གསེར་འདོད་ན། །གྲུབ་པ་ཐོབ་པ་དོན་གོ་ཆུང་ཞེས་གསུངས་པ་བཞིན། འཇིག་རྟེན་ཐོག་གི་སྐྱེ་བོ་ཕལ་ཆེར་དང་འདྲ་བར་རྒྱ་གར་བ་ཕལ་པ་རྣམས་ཀྱང་གསེར་ལ་བརྩི་བ་ཁྱི་ཁྲག་ལ་མི་དགའ་བ་དང་། མི་རྒྱུ་ལ་མི་དགའ་བ་མེད་ཅེས་པའི་ཁ་དཔེ་དང་མཐུན་ལ། དེ་མིན་རྒྱ་གར་གྱི་པཎྜི་ཏ་རེ་ཟུང་ཞིག་ཀྱང་གསེར་ལ་དགའ་བ་ཡོད་སྲིད་དེ། རོག་གི་བན་དེ་ཤེས་རབ་འོད་ཀྱི་གྲུབ་མཐའི་ཆོས་འབྱུང་དུ་སྔར་གྱི་པཎྜི་ཏ་རྣམས་ད་ལྟའི་པཎྜི་ཏ་ལྷོ་མ་ཕྱིད་པ་བོད་དུ་གསེར་འཚོལ་དུ་ཡོང་པའི་བཟང་སྤྲང་ཚོ་གཅིག་དང་མི་འདྲ་གསུངས་ཞེས་འཁོད་པ་ལྟར་ཡིན། འོན་ཀྱང་ངེས་པ་དོན་དང་ལྡན་པའི་བླ་མ་གྲུབ་ཐོབ་དང་མཁའ་འགྲོ་མ་འདི་ཚོས་གསེར་ཁོ་ནའི་ཆེད་དུ་གདམས་པ་གནང་བ་ནི་མི་སྲིད་དེ། ནི་གུ་མས་དང་ཐོག་མཁས་གྲུབ་ཁྱུང་པོ་ལ་གསང་སྔགས་ཀྱི་གདམས་པ་ཞུ་བ་ལ་གསེར་དགོས་ཚུལ་གསུངས་ཀྱང་། གསེར་སྲང་ལྔ་བརྒྱ་ཕུལ་བ་རྣམས་ནགས་གསེབ་ཏུ་གཏོར་བས། མཁས་གྲུབ་ཁྱུང་པོའི་ཐུགས་དགོངས་སུ་འདི་ནི་ངེས་པར་ཤ་ཟའི་མཁའ་འགྲོ་མར་འདུག་སྙམ། དེ་རྗེས་གསེར་གྱི་རི་བོ་ཕྱོགས་བཞི་ནས་གསེར་གྱི་ཆུ་རྒྱུན་འབབ་པ་ཞིག་མཐོང་བས། མཁས་གྲུབ་ཁྱུང་པོས་གསེར་གྱི་རི་འདི་ལྟ་བུ་རྒྱ་གར་ན་ཡོད་དམ་མཁའ་འགྲོ་མའི་སྤྲུལ་པ་ཡིན་ཞུས་པས། ནི་གུ་མས་འཁོར་བའི་རྒྱ་མཚོར་བསྒྱུར་བ་ཡི། །ཆགས་སྡང་རྟོགས་པ་སྣ་ཚོགས་འདི། །རང་བཞིན་མེད་པར་རྟོགས་ཙ་ན། །ཐམས་ཅད་གསེར་གླིང་ཡིན་ནོ་བུ་ཞེས་གསུངས་པ་དང་། མར་པ་ལོ་ཙཱ་བ་རྒྱ་གར་དུ་ཕེབས་ཐེངས་གསུམ་པར་རྗེ་ནཱ་རོ་པ་མཇལ་སྐབས་ཀྱང་གསེར་གྱི་མཎྜལ་ཕུལ་ནས་གདམས་ངག་ཞུ་བྱས་པས་གསེར་རྣམས་ནམ་མཁའ་ལ་གཏོར། རྗེ་མར་པའི་ཐུགས་སུ་ངས་བོད་དུ་དཀའ་བ་དུ་མ་སྤྱད་ནས་བསགས་པ་དེ་རྣམས་ནགས་གསེབ་ཏུ་གཏོར་སྙམ་ཙ་ན། བླ་མས་ལག་པ་ཟེད་གསུངས་ནས་གསེར་རྣམས་མ་གོད་མ་ཉམས་པར་སྔར་བཞིན་ལག་ཏུ་བྱུང་། བླ་མས་ཞབས་ས་ལ་བརྡབས་པས་ས་ཐམས་ཅད་གསེར་དུ་སོང༌། བླ་མའི་ཞལ་ནས་གོ་ན་ཐམས་ཅད་གསེར་གླིང་ཡིན་ནོ་ཞེས་གསུངས་པ་སོགས་ཇི་ལྟ་བ་དང་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་སྐྱུ་རུ་ར་གསོས་པ་ལག་མཐིལ་དུ་བླངས་པ་ལྟ་བུར་གཟིགས་པའི་བླ་མ་དེ་དག་གི་ངོས་ནས་བརྗོད་ན། ས་རྡོ་རི་བྲག་ཐམས་ཅད་གསེར་གླིང་ཡིན་པས། སློབ་མས་ཕུལ་བའི་གསེར་རྡོག་ཆུང་ངུ་ལ་དགོས་པ་དེ་ཙམ་མེད་ཀྱང་། རྗེ་བཙུན་མི་ཕམ་མགོན་པོས་རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། མངོན་སུམ་མངོན་སུམ་མིན་པར་མཆོད་ཅེས་གསུངས་པ་བཞིན། མར་པ་ལོ་ཙཱ་བས་བླ་མ་ནཱ་རོ་པར་རྗེ་ལ་མི་དགོས་རུང་། བདག་དང་གསེར་འབུལ་མཁན་སོགས་སེམས་ཅན་ཐམས་ཅད་ཚོགས་རྫོགས་པའི་སླད་དུ་ཅིས་ཀྱང་བཞེས་དགོས་ཞེས་ཞུ་བ་ཡང་ཡང་ནན་གྱིས་ཕུལ་ཞེས་པ་དང་། ཡང་ཞི་བྱེད་ཀྱི་ཆིག་བརྒྱུད་སྦས་པའི་བླ་མ་རྣམ་གསུམ་གྱི་ཡ་གྱལ་པ་ཚབ་སྒོམ་པས་བྱང་ཆུབ་སེམས་དཔའ་ཀུན་དགའ་ཡུན་རིང་དུ་བསྟེན་ནས་དབུས་སུ་བྱོན་ཁར་བླ་མ་ལ་རྒྱགས་ལྷག་གི་གསེར་སྲང་གསུམ་ཕུལ་བས། བླ་མས་ཨཱ་ཙ་རའི་བརྒྱུད་པ་ལ་གསེར་གྱིས་དགོས་པ་མེད་ཀྱང་ཁྱེད་རྣམས་ཚོགས་རྫོགས་པའི་ཕྱིར་བླང་ངོ་གསུངས་ནས་ནམ་མཁའ་ལ་གཏོར་ཞེས་སོགས་འཁོད་པ་ལྟར་གསེར་འབུལ་བ་ནི་དེ་འབུལ་མཁན་གྱི་མི་ཚོའི་ཚོགས་གཉིས་རབ་ཏུ་རྫོགས་པའི་ཕྱིར་ཡིན། དེར་བརྟེན་མཁས་གྲུབ་ཁྱུང་པོས་ཀྱང་དག་པའི་ལོངས་སྤྱོད་དཔག་ཏུ་མེད། །འཇིག་རྟེན་གསེར་དངུལ་དགོས་པ་མེད་ཅེས་པ་ལྟར་རང་ཉིད་ལ་ཐབས་བརྒྱ་ཇུས་སྟོང་གིས་རྙེད་སོན་བྱུང་བའི་ནོར་རྣམས་གསེར་དུ་བསྒྲིལ་ཏེ། ཕངས་སེམས་ཀྱི་ཞགས་པས་མ་བཅིངས་པར་ཡོངས་སུ་བློས་བཏང་ནས་རྒྱ་གར་འཕགས་པའི་ཡུལ་དུ་གསེར་གྱི་འབུལ་སྐྱེས་ལ་ཐེངས་གསུམ་བྱོན།
མཁས་གྲུབ་ཁྱུང་པོའི་མཛད་རྣམ་ཁུངས་བཙན་དག་ཏུ་གསེར་སྲང་གི་ཁ་གྲངས་ཁ་གསལ་འཁོད་པ་རྣམས་ལ་གཞིགས་ན། རྒྱ་གར་དུ་ཕེབས་ཐེངས་དང་པོར་ཁྱོན་གསེར་སྲང519ཙམ་ཕུལ་བ་དང་། ཕེབས་ཐེངས་གཉིས་པར་ཁྱོན་གསེར་སྲང1451ཕུལ་བ། ཕེབས་ཐེངས་གསུམ་པར་ཁྱོན་གསེར་སྲང3000ཙམ་ཕུལ་བ་བཅས་ཐེངས་གསུམ་ལ་ཁྱོན་བསྡོམས་གསེར་སྲང4970ཙམ་ཟིན་པ་དེ། ཕོ་བྲང་པོ་ཏ་ལར་བཞུགས་པའི་རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོའི་གསེར་གདུང་ལ་གསེར་སྲང3574ཡོད་པ་ལས་གསེར་སྲང1396གི་མང་བ་དང་། སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་གསེར་གདུང་ལ་གསེར་སྲང3534སྤྱད་པ་ལས་གསེར་སྲང1436གི་མང་བ་ཡོད། གསེར་སྲང་དེ་དག་ལས་བླ་མ་རྡོ་རྗེ་གདན་པར་སྔ་ཕྱི་ཁྱོན་བསྡོམས་གསེར་སྲང613དང༌། མཁའ་འགྲོ་ནི་གུ་མར་གསེར་སྲང500མཁའ་འགྲོ་མ་བདེ་བའི་དངོས་གྲུབ་ལ་གསེར་སྲང500ཙམ་ཕུལ་བ་རྣམས་ཀྱིས་གསེར་སྲང་གི་ཁ་གྲངས་སྤྱིའི32.65%ཙམ་ཟིན། དེ་ལྟར་ཡུན་རིང་སིལ་བུ་ཁ་ཐོར་དུ་གནས་པའི་ལོ་རྒྱུས་མཇུག་བསྒྲིལ་མཚམས་དེར་བོད་སྤྱིའི་དཔལ་འབྱོར་གྱི་གནས་བབས་ཅུང་ཟད་ཞན་པས་གསེར་སྲང་འདི་ཙམ་འཚོལ་སྒྲུབ་དང་འབུལ་སྐྱེས་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན་ཏེ། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ལ་ད་འདི་ན་གསེར་སྲང་བདུན་བརྒྱ་ཡོད་དེ། འདི་ཕར་ཁྱེར་ལ་བླ་མའི་ཕྱག་ཏུ་ཕུལ། ངེད་བོད་པེ་ཏ་པུ་རིའི་གྲོང་ཁྱེར་ལྟ་བུ་ན། གསེར་ལུག་ཙམ་རེ་ལ་དཀའ་ལས་ཆེན་པོ་ཡོད་པ་ཡིན་ཞེས་གསུངས་པ་ལྟར་རོ།
།དེས་ན་གོང་གསལ་གྱི་གྲངས་དེ་དག་ལས་ང་ཚོས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བོད་དུ་གདན་དྲངས་པའི་ཆོས་སྒོ་རྣམས་ནི་གསེར་གྱིས་བླུས་པ་ཤ་སྟག་ཡིན་པ་ཤེས་ཚོར་ཐུབ། དེར་བརྟེན་མཁས་གྲུབ་ཁྱུང་པོ་རང་ཉིད་ཀྱིས་ཀྱང༌དེ་ནས་གཞུང་དང་གདམས་པའི་སྤྲོས་པ་ཆོད་ནས། ད་བོད་དུ་ཕྱིན་ནས་བླ་མ་རྣམས་ལ་གསེར་གྱི་ཆོས་སྐྱེས་ཤིག་བྱ་དགོས་སྙམ་ནས་རྡོ་རྗེ་གདན་དུ་མཆོད་པ་ཕུལ་ཞེས་འཁོད་པ་ལྟར། མཁས་གྲུབ་ཁྱུང་པོ་རང་ཉིད་རིག་པའི་གནས་ཀུན་ལ་ཕ་རོལ་ཏུ་སོན་ཡང་། མཐའ་འཁོབ་བོད་ཀྱི་ཡུལ་གྲུ་འདིར་ཚུར་ཕེབས་ནས་འདུལ་བྱ་རྣམས་ལ་གསེར་གྱི་ཆོས་སྐྱེས་ཤིག་བྱ་སྙམ་པའི་ཐུགས་འདུན་དྲག་པོ་འཁྲུངས། འོན་ཀྱང་འདུལ་བ་གཞུང་དམ་པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ཆོས་ཀྱི་སྒོ་ནས་རྙེད་པའང་མ་འཚོལ་ཅིག །ཆོས་འཚོང་ཞིང་འཚོ་བར་ཡང་མ་བྱེད་ཅེས་གསུངས་པ་དང༌། མཁས་གྲུབ་བེའུ་བུམ་དུ་གསེར་དང་རྟ་ཁྲབ་གོས་དར་ལ། །བརྗེ་ཚོང་བྱ་བའི་གདམས་པ་མིན་ཞེས་པ། བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ་དུ་མན་ངག་རིག་དང་རིག་པ་བརྗེ་བ་ལ། །ཟང་ཟིང་སྒྱུ་མའི་ནོར་ལ་ཚོང་མ་བྱེད་ཅེས་སོགས་འཁོད་པ་ལྟར་མཁས་གྲུབ་ཁྱུང་པོ་བོད་དུ་ཕེབས་རྗེས་གསེར་གྱི་བླུས་པའི་གདམས་པ་འདི་དག་གསེར་དང་བརྗེས་ཏེ་རྙེད་པ་འཚོལ་བ་དང་ཁེ་སྤོགས་ལྡབ་འགྱུར་གྱི་ཚོང་ལས་མཛད་མེད་པས། མཁས་གྲུབ་རྗེས་ཀྱང༌ཁ་སྤྱང་དང་ནོར་ཕྱིར་མ་ཤོར་བ་གལ་ཆེའོ། གལ་ཏེ་དེ་གཉིས་ཀྱི་ཕྱིར་སུ་རུང་ལ་སྟེར་ཞིང་དཔེ་ཆ་སྟོན་ན། ཀྵེ་ཏྲ་པཱ་ལས་དེའི་སྙིང་ཕུགས་ཤིག་ཅེས་བསྔོ་སྨོན་མཛད་པ་ཡིན། མཁས་གྲུབ་ཁྱུང་པོའི་གསེར་ཆོས་ལྔ་པོ་དེ་དག་ནི་ས་སྐྱ་ཚར་ལུགས་སུ་མཁའ་སྤྱོད་སྐོར་གསུམ་དང༌། དམར་ཆེན་སྐོར་གསུམ། དམར་ཆུང་སྐོར་གསུམ། འཆི་མེད་རྡོ་རྗེ་ལྷ་མོ། ཇོ་དམར། སེང་གདོང་མ། འཇམ་དཔལ་ནག་པོ་བཅས་ལ་གསེར་ཆོས་བཅུ་གསུམ་མམ་ཡང་ན། དེའི་སྟེང་དུ་སེང་གེའི་སྒྲ་བསྣན་པས་ཀླུ་བའི་གསེར་ཆོས་བཅུ་བཞི་ཞེས་འབོད་པ་རྣམས་དང་ཕྱོགས་འདྲའོ།
།དེ་ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོས་དོན་མཁའ་འགྲོའི་སྙིང་གཏམ་རྡོ་རྗེའི་ཚིག །ཆོས་ཟབ་མོའི་གསེར་ཆོས་རྣམ་པ་ལྔ་ཞེས་དང་། དཀར་ཆག་བཻཌཱུརྱའི་ལྡེའུ་མིག་ཏུ་སྒྲུབ་བརྒྱུད་ཤིང་རྟའི་ལམ་སྲོལ་མཁའ་ལྟར་ཡངས། །ཁྱུང་པོའི་གསེར་ཆོས་ཉི་ཟླ་བཞིན་དུ་དཀོན་ཞེས་པ། ཕྱག་ལེན་བདེ་ཆེན་མྱུ་གུའི་ཕྲེང་བར་དཔལ་ལྡན་རྡོ་རྗེ་བཙུན་མོ་ནི་གུ་མས། །ཁྱུང་པོའི་མཚན་ཅན་གྲུབ་ཐོབ་ལོ་ཙཱ་བར། ཆིག་བརྒྱུད་བཀའ་རྒྱས་བསྡམས་པའི་གསེར་ཆོས་ལམ། འདི་འདྲ་ཟབ་ཟབ་ཕལ་གྱི་དཔེར་མི་མཚུངས་ཞེས་སོགས་གསུངས་པ་བཞིན། མ་མཁའ་འགྲོའི་གསང་ཚིག་དང་ཆོས་ཟབ་མོའི་མཐར་ཐུག་ནི་གུའི་གསེར་ཆོས་ལྔ་པོ་འདི་རྣམས་ནི་མཁས་གྲུབ་ཁྱུང་པོ་ལ་ཐོབ་པའི་གདམས་པ་ཐམས་ཅད་ཀྱི་མཆོག་འགྱུར་དང་མན་ངག་ཡོད་ཚད་ཀྱི་ཉིང་ཁུ་ཡིན་པ་མ་ཟད། ཤངས་པའི་ཆོས་བརྒྱུད་འདི་ཉིད་བོད་དར་ནང་བསྟན་ཆོས་བརྒྱུད་གཞན་དང་མི་འདྲ་བར་བོད་ཀྱི་ལོ་རྒྱུས་གར་སྟེགས་ཐོག་བརྒྱུད་པ་རང་ཟིན་དུ་མངོན་ཐུབ་པ་ཡང་གཙོ་བོར་སྙན་བརྒྱུད་གསེར་ཆོས་ལྔ་པོ་འདི་དག་ལས་བྱུང་བ་ཡིན། དེར་བརྟེན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཀྱང་གངས་ཅན་བོད་ཀྱི་ཡུལ་འདིར་ཆོས་རྒྱལ་ལོ་པཎ་གྱི་དྲིན་ལས། མདོ་སྔགས་ཆོས་ཀྱི་རིན་ཆེན་ཀུན་ལ་ཐང་མ་རུ་བརྡལ་ཡང་། །གྲུབ་ཐོབ་བར་མ་ཆད་ཅིང་མྱོང་རྟགས་མངོན་སུམ་དུ་ཐོན་པ། མཁས་གྲུབ་ཁྱུང་པོའི་གསེར་ཆོས་ཡིད་བཞིན་ནོར་བུ་ལས་ལྷག་གོ་ཞེས་པ་ལྟར་གྲུབ་ཐོབ་བར་མ་ཆད་པས་ཉམས་བཞེས་སུ་བསྟར་བས་མྱོང་རྟོགས་ཡོན་ཏན་ཐམས་ཅད་མངོན་སུམ་དུ་སྐྱེ་བའི་གསེར་ཆོས་འདི་དག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་ལྷག་པར་གསུངས། ཁྱུང་པོའི་གསེར་ཆོས་ཀྱི་གྲངས་ངེས་ཚུལ་མི་མཐུན་པའི་སྐོར་ཤངས་ཆོས་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་ལྡེ་མིག་ཏུ་གསེར་ཆོས་བཞི། མཁའ་སྤྱོད་དཀར་དམར་དང་བཅས་པ་ཞེས་འཁོད་པས། མཁའ་སྤྱོད་དཀར་དམར་གཉིས་ཀྱི་ཆོས་སྐོར་གསེར་ཆོས་ཀྱི་ཁོངས་མ་བསྡུས་པར་གསེར་ཆོས་བཞི་ཞེས་བརྗོད་ཀྱང་། འདིར་ནི་ཡོངས་གྲགས་ལྟར་གསེར་ཆོས་རྣམ་པ་ལྔ་རུ་ཕྱེ་བ་ཡིན་ཏེ། དེ་དག་ཀྱང་དཔག་བསམ་གྱི་ལྗོན་པ་ལྟ་བུ་ལ། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་ཅེས་བརྗོད་སྲོལ་ཡོད། དེ་རྣམས་ལས་ནི་གུ་ཆོས་དྲུག་དང་ཕྱག་ཆེན། འཆི་མེད་བཅས་ནི་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དང་། ལམ་ཁྱེར་ནི་མཁའ་འགྲོ་ནི་གུ་མ། འཕྱུག་མེད་ནི་བིརཱ་པའི་གསུང་ཡིན། དེ་ལྟར་གདམས་ངག་གི་ཁུངས་བཙན་ལ་བསྲེ་ལྷད་དང་བྲལ་བའི་གསེར་ཆོས་དེ་དག་རིམ་གྱི་ཞིང་བ་ལ།

II.3.2 - The roots: the Six Doctrines of Niguma
གཉིས་པ། རྩ་བ་ནི་གུ་ཆོས་དྲུག
དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་དཔལ་རྡོ་རྗེ་འཆང་ཆེན་སྐད་པ་དེས། རྒྱུད་མཐའ་ཡས་གསུངས་པའི་སྙིང་པོ་ལ། །ཟབ་གནད་དགུ་བསྡུས་པའི་ཉེ་ལམ་ཞིག །མིང་ནི་གུ་ཆོས་དྲུག་ཞེས་བྱ་བ། །མ་མཁའ་འགྲོ་ཀུན་གྱི་གསང་ཚིག་དེ་ཞེས་གསུངས་པ་ལྟར་རྒྱུད་མཐའ་ཡས་གཅིག་ཏུ་བསྡུས་པའི་མཁའ་འགྲོའི་གསང་ཚིག་གི་སྙིང་པོར་གྱུར་པ་ནི་གུ་ཆོས་དྲུག་ནི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དུ་ཐེངས་གཉིས་པར་ཕེབས་པའི་ཚེ། གསེར་སྲང་ལྔ་བརྒྱ་འཁྱེར་ནས་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་ཀུན་ཏུ་རྒྱུ་ནས་རྩད་གཅོད་བྱས་པ་བཞིན་གསོལ་བ་ཤུགས་དྲག་བཏབ་རྐྱེན། རྒྱལ་བ་རྡོ་རྗེ་འཆང་ལས་དངོས་སུ་ཆོས་གསན་ཞིང་དག་པའི་ས་གསུམ་ལ་གནས་པ་ནཱ་རོ་པའི་ལྕམ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་མཇལ་ནས། བྱིན་རླབས་ཀྱིས་རྗེས་སུ་བཟུང་ཞིང་སྒྱུ་ལུས་རྨི་ལམ་ཟིན་ནས་གདམས་པ་འདི་དག་རྫོགས་པར་ཞུས། ནི་གུ་མས་ཀྱང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གཉིད་ཐུམ་གཅིག་ལ་ཆོས་དྲུག་གི་ཁྲིད་ཚར་བ་རྒྱ་གར་ན་ཁྱེད་ལས་མེད་གསུངས། དེ་རྗེས་དངོས་སུ་ཁྲིད་ཚར་གསུམ་གནང་བ་བསྡོམས་པས་ཆོས་དྲུག་གི་ཁྲིད་ཐེངས་བཞི་དང་། རྡོ་རྗེའི་ཚིག་རྐང་། སྒྱུ་མ་ལམ་རིམ་གསུངས་ཤིང་རྒྱུད་སྡེ་ལྔའི་དབང་དང་སྒྲུབ་ཐབས་སོགས་ཀྱི་གདམས་པའང་མང་དུ་གནང་། ཌཱ་ཀི་མའི་ཞལ་ནས་ཆོས་དྲུག་གི་དབང་གདམས་ངག་དང་བཅས་པ་འདི་རྗེ་བཙུན་ལྭ་བ་པ་དང་ང་གཉིས་མ་གཏོགས་པ་རྒྱ་གར་ན་ཡང་ཤེས་པ་མེད་པས། མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག །དེ་རྣམས་ཀྱང་རིམ་པས་བྱིན་གྱིས་རློབ་ཅིང་ལུང་སྟོན་པར་འགྱུར་རོ་ཞེས་གསུངས་པ་ལྟར་མཁའ་འགྲོ་མ་འདི་དང་རྗེ་བཙུན་ལྭ་བ་པ་ཙམ་ལས་རྒྱ་གར་དུ་ཡང་ཆོས་དྲུག་གི་མན་ངག་ཡོངས་སུ་རྫོགས་པ་མཁྱེན་མཁན་མེད་པ་དང་། རྗེ་བཙུན་ལྭ་བ་པ་ལ་ངེས་བཟུང་མཛད་པ་ཡང་གདམས་པ་འདི་ཤིན་ཏུ་དཀོན་པའི་དབང་དུ་བྱས་པ་ཡིན། དེས་ན་རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང་ལྭ་བ་པ་དང་ནི་གུ་མ་གཉིས་ཀྱང་གདམས་ངག་བྱིན་རླབས་ཀྱི་རྐང་གཅིག་པར་བཤད་པས། ནི་གུའི་ཆོས་དྲུག་དང་མ་འབྲེལ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟར་ནི་གུ་མ་དང་རྗེ་བཙུན་ལྭ་བ་པའི་གདམས་ངག་རྣམས་བྱིན་རླབས་ཀྱི་ཁུངས་གཅིག་པས་འབྲེལ་བ་དམ་ཟབ་ཡོད་པ་གསུངས། སློབ་དཔོན་ལྭ་བ་པའམ་ཨིནྡྲབོ་དྷི་ཆུང་བ་ནི། ཡུལ་ཨོ་རྒྱན་གྱི་བྱེ་བྲག་གྲོང་ཁྱེར་སམྦྷེ་ལ་ཞེས་བྱ་བར་སྐུ་འཁྲུངས་ཤིང་། དུར་ཁྲོད་ཀྱི་སྐྲའི་ལྭ་བ་གྱོན་པས་མཚན་དེ་ལྟར་ཐོགས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཐ་སྙད་དུ་རྣམ་རྫུན་པར་འདོད་པའི་སློབ་དཔོན་ཞིག་ཡིན། རིང་བརྒྱུད་བཀའ་བཞི་བླ་མའི་རྣམ་ཐར་ལས་སློབ་དཔོན་ཆེན་པོ་ལྭ་བ་པས། །གྲོང་ཁྱེར་ཆེན་པོའི་སྲང་མདོ་རུ། བཅུ་གཉིས་བར་དུ་གཉིད་ལོག་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅེས་མི་ལོ་བཅུ་གཉིས་རིང་དཀའ་སྤྱད་སྒོམ་སྒྲུབ་མཛད་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཐར་ཕྱིན་པ་ཐོབ་ནས་ཨོ་རྒྱན་གྱི་རྒྱལ་པོའི་བླ་མཆོད་ཀྱང་མཛད་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་ལ། གྲུབ་ཆེན་འདི་དང་མཚོ་སྐྱེས་གཉིས་ནི་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་མི་ཡུལ་དུ་སྤྱན་དྲངས་མཁན་ཡང་ཡིན། དཔལ་འཁོར་ལོ་སྡོམ་པའི་དབང་གི་བརྒྱུད་པ་ཞིག་གི་རིམ་པ་ལྔ་པར་ཡང་སློབ་དཔོན་འདིའི་མཚན་དྲངས་འདུག །འགའ་ཞིག་གིས་གྲུབ་ཆེན་ལྭ་བ་པ་ནི་ཏེ་ལོ་པའི་བཀའ་བབས་བཞིའི་བླ་མའི་གྲས་སུ་བཞེད་པ་དང་། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་ནང་གི་སློབ་དཔོན་ཀམ་པ་ལི་ཞུ་བ་དེ་ཡིན་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དེབ་དམར་མཆན་འགྲེལ་ཨང365པར་གསལ་བ་ལ་སོགས་པ་བདེན་མིན་དཔྱད་པར་འཚལ།
ཆོས་དྲུག་པོ་འདི་དག་མི་རབས་བདུན་དུ་ཆིག་བརྒྱུད་ལས་སྤེལ་མི་ཆོག་པའི་བཀའ་རྒྱ་མཛད་པ་ནི། སྤྱིར་ཆིག་བརྒྱུད་ཅེས་པ་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་མིའི་དབང་དུ་མཛད་ཀྱི། གཞན་རྡོ་རྗེ་འཆང་ཆེན་པོས་དཔའ་བོ་དང་མཁའ་འགྲོ་སོགས་འཁོར་མཐའ་ཡས་པའི་དབུས་སུ་གསུངས་པ་དང་། ཆིག་རབས་བདུན་ཁོ་ནར་གདམས་པ་དེ། ཆོས་འདིའི་གདུལ་བྱ་མང་པོ་མི་འབྱུང་བའི་ཕྱིར་ཡིན། རིམ་པས་བྱིན་གྱིས་རློབ་ཅིང་ལུང་བསྟན་པར་འགྱུར་རོ་ཞེས་གསུངས་པས་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་ནས་ཐེངས་གསུམ་པར་བོད་དུ་ལོག་ཕེབས་རྗེས་རྒྱ་དཔེ་འགའ་ཞིག་རུལ་བའི་ལོ་རྒྱུས་ཡོད་པ་དེ་ནི། ཕལ་ཆེར་ཆོས་དྲུག་ལ་སོགས་པའི་གདམས་པའི་དཔེ་འགའ་ཞིག་ལ་གོ མཁས་གྲུབ་ཁྱུང་པོའི་ཆོས་དྲུག་གི་དཔེ་འདི་རྣམས་ཇོ་བོ་རྗེའི་དཔེ་དང་གཅིག་པས། ལོ་ཆེན་རིན་ཆེན་བཟང་པོ་དང་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་དེ་མཁའ་འགྲོ་ནི་གུ་མས་བྱིན་གྱིས་བརླབས་པ་ཡིན། ཡང་ནི་གུ་ཆོས་དྲུག་གི་གདམས་པ་འདི་ཉིད་མི་རབས་བདུན་ལས་སྤེལ་མ་ཆོག་ཅེས་གསུངས་པར་གྲངས་བདུན་སྨོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་ཕལ་ཆེར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བཤེས་གཉེན་ཆོས་འཕགས་འཚོལ་བའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲིགས་བམ་རྒྱ་རིམ་པ་བདུན་དུ་བཏབ་པའི་རྟེན་འབྲེལ་གྱིས་ཞི་བྱེད་པའི་ཐུན་མོང་མ་ཡིན་པའི་གདམས་པ་རྒྱུད་སྟོང་ཐུན་དང་བཅས་པ། དབང་ལམ་ཁྲིད་དང་བཅས་པ། དེ་མིན་གསང་མཛོད་གསུམ། ལམ་སྐོར་ལ། བེའུ་བུམ་བརྒྱད་བཅས་ཀྱང་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན། བྲམ་ཟེ་ཨརྱ་དེ་བ། དམ་པ། ཀུན་དགའ། པ་ཚབ། ཏེ་ནེ་བཅས་མི་རབས་བདུན་གྱི་བར་ཆིག་བརྒྱུད་ཀྱིས་བཀའ་རྒྱས་བཏབ་པ་དང་འདྲ་བ་ཡིན་སྙམ། དེ་ལྟར་ནི་གུ་ཆོས་དྲུག་གི་གདམས་པ་ཚད་ལྡན་མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་བ་འདི་ཉིད་ཡིན་ཚེ། ནི་གུ་མ་དང་ལྭ་བ་པར་མངའ་ཞིང་། ཇོ་བོ་ཨ་ཏི་ཤ་ལ་འདིའི་རྒྱ་དཔེ་ཡོད་ལ། ལོ་ཆེན་རིན་ཆེན་བཟང་པོ་དང་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།
།དཔལ་ལྡན་ཤངས་པའི་བཀའ་སྲོལ་འདིར་ནི་གུ་ཆོས་དྲུག་ཅེས་སུ་གྲགས་པ་དེ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གནང་བའི་ཟབ་དོན་སྙིང་པོར་དྲིལ་བའི་གཞུང་ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཉིད་མ་ཕྱིར་བཟུང་བས། དེ་ནི་ཤངས་པའི་གདམས་པ་ཐམས་ཅད་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ། ཤངས་པ་བཀའ་བརྒྱུད་པའི་ཚབ་མཚོན་གྱི་བ་དན་ཞིག་ཀྱང་ཡིན། འོ་ན་སྤྱིར་རྡོ་རྗེའི་ཚིག་རྐང་ལ་བཀའ་རྡོ་རྗེའི་ཚིག་རྐང་དང་། བསྟན་བཅོས་རྡོ་རྗེའི་ཚིག་རྐང་གཉིས་སུ་ཡོད་པ་ལས། གཞུང་དེ་གང་དུ་གཏོགས་ཤེ་ན། གཞུང་འདི་ཉིད་ཀྱི་ལྷིང་གཞིའི་སྐབས་སུ་ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས་ཞེས་པའི་ཚིག་སྦྱར་ཡོད་སྟབས་ནི་གུ་མས་རྒྱལ་བ་རྡོ་རྗེ་འཆང་ལས་དངོས་སུ་གསན་པ་རྟོགས་ཐུབ་པས། བཀའ་ལ་གཏོགས་པ་ཡིན། དེས་ན་ནི་གུ་ཆོས་དྲུག་གི་རྡོ་རྗེའི་ཚིག་རྐང་འདི་ཉིད་དང་། རས་ཆུང་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་སོགས་ལྟ་བུ་བཀའ་རྡོ་རྗེའི་ཚིག་རྐང་དང་། ཤངས་པའི་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་དང་། ལམ་འབྲས་རྡོ་རྗེའི་ཚིག་རྐང༌། སྤྲོས་མེད་རྡོ་རྗེའི་ཚིག་རྐང་སོགས་ལྟ་བུ་ནི་བསྟན་བཅོས་རྡོ་རྗེའི་ཚིག་རྐང་ངོ༌།
II.3.2.1
།གཅིག །ནི་གུ་ཆོས་དྲུག་གི་སྔོན་འགྲོ་བཤད་པ།
དེ་ཡང་སྟོན་པས་གསུངས་པའི་ལུང་གི་དམ་ཆོས་གང་ཞིག །ཡུལ་མི་སྤོང་བར་ལམ་དུ་བྱེད་པའི་མྱུར་བདེའི་ཐབས་ཁྱད་པར་དུ་འཕགས་ཤིང་། རྒྱུ་འབྲས་ལྷུན་འགྲུབ་ཏུ་སྤྱོད་པའི་ཚུལ་གཙོ་བོར་སྟོན་པའི་རིགས་སུ་གནས་པ། རྗོད་བྱེད་བརྗོད་བྱ་ཟག་མེད་ཀྱི་བདེ་བའི་རྒྱུ་ལམ་འབྲས་བུ་དང་བཅས་པ་རྣམས་དང་། དེའི་ཕྱོགས་སུ་གཏོགས་པ་རྣམས་ཏེ་དེ་དག་ལ་གསང་སྔགས་ཀྱི་ཚུལ་དང་། རྒྱུད་སྡེ། རྡོ་རྗེ་ཐེག་པ། རིག་པ་འཛིན་པའི་སྡེ་སྣོད། འབྲས་བུའི་ཐེག་པ་ཞེས་ཀྱང་བྱ་ལ། གསང་སྔགས་ཀྱི་སྒྲ་དོན་ཡང་ལེགས་སྦྱར་གྱི་སྐད་དུ་མནྡ་ཞེས་པ་སྟེ། འདུས་པ་ཕྱི་མ་ལས་དབང་པོ་དང་ནི་ཡུལ་རྣམས་ཀྱི། རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། ཏྲ་ནི་སྐྱོབ་པར་བྱེད་པའི་དོན་ཞེས་གསུངས་པས། ཡིད་འཁོར་བ་དང་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པའི་ཕྱིར་གསང་སྔགས་ཞེས་སུ་གསུངས་པའམ། ཡང་ན་སྣོད་མིན་རྣམས་ལ་གསང་ནས་ཚུལ་བཞིན་དུ་སྤྱད་པས་འགྲུབ་པར་འགྱུར་བའི་ཕྱིར་གསང་སྔགས་ཞེས་སུ་བརྗོད་དེ། དུས་འཁོར་ལས་གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། །རྡོ་རྗེ་ཐེག་པ་འབྲས་བུ་ཆེ་ཞེས་གསུངས་ཤིང་། སྐབས་འདིར་གང་ལ་གསང་བའི་ཡུལ་སྣོད་མིན་དེའང་ཕྱི་ནང་གི་རྟོག་གེ་བ་ཚིག་ཙམ་ལ་བལྟ་ཞིང་ཕྱོགས་རེ་ལ་མངོན་པར་ཞེན་པ་དང་ལྟ་སྤྱོད་ཁྱད་པར་ཅན་འདི་བློར་མི་ཤོང་བ་དག་གོ
།དེས་ན་ཁ་རྒྱུན་དུ་གསང་སྔགས་གསང་བས་འགྲུབ། གསང་སྔགས་དད་པས་འགྲུབ་ཅེས་གྲགས་པ་བཞིན། བེ་རོའི་རྣམ་ཐར་འདྲ་འབག་ཆེན་མོར་ཡང་ཐེག་ཆེན་གསང་སྔགས་འབྲས་བུའི་ཆོས་གཅིག་པུ། །ཐུན་མོང་མ་ཡིན་མཆོག་ཏུ་གསང་བའི་ཆོས་ཞེས་པ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་འདི་ཉིད་ནི་ཆེས་ཟབ་ལ་ཤིན་ཏུ་གསང་བའི་འབྲས་བུའི་ཆོས་ཉག་གཅིག་ཡིན་པས་གསང་སྔགས་ཀྱི་ཟབ་མོའི་གདམས་པ་གང་ཞིག་ཐོས་བསམ་དང་ཉམས་ལེན་བྱེད་པར་དེ་དག་ལེགས་པར་ཉར་ཚགས་བྱེད་ཐུབ་པའི་སྣོད་ལྡན་གྱི་གང་ཟག་ཅིག་དགོས་ལ། གང་ཟག་དེས་ཀྱང་ཐུན་མོང་ལམ་གྱི་རྒྱུད་སྦྱོང་ཅི་དགོས་ངེས་པར་སྔོན་དུ་འགྲོ་དགོས་པ་ལས། དད་པ་དང་སྙིང་རྗེ། དབང་བསྐུར། ཚུལ་ཁྲིམས་སོགས་དང་བྲལ་བའི་མི་ཞིག་གིས་གསང་སྔགས་ཉམས་སུ་མྱོང་ན་བྱིས་པ་ལྕགས་སྲེག་མིད་པ་དང་མཚུངས་པར་གསུངས་པ་ཡང་། འཕགས་པ་རྡོ་རྗེ་ཁྲོ་བོའི་རྟོག་པ་བསྡུས་པའི་རྒྱུད་ལས་དད་པ་དང་ཡང་མི་ལྡན་ཞིང་། །བྱང་ཆུབ་སེམས་ཀྱང་མ་བསྐྱེད་དེ། །དབང་བསྐུར་རྗེས་གནང་མ་ཐོབ་ལ། །སྡོམ་ཚུལ་དམ་ཚིག་བྲལ་བའི་མི། །གསང་སྔགས་རང་ཉིད་ལེན་པ་ནི། །བྱིས་པ་ལྕགས་སྲེག་མིད་པ་འདྲ། །ཐོག་མ་མེད་སྒྲིབ་བཀྲུ་བའི་ཕྱིར། རྡོ་རྗེ་སློབ་དཔོན་འདི་སྐད་བརྗོད་ཅེས་འཁོད་པ་ལྟར་ཡིན་ལ། འདི་དང་ཕྱོགས་འདྲ་བར་རྒྱལ་དབང་ལྔ་པ་ཆེན་པོས་འདི་ན་རྒྱུ་དང་འབྲས་བུའི་ཐེག་པ་ལས། །ཆེས་ཟབ་གསང་བ་སྔགས་ཞེས་རབ་གྲགས་ཀྱང་། །ཐུན་མོང་ལམ་གྱི་རྒྱུད་སྦྱང་མ་སོང་བར། །མ་དུལ་གླང་པོ་བཞོན་ན་བདག་ཉིད་ཕུང་ཞེས་དང་། ཡོ་ཧན་སྦོ་ལོ་ཕེར་དཱ་(John Blofeld)ཡིས་ཅི་འདྲའི་ཉེན་ཁ་ཆེ་བའི་འཚོལ་བསྙེག་ཅིག་བྱ་བར། ལམ་བུ་འདིའི་ཐོག་ཡུན་རིང་བགྲོད་མྱོང་བ་དང་གང་དེའི་གསུང་མཐའ་དག་རྣམ་དཔྱོད་ཀྱི་རྩ་ལ་ལས་ཐོན་པའི་བླ་མ་ཞིག་གི་མཛུབ་ཁྲིད་མེད་ན། དེ་ནི་ཚོར་འདུ་བརླག་པའི་སྨྱོན་པའི་བྱ་སྤྱོད་དུ་འགྱུར་སྲིད་ཅེས་སོགས་གསུངས་པ་བཞིན། ལེགས་པར་མ་དུལ་བའི་གླང་པོ་ཆེ་བཞོན་པ་ལྟར་མཐར་རང་ཉིད་རྡོ་རྗེ་དམྱལ་བའི་འོབས་དོང་དུ་ལྷུང་ནས་ནམ་ཞག་གཏན་དུ་ཕུང་བར་འགྱུར། དེར་བརྟེན་ཐོག་མ་ཉིད་ནས་དངོས་གཞི་སེམས་དོན་ལ་མཐོ་སྙབ་མི་བྱ་བར། སྔོན་འགྲོའི་ཆོས་འདི་རྣམས་སྙིང་ལ་རྡོ་རུས་འཁྲོད་ངེས་བསྒོམ་པ་ཤིན་ཏུ་གལ་ཆེ་ཆོས་དྲུག་གི་གདམས་པ་འདི་ཉིད་ཉམས་ལེན་བྱེད་པར་ཡང་ཐོག་མར་ཁྲིད་རིམ་སྤྱི་དང་མཐུན་པར་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཅས་ཀྱི་བློ་ལྡོག་རྣམ་བཞིས་རྒྱུད་འཁུལ་ཏེ་ཁ་ཙམ་ཚིག་ཙམ་མ་ཡིན་པའི་བློ་སྣ་དྲག་པོ་བསྐྱེད་དགོས་ལ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ནས་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཤིང་བདེ་དགྱེས་གང་རུང་གི་དབང་བཞི་མཚན་ཉིད་ཚང་བ་ལེགས་པར་ཐོབ་པ་དང་། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་གཅེས་སྦྲས་སུ་བྱེད་པ་ནི་ལམ་འདིའི་སྔོན་འགྲོར་མེད་དུ་མི་རུང་དུ་དགོས་ཞེས་འཁོད་པ་ལྟར་ཐོག་མར་ཐུན་མོང་བའི་ལམ་སྦྱངས་ཤིང་དབང་བཞི་ལེགས་པར་ཐོབ་པ་མ་ཟད། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་གཡག་རྔ་བཞིན་དུ་སྲུང་དགོས་པ་ཡིན། སྐབས་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་གིས་བསྟན་པའི་གོ་རིམ་བཞིན་ཆོས་དྲུག་པོ་དེ་དག་གི་སྔོན་འགྲོ་ཞིང་བར་བྱ་བ་ལ།
རྡོ་རྗེའི་ཚིག་རྐང་འདི་ཉིད་ལས་དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས་ཞེས་གསུངས་པ་ལྟར། ཆོས་ཟབ་མོ་འདི་ཉིད་ལ་མ་འཇུག་པའི་སྔོན་དུ་དཔལ་རྒྱུད་སྡེ་ཆེན་པོ་ལྔ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་གལ་ཆེ་སྟེ། རྡོ་རྗེ་སྒོའི་རྒྱུད་ལས་གཞི་ནི་དབང་ལ་བརྟེན་པ་དང༌། །ལམ་ནི་དབང་གིས་བགྲོད་པ་དང་། འབྲས་བུ་དབང་དུ་གནས་པའོ་ཞེས་གསུངས་པ་ལྟར་གསང་སྔགས་མངོན་སུམ་ལམ་པའི་གཞི་ལམ་འབྲས་གསུམ་ཐམས་ཅད་དབང་ལ་བརྟེན་པ་དང་། དབང་གིས་བགྲོད་པ། དབང་དུ་གནས་པས། དབང་མ་ཐོབ་པ་རྣམས་ལ་དངོས་གྲུབ་མི་འབྱུང་བ་སྟེ། ཕྱག་ཆེན་ཐིག་ལེ་ལས་དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན་ཞེས་གསུངས་པ་བཞིན་ནོ། །དེར་བརྟེན་ཐོག་མར་དབང་བཞིས་རྒྱུད་སྨིན་པ་སྟེ། ཕྱི་བུམ་པའི་དབང་གིས་ལུས་སྨིན། ནང་གསང་བའི་དབང་གིས་ངག་སྨིན། གསང་བ་ཤེས་རབ་དབང་གིས་ཡིད་སྨིན། ཡང་གསང་ཚིག་དབང་གིས་སེམས་སྨིན་པའི་གང་ཟག་དེ་དག་ལ་དད་པ་དང་། བརྩོན་འགྲུས། མི་རྟག །སྐྱོ་ཤས་ཏེ་ཐུན་མོང་སྔོན་འགྲོའི་ཆོས་བཞི་ཡོངས་སུ་ལྡན་པས། གོས་དྲི་མ་ཅན་ལ་ཚོས་མི་ཆགས་པ་ལྟར་རང་རྒྱུད་མ་དག་ན་དགེ་སྦྱོར་མི་སྐྱེ་ཞིང་ཐར་པ་ཐོབ་དཀའ་བས་ཐུན་མོང་མ་ཡིན་པ་དག་བྱེད་ཨའི་སྟོང་ར་དང་བླ་མའི་རྣལ་འབྱོར་གྱིས་རྒྱུད་སྦྱང་སྟེ། རང་རྒྱུད་ལ་མངའ་བའི་སྡིག་སྒྲིབ་ཉེས་ལྟུང་སོགས་ཀྱི་དྲི་མ་མཐའ་དག་སྦྱོང་བར་འབད་དགོས། ཡང་དག་བྱེད་སྟོང་ར་ཞེས་པ་རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ལས་རང་རྒྱུད་དྲི་མ་ཉམས་ཆགས་འདོགས། །འདི་ནི་སྟོང་རའི་མཚན་ཉིད་ཡིན་ཞེས་གསུངས་པ་ལྟར་ཟབ་མོའི་ཆོས་སྐྱེ་བའི་གེགས་སུ་འགྱུར་བའི་རང་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་ཐམས་ཅད་འདག་པར་བྱེད་པ་དེ་ལ་དག་བྱེད་ཨའི་སྟོང་ར་ཞེས་སུ་འབོད། སྤྱིར་ཆོས་དྲུག་གི་སྔོན་འགྲོ་ལ་གདམས་པའི་སྣོད་ཀྱི་ཆ་རྐྱེན་མི་འདྲ་བའི་དབང་གིས་དུས་ཡུན་རིང་ཐུང་སྣ་ཚོགས་འགོར་སྲིད་ཀྱང་། ནི་གུ་ཆོས་དྲུག་གི་ཞལ་ཤེས་དགོས་རྣམས་ཀྱི་ལྷན་ཐབས་སུ་དངོས་གཞི་རྒྱུད་ལ་སྐྱེ་བ་ལ་སྔོན་འགྲོ་ཚད་ལ་ཕེབས་དགོས་པ། སྔོན་འགྲོ་ལ་འཇུར་བ་གལ་ཆེ། ངས་ཞག་བཞི་བཅུ་ཞེ་ལྔ་ལ་འབུངས་ཞེས་གསུངས་པ་ལྟར་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་སྔོན་འགྲོ་ལ་ཞག་བཞི་བཅུ་ཞེ་ལྔ་སྤྱད་པ་དེ་ཙམ་ཚད་དུ་བཟུང་ན་སྐྱོན་ཆེར་མེད་སྙམ། དེ་ལྟར་དངོས་གཞི་ལས་སྔོན་འགྲོ་ཟབ་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཆོས་མ་ལུས་པ་རང་གི་བླ་མའི་བཀའ་བཞིན་ལེགས་པར་གྲུབ་ཟིན་རྗེས་ཟབ་ལམ་དངོས་ལ་འཇུག་པར་བྱ་བ་སྟེ། རྡོ་རྗེའི་ཚིག་རྐང་འདི་ཉིད་ལས་ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་སངས་རྒྱས་འགྱུར་ཞེས་འཁོད་པ་བཞིན་ཆོས་དྲུག་གི་ལམ་མཆོག་འདི་རང་རྒྱུད་དུ་ཉམས་ལེན་བྱེད་པའི་དངོས་གཞི་དང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་རྗེས་སུ་སྨོན་ལམ་བཀྲ་ཤིས་བསྔོ་བའོ་ཞེས་གསུངས་པ་ལྟར་རྗེས་སུ་བཀྲ་ཤིས་པའི་སྨོན་ལམ་བརྗོད་ནས་དགེ་རྩ་བསྔོ་བ་དང་རྒྱས་འདེབ་པ་བཅས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་ལེན་ན་དབང་པོ་རབ་ཀྱིས་ཟླ་བ་དྲུག་དང་། འབྲིང་གི་ལོ། ཐ་མས་ཀྱང་ཚེ་འདི་རང་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འགྱུར་བས་ས་ཆོད་ཤིན་ཏུ་ཆེ་བར་གསུངས་སོ།
II.3.2.2
།གཉིས། ནི་གུ་ཆོས་དྲུག་དངོས་བཤད་པ།
དེ་ལྟར་རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔའི་ནང་ཚན་དུ་གཏོགས་པའི་ནི་གུ་ཆོས་དྲུག་གི་སྤྱིའི་སྔོན་འགྲོ་དང་། བྱེ་བྲག་སོ་སོར་ཡང་སྔོན་འགྲོ་རེ་ཡོད་ངེས་ཀྱང་། འདིར་རེ་རེ་བཞིན་མ་སྤྲོས། དེ་དག་གི་རྣམ་གྲངས་ནི་གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཕྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་བཅས་པ་ལས།
༡ གཏུམ་མོ་བདེ་དྲོད་རང་འབར།
གཏུམ་མོ་བདེ་དྲོད་རང་འབར་ཞེས་པ་འདིའི་མཚན་ཉིད་ཀྱང་། རྡོ་རྗེ་སྙིང་འགྲེལ་ལས་སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད་ཅེས་པ་དང་། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ལས་བདེ་དྲོད་རང་བཞིན་སྟོང་གསལ་འཆར། །འདི་ནི་ཐབས་ལམ་མཚན་ཉིད་ཡིན་ཞེས་གང་ལ་གནད་དུ་བསྣུན་པའི་ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད་པས་གཏུམ་ཞེས་དང༌། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་བསྐྱེད་པར་བྱེད་པས་མོ་ཞེས་བྱ་བ་ཡིན་ལ། གཏུམ་མོ་ནི་ཨ་དྷི་སྟེ་ལྟེ་བར་མ་ལས་ཐོབ་པ་དམར་ཆའི་དྭངས་མ་གཏུམ་མོ་ཨ་ཐུང་དང༌། སྤྱི་བོར་ཕ་ལས་ཐོབ་པ་དཀར་ཆའི་དྭངས་མ་བྱང་ཆུབ་ཀྱི་ངོ་བོ་རྫི་ཡིག་སྟེ་བྱང་སེམས་དཀར་དམར་ཞུ་བདེའི་ཐིག་ལེ་གཉིས་འབར་འཛག་གིས་རྡོ་རྗེའི་ལུས་ལ་བདེ་དྲོད་བསྐྱེད་དེ་སྟོང་གསལ་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ཏེ། གསེར་ཆོས་ཀྱི་ལམ་རིམ་སྙིང་པོར་དྲིལ་བའི་གསོལ་འདེབས་སྙིང་གི་བདུད་རྩི་ལས་འོག་ལྟེ་བའི་ཨ་ཐུང་འོད་འབར་ལ། །སྲོག་རྩོལ་གྱི་རླུང་གིས་བསྲུབས་པ་ལས། གཟུང་འཛིན་གྱི་བུད་ཤིང་སྲེག་བྱེད་པའི། །ལམ་གཏུམ་མོ་འབྱོང་བར་བྱིན་གྱིས་རློབས་ཞེས་གསུངས་པ་བཞིན་རང་ལུས་ཐབས་ལྡན་དང་གཞན་ལུས་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ཀྱི་སྒོ་ནས་ཡས་འབབ་ཟག་བཅས་དང་། མས་བརྟན་ཟག་མེད་དགའ་བཞི་འཕོ་འགྱུར་མེད་པ་བསྐྱེད་ལ་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་བརྟན་པར་བྱ་སྟེ། དེ་ལ་གཏུམ་མོ་མེ་རྒོད་དྲག་པོའི་སྦྱོར་བས་རྩ་རྒོད་རླུང་རྒོད་བཏུལ་ནས་དྲོད་བཙན་ཐབས་སུ་བསྐྱེད་པ་གཏུམ་མོ་རང་གི་སྔོན་འགྲོ་སྔོན་དུ་སོང་ནས། སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་དང་སྦྲེལ་བ་དཔྱིད་ཐིག་འབར་འཛག་འཇམ་པོའི་རྣལ་འབྱོར་གྱིས་དངོས་གཞི་ཟས་སུ་ཟ་བ། ཡན་ལག་ཏུ་གོས་སུ་གྱོན་པ། གདན་དུ་འདིང་བ། རྟ་རུ་བཞོན་པ་རྣམས་སྤྱོད་ལམ་གང་དང་འཚམ་པར་ཉམས་སུ་ལེན་ཅིང་། རྗེས་སྲིད་པའི་དབང་ཞུ་བ། གེགས་རང་གྲོལ་། ཐོན་ཆོས་བྱིན་རླབས་བླ་མའི་གཏུམ་མོ་རྣམས་ཀྱི་གྲུབ་པའོ།།
༢ སྒྱུ་ལུས་ཆགས་སྡང་རང་གྲོལ།
ཆོས་དྲུག་གི་གཉིས་པ་བོགས་འདོན་སྒྱུ་ལུས་འདི་ཡང་གཏུམ་མོའི་འོག་ཏུ་འཆད་པ་ནི། རྒྱལ་དབང་དགེ་འདུན་རྒྱ་མཚོས་ནང་གི་རྐྱེན་གཏུམ་མོའི་རྣལ་འབྱོར་དང་། ཕྱིའི་རྐྱེན་ཕྱག་རྒྱ་སྲོག་རྩོལ་དུ་སོང་བ་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་ཕྲ་མོ་ཡང་མ་ལུས་པར་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པའི་དཔེའི་འོད་གསལ་མཐར་ཐུག་ལས་བདག་བྱིན་བརླབ་ཀྱི་རིམ་པ་སྒྱུ་ལུས་སུ་ལྡང་བ་འབྱུང་བའི་ཕྱིར་རོ་ཞེས་གསུངས། སྒྱུ་ལུས་ཞེས་པ་འདིའི་མཚན་ཉིད་ནི་མཉམ་མེད་སྐུགས་ལུང་པས་ཀུན་རྫོབ་ལས་སྣང་གིས་བསྡུས་པ་ཐམས་ཅད་བདེན་པ་མེད་པར་སྟོན་པར་བྱེད་པའི་ཆོས་ཞེས་པ་ལྟར། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ཆགས་སྡང་ཐམས་ཅད་རང་སར་གྲོལ་བའམ་ཞི་བར་བྱེད་པའི་རྣལ་འབྱོར་ཞིག་ཡིན། དེའི་གདམས་པ་ལ་གསུམ་སྟེ་འདུས་བྱས་མི་རྟག་ནམ་འཆི་ངེས་མེད་པས། ཅིས་ཀྱང་དགོས་མེད་རང་ཉིད་ཡི་དམ་ལྷ། །སྤྱི་བོའི་བླ་མར་མོས་གུས་གསོལ་བཏབ་པས། །རང་ཐིམ་དུས་གསུམ་སྤྲོ་བསྡུ་ལྷུག་པར་བཞག་ཅེས་པ་ལྟར་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་སྟེ་ལྷ་དང་བླ་མ་མོས་གུས་དྲན་འདུན་གསུམ། རྟག་ཏུ་མི་བྲལ་རང་གཞན་སྣོད་བཅུད་ཀུན། །སྣང་ཡང་བདེན་པར་མ་གྲུབ་སྒྱུ་མ་དང༌། །རྨི་ལམ་དངོས་ཡིན་འཛིན་མེད་རང་ངོ་བསྐྱང་ཞེས་པ་ལྟར་རོ། །ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེད་པའོ། །དང་པོ་རབ་ལ་མོས་གུས་བླ་མ་ལམ་ཁྱེར་དང་ཅིར་སྣང་བདེན་མེད་ལམ་ཁྱེར་གཉིས། དབང་པོ་རབ་ལ་གྲོགས་ཞེས་བརྗོད་དེ། ནི་གུ་ཆོས་དྲུག་གི་ཁྲིད་ཡིག་བདུད་རྩིའི་རྒྱ་མཚོ་ལས་འདུ་བྲལ་མེད་པའི་དོན་གྱིས་ན་གྲོགས། གོང་ནས་གོང་དུ་འཁྲིད་པར་བྱེད་པས་ན་གྲོགས། ཡོན་ཏན་ཐམས་ཅད་སྐྱེད་པའམ། ཚེ་གཅིག་གམ། ལོ་ཟླས་སངས་རྒྱ་བའི་དོན་གྱིས་གྲོགས་སོ་ཞེས་གསུངས། གཉིས་པ་འབྲིང་ལ་རང་ལུས་སྣང་སྟོང་ལྷའི་སྐུ་དང་ཅིར་སྣང་སྒྱུ་མའི་ལམ་ཁྱེར་གཉིས། གསུམ་པ་ཐ་མར་འགྲོ་འདུག་མང་པོ། འཕོ་བསྐྱས་མང་པོ། བློ་སྣ་མང་པོ། ལོང་གཏམ་མང་པོ་བཅས་བསད་པ་བཞི་དང་བྲལ་བས་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་ཏིང་ངེ་འཛིན་གནད་བརྒྱད་ལྡན་སྒོམ་ཞིང༌། ནད་གདོན་སྒྱུ་མར་ལམ་དུ་འཁྱེར་བས་འཆར་བྱེད་ཡོན་ཏན་ཚོགས་དྲུག་དང་། ཞེན་མེད་སྒྱུ་མ་རང་ཤར་རྣམས་ཤུགས་ལས་འབྱུང་བར་འགྱུར། དེའི་རྗེས་ཤེས་ནི། ཁྲིད་ཡིག་བདུད་རྩིའི་རྒྱ་མཚོ་ལས་སྤྱོད་ལམ་ཐམས་ཅད་དུ་འཆི་བ་ཡིན་སྙམ་པ་དང༌། བླ་མའི་མོས་གུས་དང་། ཁྱད་པར་དུ་འགྲོ་ཆག་ཉལ་འདུག །ཟས་གོས་གཏམ་སྙན་མི་སྙན་ལ་སོགས་པ། ཆགས་སྡང་ཡུལ་དུ་འཕྲད་པའི་ཚེ་ང་གཉིད་དུ་སོང་འདུག །འདི་རྨི་ལམ་གྱི་འགྲོ་འདུག་དང་། རྨི་ལམ་གྱི་ཆགས་སྡང་ལ་སོགས་པར་འདུག་སྙམ་དུ་བསམས་ལ། ངག་ཏུ་ཡང་སྒྱུ་མ་རྨི་ལམ་བརྗོད་ཅེས་པ་ལྟར་རོ།།
༣ རྨི་ལམ་ཉིང་འཕྲུལ་རང་དག
ལམ་གྱི་ཚོད་འཛིན་རྨི་ལམ་འདི་ཡང་སྒྱུ་ལུས་ཀྱི་གདམས་པའི་ཡན་ལག་ཡིན་པའི་ཕྱིར་དེའི་འོག་ཏུ་བཤད་ལ། འདུན་པའི་གནད་ཀྱི་གདམས་པ་རྨི་ལམ་ཉིང་འཕྲུལ་རང་དག་གི་མཚན་ཉིད་ནི་ཉིང་འཁྲུལ་བདེན་མེད་བདེ་བར་ཤར། །འདི་ནི་རྨི་ལམ་མཚན་ཉིད་ཡིན་ཞེས་པ་ལྟར། འཁོར་འདས་སྣང་གྲགས་ཀྱི་འཁྲུལ་སྣང་ཐམས་ཅད་བདེན་མེད་དུ་ཤེས་ཏེ། རྨི་ལམ་གྱི་འཁྲུལ་བ་ཐམས་ཅད་རང་ཡལ་དུ་འགྲོ་བའི་རྣལ་འབྱོར་ཁྱད་པར་ཅན་ཞིག་ཡིན། དེ་ཡང་རང་ཟིན་དབང་བཞི་འཕྱུག་མེད་གནད་དགུ་ཡིས། རྨི་ལམ་བཟུང་སྦྱོང་གཏན་འབེབས་རྣམ་ཐར་འབྱོངས་ཞེས་རྨི་ལམ་རང་ཟིན་བྱེད་པ་ལ། ཐོག་མར་དབང་བཞི་ཚང་བ་དང་། འཕྱུག་མེད་གནད་དགུ་སྟེ། ཐོ་རངས། ནམ་ལངས། ཉི་ཤར་ཏེ་དུས་ཀྱི་གནད་གསུམ་དང་། སྐྱིལ་དྲུང་། ཙོག་པུ། སེང་གེའི་ཉལ་ཐབས་ཏེ་ལུས་ཀྱི་གནད་གསུམ། རྟོག་མེད་ལ་བཟུང་བ་གཉིས་དང་༈ རྟོག་བཅས་ལམ་དུ་འཁྱེར་བ་སྟེ་དམིགས་པའི་གནད་གསུམ་ཡོངས་སུ་སྤྱད་ནས་རྨི་ལམ་གཟུང་བ་དང་། སྦྱང་བ། སྤེལ་བ། སྤྲུལ་བ། བསྒྱུར་བ། ཡུལ་སྣང་བཅས་རྣམ་པ་དྲུག་ལ་རབ་ཏུ་བརྩོན་པ་ཡིན། དེའི་གདམས་ངག་གི་སྔོན་དུ་རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་འཕྱུག་མེད་ཀྱི་གནད་དགུ་ལ་བརྟེན་ནས་རྨི་ལམ་དུ་ཤར་ཚད་ངོས་བཟུང་། འཁྲུལ་སད་བདེ་སྟོང་འབྱམས་ཀྱི་གེགས་རྣམས་མོས་གུས་ཚོགས་གསོག་ལ་སོགས་པས་བསལ། རྨི་ལམ་རྨིས་ཚད་ཟིན་ནས་རྨི་ལམ་སྣང་ཚད་བདེན་པར་མ་གྲུབ་པས། །རང་ཉིད་འབྱུང་བཞི་སེམས་ཅན་ཕྲ་དང་རགས། །འཇིག་རྟེན་འཇིག་རྟེན་འདས་པའི་གཉེན་པོ་ནི། གང་འདུལ་སྤྲུལ་ནས་སེམས་ཀྱི་རྩལ་སྦྱང་བྱ་ཞེས་འཁོད་པ་ལྟར་རྨི་ལམ་ཟིན་ཚད་ལུས་ཀྱིས་སེམས་སྦྱོང་བ། སེམས་ཀྱིས་ལུས་སྦྱོང་བ། བདག་མེད་མ་དང་འདུན་པས་སྦྱོང་བ་རྣམས་ཀྱིས་རྨི་ལམ་གྱི་རྩལ་སྦྱོང་ཞིང་འོད་གསལ་དང་བསྲེ། དེ་རྗེས་རྨི་ལམ་བདེན་མེད་གང་བྱས་ཆོག་པས་ན། །མེ་ཉིད་ཆུ་དང་བེམ་པོ་སེམས་ཅན་སོགས། །དངོས་པོ་ཕན་ཚུན་ལྷ་སྐུ་སྣ་ཚོགས་བསྒྱུར། ལྷར་སྣང་མཚན་ཉིད་གསུམ་ལྡན་འཆར་བར་བྱ་ཞེས་པ་ལྟར་འབྱུང་བཞི་དང་སེམས་ཕྲ་རགས། འཇིག་རྟེན་ལས་འདས་པ་རྣམས་ལ་ཐུག་ཕྲད་དང་གང་འདུལ་དུ་སྤེལ་ཞིང་སྤྲུལ་བར་བྱ། དེ་དག་ཐམས་ཅད་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བས་བདེ་ལ་ཞེན་པ་མེད་པ། གསལ་ལ་རྟོགས་པ་མེད་པ། སྣང་ལ་རང་བཞིན་མེད་པའི་མཚན་ཉིད་གསུམ་ལྡན་གྱི་ལྷ་སྐུ་རང་ཤར་དུ་སྒྲུབ་པའོ།།
༤ འོད་གསལ་གཏི་མུག་རང་སངས།
སྤྱིར་སྙིང་པོ་འོད་གསལ་གྱི་དབྱེ་བར་དཔེ་དང་དོན་གྱི་འོད་གསལ་གཉིས་དང་། དཔེའི་འོད་གསལ་ལའང་མཆོག་དམན་གྱི་རིམ་པ་ཇི་སྙེད་པ་ཡོད་ཀྱང་། རྩ་བ་ཡལ་ག་ལོ་མ་མེ་ཏོག་གིས། །སྲབ་མཐུག་འོད་གསལ་སྐུ་གསུམ་ལམ་དུ་ཁྱེར་ཞེས་གསུངས་པ་ལྟར་འོད་གསལ་སྐུ་གསུམ་ལམ་ཁྱེར་གྱི་གདམས་པ་འདིའི་མཚན་ཉིད་ནི། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ལས་གསལ་སྟོང་འཛིན་མེད་བདེ་བ་ཆེ། །འདི་ནི་འོད་གསལ་མཚན་ཉིད་ཡིན་ཞེས་པ་ལྟར། གསལ་བ་དང་སྟོང་པ་དབྱེར་མེད་པ། འཛིན་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་མཐའ་དབུས་མེད་པ་ཞིག་ཡིན་པས། སྐྱེར་སྒང་པའི་རྣམ་ཐར་དུ་མཁའ་འགྲོ་མ་སུ་ཁ་སིདྡྷིས་ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག་ཅེས་རིག་པ་དང་བཅས་པའི་སེམས་ཀྱི་རྩ་བ་ལ་བཅོས་མི་བྱ་བར་ལྷུག་པར་ཞོག་གསུངས། འདི་ཉིད་ཉམས་སུ་ལེན་པ་ལ་སྔོན་འགྲོ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་ཐབས་ལམ་རང་མདངས། གསོལ་འདེབས་མེ་ཏོག་འཆར་བྱེད་བཞིས་རྐང་བཟུང་སྟེ། དངོས་གཞི་འཛིན་པའི་ཐབས་གསུམ་གྱིས་སྲབ་མཐུག་གི་འོད་གསལ་བཟུང་། ཉིན་མཚན་སྐུ་གསུམ་རང་ཤར་གྱི་ལམ་དུ་ཁྱེར། གསལ་སྟོང་མཉམ་རྗེས་ཉིན་མཚན་བདེ་སྟོང་དབྱེར་མེད་དུ་བསྲེ་བ་རྣམས་ལ་བསླབས་པས་འོད་གསལ་གྱི་རྟོགས་པ་དང་པོ་གསལ་སྟོང་དབྱེར་མེད། གཉིས་པ་བདེ་སྟོང་དབྱེར་མེད། གསུམ་པ་ཟབ་ཞི་སྤྲོས་བྲལ། བཞི་པ་དབྱེར་མེད་མཐར་ཐུག་འོད་གསལ་རྣམས་རིམ་གྱིས་འཆར་ཏེ། མཐར་དག་པ་གཉིས་ལྡན་གྱི་འོད་གསལ་མངོན་དུ་འགྱུར་བ། མངའ་བདག་མཻ་ཏྲི་པ་ཆེན་པོའི་ལྟ་བ་གཏན་ལ་དབབ་པའི་རྡོ་རྗེའི་མགུར་དུ་ལོ་སྟོང་ལོན་པའི་མུན་པ་མཐུག་པོ་ལ། །སྒྲོན་མེ་ཆུང་ངུ་གཅིག་གིས་སེལ་བ་ལྟར། །འཁོར་བའི་རབ་རིབ་ཆགས་སྡང་མཐུག་པོ་ཡང་། །རང་སེམས་རྟོགས་པའི་སྐད་ཅིག་གཅིག་ལ་ཞི་ཞེས་པ་དང་། འབྲས་བུ་གཏན་ལ་དབབ་པ་རྡོ་རྗེའི་མགུར་ལས་ཀྱང་རེ་དོགས་མེད་པ་སེམས་ཉིད་གཉུག་མ་དེས། །དྲན་པ་མེད་པས་བརྗོད་མེད་ཏིང་འཛིན་ཐོབ། །སྐྱེ་བ་མེད་པས་འགྱུར་མེད་ལྟ་བ་ཐོབ། །འཛིན་པ་མེད་པས་ཕྱོགས་མེད་སྤྱོད་པ་ཐོབ། རྐྱེན་དང་བྲལ་བས་བློ་འདས་འབྲས་བུ་ཐོབ། །བྱས་པ་མེད་པས་དཀའ་བའི་ལས་རྣམས་ཟིན། །བསགས་པ་མེད་པར་ཟད་མེད་གཏེར་རྣམས་བསོགས། །འདུས་པ་མེད་པར་འབྲལ་མེད་གྲོགས་དང་མཇལ། །བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར། །འབྲས་བུ་རང་བྱུང་འདི་ནི་ངོ་མཚར་ཆེ་ཞེས་པ་ལྟར་རོ།
།འོད་གསལ་དེ་ཡང་དུས་ཀྱི་དབང་ནས་བཤད་དེ། གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཁས་བཙུན་བདེ་ལེགས་དཔལ་ལ་བསྩལ་བའི་རང་གྲོལ་ཕྱག་རྒྱ་ཆེན་པོའི་ཞལ་གདམས་སུ་གཉིད་དུས་འོད་གསལ་མ་ཟིན་ན། །སེམས་ངོ་འཕྲོད་ཀྱང་དོན་རེ་ཆུང་། །བར་དོར་འོད་གསལ་མ་ཟིན་ན། །གནད་གཅོད་སྡུག་བསྔལ་ཤ་རེ་གཡའ་ཞེས་གསུངས་པ་བཞིན་གཉིད་ཀྱི་དུས་སུ་འོད་གསལ་ཟིན་མ་ཐུབ་ན་སེམས་ཀྱི་རང་བཞིན་ངོ་འཕྲོད་ཀྱང་དོན་མི་ཆེ་བ་དང་། བར་དོའི་སྐབས་སུ་འོད་གསལ་ཟིན་མ་ཐུབ་ན་སྡུག་བསྔལ་གྱི་མནར་གཅོད་ལས་ད་དུང་ཐར་བར་དཀའ། དེ་ལྟར་གོང་གི་སྒྱུ་ལུས། རྨི་ལམ། འོད་གསལ་འདི་རྣམས་རྗེ་བཙུན་སྒྲོལ་མས་དབོན་སྟོན་ཐུགས་རྗེ་ཆེན་མོར་གསུངས་པར་སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་ཤིག །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། །འོད་གསལ་མོས་གུས་གནད་ཡིན་གསོལ་བ་ཐོབ། གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས་ཞེས་པ་ལྟར། སྒྱུ་ལུས་ནི་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་གནད་དང་། རྨི་ལམ་ནི་འདུན་པའི་གནད། འོད་གསལ་ནི་མོས་གུས་ཀྱི་གནད། གཞན་ཕན་ནི་སྙིང་རྗེའི་གནད་བཅས་སུ་གསུངས་པ་དེ་ལྟར་དུ་འབད་དོ།།
༥ འཕོ་བ་མ་བསྒོམས་སངས་རྒྱས།
ཆད་མཐུད་འཕོ་བའི་མཚན་ཉིད་ནི། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ལས་འཆི་ཁར་དྲན་པས་མངོན་འཚང་རྒྱ། །འདི་ནི་འཕོ་བའི་མཚན་ཉིད་ཡིན་ཞེས་པ་ལྟར། ད་ལྟའི་རྣམ་སྨིན་གྱི་སྒྱུ་ལུས་འདི་འཆི་ཁའི་མཐའ་ལ་ཐུག་པའི་ཚེ་དྲན་པ་ཙམ་ལ་བརྟེན་ནས་མཁའ་སྤྱོད་ཀྱི་གནས་སུ་བགྲོད་པའི་རྣལ་འབྱོར་ཞིག་སྟེ། རི་གོང་པ་ཆེན་པོས་ཡེ་ཤེས་སྐར་ཁུང་འཕོ་བ་ཡོད། །སྡིག་ཅན་གྱིས་འཆི་ཁ་དྲན་ཙམ་ན། །མཁའ་སྤྱོད་འགྲོ་བས་བློ་རེ་བདེ་ཞེས་གསུངས་པ་ཡིན། ཡེ་ཤེས་ཌཱ་ཀིའི་ཞལ་ལུང་ལས་ལས་ལ་བཟང་ངན་མ་མཆིས་པར། །མཁའ་སྤྱོད་དག་པའི་ཞིང་དུ་སྐྱེལ། །ཞག་བདུན་ཙམ་གྱི་གཏན་དོན་སྒྲུབ། །དམན་ཀྱང་འདི་ཙམ་འབད་ན་མཚར་ཅེས་གསུངས་པ་བཞིན། ཤངས་པའི་འཕོ་བ་ལྷན་ཐབས་ཀྱི་མན་ངག་ཡེ་ཤེས་སྐར་ཁུང་མ་འདི་ཉིད་ནི་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་ལམ་ཞིག་ཡིན། དེའི་གདམས་ངག་ནི། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཕྱུག་མེད་མཁའ་སྤྱོད་ཀྱི་ལམ་ནས་གོང་དུ་འཕོ་བ་སྟེ་གཞུང་རྡོ་རྗེའི་ཚིག་རྐང་གིས་བསྟན་པ་བཞི་དང༌། ལྷན་ཐབས་ཀྱི་འཕོ་བ་ཡེ་ཤེས་སྐར་ཁུང་མ་རྣམས་སུ་ཡོད་དོ།། སྤྱིར་འཕོ་བ་དང་གྲོང་འཇུག་གཉིས་ལམ་འདིའི་ཡན་ལག་ཡིན་ལ། འཕོ་བ་བྱེད་པའི་རྟེན་གྱི་གང་ཟག་ནི་ཚེ་འདི་དང་བར་དོར་མཆོག་གྲུབ་པའི་ལམ་གྱི་རྟོགས་པ་རྙེད་པའི་རྣལ་འབྱོར་པ་གཅིག་གིས་བྱེད་ལ། དུས་ནི་ཕྱི་ནང་གི་འཆི་ལྟས་ཀྱིས་ཟིན་ཅིང་འཆི་བསླུ་བྱས་ཀྱང་མ་བཟློག་པའི་ཚེ་བྱེད་པ་ལས། འཕོ་བ་འདི་གང་དགར་བྱར་མི་རུང་སྟེ། རང་གི་ལུས་ཀྱི་ལྷ་བསད་ནས། མཚམས་མེད་རྩ་ལྟུང་བྱུང་ཞིང་ངན་འགྲོར་འགྲོའོ་ཞེས་གསུངས་པ་ལྟར། རང་དགར་འཕོ་བ་བྱས་ན་རང་ལུས་ཀྱི་ཡི་དམ་ལྷ་རྣམས་བསད་ནས་མཚམས་མེད་ལྔའི་རྩ་ལྟུང་འཕོག་པར་འགྱུར། ཤངས་པ་བཀའ་བརྒྱུད་ཀྱི་འཕོ་བ་ཆེས་ཟབ་པ་ནི་འཕྱུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ཡིན་པས། ཀརྨ་རང་བྱུང་ཀུན་ཁྱབ་ཀྱིས་ཆོས་སྐུ་བླ་མ་ཡི་དམ་སྐར་ཁུང་མ། །མཁའ་སྤྱོད་ལ་སོགས་འཕོ་བ་འབྱོངས་པར་ཤོག་ཅེས་པའི་སྨོན་ལམ་གསུངས་པ་ཡིན། ཤངས་པ་བཀའ་བརྒྱུད་པའི་རིང་ལུགས་སུ་མར་པ་བཀའ་བརྒྱུད་ལྟར་གྲོང་འཇུག་གི་ཐ་སྙད་ཟུར་དུ་བརྗོད་སྲོལ་མེད།
༦ བར་དོ་རྒྱལ་བ་ལོངས་སྐུ།
བློ་ཆོད་བར་དོ་ལ་སྤྱིར་རྨི་ལམ་བར་དོ། སྒྱུ་ལུས་བར་དོ། གཞི་དུས་སྲིད་པ་ཀྱི་བར་དོ་སྟེ་གསུམ་ལས། དང་པོ་གཉིས་ནི་མིང་བཏགས་ཙམ་དང་གཙོ་ཆེ་བ་གསུམ་པ་འདིར་བཤད་པ་ཡིན་ཏེ། ཆོས་ལོངས་སྤྲུལ་གསུམ་སྤྱི་གནད་འཕྱུག་མེད་ལ་བརྟེན་ནས་དབང་པོའི་རིམ་པ་དང་མཐུན་པར་བར་དོ་གསུམ་ལ་གྲོལ་བར་བྱེད་པ་བར་དོ་རྒྱལ་བ་ལོངས་སྐུའི་མཚན་ཉིད་ནི། རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔར་སྣང་སྟོང་ཞེན་བྲལ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན་ཞེས་འཁོད་པ་ལྟར། སྣང་བ་དང་སྟོང་པ་དབྱེར་མེད་ཞེན་བྲལ་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པའི་རྣལ་འབྱོར་ཞིག་ཡིན། དེ་ཉམས་སུ་ལེན་པའི་ཚུལ་ནི། འོད་གསལ་ཆོས་སྐུ་རང་ཤར། རྒྱལ་བ་ལོངས་སྐུ་རང་ཤར། སྤྲུལ་སྐུ་འགག་མེད་རང་ཤར། ཕྱི་མ་གཉིས་ལ་ཅི་རིགས་པར་བསྣན་དགོས་པའི་སྤྱི་གནད་འཕྱུག་མེད་བཅས་ཀྱིས་དབང་པོ་རབ་འབྲིང་ཐ་མའི་རིམ་པ་དང་མཐུན་པར་བར་དོ་དང་པོ་ལ་སོགས་པའི་རིམ་པ་གསུམ་ལ་གྲོལ་ཚུལ་མཆོག་འབྲིང་དམན་གསུམ་དུ་འགྱུར་རོ། དེར་བརྟེན་འཇམ་དབྱངས་མཁྱེན་བརྩེ་དབང་པོས་འཁྲུལ་སྣང་གི་ལུས་གསུམ་རྒྱལ་བའི་སྐུར། གདོད་མ་ནས་བཞུགས་པར་ངོ་ཤེས་པས། །གཉིས་སྣང་གི་འཇིགས་སྐྲག་རང་སར་གྲོལ། །ལམ་བར་དོ་འབྱོངས་པར་བྱིན་གྱིས་རློབས་ཞེས་དང༌། དཔལ་ལྡན་ཀུན་དགའ་གྲོལ་མཆོག་གིས་དུས་ད་ལྟའི་ལས་སྣང་ཇི་སྙེད་པ། །གཤིས་མ་གྲུབ་ཆུ་ནང་ཟླ་བ་བཞིན། །དོན་འདི་ཡང་ངེས་ཤེས་སྐྱེས་པ་ན། ཕྱིས་བར་དོ་རྒྱལ་བ་ལོངས་སྐུ་འགྲུབ་ཅེས་གསུངས་པ་ཡིན། གདམས་པ་འདིའི་ངོ་བོ་ངེས་ཚིག་དབྱེ་བ་ལ་སོགས་པ་ནི་ནཱ་རོ་ཆོས་དྲུག་གི་བར་དོའི་གདམས་ངག་སྨྲོས་པའི་སྐབས་དང་འདྲ།
སྤྱིར་ན་ཤངས་པའི་ཡིག་ཆ་མང་ཆེ་བར་རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ་ཞེས་ཡོངས་སུ་གྲགས་ཀྱང་། ནི་གུའི་ཉམས་ལེན་གྱི་སྙིང་པོ་རྒྱུན་ཁྱེར་དུ་རྩ་བ་ཕྱག་རྒྱ་ཆེན་པོ། སྡོང་པོ་ནི་གུ་ཆོས་དྲུག་ཅེས་འཁོད་པའང་ཡོད། འདིར་ནི་ཡོངས་གྲགས་ཀྱི་ལུགས་བཞིན་དུ་བཀོད་པ་ཡིན། དེ་ལྟར་སྒྱུ་ལུས་ལམ་གྱི་གཞི་མ། གཏུམ་མོ་ལམ་གྱི་སྲོག་ཤིང་། འཕོ་བ་ལམ་གྱི་བློ་ཆོད། བར་དོ་ལམ་གྱི་བསུ་མ། རྨི་ལམ་ལམ་གྱི་དྲོད་ཚད། འོད་གསལ་ལམ་གྱི་སྙིང་པོ། གྲོང་འཇུག་ལམ་གྱི་མཐུད་མ། ལས་རྒྱ་ལམ་གྱི་བོགས་ཐོན། ཟུང་འཇུག་ལམ་གྱི་མཐར་ཐུག་དེ་རྣམས་རིམ་པར་ཉམས་སུ་ལེན་པས་མཐར་ཟུང་འཇུག་གི་གོ་འཕང་ལ་མངའ་བརྙེས་པར་འགྱུར། དེས་ན་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཟབ་དོན་བསྡུས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་ཐེམ་སྐས་སུ་ཨ་དྷི་ཞུ་བདེའི་འབྲོས་འདེད་ཐིག་ལེའི་ལམ། །འཁོར་ལོ་བཞི་རུ་བཅིངས་པ་ཐིག་ལེའི་གནད། །སྣང་སྟོང་ལྷ་སྐུར་ལྟ་བ་སྒྱུ་ལུས་ལམ། ཞེན་མེད་སྤྲུལ་པ་ལྡང་བ་སྒྱུ་ལུས་གནད། །ཉལ་ཁར་འདུན་པས་གཅུན་པ་རྨི་ལམ་ལམ། །ཉལ་སློང་སྐྱེ་མེད་ལ་གཞོལ་རྨི་ལམ་གནད། །སྣོད་བཅུད་དྭངས་མར་བསྡུ་བ་འོད་གསལ་ལམ། །རླུང་སེམས་མཉམ་པར་འཆིང་བ་འོད་གསལ་གནད། ཆོས་ཉིད་རྣམ་གསུམ་དྲན་པ་བར་དོའི་ལམ། །རྟག་ཏུ་འཁྲུལ་བར་བལྟ་བ་བར་དོའི་གནད། །ཚངས་བུག་དྭངས་མ་འཕོ་བ་འཕོ་བའི་ལམ། །རླུང་སེམས་བསྡུ་ཞིང་བཀག་པ་འཕོ་བའི་གནད། །དེ་ལྟར་རྩ་བ་ཡན་ལག་རིམ་པ་ཡིས། །ཟབ་མོ་རྫོགས་པའི་དོན་རྣམས་བསྡུས་པ་སྟེ་ཞེས་ཆོས་དྲུག་གི་བསྡུས་དོན་འདིས་འཐུས་པར་བྱས་སོ།
།མདོར་ན། ལྐུགས་ལུང་པ་སངས་རྒྱས་དཔལ་བཟང་གིས་རྡོ་རྗེ་འཆང་དབང་ཐུགས་ཀྱི་རྒྱ་མཚོ་ཆེར། །ཁྱུང་པོ་རྣལ་འབྱོར་དད་པའི་གྲུར་ཞུགས་ཏེ། །ཡེ་ཤེས་མཁའ་འགྲོའི་དེད་དཔོན་ལ་བརྟེན་ནས། བོད་ཡུལ་དབུས་སེལ་ནོར་བུའི་ཕྲེང་བ་བླངས་ཞེས་གསུངས་པ་ལྟར་ནི་གུ་ཆོས་དྲུག་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་འཕགས་ཡུལ་དུ་རྡོ་རྗེ་འཆང་དངོས་ཀྱིས་རྗེས་སུ་བཟུང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལས་ཞུས་ཤིང་བོད་ཡུལ་དུ་སྤེལ་བར་མཛད་པའི་གདམས་ངག་མཆོག་འགྱུར་ཞིག་ཡིན་ལ། ཤངས་པའི་བརྒྱུད་པ་རིམ་བྱོན་གྱིས་ཆོས་དྲུག་གི་ཁྲིད་ཡིག་དེ་དག་དཔང་དུ་བཞག །དངོས་དོན་ཞིབ་མོར་བསམ། བསྒོམ་དོན་མ་ལུས་རྟོགས་པའི་ལོ་རྒྱུས་ཀྱི་དུས་རིམ་བརྒྱུད་མྱོང་བའི་འཁྲུལ་མེད་ཀྱི་གདམས་པ་ཞིག་ཡིན་ལ། མཁའ་འགྲོ་མ་སུ་ཁ་སིདྡྷིས་རྗེ་བཙུན་བིརཱུ་པར་ཕུལ་བའི་འབྲས་ཆང་བཞིན་ཉིང་ལ་ཉིང་སིངས་བྱས་པ་ཞིག་ཀྱང་ཡིན་སྟབས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་སྤྱིའི་དཔེ་མཚོན་རང་བཞིན་གྱི་གདམས་པ་ཞིག་ཏུ་གྱུར་པས། དེབ་སྔོན་སོགས་སུ་ཤངས་པའི་ཆོས་བརྒྱུད་ཞིང་སྐབས་ནི་གུའི་བརྒྱུད་པ་དང་བཅས་པའི་སྐབས་ཞེས་འཁོད་ཡོད་ལ། ཀཿཐོག་རིན་པོ་ཆེས་ཀྱང་ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཉམས་ལེན་ནུས་ན་ཆོས་འདི་(ནི་གུ་ཆོས་དྲུག་)ཁོ་ནས་ཀྱང་ཆོག་པར་བརྡོག་ངེས་ཀྱི། ཡི་གེ་འདི་(ཆོས་དྲུག་གི་ཁྲིད་ཡིག་ཅིག་)བཀོད་པའི་དུས་མཁའ་འགྲོའི་ལྟས་དང་ཆོ་འཕྲུལ་རྒྱུན་མི་ཆད་པར་བྱུང་བས་གཉན་ལ་བྱིན་བརླབས་ཆེན་པོ་ཡོད་པའི་ངེས་ཤེས་སྐྱེས་སོ་ཞེས་གསུངས། ནི་གུ་ཆོས་དྲུག་གི་སྐོར་ཞིབ་པར་མཉམ་མེད་རྨོག་ལྕོག་པའི་རིན་ཆེན་འོད་ཕྲེང་དང་། མཁས་བཙུན་རྒྱལ་མཚན་འབུམ་གྱི་ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ་སོགས་འཇག་བསམ་གྱི་ཁྲིད་ཡིག་ཁུངས་མ་རྣམས་ལས་ཡང་དག་ཏུ་ཤེས་པར་བྱ་དགོས་པ་ལས། དེ་མིན་གྱི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཏུ་མིང་བཏགས་ཡོད་ཚད་ལ་མ་ཡིན་ཏེ་དཔེར་ན་རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཁྲིད་ཡིག་ལྟ་བུ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཡིན་ཟེར་བ། རྗེ་དགེ་འདུན་རྒྱ་མཚོས་ཉེ་བར་སྦྱར་བ་ལྟ་བུ་ནི། ནི་གུ་མས་མ་གསུངས། ཁྱུང་པོ་ལས་མ་ཐོས། བརྒྱུད་པའི་བླ་མ་སུས་ཀྱང་མ་དགོངས་པའི་བཅོས་མ་ནི་གུའི་ཆོས་ཞེས་པའི་མིང་ཙམ་ལ་རྒྱུག་ཅིང་། ཆོས་རྒྱུས་མེད་པའི་བླུན་པོ་འབྲིད་བྱེད་ཙམ་དུ་ཟད་ཅེས་རྗེ་བཙུན་ཏཱ་ར་ནཱ་ཐས་བཀག་པའི་ཕྱིར་རོ།
II.3.2.3
།གསུམ། ནི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན།
ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་དངོས་སུ་བསྩལ་བའི་ཟབ་ལམ་ཆོས་དྲུག་དང་འབྲེལ་བའི་བཀའ་བཅུ་ལ། ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་དབང་བསྐུར་དང་། བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཏེ་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས། སྒྱུ་ལུས་དབང་མོ་ཆེ་སྐུར་བ་དང་། རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཏེ་བྱིན་རླབས་ཁོག་ཕུབས་ཀྱི་བཀའ་གཉིས། གཏུམ་མོའི་སྒོས་བཀའ་དང་། སྒྱུ་ལུས་སྒོས་བཀའ། རྨི་ལམ་སྒོས་བཀའ། འོད་གསལ་སྒོས་བཀའ། འཕོ་བའི་སྒོས་བཀའ། བར་དོའི་སྒོས་བཀའ་བྱེད་པ་བཅས་ཏེ་བྱིན་རླབས་གཞུང་ཤིང་གི་བཀའ་དྲུག་བཅས་སོ།
II.3.2.4
།བཞི། ནི་གུ་ཆོས་དྲུག་དང་ནཱ་རོ་ཆོས་དྲུག
ཤངས་པ་བཀའ་བརྒྱུད་དང་དྭགས་པོ་བཀའ་བརྒྱུད་གཉིས་ཀྱི་སྲོལ་འབྱེད་མཁན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་མར་པ་ཆོས་ཀྱི་བློ་གྲོས་གཉིས་ལ་ཆ་མཚོན་ན། སྐུ་འཁྲུངས་པའི་ལོ་དུས་ལ་སྔ་ཕྱིའི་ཁྱད་པར་ཆེན་པོ་མེད་རྐྱེན་རང་རང་གི་ཆོས་བརྒྱུད་སྤེལ་བའི་ལོ་རྒྱུས་ཀྱི་གནས་བབས་དང་ཁོར་ཡུག་གི་རྒྱབ་ལྗོངས་འདྲ་ལ། མཐར་ཐུག་གི་ཆོས་ཀྱང་འཕགས་ཡུལ་དུ་ཐེངས་གསུམ་རེ་ཕེབས་ནས་ཞུས་པ་ཡང་འདྲ། དེས་མ་ཚད་དྭགས་ཤངས་གཉིས་ཀྱི་གདམས་ངག་གཙོ་བོ་སྟེ་ཆོས་དྲུག་ཞུ་སའི་བླ་མ་ཡང་མར་པ་ལོ་ཙཱ་བས་རྒྱ་གར་དུ་ཕེབས་ཐེངས་དང་པོར་རྗེ་ནཱ་རོ་པ་བསྟེན་པས་བཀའ་བབས་བཞིའི་གདམས་པར་གྲགས་པ་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་ཕེབས་ཐེངས་གཉིས་པར་རྗེ་ནཱ་རོ་པའི་ལྕམ་ནི་གུ་མ་བསྟེན་པས་ནི་གུ་ཆོས་དྲུག་ཅེས་གདམས་པ་གནང་མཁན་གྱི་བླ་མའི་མཚན་མི་འདྲ་བ་ཙམ་གྱི་ཁྱད་པར་ལས་ཆོས་དུག་གི་གདམས་ངག་སྤྱི་ནི་ཚིག་རིས་ནས་དཔྱད་ན་འདྲ་བ་དང་། ཆོས་དྲུག་གི་རྣམ་གྲངས་འདྲེན་ཚུལ་དང་མཚན་འགོད་ཚུལ་ཡང་འདྲ་བ་སྟེ། ནཱ་རོ་ཆོས་དྲུག་ནི། གཏུམ་མོ། འོད་གསལ། སྒྱུ་ལུས། ཟུང་འཇུག །འཕོ་བ། གྲོང་འཇུག་སྟེ་དྲུག་བཅས་ཡིན་ལ་ངོ་བོ་ངེས་ཚིག་དབྱེ་བ་བཅས་ལ་ཁྱད་པར་ཆེར་མེད་ཀྱང་། དེ་དག་ལ་འདྲ་ཆོས་ཡོད་པ་ཙམ་གྱིས་ཡོངས་སུ་གཅིག་མཚུངས་རེད་ཅེས་ཁ་ཚོན་བཅད་ན་བྲམ་ཟེའི་བུ་ཁ་ཆེ་སྣ་ཉག་ལ་སེང་གེ་དང་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས་སེང་གེ་རེད་ཅེས་བརྗོད་པ་ལྟར་མི་འཐད་དེ། ཌཱ་ཀི་མ་ནི་གུའི་ཞལ་ནས་ཆོས་དྲུག་གི་དབང་གདམས་ངག་དང་བཅས་པ་འདི་རྗེ་བཙུན་ལྭ་བ་པ་དང་ང་གཉིས་མ་གཏོགས་པ་རྒྱ་གར་ན་ཡང་ཤེས་པ་མེད་པས་ཞེས་གསུངས་པར་གཞིགས་ན། སྐབས་འདིར་ནི་གུ་ཆོས་དྲུག་གི་དབང་དང་གདམས་ངག་ཡོངས་སུ་རྫོགས་པར་མཁྱེན་མཁན་གྱི་གྲས་སུ་རྗེ་བཙུན་ནཱ་རོ་པའི་མཚན་སྨོས་མེད་པས་སོ། ཡང་དྭགས་པོ་ལྷ་རྗེས་སློབ་མ་རྣམས་ལ་ངས་འཆི་བ་མི་རྟག་པ་དང་། བླ་མའི་མོས་གུས་དང་། ཅིར་སྣང་སྒྱུ་མ་རྨི་ལམ་དུ་ཁྱེར་བ་དང་། གསུམ་པོ་དེ་བསྒོམས་པས། ཆོས་དྲུག་ཀ་རྫོགས་ནས་བྱུང་བ་ཡིན་ཞེས་པ་ལྟར་ན། འཆི་བ་མི་རྟག་པ་དང་། བླ་མའི་མོས་གུས། སྒྱུ་མ་ལམ་ཁྱེར་གསུམ་པོ་དེ་གཙོ་ཆེར་བསྒོམས་པས་ཆོས་དྲུག་གཞན་རྣམས་ཀྱང་ཞར་དུ་རྫོགས་པར་གསུངས་པས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་སྒྱུ་ལུས་འབྲིང་པོ་དང་། ནཱ་རོ་ཆོས་དྲུག་གི་སྒྱུ་ལུས་གཉིས་ཀ་འདྲ་བ་ཡིན་མོད། འོན་ཀྱང་ནཱ་རོ་ཆོས་དྲུག་འདི་མ་རྒྱུད་ ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། དེ་ལས་ཀྱང་ཀྱཻ་རྡོ་རྗེའི་མན་ངག་ཏུ་བཞེད་དེ། རྗེ་མར་པས་མཛད་པའི་དཔལ་རྒྱུད་ཀྱི་རྒྱལ་པོ་ཀྱཻ་རྡོ་རྗེའི་བརྟག་གཉིས་པའི་ཁྲིད་ཡིག་འབུམ་ཆུང་ཉི་མ་དང་ཀྱཻ་རྡོ་རྗེའི་རྩ་རྒྱུད་ཀྱི་འགྲེལ་པ་བཀའ་ཡང་དག་པའི་ཚད་མ་སོགས་སུ་མ་རྒྱུད་བཅུ་གསུམ་(འགར་བཅུ་བཞི་)ལས་སྙིང་པོ་ཀྱཻ་རྡོ་རྗེའི་རྒྱུད་འདི་བརྟག་པ་སུམ་ཅུ་རྩ་གཉིས་སུ་ཕྱེ་ནས་བསྐྱེད་རྫོགས་ཀྱི་རིམ་པ་དང་། རྩ་རླུང་གི་རྣམ་གཞག་སོགས་ཆོས་དྲུག་གི་གཞིར་འགྱུར་བའི་དོན་རྣམས་རྒྱས་པར་སྟོན་ལ། དེ་དག་མ་ཤེས་ན་གང་གི་མི་ཤེས་ཀྱེ་རྡོ་རྗེ། །དེ་ནི་ངལ་བ་དོན་མེད་འགྱུར་ཞེས་ཆོས་དྲུག་སོགས་ཀྱི་ཆོས་གཞན་ཅི་རིགས་འབད་པས་བསྒྲུབས་ཀྱང་དོན་གྱི་འབྲས་བུ་མི་འབྱུང་བར་གསུངས། དེ་ལྟར་རྗེ་མར་པས་སྙིང་པོ་ཀྱེ་རྡོ་རྗེའི་རྒྱུད་རྒྱས་པར་བཀྲལ་བ་སོགས་ལ་དམིགས་ནས་རྗེ་བཙུན་མི་ལས་ཀྱང་ལྷོ་བྲག་ན་མར་པ་ལོ་ཙཱ་ཟེར་བ། རྒྱ་གར་གྱི་ནཱ་རོ་པའི་སློབ་མ། ཀྱི་རྡོར་གྱི་གདམས་ངག་ཆོས་དྲུག་ཅེས་པ་སྟོན་པ་གཅིག་བཞུགས་ཞེས་གསུངས་པ་ཡིན་ལ། ནི་གུ་ཆོས་དྲུག་འདི་ཕ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་ཁྱད་པར་དུ་རིན་ཆེན་རྒྱ་མཚོའི་རྒྱུད་ལ་བརྟེན་པར་བཞེད་པ་དང་། ཆོས་རྗེ་སངས་རྒྱས་སྟོན་པས་ནི་གུའི་ཆོས་དྲུག་པོ་དེ་ལ་གསང་འདུས་ལེའུ་བཅོ་ལྔ་པ་ལས་རྨི་ལམ་གྱི་འོད་གསལ་གྱི་ཆོས་མང་དུ་བྱས་པས་ཟིན་པོ་གསང་འདུས་ཆེ་བར་འདུག་ཅེས་གསང་བ་འདུས་པ་ལས་ཀྱང་སྒྱུ་ལུས་འོད་གསལ་གྱི་སྐོར་མང་དུ་བསྟན་པ་དག་ལའང་ཁུངས་བཅོལ་བར་གསུངས། གཞན་ཡང་སྔོན་འགྲོའི་སྡིག་སྦྱོང་སྐབས་སུ་ནཱ་རོ་ཆོས་དྲུག་ལ་མཎྜལ་ཡི་གེ་བརྒྱ་པ་ལ་སོགས་ཡོད་ལ། ནི་གུའི་སྐབས་ཨའི་སྟོང་ར་གཅིག་པུར་དྲིལ་བས་སྤྲོས་པ་ཆུང་ཞིང་སྡིག་སྒྲིབ་དག་པའི་རྟགས་མྱུར་དུ་འོང་བ་དང་། ཏིང་ངེ་འཛིན་སྐྱེ་སླ་བས་ཆེས་ཟབ་པའི་གནད་ཡིན།
དེར་བརྟེན་བོད་ལྗོངས་ནང་ཆོས་ཞིབ་འཇུག་ཏུ་ནཱ་རོ་པའི་ལྕམ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་རྒྱལ་བ་རྡོ་རྗེ་འཆང་གིས་རྗེས་སུ་བཟུང་ཞིང་ཆོས་བསྟན། དེ་རྗེས་ནཱ་རོ་ཆོས་དྲུག་དང་ཆེ་སར་འདྲ་ལ་ཆུང་སར་ཁྱད་པར་ཆེ་བའི་ནི་གུ་ཆོས་དྲུག་བསྟན་ཞེས་པ་ལྟར་ནི་གུ་ཆོས་དྲུག་དང་ནཱ་རོ་ཆོས་དྲུག་གི་ཁུངས་གཉིས་ཀ་རྒྱལ་བ་རྡོ་རྗེ་འཆང་ཁོ་ན་ལ་གཏུགས་པ་དང་ཐབས་ལམ་གྱི་ཆ་ཡིན་པ་འདྲ་ཡང་། རང་རང་གིས་ཉམས་སུ་ལེན་ཚུལ་མི་འདྲ་བ་ཡིན་པ་དོན་དངོས་དང་མཐུན་སྙམ།

II.3.3 - The trunk: Mahamudra
གསུམ་པ། སྡོང་པོ་ཕྱག་རྒྱ་ཆེན་པོ།
དེ་ཡང་སྒྲུབ་པ་ཉམས་ལེན་གྱི་བཀའ་བབས་འཛིན་པ་བཀའ་བརྒྱུད་པ་སྤྱིའི་ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེན་པོའི་སྒྲ་དོན་འབྱུང་ཁུངས་དང་བཅས་པ་སྔར་བཤད་ཟིན་པས་བསྐྱར་ཟློས་ཀྱི་དགོས་པ་མི་ཆེ་ཡང་། འདིར་ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་དང་བཅས་པ་ཅུང་ཟད་བརྗོད་པ་ལ།
II.3.3.1 The Mahamudra of the Amulet Box
གཅིག །ཕྱག་རྒྱ་ཆེན་པོ་གའུ་མ།
དེ་ཡང་ས་བཅུའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་གིས་སྐྱེ་མེད་གཉུག་མའི་རང་སྒྲས་འཁོར་འདས་ཕྱག་རྒྱ་ཆེན་པོའི་རང་བཞིན་ངོ་སྤྲོད་ཀྱི་ཕྱིར་དུ་ནཱ་རོ་ཏ་པའི་ལྕམ་མོ་རང་བྱུང་གི་རྣལ་འབྱོར་མ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུཔཱ་ལ་དངོས་སུ་གདམས་པའི་གསེར་ཆོས་ལྔའི་ནང་ཚན། མཁས་གྲུབ་ཁྱུང་པོས་བལ་པོའི་གའུ་ཙིཏྟ་འདྲ་བ་ཞིག་གི་ནང་དུ། བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ཞེས་པ་ནས། ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱི་རྡོ་རྗེའི་ཚིག་རྐང་ཉེར་བརྒྱད་ཅན་གྱི་ཤོག་དྲིལ་བྱིན་ཅན་ཞིག་མགུལ་དུ་འཆང་ནས་གར་ཕེབས་ཀྱང་རང་ལུས་དང་མི་བྲལ་བར་མཛད་པས། ཞྭ་ལུ་པ་བློ་གསལ་བསྟན་སྐྱོང་གིས་མ་མཁའ་འགྲོའི་གཙོ་མོ་ནི་གུ་མའི། །ཐུགས་བདུད་རྩིའི་ཡང་ཞུན་ཏཱ་ལའི་འདབ། ཚིག་ཡི་གེར་བཏབ་ནས་གའུར་བཅུག །རྗེ་ཁྱུང་པོའི་མགུལ་ལ་མཛེས་སོ་སྐད་ཅེས་གསུངས་པ་ལྟར་མཚན་ཡང་ཕྱག་རྒྱ་ཆེན་མོ་གའུ་མ་ཞེས་མཁས་གྲུབ་ཁྱུང་པོས་ཏཱ་ལའི་ལོ་མའི་སྟེང་བརྗེད་ཐོར་བཀོད་པ་གའུ་ཡི་ནང་དུ་བླུགས་ནས་སྐུ་མ་གཤེགས་བར་སྐུ་ལུས་ཀྱི་དྲོད་དང་མི་བྲལ་བར་འཆང་བས་དེ་ལྟར་དུ་གྲགས།
སྤྱིར་ཤངས་པའི་བརྒྱུད་པ་འདི་ལ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་ཚུལ་ལ། ཕྱག་རྒྱ་ཆེན་པོ་བཤད་རྒྱུད་རབ་ཏུ་མི་གནས་པ། རྙོག་པ་མེད་པ། གསང་བ་བླ་ན་མེད་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། ལམ་སྒྲུབ་སྐོར་སྙིང་པོའི་སྐོར་ལྟར་དུ་བཀྲི་བའམ། དུས་ཀྱི་འཁོར་ལོའི་རྗེས་སུ་འབྲངས་ནས་བཀྲི་བ་སོགས་མང་མོད། ཕྱག་ཆེན་གའུ་མ་འདི་ཉིད་གཙོ་ཆེར་ཡེ་ཤེས་རྒྱ་མཚོའི་རྒྱུད། རིན་ཆེན་རྒྱ་མཚོའི་རྒྱུད། ཡོན་ཏན་རྒྱ་མཚོའི་རྒྱུད་བཅས་རྒྱ་མཚོ་རྣམ་གསུམ་གྱི་རྒྱུད་ལ་བརྟེན་ནས་བཀྲི་བར་བྱེད། ཚིག་རྐང་དེ་དག་གི་སྒྲ་དོན་ཡང་རྡོ་རྗེའི་ལུང་ལ་བཅོལ་ཏེ་ཅུང་ཟད་བརྗོད་པར་བྱ་བ་ལ།
བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱི། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས།
།ཞེས་པ་འདིའི་དོན་ནི། ཐོག་མར་གང་ལས་ཐོས་ཤེ་ན། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཐོག་མ་མེད་པ་ནས་ལྷུན་གྱིས་གྲུབ་པ། རྒྱུ་དང་རྐྱེན་ལས་མ་སྐྱེས་པའི་འདུས་མ་བྱས། ཆོས་སྐུའི་ངོ་བོ་ལ་གསུང་རྣམ་པ་ཐམས་ཅད་པ། རྡོ་རྗེའི་སྒྲ་དང་དབྱེར་མེད་པས་ལོངས་སྐུ། རྡོ་རྗེའི་སྐུ་རྣམ་པ་ཐམས་ཅད་པ་སྤྲུལ་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་ཆེན་པོ་རྡོ་རྗེ་འཆང་ཆེན་གྱི་ཞལ་སྔ་ནས། གང་གིས་ཐོས་ཤེ་ན། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དེ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྡོ་རྗེའི་རྣ་བར་ཐོས་སོ། གང་ཐོས་ཤེ་ན། སྐྱེ་མེད་ཀྱི་རང་སྒྲ་ཕྱག་རྒྱ་ཆེན་པོའི་གཞུང་འདི་ཐོས་སོ་ཞེས་པའོ།
།ཐ་མལ་ཤེས་པ་ཨེ་མ་ཧོ།
།ཞེས་པའི་ཐ་མལ་ཤེས་པ་ནི་རྣམ་རྟོག་ཡིན་སྙམ་དུ་འཁྲུལ་བར་མི་བྱ་སྟེ། འདིར་མ་བཅོས་པའི་ཤེས་པར་གོ་ལ། སྐྱེ་མེད་རིན་ཆེན་མཛོད་ཅེས་པ་དང་མཐུན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན། འདི་ལྟ་བུའི་དོན་ཟབ་མོ་སྟོན་པར་བྱེད་པ་ནི་ཨེ་མ་ཧོ་ཞེས་ཤིན་ཏུ་ངོ་མཚར་དུ་འགྱུར་བའི་ཐ་ཚིག་གོ
།སྔོན་འགྲོ་རང་བབ་རྣམ་པ་གསུམ།
།ཚིག་རྐང་འདིས་ཕྱག་རྒྱ་ཆེན་མོ་གའུ་མའི་སྔོན་འགྲོའི་ཆོས་བསྟན་ཏེ། ཇི་སྐད་དུ་སྔོན་འགྲོ་རང་བབས་གསུམ་ཞི་ལྷག་བསྐྱེད། །དངོས་གཞི་ངོ་སྤྲོད་སྐྱོན་བཞི་རང་སར་གྲོལ། །རྗེས་ཤེས་གསལ་སྟོང་སྐུ་གསུམ་རང་ཤར་དང༌། །ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྡོང་པོའོ་ཞེས་པ་དང་འདྲ་བར། ཞྭ་ལུ་པ་བློ་གསལ་བསྟན་སྐྱོང་གིས་ལམ་སྔོན་འགྲོ་རང་བབས་རྣམ་གསུམ་དང་། དོན་དངོས་གཞི་སྐྱོན་ཚོགས་བཞི་ལས་གྲོལ། །མཐར་སྐུ་བཞིའི་རང་ཞལ་ལྷུན་གྲུབ་པ། །དེ་ལམ་བཟང་འདི་ཡི་ཁྱད་ཆོས་ཉིད་ཅེས་གསུངས་པ་ལྟར། ཕྱག་རྒྱ་ཆེན་མོ་གའུ་མའམ་རང་བབས་རྣམ་གསུམ་(འདི་ལ་སྒོམ་ཚུལ་བཅོ་བརྒྱད་ཡོད་པ་ཞྭ་ལུ་པས་གསུངས་)འདི་ཉིད་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པའི་ཐབས་མཆོག་ཅིག་ཡིན། དེའི་ཐོག་མར་སྦྱོར་བ་རང་བབས་རྣམ་གསུམ་ནི། ལུས་རང་བབས་རྣམ་སྣང་ཆོས་བདུན། ངག་རླུང་རོ་གསལ་བ་ཙམ་མ་རྟོགས་མ་བཅོས་རང་བབས། སེམས་ཡུལ་ལ་གཏད་པ་དང་ཚུར་ནང་དུ་བལྟས་ནས་སྒྲིམ་པ་ལྟ་བུ་མ་ཡིན་པར་མ་བཅོས་རང་བབས་སུ་བཞག་པའི་ཆོས་ཡིན། དེ་དག་ལས་དང་ཐོག་དབེན་པའི་གནས་སུ་ལུས་གནད་ལེགས་པར་བྱ་བ་སྟེ། བདེ་བའི་བསྟན་ལ་རྐང་པ་སྐྱིལ་ཀྲུང་། ལག་གཉིས་ས་གནོན། སྒལ་ཚིགས་དྲངས་པོར་བསྲང་། དཔུང་པ་རྒོད་གཤོག་བཞིན་གདེང་བ། མཇིང་པ་དྲང་ལ་གུག་པ། ལྕེ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ། ལུས་ཡ་ཡོ་དང་དགྱེ་སྒུལ་སོགས་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱ་བར་བྱ་སྙམ་པའི་ཐེག་པ་ཆེན་པོའི་སེམས་བསྐྱེད་སྔོན་དུ་སོང་། དེ་རྗེས་རང་ལུས་ཡི་དམ་དང་། སྤྱི་གཙུག་ཏུ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་དུ་བསྒོམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བརྒྱུད་པའི་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཆོས་འབྲེལ་ཡོད་ཚད་ལ་བསྟིམ། བླ་མ་དེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བསྒོམས་ནས། བདག་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་མ་འགྱུར་སེམས་ཅན་ཐམས་ཅད། ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བྱེད་བསམས་ནས། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ་ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དྲག་ཏུ་བཏབ་པའི་རྗེས་ལ་ལས་བཟང་ངན་ཐམས་ཅད་དོར་ཏེ་ལུས་ཀྱི་ཞྭ་བཞི་རྩ་བཞི་གློད་ནས་སོག་མ་ཕོན་ཐག་ཆད་པ་ལྟར་རྩོལ་མེད་ཀྱི་ངང་ལ་བཞག་པ་ནི་ལུས་རང་བབས་དང་། འཇིག་རྟེན་གྱི་ལོང་གཏམ་དང་སྔགས་བཟླས་པ་སོགས་ཀྱང་རེ་ཞིག་དོར་ནས་མཆུ་འབྱེད་བཙུམ་གྱི་རྩོལ་བ་མེད་ཅིང་ངག་གི་རྩོལ་སྒྲུབ་གང་ཡང་མི་བྱ་བ་ནི་ངག་རང་བབས་སོ། མདུན་གྱི་དངོས་པོ་ཕྲ་རགས་གང་རུང་ལ་གཅེར་གྱིས་བལྟས་ནས། སྤུ་རིས་ལ་སོགས་པར་བརྟག་དཔྱད་མེད་པར་སེམས་མ་གཡེངས་པའི་རྟེན་ཙམ་དུ་ཧད་དེ་བཞག །ཡིད་བསྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་བློ་ལ་ལས་མེད་པར་དུས་གསུམ་རྟོག་པའི་སྤྲོ་བསྡུ་མེད་པའི་ངང་དུ་གློད་དེ་མིག་གི་ལྟ་སྟངས་ཀྱིས་བསྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ། ཐ་ན་སྔོན་འགྲོ་ཡིན་སྙམ་པའི་རྟོག་པ་ཡང་མ་བསྐྱེད་པར་ཧད་དེ་ཕྱེད་དེ་ལས་པ་ནི་སེམས་རང་བབས་བཅས་སོ། །ལུས་གནད་དང་ལྟ་སྟངས་ནི་ཐབས་ཁྱད་པར་ཅན་ཡིན་ཏེ། དེ་ལ་གནས་ན་རྟེན་རྩ་མི་གཡོ། བརྟེན་པ་རླུང་མི་གཡོ། དེ་ལ་བརྟེན་པའི་ཁམས་དྭངས་མ་མི་གཡོ། དེ་ལ་བརྟེན་པའི་སེམས་མི་གཡོ་བར་ཟིན་པ་ཡིན། དེ་ལྟར་རང་བབས་རྣམ་གསུམ་གྱི་སྟེང་དུ་འཛིན་མེད་བཅོས་མེད་ངང་ལྷོད་ཀྱིས་གློད་པ་སྔོན་འགྲོ་དང་པོའི་ཚད་ཡིན།
དངོས་གཞི་སྐྱོན་བཞི་རང་སར་གྲོལ།
།འདིས་ཕྱག་ཆེན་གའུ་མའི་དངོས་གཞི་སྐྱོན་བཞི་རང་གྲོལ་བསྟན་པ་སྟེ། དེ་ཉིད་ཀྱི་སྦས་དོན་མངོན་པར་རྟོགས་པ་དང་དངོས་དོན་ཞིབ་པ་ཐོས་པའི་གོ་ཡུལ། བསམ་པའི་མྱོང་བ། སྒོམ་པའི་ཉམས་སྣང་སྟེ་ཤེས་རབ་གསུམ་གྱི་ཡུལ་ལས་འདས་པས་བརྗོད་དཀའ་བ་ཡང་། རང་བྱུང་ཞབས་ཀྱིས་གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི། །རྣམ་རྟོག་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང༌། གསལ་ལ་འཛིན་མེད་དག་པའི་རང་བཞིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ་ཞེས་གསུངས་པ་ལྟར། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་འདི་ཉིད་གསལ་སྟོང་འཛིན་མེད་ཀྱི་རང་བཞིན་ཏེ་མྱ་ངན་འདས་ཆུང་གི་མདོ་ལས་བསྟན་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པ་དང་ཡོངས་སུ་མཚུངས། དེ་ནི་ཁམས་བདེ་གཤེགས་སྙིང་པོ་དང་གསལ་སྟོང་འཛིན་མེད། དབུ་མ་ཆེན་པོ་རྣམས་དང་འདྲ་བ་ཡིན་པས། ཕྱག་ཆེན་གའུ་མའི་རྡོ་རྗེའི་ཚིག་རྐང་ལས་མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ་ཞེས་གསུངས་པ་ལྟར་ཡིན་མོད། འདིར་སྤྱི་དོན་རགས་བཤད་ཙམ་དུ་ཞིང་བ་ལ་ཐོག་མར་སྔོན་དུ་འགྲོ་བ་ཐབས་ཟབ་མོ་བླ་མའི་མོས་གུས་དང་། བཞག་ཐབས་སྒོ་གསུམ་རང་བབས་རྣམ་གསུམ་གྱིས་སྐྱོན་མེད་པའི་ཞི་གནས་སྒྲུབ་ཅིང་སེམས་འཚོལ་བ་སོགས་ཀྱིས་ལྷག་མཐོང་བསྐྱེད། ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཐ་མལ་གྱི་ཤེས་པ་སོ་མ་འདི། །སྐྱོན་བཞི་ཡི་དབང་དུ་མ་སོང་བར། རང་ངོ་རྗེན་པ་རུ་མཐོང་བ་ཡི། །གཞི་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས་ཞེས་གསུངས་པ་ལྟར། སྐྱོན་བཞི་སྟེ་རང་སེམས་གདོད་ནས་ཆོས་སྐུ་དང་འདུ་བྲལ་མེད་ཀྱང་ཉེ་དྲགས་ནས་ངོ་མ་ཤེས། རང་ལ་ཤར་ཡང་ཟབ་དྲགས་ནས་ངོས་མ་ཟིན། དྲན་པས་ཆོག་ཀྱང་སླ་དྲགས་ནས་ཡིད་མ་ཆེས། སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་ནས་བློར་མ་ཤོང་བའི་སྐྱོན་བཞི་སེལ་བའི་སྒོ་ནས་སེམས་ཉིད་ཀྱིས་བརྡར་ཤ་ཆོད་པར་བཅད་དེ། དངོས་གཞི་གསང་ཚིག་རྡོ་རྗེའི་རྒྱ་ལྡན་གྱི་བྱིན་འབེབས་པས་ཡེ་ཤེས་སྐུ་ཐབས་སུ་ངོ་སྤྲོད་ཅིང་གང་དེར་འཇུག་པ་ཡིན། དེས་ན་མཁའ་འགྲོ་མ་སུ་ཁ་སིདྡྷིས་ཚོགས་དྲུག་ཡུལ་དུ་མ་སྤྱད་པའི། །དྲན་མེད་མྱ་ངན་འདས་པའི་ལམ། །རྣམ་པར་མི་རྟོག་ཆོས་ཀྱི་དབྱིངས། །ཡིད་དང་བྲལ་བས་ཕྱག་རྒྱ་ཆེ། །མ་བསྒོམས་མ་བསྒོམས་བློ་མ་བསྒོམས། བློས་བསྒོམས་རྟོགས་པའི་འཕྲུལ་འཁོར་ཡིན། རྟོགས་པས་འཁོར་བར་བཅིངས་པ་སྟེ། །བློ་དང་བྲལ་བ་སྒོམ་དུ་མེད་ཅེས་གསུངས་པ་ལྟར། རྣམ་ཤེས་ཚོགས་དྲུག་གི་ཡུལ་གང་དུའང་མ་འགྱུར་བའི་མྱང་འདས་དང་ཕྱག་ཆེན་གྱི་གོ་འཕང་མཐར་ཐུག་ཐོབ་པར་བྱེད་པ་ལ། ཡིད་སྒོམ་པའི་འཕྲུལ་འཁོར་དང་བྲལ་ནས་སྣང་བ་ཐམས་ཅད་གསལ་ལ་རྟོགས་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ཉམས་འཆར་བར་བྱེད་ཅིང་། ཐ་མལ་ཤེས་པ་གདོད་ནས་གསལ་སྟོང་ཟུང་འཇུག་དང་སྐྱེ་འགག་སྤྲོས་བྲལ་ཡིན་པ་འདི་ཉིད་སྣང་གྲགས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གཞི་ཁོ་ནར་ངོས་འཛིན་ཏེ། དེའི་ངོས་ལ་གང་ཤར་གང་སྐྱེས་དེ་མ་བཅོས་པ་དང་མ་འཛིན་པར་ལྷོད་ལེར་བཞག་ན་གང་ཡང་ཡིད་ལ་མི་བྱ་བར་མ་བཅོས་གཉུག་མའི་ངང་ལ་བཞག་པས་རང་སར་གྲོལ་འགྱུར་ཏེ། ཆོས་རྗེ་རྨོག་ལྕོག་པས་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། །མ་བཅོས་རང་བཞིན་ལྷུན་གྱིས་གྲུབ། །སྐྱེ་འགགས་མེད་པའི་ངང་དུ་གནས་ཞེས་གསུངས་པའི་ཕྱིར་རོ།
།མཐར་ཐུག་སྐུ་བཞི་རང་ཤར་རོ།
།འདིས་ཕྱག་རྒྱ་ཆེན་པོ་གའུ་མའི་རྗེས་སྐུ་གསུམ་རང་ཤར་བསྟན་པ་སྟེ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོགས་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་དེ་ཉིད། ཡེ་ཤེས་དགོངས་པའི་རྒྱུད་ལས་ལ་ཚོགས་གསལ་བ་སྤྲུལ་པའི་སྐུ། བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ་ཞེས་གསུངས་པ་ལྟར་སྟོང་པ་ཆོས་སྐུའི་ངོ་བོ། གསལ་བ་སྤྲུལ་སྐུའི་འཕྲིན་ལས། ཟུང་འཇུག་ལོངས་སྐུའི་རྣམ་པ་སྟེ་སྐུ་གསུམ་རང་ཤར་དུ་ཐག་བཅད་ཅིང་ངེས་ཤེས་བསྐྱེད་ནས། མོས་གུས་ཚད་མེད་དང་སྙིང་རྗེ་ཚད་མེད། ཐབས་ཁྱད་པར་ཅན་ཐ་མལ་ཤེས་པ། འོད་གསལ་ལྷ་སྐུ ཟུང་འཇུག་ཤེས་པ་རླུང་དང་བསྲེ་བ་རྣམས་ལ་བརྟེན་ནས་བོགས་འདོན། ཉམས་ཀྱི་རྩིས་མ་བཅིངས་པ་དང་། སྣང་སྟོང་ཕྱོགས་རེར་མ་ཤོར་བར་འབད་ཅིང་ཐུན་མོང་མ་ཡིན་པའི་གེགས་བསལ་བས་རང་ཤར་གྱི་ཚད་གསུམ་གཏན་ལ་ཕེབས། སྐུ་བཞི་རང་གྲོལ་མངོན་དུ་གྱུར་ནས་དབྱེར་མེད་བདེ་བ་ཆེན་པོའི་སྐུ་རང་ཤར་དུ་བྱུང་བ་ཡིན། དེ་ཡང་གྲུབ་ཆེན་ཏེ་ལོ་པས་སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ་ཅེས་ཕྱག་རྒྱ་ཆེན་པོ་དེ་གཅིག་ཆོད་ཀྱི་གདམས་པ་ངོ་མཚར་ཅན་ཞིག་ཡིན་པས། མཁས་གྲུབ་ཁྱུང་པོའི་གསེར་ཆོས་ལྔའི་དཔག་བསམ་ལྗོན་པ་བཟང་པོ་དེའི་སྡོང་པོར་འགྱུར་བ་ཡིན། གང་དེའི་ལྟ་བ་ལ་ཉམས་རྟོགས་འཁྲུངས་པའི་ཡོན་ཏན་ཡང་། ཕྱག་ཆེན་ལྟ་བ་ལ་སྒྲོ་འདོགས་ཆོད་པ་གྲུབ་ཆེན་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱིས་བློ་བློ་ཕྱག་རྒྱ་ཆེན་པོ་སྒོམས། །ཕྱག་རྒྱ་ཆེན་པོ་བསྒོམས་ཙ་ན། །ནགས་ལ་མེ་ལྕེ་མཆེད་པ་བཞིན། །ཅིར་སྣང་གྲོགས་སུ་འཆར་གྱིན་གདའོ་ཞེས་ཁོང་གིས་རྣམ་རྟོག་གིས་མི་གནོད་པའི་ཕྱག་རྒྱ་ཆེན་པོ་ཞུ་མཁན་དྭགས་པོའི་སློབ་མ་བཅུ་གསུམ་ལ་གསུངས་པ་བཞིན་ནོ།
།སྔོན་འགྲོའི་དམ་ཚིག་གསང་བའི་རྡོ་རྗེའོ།
།སྔོན་འགྲོའི་དམ་ཚིག་ནི། དང་པོར་མྱོང་བ་སྐྱེས་པ་རྣམས་ལ་དྲི་བ་ཞིབ་ཏུ་དྲིས་ཀྱང་། དེ་ལྟར་ཡིན་པའི་ངོ་སྤྲོད་གསལ་བར་མི་འདེབས་པས་ན་གསང་བའི་རྡོ་རྗེའོ། དེ་ཡང་ཆོས་ཀྱི་ཆོད་ཉིད་ལ་རང་ཉིད་ངོས་བཟུང་བྱ། ཐག་ཆོད་ངེས་ཤེས་བསྐྱེད། ཡེངས་མེད་ཆུ་བོ་བརྟེན། ཚད་མེད་གཉིས་ལ་འབད། ཡར་ངོ་བཞིན་དུ་འགྱུར། ལོ་ཟླ་ཙམ་གྱིས་མཐར་ཕྱིན། དམ་ཚིག་ལ་ཡིད་གཉིས་སྤངས་པར་བྱའོ།
།བོགས་འདོན་སྙིང་རྗེ་གསོལ་འདེབས་སོ།
།བོགས་འདོན་པ་ལ་གསུམ་ལས། དང་པོ་ཐག་བཅོད་ངེས་ཤེས་བསྐྱེད་པ་སྟེ། དུས་གསུམ་སངས་རྒྱས་བྱོན་ཀྱང་དེ་ལས་ལྷག་པ་བསྟན་དུ་མེད་པ་ངེས་ཤེས་བསྐྱེད་ཅིང་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཧད་དེ་བཞག །མི་གསེབ་དང་འགྲོ་འདུག་གི་དུས་སུ་ཡང་མོས་གུས་ཆད་མེད་བྱས་ལ་ཧད་དེ་བཞག །གཉིས་པ་སྙིང་རྗེས་བོགས་འདོན་པ་ལ། སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་སྟེ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་འདི་རྣམས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། བདག་གི་མ་ཡང་ཡང་བྱས་པའི་དྲིན་ཆེན་ཡིན། མ་འདི་རྣམས་འབྲས་བུ་བདེ་བ་འདོད་ཀྱང་རྒྱུ་དགེ་བ་སྒྲུབ་མི་ཤེས་པས་སྙིང་རེ་རྗེ་སྙམ་དུ་ཡུན་རིང་དུ་བསྒོམ། ཡང་སྡུག་བསྔལ་མི་འདོད་ཀྱང་རྒྱུ་སྡིག་པ་སྤོང་མི་ཤེས་པས་ངན་སོང་གི་སྡུག་བསྔལ་དྲག་པོ་མྱོང་དགོས་པ་སྙིང་རེ་རྗེ་སྙམ་དུ་ཡུན་རིང་བསྒོམས་པས། མིག་ནས་མཆི་མ་འབྱུང་། ལུས་ཀྱི་བ་སྤུ་ལྡང་། ངག་ནས་སྨྲེ་སྔགས་ཀྱི་ང་རོ་སྒྲོག་པ་སོགས་སྙིང་རྗེ་ཚད་ལྡན་སྐྱེས་པ་དང་། མ་འདི་རྣམས་ལ་གནོད་བྱེད་དུ་འགྱུར་བའི་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་བདག་ལ་འདུས་ནས་མ་འདི་རྣམས་ཀུན་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཡང་མ་འདི་རྣམས་ལ་དགེ་བ་རྒྱུ་འབྲས་ཀྱིས་ཕན་པས། བདག་གི་དགེ་བ་ཐམས་ཅད་མ་རྣམས་ཀྱི་རྒྱུད་ལ་འཐིམ་ནས་གནས་སྐབས་བདེ་ཞིང༌། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་བརྗོད་ཅིང་མོས་པར་བྱའོ། གཉིས་པ་ཆོས་ལ་དམིགས་པའི་སྙིང་རྗེ་ནི། འཁོར་འདས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང༌། ཆོས་ཉིད་རང་བཞིན་གྱིས་འོད་གསལ་ལ་རྣམ་པར་དག་པ་ཡིན་ཀྱང༌། དེ་ལྟར་མ་རྟོགས་པའི་དབང་གིས་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམ། གསུམ་པ་དམིགས་པ་མེད་པའི་སྙིང་རྗེ་ནི། དེ་ཀའི་མོད་ལ་རང་བབས་རྣམ་གསུམ་དུ་བཞག་པས་མི་རྟོག་པའི་བོགས་ཆེན་པོ་འབྱུང་། གསུམ་པ་གསོལ་འདེབས་ཀྱི་བོགས་འདོན་པ་ནི། དེ་ལྟར་སྟོང་ཉིད་སྙིང་རྗེ་རྒྱུད་ལ་སྐྱེས་པ་བླ་མའི་བཀའ་དྲིན་ཁོ་ནར་ཤེས་ནས། མོས་གུས་དྲག་པོ་རང་ཤུགས་ཀྱིས་འབྱུང་བ་ཡིན། སྐབས་འདིར་གཙོ་ཆེར་གཉིས་པ་དང་གསུམ་པ་གཉིས་ལ་གོ
།ལམ་ཁྱེར་ཅིར་སྣང་དེ་ཉིད་དོ། །མངོན་གྱུར་བསྒོམ་མེད་ཡེངས་མེད་དོ།
།ཞེས་པ་ནི། རྗེས་ཐོབ་ཀྱི་གནས་སྐབས་སུ་སྒོ་ལྔའི་ཡུལ་ལ་ཅི་ཤར་གྱི་སྟེང་དུ་སྔར་བཞིན་འཛིན་མེད་དུ་བཞག་པས། དེ་ཉིད་གསལ་སྟོང་འཛིན་མེད་དུ་འཆར་ཏེ། མངོན་དུ་འགྱུར་བའི་ཚད་བསྒོམ་མེད་ཡེངས་མེད་ཀྱི་ངང་ལ་གནས་པའོ།
།བསྲེ་བ་རྟོག་མེད་ལམ་ཁྱེར་རོ།
།ཞེས་པ་ནི། ལུས་སེམས་ཀྱི་སྟེང་དུ་ནད་དང་སྡུག་བསྔལ་ལ་སོགས་ཚོར་བ་སྡུག་བསྔལ་དང་། འདོད་དོན་མང་པོས་གཡེང་བ་ལ་སོགས་པ། ཚོར་བ་བདེ་བ་ལམ་དུ་བསྒྱུར་དཀའ་བའི་དུས་སུ། དེ་རྣམས་ཐམས་ཅད་འཁྲུལ་བའི་རྣམ་རྟོག་ཡིན་པ་ངོ་ཤེས་པར་བྱ་ལ། གནས་ལུགས་བདེན་མེད་དུ་ཐག་བཅད་དེ། ནད་དང་སྡུག་བསྔལ་གང་ཡིན་གྱི་སྟེང་དུ་རྟོག་མེད་དུ་བཞག་པས། གསལ་ཞིང་སྟོང་པའི་ཏིང་ངེ་འཛིན་རྒྱུད་ལ་ཉམས་སུ་མྱོང་བས་ལམ་དུ་ཁྱེར་བའོ།
།འོད་གསལ་ལྟ་སྟངས་བོགས་འདོན་ནོ། །སད་རྗེས་གསལ་ལ་རྟོག་མེད་བསྲེ།
།ཞེས་གཉིད་འོད་གསལ་དང་བསྲེ་བས་བོགས་འདོན་པ་ནི། གཉིད་ལོག་དུས་མིག་སྤགས་པའི་འོག་ན་ལྟ་སྟངས་ལ་རྩེ་གཅིག་ཏུ་བཞག་པས། གཉིད་དུ་སོང་བ་ཡིན་བྱས་པས། གསལ་ཞིང་དྭངས་ལ་རྟོག་པ་ཐམས་ཅད་དང་བྲལ་བ། མ་སོང་བ་ཡིན་བྱས་པས་སད་རྒྱུ་ཡོད་ཅིང་། སད་པ་དང་ནག་ཐིབས་ཀྱིས་འགྲོ་བ་འབྱུང་སྟེ། དེ་ལ་སད་མ་ཐག་ཏུ་མིག་ལྟ་སྟངས་དང་ལྡན་པས། སྔར་གཉིད་དུས་སུ་ཉམས་སུ་མྱོང་བ་ལྟར་གསལ་ལ་རྟོག་པ་མེད་པར་བསྲེས་པས། ཉིན་མཚན་གཉིས་ཀྱི་འོད་གསལ་གཅིག་གིས་བོགས་ཐོན་པར་འགྱུར་རོ།
།ཉིན་མཚན་བར་དོའི་འོད་གསལ་ནི། །སྐུ་གསུམ་དབྱེར་མེད་རང་ཤར་ལྟོས།
།ཞེས་བར་དོའི་འོད་གསལ་ངོས་བཟུང་བ་ནི། ཉིན་པར་གྱི་འོད་གསལ་དང་གཉིད་ཀྱི་འོད་གསལ་ཟིན་ཅིང་བརྟན་པར་བྱས་ནས། ནམ་འཆི་བ་འབྱུང་བའི་ཚེ། འབྱུང་བའི་ཐིམ་འགྲོས། ས་འོད་གསལ་དུ་འཐིམ་པས་དུ་བ། ཆུ་འོད་གསལ་དུ་ཐིམ་པ་སྨིག་རྒྱུ། མེ་འོད་གསལ་དུ་ཐིམ་པ་སྲིན་བུ་མེ་ཁྱེར། རླུང་འོད་གསལ་དུ་ཐིམ་པ་མར་མེ། ནམ་མཁའ་འོད་གསལ་དུ་ཐིམ་པ་སྤྲིན་མེད་པའི་ནམ་མཁའ་དྭངས་པ་བཅས་འབྱུང་སྟེ། དེ་རྣམས་རང་སེམས་འོད་གསལ་ཆོས་སྐུར་ངོ་ཤེས་པ་ལ་སེམས་བཟུང་བས། མཐར་རྣམ་པ་ཐམས་ཅད་པའི་འོད་གསལ་རྒྱ་ཆེན་ཕྱོགས་ལྷུང་མེད་པར་ཤར་བས། རང་དོན་དུ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ། གཞན་དོན་དུ་གཟུགས་སྐུ་གཉིས་འགག་མེད་དུ་འབྱུང་སྟེ། སྐུ་གསུམ་དབྱེར་མེད་རང་ཤར་དུ་སོང་ནས། འབད་རྩོལ་མེད་བཞིན་འཁོར་སྲིད་དུ་གཞན་དོན་རྒྱ་ཆེན་པོ་འབྱུང་བར་ལྟོས་ཤིག
གང་གིས་མི་ཤེས་རྒྱུད་དུ་སྦས་པའི་དོན། །མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། །བསྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་དེར་བགྲོད་བྱེད་པའི། །ཡིད་ལ་མི་བྱེད་སྒྲིབ་གཉིས་རང་སར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ།
།ཅེས་པའི་དོན་ནི། སྐྱེས་བུ་གང་གི་སྒྲ་ཚད་ལ་སོགས་པས་བརྟག་ཀྱང་མི་ཤེས་པས། བསྡུས་རྒྱུད་ཀུན་ཏུའང་སྦས་པའི་དོན་མཐར་ཐུག་པ། ཚིག་གཅིག་གིས་གྲོལ་བའི་མན་ངག་ནི། ཉམས་སུ་ལེན་དུས་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད། ཡེངས་སུ་སྐད་ཅིག་ཀྱང་མེད་པ་ལ། རྩེ་གཅིག་ཏུ་གོམས་ཤིང་བརྟན་པ་ལས་ས་བཅུ་དང་ལམ་ལྔའི་རིམ་པ་རྣམས་བགྲོད་པར་བྱེད་དེ། རྣམ་རྟོག་གི་མཚན་མ་གང་ཡང་ཡིད་ལ་མི་བྱེད་པའི་ལམ་གྱིས། ཉོན་མོངས་དང་ཤེས་བྱའི་དྲི་མ་གཉིས་རང་སར་དག་ནས་གོང་དུ་བསྟན་པའི་སྐུ་གསུམ་རང་ཤར་འབྱུང་སྟེ། འབྲས་བུ་ལྷུན་གྱིས་གྲུབ་པ་ཐོབ་པའོ།
།མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ།
།ཞེས་པ་ནི། དེ་ལྟར་གྱི་དོན་མཐར་ཐུག་དེ་མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་ཟབ་མོ་བརྡ་སྣ་ཚོགས་ཀྱིས་བསྒྲིབས་པས་གབ་པ་སྟེ། རྩ་རྒྱུད་ཟབ་མོ་དད་པ་བཅུ་པའི་འགྲེལ་པའི་མན་ངག་དང་ལྡན་པའི་བླ་མ་དམ་པའི་བྱིན་རླབས་དང་ཞལ་ལས་རྟོགས་པར་བྱའོ།
།ཆོས་སྐུའི་ནམ་མཁར་རྟོག་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས།
།ཞེས་པའི་ཚིག་རྐང་འདི་གཉིས་ཀྱིས་གཞི་ལམ་འབྲས་གསུམ་ངོས་བཟུང་ནས་དུག་ལྔ་མངོན་འགྱུར་དྲག་པོ་སྤོང་བའི་ཐབས་བསྟན་ཏེ། ཆོས་སྐུའི་ནམ་མཁའ་ཞེས་བརྗོད་པས་རང་བཞིན་གྱིས་གནས་པའི་རིགས་སེམས་ཀྱི་འོད་གསལ་ནི་ཆོས་ཀྱི་སྐུ་གཞིའི་གནས་ལུགས་སུ་གསུངས་པ་དང་། རྟོག་པའི་སྤྲིན་ཚོགས་ཞེས་པས་དེ་ལ་སྒྲིབ་པའི་དྲི་མ་རྣམ་པར་རྟོག་པའི་ཚོགས་བསྟན། དུག་ལྔའི་གློག་འགྱུ་ཞེས་པས་གང་ཤིན་ཏུ་མི་བཟད་པའི་དུག་ལྔ་མངོན་གྱུར་བར་བརྟེན། ཡེ་ཤེས་ཆེན་པོར་ལྟོས་ཞེས་པས་ལམ་དང་འབྲས་བུའི་ཡེ་ཤེས་གཉིས་བསྟན་པ་ལས། ལམ་གྱི་ཡེ་ཤེས་ནི་ལམ་གཞི་གནས་དང་ལྷག་མཐོང་ཟུང་འབྲེལ། སྤང་བྱ་སྤོང་བའི་ནུས་པ་དང་ལྡན་པ་དེ་ཡིན། འབྲས་བུའི་ཡེ་ཤེས་ནི་ལམ་དེས་གློ་བུར་གྱི་དྲི་མ་མཐའ་དག་གསལ་བའི་གཞིའི་རང་བཞིན་དུ་འགྱུར་བའི་ཡེ་ཤེས་ཆེན་པོར་ལྟོས་ཤིག་ཅེས་པའོ།
།ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ།
།ཞེས་གསུངས་པས་དེ་ལྟ་བུའི་རེ་དོགས་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཤེས་པ་དེ་ལ་ཕྱག་འཚལ་བ་ཡིན།
དེ་ལྟར་གོང་དུ་བཀོད་པའི་རང་ཤར་ཕྱག་རྒྱ་ཆེན་མོའི་རྡོ་རྗེའི་ཚིག་རྐང་དེ་ཉིད་མཁས་གྲུབ་ཁྱུང་པོས་མཁའ་འགྲོ་ནི་གུ་མར་གསེར་སྲང་ལྔ་ཕུལ་ནས་ཞུས་པ། གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཏེ། བོད་ཡུལ་དུ་གདན་དྲངས་ནས་སྐལ་པ་དང་ལྡན་པའི་སློབ་མ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ་ཆིག་བརྒྱུད་དུ་གདམས་པ་ཞིག་ཡིན། ཤངས་པ་བཀའ་བརྒྱུད་པའི་ཕྱག་ཆེན་གའུ་མ་འདི་ཉིད་ནི་རྩ་བ་རྡོ་རྗེའི་ཚིག་རྐང་ལ་བརྟེན་པས། ནི་གུ་མ་གཙོ་ཆེ་ཡང་། ཕྱག་རྒྱ་ཆེན་པོའི་སྙིང་པོའི་དོན་ནི་མཁས་གྲུབ་ཁྱུང་པོར་བླ་མ་གསུམ་གྱིས་ངོ་སྤྲད་པ་ཡིན་ཏེ། མཻ་ཏྲི་པས་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་སོགས་སྟོན་པ་དང་། མི་ཁྲི་པ་སྐུ་གཤེགས་རྗེས་ཇོ་མོ་གང་གྷ་དྷ་ར་ལ། པཎྜི་ཏ་སུམ་ཅུ་རྩ་གཉིས་ཀྱིས་ཁྲིད་བསྐྱངས་པས། ཁྱེད་རང་རྣམས་ཀྱི་དང་པོའི་སེམས་འཚོལ་ཤོག་ཅེས་གསུངས་ནས་སེམས་འཚོལ་བཏབ། མཁས་གྲུབ་ཁྱུང་པོ་རྒྱ་གར་དུ་ལན་གསུམ་བྱོན་པའི་རྟིང་མ་ལ། སྔར་གྱི་གསལ་འདེབ་ཞུས་པས་ཇོ་མོ་གང་གྷ་དྷ་རས་ཚུལ་འདི་གསུངས་ཀྱང་ནི་གུ་མའི་ཕྱག་རྒྱ་ཆེན་པོ་དང་མི་འགལ། བླ་མ་གསུམ་པོ་དེ་དག་ཀྱང་རང་རང་གི་ཆོས་སྟོན་པའི་ཁྱད་ཆོས་མི་འདྲ་བ་སྟེ། མཁའ་འགྲོ་ནི་གུ་མས་སྔོན་འགྲོ་རང་བབས་རྣམ་གསུམ་གཙོ་བོར་འདོན། སུ་ཁ་སིདྡྷིས་རྗེས་སྐུ་གསུམ་རང་ཤར་གཙོ་བོར་འདོན། མཻ་ཏྲི་པ་དངོས་གཞི་སྐྱོན་བཞི་རང་གྲོལ་གཙོ་བོར་འདོན་པ་བཅས་ཡིན་ཀྱང་དོན་ལ་འགལ་བ་མེད་དོ།
།མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་འཕགས་ཡུལ་གྱི་བླ་མ་རྣམས་ལས་སྔ་ཕྱིར་གསན་པའི་ལྟ་བའི་ཡང་རྩེ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ནི། འཕགས་ཡུལ་དུ་མ་ཕེབས་གོང་ཐོག་མར་ཤོ་མ་རར་སྐོར་ནི་རུ་པ་ལས། ཕྱག་རྒྱ་ཆེན་པོའི་རྩ་རྒྱུད་རབ་ཏུ་མི་གནས་པ། བཤད་བརྒྱུད་བསམ་མི་ཁྱབ། གསང་བ་གཉིས་སུ་མེད་པ། རྙོག་པ་མེད་པ། མཚན་བརྗོད་དང་དོ་ཧ་རྣམས་ཞུས་པ་དང་། འཕགས་ཡུལ་དུ་ཕེབས་ཐེངས་གཉིས་པར། རྒྱ་གར་གྱི་ཤར་ཕྱོགས་ལྗོན་ཤིང་ཀུ་ཤའི་ཚལ་དུ། དཔལ་དྷརྨ་ཕ་ལ་ལས་ཕྱག་རྒྱ་ཆེན་པོ་གསང་བ་གྲུབ་པ་དང་། རྗེ་བཙུན་མ་རིན་ཆེན་ལྷ་མོ་ལ་ཀམ་ཀ་ཏ་ཡི་གྲོང་ཁྱེར་དུ། ཕྱག་རྒྱ་ཆེན་པོ་སྙིང་པོའི་སྐོར། བླ་མ་མཻ་ཏྲི་པ་ལ་རྒྱ་གར་གྱི་ལྷོ་ཕྱོགས་འོད་མའི་ཚལ་དུ་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་སོགས་ཀྱི་རྒྱུད་ལྔ་དང་དོ་ཧ། ཕྱག་ཆེན་དག་པ་ཡེ་ཤེས་དང་སྐུ་གསུམ་ལམ་ཁྱེར་ལ་སོགས་ཕྱག་རྒྱ་ཆེན་པོའི་གདམས་པ་མང་དུ་ཞུས། འོན་ཀྱང་ཡོངས་གྲགས་ཀྱི་ལོ་རྒྱུས་ཆོས་འབྱུང་རྣམས་སུ་བཀའ་བརྒྱུད་པ་སྤྱིའི་ཕྱག་རྒྱ་ཆེན་པོའི་བླ་བརྒྱུད་དེ་དག་སྒྲིང་བའི་ཚེ། ཕལ་ཆེ་བར་མཁས་གྲུབ་ཁྱུང་པོའི་མཚན་ཙམ་ཡང་འཁོད་མེད། མཁས་གྲུབ་ཁྱུང་པོས་སྐོར་ནི་རུ་པ་དང་རྒྱལ་བ་མེ་ཏྲི་པ་ལས་ཕྱག་རྒྱ་ཆེན་པོའི་གདམས་པ་གསན་སྐབས་མར་པ་ལོ་ཙཱ་བ་ལས་སྔ་ལ། ཁོང་ལ་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་མི་འདྲ་བ་ཁག་བཞི་ཙམ་མངའ་བ་དང་། གདམས་ངག་གི་ཆུ་མགོ་རྒྱལ་བ་མི་སྲིད་པ་རང་ལ་ཐུག་ཡོད་པས། གང་དེའི་བརྒྱུད་པ་དང་བཅས་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་གདམས་ངག་དྲི་མ་མེད་པའི་རྣམ་ཐར་སྐྱོང་བ་བཀའ་བརྒྱུད་པ་གཞན་རྣམས་དང་ཡོངས་སུ་གཅིག་མཚུངས་ཡིན།
II.3.3.2
གཉིས། མཁས་གྲུབ་ཁྱུང་པོའི་གའུའི་སྐོར།
གའུ་ནི་ལྷ་སྐུ་འཇོག་སའི་སྣོད་ཟེའུ་ལྷ་ཁང་གི་སྒོ་ཁྱིམ་དང་འདྲ་སྟེ། མིང་གི་རྣམ་གྲངས་ལ་ཁ་སྦྱར་དང་ཟ་མ་ཏོག་ཀྱང་ཟེར། སྔར་སྟོན་པ་ཤཱཀྱ་ཐུབ་པའི་ཚེམས་ཆེ་བ་གཅིག་རྡོ་རྗེ་གདན་གྱི་གསེར་གྱི་གའུའི་ནང་བཞུགས་སུ་གསོལ་བ་ལྟར་འཕགས་ཡུལ་དུ་སངས་རྒྱས་ཀྱི་སྐུ་རྟེན་བྱིན་ཅན་སོགས་བླུག་སའི་སྣོད་ཅིག་ཡིན། དེ་དང་འདྲ་བར་བོད་ས་གནས་སུ་སྐྱེས་པ་ཚོས་གདོན་འདྲེའི་གནོད་པ་དང་མཚོན་ཆ་སོགས་སྲུང་བའི་སྐུ་འདྲ་བྱིན་ཅན། སྲུང་མདུད། རིལ་བུ་བཅས་འཇོག་སྣོད་གའུའི་དབྱིབས་ཟེའུ་ལྷ་ཁང་གི་སྒོ་ཁྱིམ་དང་འདྲ་བ་ལ། རྒྱུ་ཆ། ཟངས་དང་རག །གསེར་དངུལ་སྤེལ་མའམ། དངུལ་རྐྱང་གསེར་རྐྱང་ལས་བཟོས་པ་དང་། བུད་མེད་རྒྱན་ཆའི་གའུ་ཟུར་བཞི་མ་དང་ཟུར་བརྒྱད་མ། སྒོར་དབྱིབས་བཅས་ཡོད་ཅེས་གསལ་བ་བཞིན། སྐྱེས་པ་ཚོས་ཚོང་དོན་སྒྲུབ་པ་དང་། དམ་ཆོས་ཞུ་བ་སོགས་ཀྱི་ཕྱིར་རང་གི་ཡུལ་ལས་ཁ་བྲལ་ཏེ་ཐག་རིང་དུ་འགྲོ་སྐབས་ལམ་བར་གྱི་གེགས་བར་བཟློག་ཕྱིར་ལུས་སྟོད་དུ་སྐུ་འདྲ་སོགས་ཀྱི་རྟེན་བྱིན་ཅན་བླུགས་པའི་གའུ་འཁྱེར་སྲོལ་ཡོད་པ་ད་ལྟའི་དུས་སུའང་དབུས་གཙང་གི་ཡུལ་ལུང་མང་ཆེ་བར་དངོས་སུ་མཐོང་རྒྱུ་ཡོད། འོན་ཀྱང་ཡང་སྙིང་གའུ་ཞེས་པ་འདི་ཉིད་བོད་དུ་ཐོག་མར་དུས་ཇི་ཙམ་ལ་ཡུལ་གང་ལས་དར་བ་དང་། གའུ་ཞེས་པའི་མིང་དེ་རང་གི་དོན་ཅི་ཡིན་པ་སོགས་ཀྱི་སྐོར་ཁ་གསལ་གྱི་དཔྱད་གཞི་ད་ཕན་མ་མཐོང་བས་དཔྱད་པར་འཚལ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕགས་ཡུལ་དུ་ཆོས་ཞུ་བར་ཕེབས་སྐབས་སུའང་སྐུ་ལུས་སྟེང་སྙིང་གཟུགས་ཀྱི་བལ་པོའི་གའུ་ཞིག་བསྣམས་ཀྱི་ཡོད་ལ། གདམས་ངག་འགངས་ཆེ་རྣམས་གའུ་ཡི་ནང་དུ་བླུགས་ནས་སྐུ་ལུས་དང་འབྲལ་མེད་དུ་ཉར་ཚགས་གནང་གི་ཡོད་པ་ཡང་གོང་དུ་བཤད་ཟིན་པའི་ཕྱག་རྒྱ་ཆེན་མོའི་ཤོག་དྲིལ་དེ་ཕུད། གཞན་ཡང་བདེ་མཆོག་གསང་སྒྲུབ་ནི་གུ་མས་མཛད་པ་རྒྱ་སྐད་ཅན་དེ་དང་། དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པའི་ཐབས་ཞེས་པ་འདི་གཉིས་ཀྱང་ཏཱ་ལའི་ལོ་མའི་སྟེང་བརྗེད་ཐོར་བཀོད་པ་གའུའི་ནང་བླུགས་ཏེ་སྐུ་ལུས་དང་མ་བྲལ་བར་མཛད་པ་སོགས་ཀྱིས་མཚོན་པ་མ་ཟད། ཁོང་སྐུ་འདས་རྗེས་སྤུར་མ་སྦྱངས་པར་རིན་ཆེན་གསེར་དངུལ་དང་ཟངས་ལྕགས་ཀྱི་གའུའི་ནང་དུ་སྤུར་ཞུགས་པ་དང་། ཁྱུང་པོ་གཉིས་པ་ཚུལ་ཁྲིམས་མགོན་པོའི་སྐུ་སྤུར་ཡང་བདག་ཆེན་པས་ཟངས་ཀྱི་གའུའི་ནང་བཞུགས་སུ་བཅུག །མདོར་ན་མཁས་གྲུབ་ཁྱུང་པོ་འཕགས་ཡུལ་དུ་ཆོས་ཞུ་བར་ཕེབས་སྐབས་ཀྱི་སྤྱི་ལོའི་དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་སྐུ་ལུས་སུ་གའུ་བསྣམས་ནས་ཕེབས་ཀྱི་ཡོད་པ་རྟོགས་ཐུབ་ཅིང༌། བོད་ཀྱི་བླ་མ་ཚོས་འཁྱེར་བའི་གའུ་དེ་དག་ནི་ཇོ་བོ་རྗེ་སོགས་རྒྱ་གར་གྱི་པཎྜི་ཏ་ཚོས་སྐུ་ལུས་དང་འབྲལ་མེད་དུ་འཁྱེར་ཞིང་། རིན་པོ་ཆེའི་རིགས་ལས་གྲུབ་པའི་སྐུ་ཆས་བླུགས་སྣོད་ཁྱད་པར་ཅན་ཟ་མ་ཏོག་དང་འདྲ་ལ། འཕགས་བོད་ཀྱི་དགེ་སློང་ཚོས་སྟོན་པའི་སྣང་བརྙན་བླུགས་སའི་འདྲ་པང་དང་ཡང་འདྲ་བ་ཡིན། དེ་ཡང་ཁ་རྒྱུན་དུ་དཔེ་དོན་གའུ་ཁ་སྦྱོར་ཞེས་སུ་གྲགས་པ་དང་ཕྱོགས་འདྲ་བར། ཤངས་པ་བཀའ་བརྒྱུད་ཀྱི་ལྟ་བའི་མཐར་ཐུག་ཕྱག་ཆེན་གའུ་མ་ཞེས་པ་འདི་ཡང་བདེ་བ་དང་སྟོང་པ་གའུ་ཁ་སྦྱོར་བ་བཞིན་དབྱེར་མེད་དུ་བསྒོམས་ནས་འོད་གསལ་མངོན་དུ་བྱེད་པའི་གདམས་པ་ཞིག་ཡིན་པའི་དོན་འདི་བླུགས་སྣོད་ཁོ་ནའི་སྟེང་ནས་མཚོན་ཐུབ་པ་ནི་ཡ་མཚན་ཆེ་བ་ཞིག་རེད། འོན་ཀྱང་ལོ་རྒྱུས་ཀྱི་ཆར་རླུང་ཁྲོད་མཁས་གྲུབ་ཁྱུང་པོ་རྒྱ་གར་ལ་ཕེབས་སྐབས་བསྣམས་པའི་སྙིང་གཟུགས་ཀྱི་གའུ་དེ་ང་ཚོའི་མིག་མདུན་ནས་ཡལ་ཟིན་ཡང་། གའུ་དེ་ནི་སྲོག་གི་དབང་པོ་དང་བྲལ་བའི་སྤྱིར་བཏང་གི་གའུ་ཞིག་མ་ཡིན་པར་ཤངས་པ་བཀའ་བརྒྱུད་ཀྱི་སྲོག་རྩ་ལྟ་བུའི་གདམས་པ་ཕྱག་རྒྱ་ཆེན་པོ་སོགས་བཞུགས་སའི་མཛོད་ཁང་གསོན་པོ་ཞིག་ཡིན།

II.3.4 - The branches: the Three Carry-Overs
བཞི་པ། ཡལ་ག་ལམ་ཁྱེར་རྣམ་གསུམ།
དེ་ཡང་ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ་ལས་བླ་མ་ཡི་དམ་སྒྱུ་མ་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར་ཞེས་སྣང་བ་ལ་བརྟེན་ནས་བླ་མ་དང་ཡི་དམ། སྒྱུ་མ་གསུམ་ཉམས་སུ་ལེན་པའི་ཚུལ། ཅིར་སྣང་ཐམས་ཅད་དཔལ་ལྡན་བླ་མའི་གསང་བ་གསུམ་གྱིས་རོལ་པར་བལྟ་བ་སྟེ་འདི་ལྟར་སྣང་གྲགས་རྟོག་ཚོགས་ཆོས་རྣམས་ཀུན། །བདག་སོགས་གནས་ལུགས་རྟོགས་པའི་བརྡ་ཐབས་སུ། །དཔལ་ལྡན་བླ་མའི་རོལ་པ་གཅིག་པུ་ཉིད། །བཀའ་དྲིན་རྗེས་དྲན་ངང་ནས་གསོལ་བ་འདེབས་ཞེས་གསུངས་པ་ལྟར། གཟུགས་སྣང་དང་སྒྲ་གྲགས་ཐམས་ཅད་ཡི་དམ་ལྷའི་སྐུ་སྣང་སྟོང་འཇའ་གཟུགས་དང་གཞོམ་མེད་རང་བྱུང་སྔགས་ཀྱི་སྒྲ་གདངས། སྣང་བ་སེམས། སེམས་སྒྱུ་མ་རྨི་ལམ་དུ་ཤེས་པས་ཉིན་མཚན་གྱི་རྣལ་འབྱོར་ལ་བསླབ་ཅིང་ཉམས་སུ་ལེན་པའི་ཐབས། ཐག་ཆོད་གསུམ་དང་ཟུང་འཇུག་ལ་བརྟེན་པའི་མོས་གུས། འབྲལ་མེད་ཀྱི་གནད་དྲུག་དང་ལྡན་པའི་དག་སྣང་། ཚོགས་དྲུག་གི་འཆར་སྒོ་བདེན་མེད་གསལ་སྟོང་འཛིན་བྲལ་གྱི་ཏིང་ངེ་འཛིན་ལ་བརྩོན་པ་སྟེ། ཡེ་ཤེས་མངོན་འབྱུང་ལས་ས་དང་ལམ་གྱི་ཡོན་ཏན་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མི་འབྲལ་ན། །སངས་རྒྱས་རྣམས་ཀྱང་འབྲལ་མེད་གནས་ཞེས་དང་། དམ་ཚིག་བཀོད་པ་ལས་གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར་ཞེས། གཉན་སྟོན་རི་གོང་པའི་རྣམ་ཐར་མཐོང་བ་དོན་ལྡན་དུ་རྣམ་ཐར་མཐར་ཐུག་མོས་གུས་ཡིན། །དག་སྣང་བསྐྱེད་ཅིག་སློབ་མ་ཀུན་ཞེས་སོགས་གསལ་བ་ལྟར་སྔར་ཆོས་རྗེ་རྨོག་ལྕོག་པས་ཀྱང་། ཐུགས་རྗེ་ཆེན་པོ་རང་གཤིས་དཀར་ན་ཡང་དཀར། དགྱེས་རྡོར་བདེ་མཆོག་རང་སྔོ་ན་ཡང་སྔོ། རྡོ་རྗེ་ཕག་མོ་རང་དམར་ནའང་དམར། ང་ལ་ནི་རེ་ས་བླ་མ་ལས་མེད། ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས། ཚེ་གཅིག་ལ་ལུས་གཅིག་གིས་སངས་རྒྱས་ཀྱི་ས་དེ་ཡང་ཐོབ་པ་ཡིན་གསུངས། དེས་ན་བླ་མ་ལ་བརྟེན་ནས་མོས་གུས། དེ་ལས་བཀའ་དྲིན། དེ་ལས་ཚོགས་གསོག །དེ་ལས་སྐུ་གསུམ་རང་ཤར། ཡི་དམ་ལ་བརྟེན་ནས་དག་སྣང་། དེ་ལས་ཚོགས་གསོག །དེ་ལས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་ཤར། སྣང་བ་རང་སེམས་ལས་སྒྱུ་མ། དེ་ལས་རྨི་ལམ། དེ་ལས་འོད་གསལ་རང་ཤར་དུ་འབྱུང་ཞིང་། དགོངས་པ་དམ་པའི་རྒྱུད་ལས་སྣང་བ་བླ་མ་ཡི་དམ་དང༌། །སྒྱུ་མ་ལམ་དུ་འཁྱེར་བར་བྱ། །ཚེ་འདིར་སྐུ་གསུམ་མངོན་གྱུར་ནས། །དོན་གཉིས་ཕུན་སུམ་ཚོགས་པར་འགྱུར་ཞེས་འཁོད་པ་བཞིན་བླ་མ། ཡི་དམ། སྒྱུ་མ་གསུམ་ཀས་ལོ་ཟླ་ཙམ་དང་ཚེ་འདི་ཁོ་ནར་གསལ་སྟོང་བདེ་ཆེན་རང་ཤར་མངོན་དུ་འགྱུར་བ་ནི་འཕྱུག་མེད་ལམ་ཁྱེར་རྣམ་གསུམ་ཞེས་བྱ་བ་ཡན་ལག་གི་ཉམས་ལེན་ཡིན་པས་ཡལ་གའི་ཆོས་སུ་གྲགས་པའོ།

II.3.5 - The flowers: the White and Red Khechari
།ལྔ་པ། མེ་ཏོག་མཁའ་སྤྱོད་དཀར་དམར།
ཇི་སྐད་དུ་མེ་ཏོག་མཁའ་སྤྱོད་དཀར་དམར་སྙིང་རྗེའི་རྒྱུན། ཁྱད་འཕགས་གསོལ་འདེབས་ཀྱིས་བསྐུལ་འཁོར་ལོ་བཞིར། །ཆགས་གྲོལ་བདེ་སྟོང་མར་མེ་རབ་ཏུ་འབར་ཞེས་གསུངས་པ་བཞིན། གསེར་ཆོས་བཞི་པ་མཁའ་སྤྱོད་དཀར་དམར་ཟུང་གི་ཉམས་ལེན་ནི། བཅོམ་ལྡན་འདས་རྡོ་རྗེ་བཙུན་མོ་བདེ་ཆེན་ཟག་པ་མེད་པའི་སྙིང་རྗེའི་མཐུ་རྩལ་གྱི་རྒྱུན། ཁྱད་འཕགས་གསོལ་འདེབས་རྡོ་རྗེའི་གདུང་ཚིག་གིས་བསྐུལ་ཞིང་། ལུས་གནས་འཁོར་ལོ་རྣམ་བཞིར་རྟེན་གྱི་བྱེ་བྲག་དང་མཐུན་པར་ཆགས་གྲོལ་གྱི་ལམ་སོ་སོ་ལ་བརྟེན་པའི་བདེ་སྟོང་མར་མེ་རབ་ཏུ་འབར་བའི་ཏིང་ངེ་འཛིན་གྱི་རྟེན་དེ་ཉིད་ལ་ཟུང་འཇུག་ཆེན་པོའི་མཁའ་ལ་སྤྱོད་པར་འགྱུར་བ་དང་། དབང་པོ་དམན་པ་རྣམས་སྐྱེ་གནས་ལྔ་ཅིག་ཅར་དུ་དགག་པའི་བཙན་ཐབས་ཀྱི་གསང་ལམ་ལ་བརྟེན་ནས་མཁའ་སྤྱོད་རྡོ་རྗེའི་གྲོང་དུ་དཀའ་བ་མེད་པར་བགྲོད་པ་ཡང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཟླ་བ་ལི་ཁྲིའི་མདངས་ཅན་རྡོ་རྗེ་རྣལ་འབྱོར་མའི་ཏིང་འཛིན། །ཁྱད་འཕགས་གསོལ་འདེབས་ཤུགས་ཀྱིས་སྙིང་རྗེའི་ཆུ་རྒྱུན་ནི་བསྐུལ་ཞིང༌། །འཁོར་ལོ་བཞི་ཡི་མར་མེ་ཆགས་གྲོལ་བདེ་སྟོང་ལ་བསླབས་པས། །མཁའ་སྤྱོད་མེ་ཏོག་ཚལ་དུ་ལྷན་སྐྱེས་མཛེས་མ་ཡིས་བསུའོ་ཞེས་གསུངས་པ་ལྟར་ཡིན། ཤངས་པ་བཀའ་བརྒྱུད་ཀྱི་རིན་ཆེན་བདུན་བརྒྱུད་སྔ་མའི་བདུན་པ་སངས་རྒྱས་གཉན་སྟོན་གྱིས་བྲག་དགོན་དུ་མཁའ་སྤྱོད་དཀར་དམར་མཐིང་གསུམ་གཟིགས་པ་སོགས་ཤངས་ཆོས་འཛིན་པ་རྣམས་ཀྱིས་མཁའ་སྤྱོད་དཀར་དམར་གཉིས་བསྒྲུབས་པའི་མཐར་ཕྱིན་པ་ཤིན་ཏུ་མང༌། སྤྱིར་ཁྱུང་པོའི་ལུགས་སུ་མཁའ་སྤྱོད་བཀའ་ལྔ་ཡོད་ཅིང་། དེ་དག་ནི་ཁྱུང་པོ་ཁོ་ན་ལ་མངའ་བའི་སྙན་བརྒྱུད་ཀྱི་གདམས་པ་ཞིག་ཡིན་པ་ཡང་། ཤངས་པའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ལས་མཁའ་སྤྱོད་བཀའ་ལྔར་གྲགས་པའི་གསེར་ཆོས་འདི། །ཀུན་ལ་མ་གྲགས་ཁྱུང་པོའི་སྙན་བརྒྱུད་ཡིན་ཞེས་གསུངས་པ་ལྟར་རོ།
།གཞན་ཡང་སྔར་ཆོས་དྲུག་གི་འཕོ་བའི་སྐབས་སུ་བརྗོད་ཟིན་པའི་འཕྱུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ཞེས་པ་དེ་ཡང་མཁའ་སྤྱོད་དཀར་དམར་གཉིས་ལ་བརྟེན་པའི་གདམས་པ་ཆེས་ཟབ་པ་ཞིག་སྟེ། ལོ་ཙཱ་བ་འགྱུར་མེད་བདེ་ཆེན་གྱིས་ཡེ་ཤེས་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །མཁའ་སྤྱོད་འཕོ་བའི་གདམས་པ་ཆེས་ཟབ་པ། །གྲུབ་པའི་དཔའ་བོ་རྣམས་ལས་བརྒྱུད་པ་འདི། དེ་དུས་བདག་གི་སྙིང་དབུས་ཐིག་ལེར་གནས་ཞེས་གསུངས་པ་བཞིན་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི་ཆེས་ལྐོག་འགྱུར་གྱི་གདམས་པ་འདི་དག་སྐབས་འདིར་ཡང་ཞིབ་ཏུ་འཆད་པར་ག་ལ་ནུས། དེས་ན་མེ་ཏོག་མཁའ་སྤྱོད་དཀར་དམར་དང་གང་དེའི་འཕོ་བའི་སྐོར་ལུང་རིག་མན་ངག་དང་ལྡན་པའི་ཤེས་ལྡན་རྣམས་ཀྱིས་མཁྱེན་པར་འདོད་ན། ཅུང་ཟད་ཞིབ་པ་འཇག་བསམ་གྱི་ཁྲིད་ཡིག་རྣམས་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ནི་གུ་ཆོས་དྲུག་གི་གནད་ཡིག་སྙིང་པོ་ཀུན་འདུས་སོགས་ཆོས་དྲུག་གི་ཁྲིད་ཡིག་ཁག་དང་། ལོ་ཆེན་འགྱུར་མེད་བདེ་ཆེན་གྱི་མཁའ་སྤྱོད་དཀར་མོའི་འཕོ་བ་རཱ་ཧུ་ལའི་གདམས་པ་མཁའ་སྤྱོད་དམར་མོའི་འཕོ་བ་སོགས་སུ་གཟིགས་པར་འཚལ།

II.3.6 - The fruit: the Immortal and the Infallible
དྲུག་པ། འབྲས་བུ་འཆི་མེད་འཆུག་མེད།
འབྲས་བུ་འཆི་མེད་འཆུག་མེད་ལ་གཉིས་ལས། དང་པོ་རྒྱལ་བ་གཉན་སྟོན་ཆོས་རྗེ་ལ་བཀའ་བབས་པའི་ལུས་འཆུག་མེད་ནི་རྒྱལ་བ་རྡོ་རྗེ་འཆང་ནས་དབུ་བཅད་མ། དེས་བིརཱ་པ། དེས་བྲམ་ཟེ་ནག་པོ། དེས་དུར་ཁྲོད་ནག་པོ། དེས་ལ་སྟོད་མགོན་པོ། དེས་སངས་རྒྱས་གཉན་སྟོན་ཉིད་ལ་བརྒྱུད་པ་ཡིན་ཞིང་། དེ་ཡང་ལུས་འཆི་མེད་ཀྱི་རྒྱ་གཞུང་དུ་འདི་ལྟར་མི་ཡི་ལུས་ལ་ནི། །གྲུབ་པའི་ལམ་ནི་རབ་གསལ་བ། །ཉམས་མྱོང་སྐྱེས་ཤིང་ལུས་བྱས་འགྱུར། །རྒས་པར་ཡང་ནི་མི་འགྱུར་རོ་ཞེས་འཁོད་པ་ལྟར་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་རང་ལུས་འདི་འཆི་བའི་གདགས་གཞིས་སྟོངས་པར་རྟོགས་ནས་གྲུབ་པའི་ལམ་མཆོག་ཏུ་བགྲོད་པའི་ཐབས་ཤིག་ཡིན། གདམས་པ་འདིའི་སྒོམ་ཚུལ་ཡང་ཆོས་རྗེ་བྱམས་པ་དཔལ་བས་འཆི་མེད་སྒོམ་དུས་ལུས་པོ་བསྲངས་ནས་སྒོམ་དགོས་པ་ཡིན། དེས་རྩ་རླུང་ཐད་ཀར་ཡོང་བ་ཡིན་ཅིང་། ཡི་དམ་ལྷ་མཐོང་ཞིང་འོད་གསལ་ཡང་འཆར་ཞེས་གསུངས་པ་སོགས་ལས་ཤེས་པར་བྱའོ།
།གཉིས་པ་རྗེ་བཙུན་རྨོག་ལྕོག་པས་མཁས་གྲུབ་ཁྱུང་པོ་ལ་གསེར་སྲང་ལྔ་བཅུ་ཕུལ་ནས་གནང་སྟེ་ཉམས་སུ་མྱོང་བར་བྱས་པའི་རང་སེམས་འཆི་མེད་རང་གྲོལ་ལ། སེམས་འཆི་མེད་ཀྱི་རྒྱ་གཞུང་དུ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་ཀྱང་བརྗོད་དེ། སྐྱེ་འཇིག་དང་འགྱུར་བའི་སྒྲིབ་པས་མ་གོས་པས་འཆི་མེད། ཐབས་ཤེས་གཉིས་སུ་མེད་པའི་འོད་གསལ་གྱི་སྐུ་ཡིན་པས་ཡེ་ཤེས། དེའི་གོང་ན་གཞན་མེད་པས་ཆེན་པོའོ། །འདིའི་དོན་ཡང་སེམས་འཆི་མེད་རྡོ་རྗེའི་མགུར་ལས་མདོ་རྒྱུད་མན་ངག་ཉམས་མྱོང་གིས། །མ་བསྒོམས་འཚང་རྒྱ་འཆི་མེད་གནད། །འདི་ལྟར་རྣམ་སྨིན་ལུས་འདི་ལ། །ཡེ་ཤེས་ལུས་ནི་རང་དགར་བྱུང་། །རྣམ་སྨིན་ལུས་ལ་ལྷ་ཡི་སྐུ། གསལ་ལ་དེར་འཛིན་མེད་པར་བསྒོམ། དེ་ཉིད་སེམས་དང་དབྱེར་མེད་དེ། སེམས་ལ་ངོ་བོ་མ་གྲུབ་པས། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཆི་བ་ཞེས་བྱ་རྣམ་རྟོག་ཡིན། །རྟོགས་ཚོགས་འཁོར་འདས་ཆོས་མ་གྲུབ་ཅེས་དང་། གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་ལས་འཆི་བ་ཞེས་བྱ་ལུས་དང་སེམས་འདི་ཡིན། །རྣམ་སྨིན་ལུས་ནི་བེམ་པོ་ས་རྡོ་འདྲ། །བག་ཆགས་ལུས་ཀྱང་རྨི་ལམ་ཤི་རྨིས་བཞིན། །འཆི་ཞེས་བཏགས་པ་ཙམ་ལས་དོན་མི་གྲུབ་ཅེས་གསུངས་པ་ལྟར། ཐ་མལ་པ་རྣམས་ཀྱིས་འཆི་བྱ། འཆི་བྱེད། འཆི་ཚུལ་ཐམས་ཅད་གྲུབ་པར་ངོས་བཟུང་བས། འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་། འོན་ཀྱང་བླ་མ་དམ་པའི་གདམས་ངག་གིས་རང་སེམས་གསལ་སྟོང་ཟུང་འཇུག་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ངོ་ཤེས། ཐག་བཅད། དེའི་རྒྱུན་བསྐྱངས་ནས་རང་གི་སེམས་འདི་ངོ་བོ་གང་དུའང་མ་གྲུབ་པའི་ཕྱིར་གདོད་མ་ནས་མ་སྐྱེས་པས་ན་འཆི་མེད་རང་གྲོལ་དུ་རྟོགས་པ་ཡིན། དེ་མིན་སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ་ལས་འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་བརྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་དུ་གསུམ་པའོ་ཞེས་སེམས་འཆི་མེད་ཀྱི་གཞུང་འདི་ཉིད་ནི་གསེར་ཆོས་གཞན་རྣམས་དང་འདྲ་བར་ཆིག་བརྒྱུད་བཀའ་རྒྱས་བཏབ་པ་ཡིན་ཀྱང་། འདིར་མི་རབས་གསུམ་ཞེས་བརྗོད་དོན་ནི། མཁས་གྲུབ་འགའ་ཞིག་གིས་རྒྱལ་བ་རྡོ་རྗེ་འཆང་གིས་ནི་གུ་མར་བརྒྱུད་པ་རབས་དང་པོ་དང་། ནི་གུ་མས་མཁས་གྲུབ་ཁྱུང་པོར་བརྒྱུད་པ་རབས་གཉིས་པ། མཁས་གྲུབ་ཁྱུང་པོ་དང་མཚུངས་པར་སངས་རྒྱས་གཉན་སྟོན་ལ་བཀའ་བབས་པ་བཅས་རབས་གསུམ་དུ་གོ འོན་ཏེ་ཇོ་ནང་ཏཱ་ར་ནཱ་ཐས་ནི་སངས་རྒྱས་སྟོན་པའི་སློབ་མ་མཆོག་གསུམ་སྟེ། མཁས་གྲུབ་ཤངས་སྟོན་དང་། བསམ་སྡིངས་པ་གཞོན་ནུ་གྲུབ། གནས་རྙིང་པ་ཨ་ཡི་སེང་གེ་བཅས་གསུམ་ལ་བརྒྱུད་པར་བཞེད། རང་སེམས་འཆི་མེད་རང་གྲོལ་གྱི་མགུར་རྗེ་བཙུན་དྷརྨ་སིང་ཧས་མཛད་ཅིང་། དབུར་ན་མོ་གུ་རུ་ཞེས་པ་དང་བཅས་པའི་ཁྱོན་ཚིག་རྐང་བཅུ་ཡོད་པ། དབོན་སྟོན་སྐྱེར་སྒང་པས་རྗེ་བཙུན་རྨོག་ལྕོག་པ་ལ་གསེར་སྲང་བརྒྱ་དང་འབྲི་སུམ་ཅུ། ཟེར་ཐུལ་གཅིག་རྣམས་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་གནང་བ་ཞིག་ཀྱང་ཡོད།
རྣམ་སྨིན་གྱི་ལུས་འདི་ཉིད་ནི་བེམ་པོའི་ཚོགས་པ་ཡིན་པའི་ཕྱིར་སྐྱེ་འཆིའི་ཐ་སྙད་གདགས་པའི་གཞི་མ་ཡིན་པས་སྟོང༌། དོན་དུ་ལུས་ཀྱང་སེམས་ཀྱི་སྣང་བ་ཙམ་ལས་བྱུང་བས་སེམས་སྐྱེ་འཆི་མེད་པར་རྟོགས་པའི་གདིང་འཆོས་པ་ན། ལུས་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འཁྲུལ་སྣང་གི་ལམ་དུ་འཕྱུག་པ་མེད་པའི་དབྱིངས་སུ་བསྡམ་འགྱུར་བའི་གདམས་ངག་དེ་ལྟ་བུས་ཚེ་འདི་ལ་ཟུང་འཇུག་གི་སྐུ་བརྙེས་ཤིང་། ཐོས་པ་ཙམ་གྱིས་ཀྱང་བར་དོ་རྒྱལ་བ་ལོངས་སྐུར་འཚང་རྒྱ་བ་འབྲས་བུ་ལྟ་བུར་གསུངས་པ་ཡང་། ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ་ལས་བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་གདམས་ངག་གཅེས་ཞེས་འཁོད་པ་དང་མཐུན། གདམས་པ་འདིའི་ཕན་ཡོན་ཡང་འཆི་མེད་རང་གྲོལ་འདི་རྣ་བར་ལན་གཅིག་ཐོས་པས། བར་དོར་རྒྱལ་བ་ལོངས་སྐུར་སངས་(འཚང་)རྒྱ་བར། བཀའ་མདོ་རྒྱུད་ཐམས་ཅད་ནས་གསུངས་པས། འཁོར་བར་འཁྱམས་དགོས་པ་མི་དགོས། ཐེ་ཚོམ་དང་ཡིད་གཉིས་མ་ཟད། མི་ལུས་ཐོབ་པ་དོན་ཅན་དུ་སོང་བ་ཡིན་ཞེས་པ་ལྟར་འཆི་མེད་རང་གྲོལ་འདི་ཉིད་རྣ་བར་ཐོས་པ་ཙམ་གྱིས་བར་དོར་རྒྱལ་བ་ལོངས་སྐུར་འཚང་རྒྱ་བ་མདོ་རྒྱུད་རྣམས་ལས་གསུངས་པས། འཁོར་བར་འཁྱམས་མི་དགོས་པ་མ་ཟད་དལ་བའི་རྟེན་ཐོབ་པ་དོན་དང་ལྡན་པར་འགྱུར་བ་དང་། དེ་བཞིན་དུ་ལུས་འཆི་མེད་ཀྱི་རྩ་བ་ལས་ཀྱང་འཆི་བ་ལས་ནི་གྲོལ་བ་དང༌། །ལུས་སེམས་ལ་ནི་ཕན་པ་འབྱུང༌། །སེམས་ལ་གནས་པ་ཙམ་གྱིས་ཀྱང་། མངལ་དུ་སྐྱེ་བར་མི་འགྱུར་རོ་ཞེས་འཁོད་པ་སོགས་ལས་ཤེས་པར་བྱའོ། །འདིའི་སྐོར་གྱི་ནང་དོན་ཞིབ་པ་རྗེ་བཙུན་རྨོག་ལྕོག་པའི་སེམས་འཆི་མེད་རང་གྲོལ་གྱི་མགུར་དང་། མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པའི་སེམས་འཆི་མེད་ཀྱི་ཁྲིད་ཡིག །ཆོས་རྗེ་སྟོན་པའི་འཆི་མེད། འཆི་མེད་གྲུབ་པའི་འགྲེལ་པ་སོགས་ཚད་ལྡན་གྱི་གཞུང་རྣམས་སུ་གཟིགས།
གཞན་ཡང་རྣམ་ཀུན་ཡོངས་སུ་གྲགས་པའི་གསེར་ཆོས་རྣམ་ལྔ་འདི་རྣམས་ཕུད། མཁས་གྲུབ་ཁྱུང་པོའི་མན་ངག་གཞན་འགའ་ཞིག་ལ་ཡང་གསེར་ཆོས་ཞེས་པའི་ཐ་སྙད་བཏགས་སྲོལ་ཡོད་པ་ཡང་། སྒྲུབ་ཐབས་དགོས་པ་ཀུན་འབྱུང་གདམས་ངག་གི་རྒྱལ་པོའི་མཇུག་ཏུ་གསེར་ཆོས་རྣམས་ཀྱི་ནང་ནས། མགོན་པོའི་བཀའ་རྒྱ་མ་འདི་རིན་ཆེན་བརྩོན་འགྲུས་ཁྱེད་ལ་གཏོད། ཆིག་བརྒྱུད་ལས་མ་སྤེལ་ཅིག་ཅེས་མགོན་པོའི་ཆོས་སྐོར་གྱི་གདམས་ངག་འདི་ཡང་གསེར་ཆོས་ཀྱི་ཁོངས་སུ་བཞག་ཡོད་པ་དང་། དུ་དུང་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་རྡོ་རྗེ་གདན་པས་མཁས་གྲུབ་ཁྱུང་པོ་ལ་གདམས་པའི་གསེར་ཆོས། ལོ་ཟླ་ཙམ་གྱིས་སངས་རྒྱས་ཀྱི་སར་སྐྱེལ་བའི་གདམས་ངག །རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་དོན་ཞེས་འཁོད་པ་བཞིན་རྒྱུད་སྡེ་ལྔའི་གཙོ་བསྡུས་ཀྱི་བསྙེན་ཡིག་སོགས་ཀྱང་གསེར་ཆོས་ཀྱི་ཁོངས་སུ་བསྡུ་བ་ཡིན། དེར་བརྟེན་མཁས་གྲུབ་ཁྱུང་པོས་རྒྱ་གར་དུ་རིན་ཆེན་གསེར་གྱི་ཕྱག་རྟེན་དུ་མ་ཕུལ་ནས་སྤྱན་དྲངས་པའི་ཆོས་སྐོར་གཞན་རྣམས་ལ་ཡང་གསེར་ཆོས་སུ་འབོད་པ་དོན་ལ་གནས་པ་ཞིག་ཡིན།
སྤྱིར་གྲུབ་ཆེན་ཁྱུང་པོས་འཕགས་ཡུལ་གྱི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་རྫོགས་པར་བཞེས་པས། ཁོང་ལ་མངའ་བའི་ཆོས་སྒོ་རབ་འབྱམས་ཀྱི་རྒྱ་མཚོར་ངེས་པའི་ཚད་དང་གསལ་བའི་མཐའ་བཟུང་བར་ག་ལ་ནུས། འོན་ཀྱང་ཕྱིས་རིམ་བཞིན་ཤངས་པའི་བརྒྱུད་པ་སྤྱི་ལ་ཉམས་དམས་ཤུགས་ཆེ་ཙམ་བྱུང་བ་དང་སྦྲགས། དཀར་ཆག་བཻཌུརྱའི་ལྡེའུ་མིག་ལས་ཕལ་ཆེར་སྐལ་པ་ཤིན་ཏུ་དམན་པའི་དགུན་གྱི་ནམ་ཟླར་ཟབ་གསང་སྦྲང་རྩིའི་ཆར་སྤྲིན་བགས་ཀྱིས་ཡལ་བས། ཤངས་པའི་གསེར་ཆོས་ཕལ་མོ་ཆེ་མཁའ་ལ་སྤྱོད་པའི་རྟེན་གྱི་གཙོ་བོར་ཕེབས་ཟིན་པས་དཔེ་ལུང་གཉིས་ཀའི་རྒྱུན་ཆད་པ་མང་ཞིང་། འགའ་ཞིག་དཔེ་བཞུགས་ཀྱང་དབང་ལུང་གི་རྒྱུན་མི་བཞུགས་པ་དང་། གང་བཞུགས་པ་དག་ལའང་ཡུན་རིང་གནས་པར་འགྱུར་ན་ཅི་མ་རུང་སྙམ་པའི་སེམས་ཁྲལ་བྱེད་པ་ཆེས་ཉུང་བས། མགྲོན་པོའི་ལམ་རྒྱགས་བཞིན་མཐར་གྱིས་འཛད་པར་འགྱུར་བར་དོགས་ནས། གཙོ་བོར་བསྟན་པ་ཡུན་རིང་དུ་གནས་པ་དང་། དབང་ལུང་ཡོད་མེད་ཤན་ཕྱེད་པ་དང་། རྩ་བ་ཡན་ལག་གི་ཁྱད་པར་དང༌། ཕྱིས་འབྱུང་ཡི་གེའི་ཕུང་པོ་རྣམས་ལས་མེད་དུ་མི་རུང་བ་དག་ཀྱང་ངེས་པར་བྱ་བའི་སླད་དུ་དཀར་ཆག་འདི་བཏབ་པའང་དོན་ཡོད་པ་ཡིན་ནོ་ཞེས་འཁོད་པ་ལྟར། ཤངས་པའི་གསེར་ཆོས་འགའ་ཞིག་མཁའ་སྤྱོད་ཀྱི་གྲོང་དུ་ཕེབས་ཟིན་པས་དཔེ་ལུང་གཉིས་ཀའི་རྒྱུན་ཆད་པ་མང་ལ། གང་དེའི་འཆི་གསོན་གྱི་ལས་དབང་ལ་བསམ་གཞིགས་བྱེད་མཁན་ཡང་ཆེས་ཉུང་བས་འདིའི་སྐོར་དོ་སྣང་དང་རྒྱུས་མངའ་ཅུང་ཙམ་བྱ་རྒྱུ་དེ་ཡང་ངེས་པར་དོན་དང་ལྡན་པར་འགྱུར་མོད། འོན་ཏེ་ཀློང་ཆེན་མཛོད་བདུན་གྱི་མན་ངག་མཛོད་ལས་ཆོས་སྒྲུབ་མཚོ་གླིང་ནོར་བུ་ལེན་འདྲ་བས། །སྙན་བརྒྱུད་གདམས་ངག་ལྐུགས་པར་སྤེལ་མི་བྱ་ཞེས་སྙན་ནས་སྙན་དུ་བརྒྱུད་པའི་ཟབ་གསང་གི་གདམས་ངག་འདི་དག་དྲིན་ཅན་གྱི་བླ་མའི་ཞལ་ནས་ལྐུགས་པ་ཁོ་བོ་ལྟ་བུ་ལ་མ་ཐོབ་པ་དང་། ཉམས་མྱོང་གི་ཡོན་ཏན་ཏིལ་འབྲུ་ཙམ་མི་མངའ་ཡང་། ལོང་བས་ལོང་ཁྲིད་ཀྱི་ཚུལ་དུ་བདག་དང་འདྲ་བའི་ལྐུགས་པ་གཞན་རྣམས་ལའང་སྤེལ་བ་ཤིན་ཏུ་མི་འོས་ན་ཡང་། གནའ་མིའི་ཁ་དཔེར་དཔེ་མེད་ཀྱི་མཆོད་རྟེན་ལ། །ལུང་མེད་ཀྱི་རབ་གནས་ཞེས་པ་ལྟར་མ་ཡིན་པར། གཅིག་ནས་གཟི་འོད་རབ་ཏུ་འཕྲོ་བའི་མཁས་གྲུབ་ཁྱུང་པོའི་གདམས་ངག་གི་སྙིང་པོ་ཤངས་ཆོས་ཀྱི་ཉིང་ཁུ་དེ་དག་ལ་ལྡན་འོས་པའི་རིག་གནས་ཀྱི་རིན་ཐང་དང་ཐོབ་འོས་པའི་ལོ་རྒྱུས་ཀྱི་གནས་བབས་བསྲུང་ཕྱིར་དང་། གཉིས་ནས་ཤངས་ཆོས་འདི་ཉིད་མི་ཡུལ་ནས་ཡོངས་སུ་ཡལ་བར་སྙམ་པའི་མ་རྟོགས་ལོག་རྟོག་གི་བློ་ཅི་རིགས་ལ་བདེན་དཔང་དུ་བཀོད་ནས། དེ་བས་མང་བའི་མིས་གང་དེའི་རིན་ཐང་ལོངས་སུ་སྤྱོད་ཐུབ་རྒྱུའི་ཕྱིར། ཤིན་ཏུ་ལྐོག་འགྱུར་གྱི་ཟབ་གནད་འདི་དག་དང་རྡོ་རྗེའི་ཚིག་དོན་གྱི་ངེས་པ་ཅུང་ཙམ་ཞིག་མངོན་ཤེས་རྣམ་ལྔ་དང་བྲལ་བའི་བློ་དམན་ཁོ་བོས་ལུང་ཁུངས་གང་རྙེད་ཀྱི་བྲག་རི་ལ་སྔས་བཅོལ་ནས་གོང་དུ་ས་བཅད་མ་སྟོང་ཙམ་ཞིག་སྨོས་པ་འདི་དག་མུན་ནག་ལག་བསྟབ་ཀྱི་ཚུལ་དང་གང་དྲན་དུ་འཆད་པའི་སྐྱོན་དུ་འགྱུར་སྲིད་པ་ཡང་། འཇམ་དབྱངས་མཁྱེན་བརྩེ་དབང་པོས་རིག་འཛིན་ཌཱ་ཀིའི་ཞལ་ལུང་ངེས་པའི་དོན། །རང་གི་རྒྱུད་ལ་མྱོང་བ་མ་སྐྱེས་ཤིང༌། །མོས་པས་སྤྱོད་པའི་གྲལ་མཐར་ལྷུང་འགྱུར་ཕྱིར། འདི་ལྟར་སྨྲ་བ་འོས་མིན་དེ་ལྟ་ནའང༌། །གང་ཤར་རྡོ་རྗེའི་རོལ་མོར་འཁྲོལ་བ་ལ། །ཉེས་པའི་ཚོགས་ཀུན་རྩ་གསུམ་དཀྱིལ་འཁོར་ལ། །མི་འཆབ་མཐོལ་ཞིང་དགེ་ཚོགས་གང་མཆིས་དེས། །འགྲོ་ཀུན་ཕྱག་རྒྱ་ཆེ་ལ་གནས་པར་ཤོག་ཅེས་གསུངས་པ་བཞིན་རིག་འཛིན་ཊ་ཀིའི་ཞལ་ལུང་གི་ངེས་དོན་རང་རྒྱུད་ལ་རྩ་བ་ནས་མ་སྐྱེས་པ་མ་ཟད། རྡོ་རྗེའི་རོལ་མོ་བཀྲོལ་བའི་ནུས་མཐུ་དེ་བས་མེད་ཀྱང་། འདི་ལྟར་གྱི་སྨོན་ལམ་ཙམ་ཞིག་བརྗོད་ནས་བཤག་པར་བྱ་ལ། ཡང་དབོན་སྟོན་སྐྱེར་སྒང་པས་འགལ་དང་འཁྲུལ་པར་མཐོང་ལགས་ན། །ཚིག་ལ་མ་བལྟ་དོན་ལ་བལྟོས། །སྨྱོན་པས་མུ་ཅོར་སྨྲས་པ་ཡིན་ཞེས་གསུངས་པ་ལྟར། ཤངས་པ་བཀའ་བརྒྱུད་འདི་ཡང་དྭགས་པོ་བཀའ་བརྒྱུད་དང་འདྲ་བར་ཚིག་སྐམ་པོའི་བརྒྱུད་པ་ཙམ་མ་ཡིན་པར་དོན་དམ་པའི་བརྒྱུད་པ་མཐར་ཐུག་པ་ཞིག་ཡིན་པས། དོན་གྱི་རོ་བཅུད་ཏིལ་འབྲུ་ཙམ་ལྡན་ན་བླང་བར་བྱ་ལ། གང་ལྟར་ནའང་རིགས་ཀྱི་བུ་དམན་པའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་དེ་ལྟ་བུ་ཡང་མ་སྐྱེད་ཅིག །ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་གསུངས་པ་ལྟར་ཟབ་མོའི་ཆོས་དེ་དག་དང་། དེའི་དོན་ཕྱིན་ཅི་མ་ལོག་པར་ཉམས་སུ་བསྟར་ནུས་པའི་སྐྱེས་ཆེན་རྣམས་ལ་ནམ་ཡང་སྨད་པ་དང་དམན་པའི་འདུ་ཤེས་འཛིན་པར་མ་རིགས་སོ།

།སྨྲས་པ། གསེར་ཆོས་ལྔ་ཡི་གདམས་པའི་གཟི་བྱིན་ཁམས་གསུམ་གླིང་བཞིར་རབ་འབར་བས། །སྒྱུ་ལུས་རྨི་ལམ་ཉིང་འཁྲུལ་དག་སྣང་ཡུལ་དུས་ཕྱོགས་མཚམས་ཀུན་ཏུ་ཤར། །གཏུམ་མོའི་བདེ་དྲོད་མེ་ཆེན་ཤུགས་ཀྱིས་ལུས་གནད་རྩ་བཞི་ངང་གིས་གྲོལ། །གཉིས་མེད་ཕྱག་ཆེན་གའུ་མ་ཡི་གོ་འཕང་མཆོག་བརྙེས་ཨེ་མ་མཚར། །ཞེས་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ།

II.4 -
།ལེའུ་བཞི་པ། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་གཞན་རྣམས་དང་གདམས་པའི་ཁྱད་ཆོས་ཀྱི་སྐོར།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་ལ་གསེར་ཆོས་རྣམ་པ་ལྔ་ཕུད་པའི་ཆོས་སྐོར་གཞན་ཡང་མཐའ་ཡས་པ་ཡོད་དེ། ཡེ་ཤེས་མགོན་པོའི་ཆོས་སྐོར་དང་། ཤངས་ལུགས་རྒྱུད་སྡེ་ལྔ། སྒྱུ་མ་ལམ་རིམ། སྒྱུ་ལུས་དྲུག་ལྡན། རླུང་བུམ་པ་ཅན་དང་ཤིང་རྟ་ཅན། བླ་མ་ཤངས་པའི་ཐུགས་དམ་དྲུག །གདམས་པ་འཇམ་དཔལ་རྒྱ་ལུགས། དོན་དམ་ཕན་མེད་གནོད་མེད། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན། རྗེ་བཙུན་མ་ཐོད་པ་རྒྱན་སོགས་ལས། ཕལ་ཆེ་བ་མཁས་གྲུབ་ཁྱུང་པོ་རང་ཉིད་ཀྱིས་བོད་ཡུལ་དུ་གདན་དྲངས་པ་ཡིན་ཞིང་། འགའ་ཤས་ནི་ཕྱི་རབས་ཀྱི་བརྒྱུད་འཛིན་རྣམས་ལ་བཀའ་བབས་པ་ཡིན། དེ་དག་གི་སྐོར་རགས་ཙམ་སྒྲིང་བ་ལ།

II.4.1 -
དང་པོ། ཡེ་ཤེས་མགོན་པོའི་ཆོས་སྐོར།
མཁས་གྲུབ་ཁྱུང་པོ་འཕགས་ཡུལ་དུ་ཕེབས་ཐེངས་གཉིས་པར་མངའ་བདག་མེ་ཏྲི་པས་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་ཐོག་མར་གནང་བ་དང་། དེ་རྗེས་གྲུབ་ཆེན་རཱ་ཧུ་ལས་འཕན་ཡུལ་འཆད་ཀར་མགོན་དཀར་ཡིད་བཞིན་ནོར་བུ་སོགས་མགོན་བཀའ་སྔར་མ་གསན་པ་རྣམས་ཀྱང་རྫོགས་པར་གནང་བས། མྱུར་མཛད་ཡེ་ཤེས་མགོན་པོ་ཉིད་ཤངས་པའི་བཀའ་སྲུང་གཙོ་བོར་གྱུར་ལ། ཤངས་པའི་མགོན་པོའི་ཆོས་སྐོར་ནི་མགོན་པོའི་ཆོས་སྐོར་གཞན་ཀུན་ལས་ཀྱང་ཁྱད་པར་དུ་འཕགས་ཤིང་། བོད་དར་ནང་བསྟན་གྱི་ཆོས་བརྒྱུད་གཞན་འགར་ཡང་ཤུགས་རྐྱེན་ཆེས་ཆེར་ཐེབས།
II.4.1.1
གཅིག ཡེ་ཤེས་མགོན་པོའི་སྐོར།
ལྷ་ཆེན་མཱ་ཧཱ་ཀཱ་ལའམ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ནི། མགོན་པོའི་སྒྲུབ་ཐབས་ལས་ཞིང་སྐྱོང་ནག་པོ་གཤེགས་སུ་གསོལ། །འཁོར་གྱི་དམག་ཚོགས་གཤེགས་སུ་གསོལ་ཞེས་དང་། དཔལ་མགོན་བདུན་ཅུ་རྩ་ལྔ་དང༌། །དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས་ཞེས་གསལ་བའི་ནང་འཁོར་གྱི་དམག་ཚོགས་དང་དམ་ཅན་རྒྱ་མཚོའི་དམག་ཚོགས་ཞེས་འབོད་པས། ཐོག་མར་གནའ་བོའི་རྒྱ་གར་ཆོས་ལུགས་སུ་དམག་གི་དཔུང་ཚོགས་དུ་མའི་སྐྱབས་ལྷ་ལྟ་བུར་ངོས་འཛིན་པའི་དམག་ལྷ་ཞིག་ཡིན་པས་དེ་ཉིད་ཀྱི་མཚན་གྱི་རྣམ་གྲངས་འགར་བདུད་གཅོད་ཀྱི་སྐྱེས་བུ། སྲོག་གཅོད་ཀྱི་བཤན་པ། བདུད་འདུལ་གྱི་དམག་དཔོན་ཞེས་སོགས་འཁོད་པས་ཀྱང་མཚོན། ཕྱིས་སངས་རྒྱས་ཆོས་ལུགས་ཀྱི་བཀའ་སྲུང་དུ་གྱུར་པ་འདི་ཉིད་ནི། སྔར་གྱི་དུས་ཤིག་འཕགས་པ་སྤྱན་རས་གཟིགས་རྫི་བོ་ལྟ་བུའི་སེམས་བསྐྱེད་ནས། སེམས་ཅན་རྣམས་འཁོར་བའི་གནས་ལས་འདྲེན་མ་ཚར་གྱི་བར་འཚང་མི་རྒྱ་བའི་དམ་བཅའ་འཇོག་གནང་མཛད་ཀྱང་། ཕྱིས་དམ་བཅའ་དེ་བོར་བའི་ཚུལ་མཛད་པས་སྐུ་ལུས་ཚལ་པ་སྟོང་དུ་གས། སངས་རྒྱས་འོད་དཔག་མེད་ཀྱིས་དབུ་བཅུ་གཅིག་དང་ཕྱག་སྟོང་དུ་བྱིན་གྱིས་བརླབས། དེ་རྗེས་སྙིགས་དུས་གདུལ་དཀའི་སེམས་ཅན་མ་རུངས་པ་རྣམས་དྲག་པོས་གདུལ་བ་དང་། ཆོས་བྱེད་པ་རྣམས་བར་དོའི་འཇིགས་པ་ལས་སྐྱོབ་ཕྱིར། འཕྲིན་ལས་རྣམ་པ་གསུམ་གྱི་སྒོ་ནས་སྔར་ལས་ལྷག་པའི་ཐུགས་བསྐྱེད་དེ། ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་བྱུང་བ་དེ་ནི་མྱུར་མཛད་ཡེ་ཤེས་མགོན་པོ་སྟེ། འཛམ་བུའི་གླིང་དུ་བྱོན་རྗེས་ཐོག་མར་ཤིང་ལ་གནས་པས་ཤིང་ཕུག་ཅན་ཞེས་ཀྱང་བྱ། དེ་མིན་གྱི་མཚན་མི་འདྲ་བ་མང་དུ་ཡོད་པའང་། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་འཕྲིན་ལས་གཏེར་མཛོད་ལས་ལྷ་ཆེན་མཱ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ། །རིག་འཛིན་སྲུང་མ་གཤེགས་སུ་གསོལ། །ཞིང་སྐྱོང་ནག་པོ་གཤེགས་སུ་གསོལ་ཞེས་གསུངས་པ་ལྟར་རོ།
།དེ་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ཉིད་ཐུགས་རྗེར་ཁྲོས་པའི་སྐུ། བདུད་དཔུང་མ་ལུས་ཕྱེ་མར་འཐག་པར་མཛད་པའི་དཔལ་ཡེ་ཤེས་མགོན་པོ་སྟེ་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་ཆོས་སྐྱོང་བའི་སྲུང་མ་འཛིན་པའི་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་ལ། སྤྱིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ནག་པོ་བར་ཆད་ཀུན་སེལ། མགོན་བཀའ་གཉིས་པ་མགོན་དཀར་ཡིད་བཞིན་ནོར་བུ། མགོན་བཀའ་གསུམ་པ་མགོན་སེར་ཞལ་གསུམ་ཕྱག་དྲུག་མ། མགོན་བཀའ་བཞི་པ་མགོན་དམར་དབང་གི་རྒྱལ་པོ། མགོན་བཀའ་ལྔ་པ་མགོན་ལྗང་ཚེའི་བདག་པོ། མགོན་སེར་གུར་ཀུམ་མདོག་ཅན། མགོན་པོ་མཆིང་ཁ། གསང་སྒྲུབ་ཡུམ་ཅན་མགོན་པོ་རྒྱན་ཅན་སོགས་མགོན་བཀའ་བཅུ་གསུམ་ཡོད་པ་ལས་རྣམ་ཀུན་ཡོངས་གྲགས་སུ་མགོན་པོ་ཕྱག་དྲུག་ཅེས་སུ་འབོད་པ་དང་། སྐབས་འདིར་བརྗོད་པར་བྱ་བ་ཡང་སྣང་སྲིད་ཐམས་ཅད་ཀྱི་བྲན་བདག །སྲིད་གསུམ་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་མགོན་ནག་བར་ཆད་ཀུན་སེལ་ཏེ་འཁོར་ཤ་ཟ་དང་མ་མོ་མཁའ་འགྲོ་འབུམ་སྡེས་བསྐོར་བ། གཙོ་བོའི་མདུན་དུ་གནོད་སྦྱིན་གྱི་བདག་པོ་ཡིད་འགུལ་གྱི་བུ་ཀྵེ་ཏྲ་པཱ་ལ་དང༌། ཁྱབ་འཇུག་གི་བུ་ཛི་ན་མི་ཏྲ། གཤིན་རྗེ་འདོད་རྒྱལ་གྱི་བུ་ཊཀྐི་རཱ་ཛ། བདུད་ལེགས་ལྡན་གྱི་བུ་ཊཀྐད་ནག་པོ་བཅས་འཁོར་གྱི་གཙོ་བོ་བཞིས་བསྐོར་ནས་ཡོད། མགོན་འཁོར་རྣམ་བཞི་དེ་དག་ཐོག་མར་དུར་ཁྲོད་ཆེན་པོ་མུན་པ་མི་ཟད་པ་ཞེས་བྱ་བར་སློབ་དཔོན་ཆེན་པོ་དྷ་ན་ལེགས་སྦྱར་སྐད་ལ་བར་གཅོད་དུ་བྱུང་བ་སློབ་དཔོན་གྱིས་ཕྱག་རྒྱས་བཅིངས་པས། དེ་དག་གིས་སྲོག་སྙིང་དང་སྒྲུབ་ཚུལ་སློབ་དཔོན་ལ་གསུངས་པ། སློབ་དཔོན་གྱིས་གྲུབ་ཆེན་རཱ་ཧུ་ལར་གནང་། དེས་མཁས་གྲུབ་ཁྱུང་པོར་འཕན་ཡུལ་དུ་གནང་། མགོན་ནག་བར་ཆད་ཀུན་སེལ་འདི་ཉིད་ཀྱི་སྐུ་མདོག་དང་སྐུའི་རྣམ་འགྱུར་སོགས་ཀྱང་། མགོན་པོའི་སྒྲུབ་ཐབས་ལས་མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་ནག་འབར། ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་དམར་ལ་ཟླུམ། །ཞལ་གདངས་ལྗགས་འདྲིལ་འཇིགས་པའི་ང་རོ་བཞད། །སྨར་སྨིན་དབུ་སྐྲ་ཁམ་ནག་གྱེན་དུ་བརྗེས། །ལི་ཁྲིའི་ཐེག་ལེ་མི་བསྐྱོད་རྒྱལ་པོས་བརྒྱན། །དང་པོ་གཉིས་ཀྱིས་གྲི་གུག་ཐོད་ཁྲག་བསྣམས། །བར་པས་ཐོད་ཕྲེང་བགྲང་ཞིང་རྩེ་གསུམ་གསོར། །འོག་མས་ཌ་རུ་འཁྲོལ་ཞིང་ཞགས་པ་འཕེན། །མཉམ་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་བརྫིས། །ཐོད་སྐམ་དབུ་རྒྱན་ཐོད་བརློན་དོ་ཤལ་མཛད། །སྟག་ལྤགས་ཤམ་ཐབས་དར་དང་རིན་པོ་ཆེ། །ཀླུ་ཆེན་བརྒྱད་དང་རུས་པའི་རྒྱན་དྲུག་མཛེས། །ཕྱག་ཞབས་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲིལ། །སྡོམ་ཐུང་ལྟོ་བ་རྒྱས་ཤིང་ཡན་ལག་ཧྲག །བཟོད་དཀའི་གཟི་ལྡན་སྐལ་མེ་འབར་བའི་ཀློང༌། །ཙན་དན་སྡོང་པོར་སྐུ་རྒྱབ་བསྟེན་པའོ་ཞེས་པ་ལྟར་དང་། ཡང་ཕྱག་སོ་སོར་བསྣམས་པའི་ཕྱག་མཚན་དང་དེ་དག་གི་མཚོན་དོན་ཡང་ཕྱག་དྲུག་གཡས་ཀྱི་དང་པོ་ན། །གནམ་ལྕགས་འབར་བའི་གྲི་གུག་གིས། །དགྲ་བགེགས་འབྱུང་པོའི་སྲོག་རྩ་གཅོད། ཕྱག་དྲུག་གཡོན་གྱི་དང་པོ་ན། བྷན་ད་ཁྲག་གིས་གང་བ་བསྣམས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ། །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཐོད་སྐམ་འབར་བའི་ཕྲེང་བ་འདྲེན། །འགྲོ་དྲུག་སེམས་ཅན་འདྲེན་པའི་རྟགས། །ཕྱག་དྲུག་གཡོན་གྱི་བར་པ་ན། །ཁ་ཊཱཾ་རྩེ་གསུམ་བསྣམས་པ་ནི། །འབྲས་བུ་སྐུ་གསུམ་བརྙེས་པའི་རྟགས་ཞེས་གསུངས་པ་ལྟར་རོ།
།སྤྱིར་མགོན་པོའི་སྐུ་ལུས་ཀྱི་རྣམ་པ་དང་བཞུགས་སྟངས་འདྲ་མིན་མང་དུ་ཡོད་ཀྱང་། ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པའི་ཐུན་མིན་གྱི་ཁྱད་ཆོས་ནི་བི་ནཱ་ཡ་ཀ་མནོལ་བའི་གདན་སྟེང་ན། །དཀྲིག་དཀྲིག་ཞབས་ཀྱིས་དགྲ་བགེགས་ཐལ་བར་རློག །ཅེས་པ་ལྟར་ཞབས་གཉིས་དཀྲིག་དཀྲིག་ཏུ་ཡོད་པ་ཤངས་ཞོང་ཞོང་དགོན་དང་ཙཱ་འདྲ་རིན་ཆེན་བྲག་གི་མགོན་ཁང་བསིལ་བ་ཚལ་དུ་བཞུགས་པའི་མགོན་པོ་འདི་དག་གིས་མཚོན་ནོ།
II.4.1.2
།གཉིས། ཡེ་ཤེས་མགོན་པོའི་ཆོས་སྐོར་གྱི་འབྱུང་ཁུངས།
ཡེ་ཤེས་མགོན་པོའི་ཆོས་སྐོར་འདི་ཉིད་ཀྱི་འབྱུང་ཁུངས་སྨོས་པ་ལ། ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་ཚུལ་དང་། བར་ལ་བོད་དུ་ཇི་ལྟར་བསྒྱུར་ཚུལ། མཐའ་མར་མཁས་གྲུབ་ཁྱུང་པོའི་ལུགས་ཀྱི་མགོན་པོའི་ཆོས་སྐོར་དེ་གང་འདྲ་ཞིག་ཡིན་མིན་བཅས་གསུམ་གྱི་སྒོ་ནས་ཞིང་བ་ལ།
༡ འཕགས་ཡུལ་དུ་ཇི་ལྟར་བྱུང་ཚུལ།
ཡེ་ཤེས་མགོན་པོའི་ཆོས་སྐོར་འདི་ཉིད་འཕགས་ཡུལ་དུ་དར་ཚུལ་ལ་གསུངས་སྟངས་མི་འདྲ་བ་ཁག་གསུམ་ལས། (༡) རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་སྐུ་མྱ་ངན་ལས་འདས་རྗེས་ལོ་དྲུག་བརྒྱར་ཉེ་བ་སོང་བ་ན། གྲུབ་ཐོབ་རི་ཁྲོད་མགོན་པོ་ཤ་ཝ་རི་པ་བསིལ་བའི་ཚལ་དུ་སྤྲོས་མེད་ཀྱི་ཏིང་འཛིན་ལ་བཞུགས་སྐབས་ཀྱི་ཐོ་རངས་ཤིག །ཌ་མ་རུའི་སྒྲ་དང་བཅས་ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་མངོན་སུམ་དུ་བྱོན་ཏེ། ཉིད་ཀྱི་སྲོག་སྔགས་སྒྲུབ་ཐབས་མཐའ་དག་ཕུལ། དུས་དེ་ནས་ལོ་སྟོང་ཕྲག་ཙམ་སོང་བ་སྟེ། སྤྱི་ལོའི་དུས་རབས་བཅུ་པ་ཙམ་དུ་མངའ་བདག་མཻ་ཏྲི་པ་ཆེན་པོ་བི་ཀྲ་མ་ཤཱི་ལར་བཞུགས་དུས། བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་ནུས་མཐུ་ཁྱད་པར་ཅན་རྙེད་ཀྱང་། གནས་ལུགས་ཀྱི་དོན་མ་རྟོགས་སྟབས་ལྷག་པའི་ལྷ་འདིར་གསོལ་བ་བཏབ་པས། ལྷོ་ཕྱོགས་དཔལ་གྱི་རི་ལ་སོངས་ཤིག་ཅེས་གསུངས་པ་དང་། རི་ཁྲོད་མགོན་པོས་རྗེས་སུ་འཛིན་པར་འགྱུར་བའི་ལུང་བསྟན་པ་ལྟར། ལྷོ་ཕྱོགས་དཔལ་གྱི་རི་ལ་ཕེབས་ནས་གྲུབ་ཐོབ་ཤ་ཝ་རི་པ་ལས་ཕྱག་རྒྱ་ཆེན་པོའི་གདམས་པ་མཐའ་དག་གསན་ཞིང་། གནས་ལུགས་ཀྱི་གཟིགས་པ་ནམ་མཁའ་དང་མཉམ་པར་གྱུར་རྗེས། ཟབ་དོན་གྱི་བསྟན་པ་སྤེལ་བར་བཀའི་གནང་བ་ཐོབ་ནས་བྱིན་གྱིས་བརླབས་པའི་ལྷ་བཞིའི་སྒྲུབ་ཐབས་བརྩམས། (༢) སྔར་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་ཞེས་གྲགས་པ་དེ་རི་བོ་པོ་ཏ་ལར་ལན་གསུམ་བྱོན། འཕགས་པ་སྤྱན་རས་གཟིགས་དངོས་སུ་ཞལ་མཇལ་ནས་ཕོ་བྲང་གཞལ་མེད་ཁང་དང་བཅས་པ་གཞན་ཀུན་བསྐོར་བ་དང་མཆོད་པ་བྱས། མཐའ་ན་ཁང་བཟང་ཆེན་པོ་སྒོ་ནམ་ཡང་མི་བྱེད་པ་ཞིག་འདུག་པ། དཔའ་བོ་མཁའ་འགྲོ་རྣམས་ལ་སྒོ་ཕྱེ་རོགས་ཞུས་པའི་ལན་དུ། འདི་སྒོ་ཕྱེ་ན་འཇིག་རྟེན་ཐམས་ཅད་དངངས་ཤིང་འཆི་བའམ། འཆི་བར་ཐུག་པར་འགྱུར་ཞེས་གསུངས་པས། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་རྗེས། འཕགས་པའི་བཀའ་བཞིན་སྤྲུལ་པའི་ཕོ་ཉ་ཞིག་མངགས་ཏེ་སེམས་ཅན་སུ་ལའང་གནོད་པ་མེད་པའི་ངང་ལས་སྒོ་ཕྱེ། དེར་ཡེ་ཤེས་མགོན་པོ་འདི་དང་མཇལ། གསོལ་བ་བཏབ་པས་རྒྱུད་བྱིན་གྱིས་བརླབས། འཛམ་བུའི་གླིང་དུ་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་བསྟན་པ་བསྐྱོང་བ་ལ་འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པ་ཞལ་གྱིས་བཞེས། དེ་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་ཤིང་ནྱ་གྲོ་དྷའི་ཕུག་ཏུ་སྤྲུལ་པའི་སྐུར་རྟག་ཏུ་བཞུགས་པས་མགོན་པོ་ཤིང་ཕུག་ཅན་ཞེས་གྲགས་ལ་ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །མགོན་པོ་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད་ཅེས་པའི་གསུང་སྲོལ་དེ་ཡང་བྱུང་བ་ཡིན། དེ་རྗེས་ས་ར་ཧ་དང་ཤ་ཝ་རི་པས་དེའི་སྒྲུབ་ཐབས་མཛད་ཅེས་གྲགས་པ་འདི་ནི་པོ་ཏ་ལའི་ལམ་ཡིག་ཏུ་གྲགས་པའི་རྒྱུད་ལས་ཀྱང་པོ་ཏ་ལར་མགོན་པོ་འདི་བཞུགས་པར་གསུངས་པ་དང་མཐུན། (༣) འགའ་ཞིག་གིས་མགོན་པོ་འདི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་བཞུགས་པ། སློབ་དཔོན་ཀླུ་སྒྲུབ་དང་བྲམ་ཟེ་མཆོག་སྲེད་ཀྱིས་གདན་དྲངས་པར་ཡང་བཞེད། དེ་ཐམས་ཅད་ཀྱང་ཡུལ་དུས་གནས་སྐབས་སོ་སོ་ཡིན་པའི་ཕྱིར། ཐམས་ཅད་དོན་ལ་གནས་ཤིང་བདེན་པ་ཁོ་ན་ཡིན་པ་ཇོ་ནང་ཏཱ་ར་ནཱ་ཐས་བཞེད་དོ།།
༢ བོད་དུ་ཇི་ལྟར་བསྒྱུར་ཚུལ།
སྤྱིར་ཡེ་ཤེས་མགོན་པོའི་ཆོས་སྐོར་བོད་ཡིག་ཏུ་སྒྱུར་མཁན་གྱི་ལོ་ཙཱ་བ་ཡང་མཁས་གྲུབ་ཁྱུང་པོ་ཕུད་གཞན་གཙོ་བོ་གསུམ་བྱུང་བ་སྟེ། (༡) གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་པཎྜི་ཏ་མི་མཉམ་རྡོ་རྗེའི་ཁོལ་པོ་ལ་གསན་ནས་ཤ་ཝ་རིའི་གཞུང་ཆུང་བསྒྱུར། དེ་ནི་བསྙེན་སྒྲུབ་ལས་གསུམ་གྱི་ཆོས་སྐོར་ཡིན་པར་གྲགས། (༢) གཉལ་སྟེང་པ་ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་ཀྱིས་པཎྜི་ཏ་ཤནྟ་ཨ་ཀ་ར་བསྟེན་ནས་མཁའ་འགྲོ་དྲུག་སྐོར་བསྒྱུར། (༣) ལོ་ཙཱ་བ་མགར་ཆོས་བཟང་གིས་པཎྜི་ཏ་ཨ་ཏ་ཡ་བཛྲ་ལས་གསན་ཏེ། ས་ར་ཧ་དང་ཤ་ཝ་རིའི་སྒྲུབ་ཐབས་སོགས་བསྒྱུར། འདིར་འཁྱུད་ཡུམ་ཡོད་མེད་གཉིས་ཀ་ཡོད་རུང་། འཁོར་མཁའ་འགྲོ་བཞིས་བསྐོར་བ་ཁོ་ན་ཡིན། འདི་ཉིད་ཁྱུང་པོའི་གདམས་ངག་དང་མཐུན་ཤས་ཆེ། འོན་ཀྱང་ལུགས་དེ་དག་ལ་བསྙེན་སྒྲུབ་ལས་གསུམ་མདོར་བསྡུས་ཏེ་ཆ་ཚང་བ་ཙམ་མ་གཏོགས་ཆོས་སྐོར་རྒྱས་པ་མེད་ལ། དེང་སང་ཆོས་རྒྱུན་ཡང་བཞུགས་མེད་པ་ཡིན། དེས་ན་མགོན་པོ་འདི་ལ་གཙོ་ཆེར་གྲུབ་ཆེན་ས་ཧ་རའི་ལུགས་དང་། ཤ་ཝ་རིའི་ལུགས་གཉིས་ཡོད་པ་ལས། ས་ར་ཧ་དང་ཤ་ཝ་རི་པའི་ལུགས་གཉིས་ཀ་མཻ་ཏྲི་པ་ལ་སོན། དེས་མཁས་གྲུབ་ཁྱུང་པོ་ལ་གནང་བས། ས་ཧ་རའི་རྒྱ་གཞུང་མཁས་གྲུབ་ཁྱུང་པོ་ཉིད་ཀྱིས་བསྒྱུར་བའང་ཡོད། ཡང་གྲུབ་ཆེན་རཱ་ཧུ་ལས་མཁས་གྲུབ་ཁྱུང་པོར་གནང་བ་སོགས་མགོན་པོའི་ཆོས་སྐོར་ཆ་ཚང་ལ་ཡོངས་སུ་རྫོགས་པ་མཁས་གྲུབ་ཁྱུང་པོ་ཉིད་ལ་མངའ་བའོ།
༣ མཁས་གྲུབ་ཁྱུང་པོས་ཇི་ལྟར་གདན་དྲངས་ཚུལ།
དེ་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕགས་ཡུལ་དུ་ཕེབས་ཐེངས་གཉིས་པར། མཻ་ཏྲི་པ་ཀོ་ས་ལ་བི་ཀའི་དུར་ཁྲོད་ན་བཞུགས་པ་ལ་གསེར་སྲང་བདུན་ཕུལ་ནས་བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་ལྷག་ཚན་ཆེ་བ་ཞིག་ཞུ་བྱས་པས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དེ་ཉིད་མཁས་གྲུབ་ཁྱུང་པོ་དང་དེའི་བརྒྱུད་པར་བཅས་པའི་ལྷ་སྐལ་ལ་གནང་བ་ཡང་། གསོལ་འདེབས་མོས་གུས་སྒྲ་དབྱངས་སུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན། །མྱུར་མཛད་ཡེ་ཤེས་མགོན་པོར་འདུས་པ་ཉིད། །སྐྱེ་དང་བརྒྱུད་པར་བཅས་པའི་ལྷ་སྐལ་དུ། དངོས་སུ་ཞལ་གཟིགས་ཁྱེད་ལ་གསོལ་བ་འདེབས་ཞེས་འཁོད་པ་ལྟར་རོ། །དེ་ནས་བཟུང་ཤངས་པའི་ཆོས་བརྒྱུད་འདི་ཉིད་ལ་ཉམས་སུ་བཞེས་མཁན་བླ་བརྒྱུད་གསེར་ཕྲེང་དང་། ཆོས་བདག་མཁའ་འགྲོ་སྡེ་ལྔ། ཆོས་སྐྱོང་ཡེ་ཤེས་མགོན་པོ་བཅས་ཆ་ཚང་བའི་མ་ལག་ལྟ་བུ་ཞིག་ཆགས་ཡོད། ཐོག་མར་དཔལ་ཤ་ཝ་རི་པས་མགོན་པོ་འདི་ཞལ་གཟིགས་ནས་ཡི་གེར་བཀོད་པའི་སྒྲུབ་ཐབས་རྣམས་ཀྱང་མཁས་གྲུབ་ཁྱུང་པོས་རྒྱ་གར་ནས་བོད་དུ་ཆ་ཚང་བར་གདན་འདྲེན་མཛད། དེས་མ་ཚད་མཁས་གྲུབ་ཁྱུང་པོས་འཕན་ཡུལ་ལན་པའི་སྤྱིལ་བུར་གདམས་ངག་སྒོ་སྐྱེལ་དུ་བྱོན་པའི་གྲུབ་ཆེན་རཱ་ཧུ་ལའི་དྲུང་ནས་མགོན་དཀར་ཡིད་བཞིན་ནོར་བུའི་ཆོས་སྐོར་དང་མགོན་པོ་ཤིང་ཕུག་ཅན་གྱི་གདམས་པ་སོགས་མངའ་བདག་མཻ་ཏྲི་པ་ལ་མི་བཞུགས་པའི་གདམས་པ་ཡང་མང་དུ་ཞུས། ལྷག་པར་མགོན་པོ་ཤིང་ཕུག་ཅན་གྱི་གདམས་པ་མཁས་གྲུབ་ཁྱུང་པོར་གནང་བ་དེ་ནི་གྲུབ་ཆེན་རཱ་ཧུ་ལ་ཉིད་བོད་དུ་བྱོན་པའི་རྒྱུ་མཚན་གསུམ་གྱི་གྲས་ཀྱང་ཡིན།
ཡེ་ཤེས་མགོན་པོའི་སྒྲུབ་ཐབས་བླ་མ་བརྒྱུད་པའི་གསོལ་འདེབས་སུ་ཡང་། རྒྱ་གར་བརླན་ཤས་ཆེ་བས་དཔེ་རྣམས་རུལ་གྱིས་དོགས་ནས་ཕྱིང་བ་ནག་པོའི་བེའུ་བུམ་གཅིག །དེའི་ཕྱི་ལ་རས་ཀྱི་བེའུ་བུམ་གཅིག །དེའི་ཕྱི་ལ་གྲོ་ག་ནག་པོའི་བེའུ་བུམ་གཅིག་སྟེ། བེའུ་བུམ་ནག་པོ་གསུམ་སྒྲིལ་གྱི་ནང་དུ་གདན་དྲངས་ཏེ་བྱོན་པས་ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོའི་ཆོས་སྐོར་རྣམས་ལ་བེའུ་བུམ་ནག་པོའི་ཆོས་སྐོར་ཞེས་ཀྱང་གྲགས་ལ། ཤངས་ཆོས་ཀྱི་ཡིག་ཆ་རྣམས་སུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཕྱོགས་བསྒྲིགས་མཛད་པའི་མཁས་གྲུབ་བེའུ་བུམ་དུ་གྲགས་པ་ཡང་མཁས་གྲུབ་ཁྱུང་པོས་ཐོག་མར་ཆོས་སྐོར་འདི་ཉིད་སྤྱན་དྲངས་སྐབས་གོང་གསལ་ལྟར་མཛད་པས་སོ། །སྤྱིར་མགོན་པོའི་གསང་བའི་མན་ངག་བེའུ་བུམ་དཀར་ནག་གཉིས་ཡོད་པ་ལས། འདི་ནི་བེའུ་བུམ་ནག་པོ་དུག་ལྟ་བུའི་མན་ངག་ཆིག་བརྒྱུད་མ་ཡིན་པས་སྦྱིན་པའི་སྲོལ་མེད་ཅེས་བེའུ་བུམ་ནག་པོའི་ཆོས་སྐོར་རྣམས་ནི་ཆིག་བརྒྱུད་བཀའ་རྒྱ་ཅན་གྱི་ཟབ་ཆོས་ཉག་གཅིག་ཡིན། ད་དུང་འགའ་ཞིག་གིས་བེའུ་བུམ་ཁྲ་བོ་གཅིག་ཡོད་པར་གསུངས་ཀྱང་། མཁས་གྲུབ་ཐམས་ཅད་མཁྱེན་པས་བེའུ་བུམ་ཁྲ་བོ་ཟུར་པ་གཅིག་ཡོད་པ་ཡིན་ན། དེ་ནི་བདག་གི་ཐོབ་པ་རྣམས་ལ་ཡང་མི་སྣང་ངོ་ཞེས་མཁས་གྲུབ་རྗེས་མགོན་པོའི་ཆོས་སྐོར་རྣམས་བརྒྱུད་པ་རྣམ་དག་དང་ཁུངས་བཙན་གྱི་བླ་མ་བཅུ་ཙམ་ལ་གཏུགས་ཀྱང་གསན་མ་མྱོང་བར་གསུངས་པའི་ཕྱིར་མུ་མཐུད་དཔྱད་བྱའི་གནས་ཡིན། གཞན་ཡང་ལྷ་བཞི་དྲིལ་སྒྲུབ་དང་། མཁའ་སྤྱོད་སུམ་ཕྲུགས་སོགས་ཀྱང་ཡེ་ཤེས་མགོན་པོ་འདི་དང་འབྲེལ་བའི་ཟབ་ཆོས་ཁྱད་པར་ཅན་ཡིན།
མདོར་ན། ཇོ་ནང་ཏཱ་ར་ནཱ་ཐས་མགོན་པོ་འདིའི་ཆོས་སྐོར་རྒྱས་ཤིང་ཟབ་ལ་བཅོས་ལྷད་དང་བྲལ་བ་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་ཅིང་ས་སྟེང་ཐམས་ཅད་ལ་ཁྱབ་པའི་ཕྲིན་ལས་ཀྱི་དཔལ་འབྱོར་རྒྱས་པ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པའི་ལུགས་འདི་ཁོ་ན་ཡིན་ ཞེས་དང་། མཁས་གྲུབ་རྗེས་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་རྒྱ་གར་དུ་ཞུས་ཏེ་འཁྱེར་བྱོན་པ་ལ་སོགས་པའི་ལུགས་གཞན་ཡང་སྣང་མོད་ཀྱང་། ད་ལྟ་དེ་དག་ནས་བརྒྱུད་པ་སོགས་བྱེད་པ་ཆེར་མི་སྣང་ཞིང་། ཤངས་པ་ནས་བརྒྱུད་པ་འདི་ཉིད་མཆོག་ཏུ་གནང་ཞེས་པ། ཞ་ལུ་བ་བློ་གསལ་བསྟན་སྐྱོང་གིས་ཆོས་སྐྱོང་མགོན་པོ་དེ་ལ་མཉམ་མེད་ཤངས་པ་བཀའ་བརྒྱུད་པ་འདིའི་ཕྱག་བཞེས་དང་། བོད་ཀྱི་ལྷ་མིན་འདྲེ་མིན་བསྟེན་པའི་ལུགས་མི་གཅིག །གྲུབ་ཐོབ་གཙང་བརྒྱུད་ཀྱི་སྲོལ་སྐྱོང་བ་ཁྱུང་པོ་རྣལ་འབྱོར་གྱི་ཆོས་ལུགས་ཡིན་ཞེས་གསུངས་པ་སོགས་སྔོན་བྱོན་མཁས་གྲུབ་རབ་དང་རིམ་པས་གསུང་དབྱངས་གཅིག་ཏུ་བསྒྲིལ་ནས་བསྔགས་པ་མཛད་པ་བཞིན། མཁས་གྲུབ་ཁྱུང་པོས་གདན་དྲངས་པའི་ཡེ་ཤེས་མགོན་པོའི་ཆོས་སྐོར་འདི་ཉིད་ནི་གདམས་པའི་གནད་ཟབ་ལ་མན་ངག་གི་ཁུངས་འཛོམས་པས་བརྒྱུད་པ་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ།
II.4.1.3
།གསུམ། ཤངས་ལུགས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་བརྒྱུད་ཚུལ།
ཇི་སྐད་དུ་བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་ཝ་རི་དབང་ཕྱུག་ལ་གསོལ་བ་འདེབས་སོ། །མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་རཱ་ཧུ་ལ་ཆེན་པོ་ལ་གསོལ་བ་འདེབས་སོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས་སོ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསོལ་བ་འདེབས་སོ་ཞེས་པ་སོགས་ལས་གསལ་བ་ལྟར་ན། དེ་ཉིད་ཀྱི་སྒྲུབ་ཐབས་ཀྱི་བརྒྱུད་པའི་རྩ་བ་རྒྱལ་བ་རྡོ་རྗེ་འཆང་ལ་གཏུགས་ཤིང་། དེ་ནས་རིམ་བཞིན་དཔལ་ལྡན་ཤ་ཝ་རི་དབང་ཕྱུག་དང་མངའ་བདག་མེ་ཏྲི་གུཔྟ། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། རྟོགས་ལྡན་ཞང་སྒོམ་ཆོས་སེང་། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆོས་རྗེ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། མཁྱེན་ལྡན་ཤངས་པ་དཀར་པོ། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། ཆོས་རྗེ་ངག་དབང་འཕྲིན་ལས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་འཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། བཀའ་བརྒྱུད་འཕྲིན་ལས་རྣམ་རྒྱལ། པདྨ་ཉིན་བྱེད་དབང་པོ། རྒྱལ་སྲས་བློ་གྲོས་མཐའ་ཡས། མཁན་ཆེན་བཀྲ་ཤིས་འོད་ཟེར། གྲུབ་མཆོག་ནོར་བུ་དོན་གྲུབ། ཀརྨ་རང་བྱུང་ཀུན་ཁྱབ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་སོགས་ལ་བརྒྱུད་པ་ཡོངས་གྲགས་ཆེ་ཡང་། བླ་མ་བརྒྱུད་པའི་ལོ་རྒྱུས་ཉུང་ངུ་ཞེས་པའི་ནང་། མཁས་གྲུབ་ཤངས་སྟོན་ཡན་གོང་དང་མཚུངས་པ་ལ། མཁས་གྲུབ་ཤངས་སྟོན་གྱིས་ཆོས་རྗེ་མུས་ཆེན་དང་། དེས་དགེ་བཤེས་རྡོ་རྗེ་གཞོན་ནུ། དེས་ནམ་མཁའི་རྣལ་འབྱོར། དེས་མཁས་གྲུབ་དགེ་ལེགས་དཔལ་བཟང་། དེས་ཆོས་རྗེ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ། དེས་ཀུན་དགའ་དགེ་ལེགས་བཅས་ལ་བརྒྱུད་པ་ཞིག་ཀྱང་བཀོད་འདུག་ཤངས་པ་བཀའ་བརྒྱུད་ཀྱི་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་ནི་མཁས་གྲུབ་ཁྱུང་པོས་མངའ་བདག་མེ་ཏྲི་པ་དང༌། རཱ་ཧུ་ལ་གུཔྟ། པཎྜི་ཏ་རོལ་པའི་རྡོ་རྗེ་སོགས་ལས་མཐའ་ཡས་པ་གསན་ཞིང་། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་སོགས་སློབ་མ་རྣམས་ལ་མང་དུ་བསྩལ་བས་ཤངས་པའི་བརྒྱུད་འཛིན་ཀུན་གྱི་ཆོས་སྐྱོང་གཅིག་པུར་སོང་སྟབས་བཀའ་སྲོལ་མཐའ་ཀླས་པ་ཡོད་མོད། གཙོ་ཆེ་བ་ལ་སྟོད་པ་དཀོན་མཆོག་མཁར་ནས་བརྒྱུད་པ་སྟོད་ལུགས་སམ་གནས་རྙིང་ལུགས་དང་། དབོན་སྟོན་སྐྱེར་སྒང་པས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་དང་རྟོགས་ལྡན་ཞང་སྒོམ་ཆོས་སེང་གཉིས་ཀར་གསན་ནས་སངས་རྒྱས་གཉན་སྟོན་སོགས་ལ་བརྒྱུད་པ་སྨད་ལུགས་སམ་རི་གོང་ལུགས་སུ་གྲགས་པ་གཉིས་བྱུང༌། མགོན་པོ་སྟོད་ལུགས་པ་ལ་མགོན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐོར་མང་པོ་དང་། དབུ་ཞལ་ཉེར་གཅིག །རྒྱུད་ལེ་བརྒྱད་མ། ལེའུ་བཅུ་གཉིས་མ། མདོས་ཆོག་ལ་སོགས་པ་རྣམས་རྒྱ་གར་ནས་དར་མིན་ངེས་པར་དཀའ་ཡང་། བྱིན་རླབས་ཀྱི་སྒོ་ནི་རྒྱ་ཆེན་པོ་ཡོད་པར་སྣང་། དེའི་སྲོལ་འཛིན་རྣམས་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཁོ་ན་གཙོ་བོར་བྱེད་ཅིང་། ངེས་པ་དོན་གྱི་མཐུ་བོ་ཆེ་དང་མཐུ་ཆེན་དུ་རློམས་པ་ཡང་མང་དུ་བྱུང་། སྔར་གྱི་དུས་སུ་ལུགས་འདི་དར་རྒྱས་ཆེ་ཡང་། དེང༌སང་ཆོས་རྒྱུན་མ་ཆད་ཙམ་ལས་མེད། སྨད་ལུགས་པ་ལ་མགོན་པོ་སྐུ་མདོག་ནག་པོ་གཙོ་རྐྱང་དང་། ལྕམ་དྲལ། ལྷ་གསུམ། དྲེགས་པ་སྡེ་ལྔས་བསྐོར་བ། རྒྱན་ཅན་ལྷ་ལྔ། ལྷ་བཅུ་གསུམ་པ། ས་ར་ཧའི་ལུགས། སྟོད་ལུང་པའི་མགོན་པོ་ལྷ་དགུ་ལ་སོགས་ཡོད་ལ། གཞན་ཡང་ལྗང་གུ་དྲག་སྒྲུབ་དང་། སེར་པོ་དྲག་སྒྲུབ། ལྷ་མོའི་སྒོས་སྒྲུབ། འཁོར་གྱི་སྒོས་སྒྲུབ། རྟེན་བཞི། གནད་གསུམ་ལ་སོགས་པ་མཆོག་སྒྲུབ་དང་ལས་ཚོགས་ཤིན་ཏུ་མང་བ་ཡོད་དེ། ཁུངས་དང་ལྡན་པ་རྩོད་མེད་ཤ་སྟག་ཡིན། དེའི་སྲོལ་འཛིན་རྣམས་ནི་ཟབ་མོའི་ཆོས་ཀྱིས་རྒྱུད་གྲོལ་བས་རྣམ་ཐར་གཙང་མ་སྐྱོང་མཁན་ཤ་སྟག་ཡིན། སྟོད་སྨད་ཀྱི་ལུགས་གཉིས་ཀར་སྤྱི་མཐུན་དུ་ཡོད་པའི་མན་ངག་ནི། གནད་ལ་འབེབས་པ་ཕྱི་ནང་དང་། གྲིབ་སེལ་ཕྱི་ནང་། བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་སོགས་སོ།
།མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ཉིད་སྒྲུབ་སླ་ཞིང་མཐུན་པའི་དངོས་གྲུབ་མྱུར་དུ་སྩོལ་བ། བཅོལ་བའི་འཕྲིན་ལས་འཕྲལ་དུ་སྒྲུབ་པ། བགེགས་ཀྱི་བར་ཆད་མ་ལུས་སེལ་བ། མི་ནོར་ཟས་གསུམ་ཀུན་ལ་ཕན་པ། སྒྲུབ་པ་པོ་ལ་བུ་བཞིན་གཟིགས་པ། དམ་ཚིག་ཅན་ལ་དངོས་གྲུབ་སྟེར་བ་སོགས་ཀྱི་ཡོན་ཏན་མཐའ་ཡས་པ་མངའ་བ་ལས། གཙོ་ཆེར་དྲག་པོ་མཐུ་སྒྲུབ་དང་ཞི་བ་ནོར་སྒྲུབ་གཉིས་ཀྱི་སྒོ་ནས་འཕྲིན་ལས་བསྒྲུབས་པའི་ལོ་རྒྱུས་མང་དུ་ཡོད་པ་སྟེ། རི་གོང་པ་ཆེན་པོས་ཚེས་བཅུའི་ཚོགས་འཁོར་གྱི་སྐབས་སུ་རང་གི་སློབ་མ་རྣམས་ལ་བཞེངས་པའི་རྡོ་རྗེའི་མགུར་དུ་ཆོས་སྐྱོང་ཡེ་ཤེས་མགོན་པོ་དང་། ལས་མགོན་ཀྵེ་ཏྲ་པཱ་ལ་ཡོད། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །བྲན་བཞིན་ཉན་པས་བློ་རེ་བདེ་ཞེས་གསུངས་པ་ལྟར། སྔར་གྱི་དུས་སུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་བརྒྱུད་པའི་བླ་མ་མང་པོར་ཆོས་སྐྱོང་བའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་མགོན་པོ་འདིས་བྲན་བཞིན་དུ་སྤྲུལ་པ་སྣ་ཚོགས་སུ་བཀྱེ་ནས་དྲག་པོས་འདུལ་བ། བར་དོ་ལས་སྐྱོབ་པ། དགོས་འདོད་འབྱུང་བ་བཅས་རྣམ་པ་གསུམ་གྱི་སྒོ་ནས་འཕྲིན་ལས་ལན་མང་དུ་སྒྲུབ་པ་སྟེ། དབོན་སྟོན་སྐྱེར་སྒང་པ་ལྷ་ཕུ་ལྐུགས་ལུང་དུ་རྨོག་ལྕོག་པ་མཇལ་བར་ཕེབས་སྐབས་མགོན་པོའི་སྤྲུལ་པས་བསུ་བ་མཛད་པ་དང་། མྱང་ཆོས་འབྱུང་དུ་ཕྱག་དྲུག་ཡེ་ཤེས་མགོན་པོ་དངོས་སུ་བྱོན་ཞབས་གཅིག་གུར་ཅོག་རྩེ་ལ་བཞག་ནས་ཐུགས་ཟེམ་མི་འཚལ། དགོན་པ་གནས་སྙིང་འདི་ང་རང་གིས་བདག་གཉེར་བྱེད་གསུང་བ་ལ་སོགས་གནས་སྙིང་དགོན་པ་འདི་གཞན་སྤྱི་དང་གཏན་མི་འདྲ་སྟེ། ཡེ་ཤེས་མགོན་པོ་ཕྱག་དྲུག་པས་བདག་མཛད། མཁན་པོ་དབང་རིན་པ་དགུང་ལོ་བརྒྱད་ཅུ་སྐོར་ལ་དབུ་སྐྲ་ནག་པོར་སོང་བ་དང་ཟད་པར་ཏིང་ངེ་འཛིན་ལ་མངའ་བརྙེས་ཤིང་རླུང་སེམས་དབང་དུ་འདུས་ཞེས་འཁོད་པ་སོགས་དེ་མིན་གྱི་ལོ་རྒྱུས་གཞན་ཡང་མང་དུ་མཆིས་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ།
།གཞན་ཡང་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས་རྡོ་རྗེ་ནག་པོ་ཆེན་པོའི་དབང་ཆོག་དང༌། མགོན་དམར་དབང་གི་རྒྱལ་པོའི་རྗེས་གནང་གི་ཡི་གེ་ཆིག་བརྒྱུད་མ། ཚེ་བདག་མགོན་པོའི་སྒོ་ནས་ཚེ་དབང་བྱེད་ཐབས་ཆིག་བརྒྱུད་བཀའ་རྒྱ་མ་རིན་ཆེན་བརྩོན་འགྲུས་ལ་གདམས་པའི་གསེར་ཆོས། སྒྲུབ་ཐབས་དགོས་པ་ཀུན་འབྱུང་གདམས་ངག་གི་རྒྱལ་པོ་སོགས་ནི་ཆོས་དྲུག་ལྟར་གྱི་ཆིག་བརྒྱུད་བཀའ་རྒྱ་མའི་ཆོས་ཡིན་ལ། གཞན་རྣམས་ཀྱང་བཀའ་ཤིན་ཏུ་དོག་པར་འདུག་པ་ཡང་། མཁས་གྲུབ་ཤངས་སྟོན་གྱིས་ཐོག་མར་མགོན་པོའི་དབང་བཀའ་ཞུ་བ་ཕལ་ཆེ་བར་གནང་བ་དང་། ཕྱིས་བཀའ་དམ་པོ་མཛད་སྟབས་སློབ་མ་རྣམས་ཀྱིས་ཅི་ལགས་ཞུས་པས་མགོན་པོའི་འཁོར་ཡིན་པ་འདྲ། ཨ་ཙ་ར་བཞི་བྱུང་ནས་ཁྱོད་ཁོང་པའི་ཁྲག་ཐམས་ཅད་མི་ལ་སྟེར་བ་ཡིན་ནམ་ཟེར་བ་ཞིག་བྱུང་ཞེས་གསུངས་ནས། ཆོས་གཤའ་མ་བྱེད་པ་འགའ་ཤས་ལ་བྱིན། ཞུ་བ་བྱུང་ཚད་ལ་མ་བྱིན་པ་ཡིན། དེས་ན་རྡོ་ནག་པོ་ཆེན་པོའི་དབང་གི་ཆོ་གའི་མཇུག་ཏུ་བླ་མ་རྭ་ཧུ་ལའི་གདམས་པ་ཁྱད་པར་ཅན། བདག་ཁྱུང་པོ་རྣལ་འབྱོར་གྱིས་ཉམས་སུ་མྱོང་བར་བྱས་པ་འདི། ཆིག་བརྒྱུད་བཀའ་རྒྱ་མ་ཤིན་ཏུ་ཟབ་པའི་ཆོས་ཡིན་པས། གསང་བ་གཅེས་ཤིང་། དཔེ་མ་འཆུགས་པ་གལ་ཆེའོ་ཞེས་དང་། མགོན་པོའི་ལས་ཚོགས་རྣམས་ཀྱི་ཟུར་འདེབས་ཞལ་ཤེས་ལས་དབང་དང་གདམས་པ་མ་ཐོབ་པར། དཔེ་སྟོན་རང་དགར་འཇུག་བྱེད་ན། །མགོན་པོ་གཏིང་ནས་འཁྲུགས་གྱུར་པས། །རང་སྲོག་རང་གིས་མ་གཅོད་ཅིག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས། །ལ་སྟོད་དཀོན་མཁར་དེ་ཉིད་ལ། །སྙན་བརྒྱུད་བཀའ་རྒྱས་གདམས་ནས་གནང་། །སུ་ལའང་དཔེ་ཙམ་མ་སྟོན་ཅིག་ཅེས་སོགས་འཁོད་པ་ལྟར། མགོན་པོའི་ཆོས་སྐོར་འདི་ཉིད་ཤངས་པའི་གདམས་པ་གཞན་འགའ་ཞིག་དང་འདྲ་བར་བཀའ་ཤིན་ཏུ་དོག་པར་འདུག་པས་ཁོ་བོར་རྨོངས་ཚོད་ཀྱིས་བརྗོད་པའི་སྤོབས་པ་མེད་སྟབས། ཞིབ་པར་མཁྱེན་འདོད་ན་དགོས་ངེས་ཀྱི་སྒྲིག་རིམ་བཞིན་ཤངས་ལུགས་ཀྱི་ཁུངས་བཙན་ཡིག་ཆ་སྟེ། རྒྱ་གཞུང་སྐོར་དཔལ་ལྡན་ཤ་ཝ་རི་པས་མཛད་པའི་བེའུ་བུམ་གྱི་དཀར་ཆག །མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས་སོགས་དང་། བོད་གཞུང་ལ་མཚོན་ན། མཁས་གྲུབ་ཁྱུང་པོ་རང་གིས་མཛད་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཆིག་བརྒྱུད་བཀའ་རྒྱ་མ་དབང་ཆོག་དང་བཅས་པ་ཞེས་པ་དང་། ཁོང་གིས་བླ་མ་མཻ་ཏྲི་པ་ལ་གསེར་སྲང་བདུན་ཕུལ་ནས་ཞུས་པའི་མགོན་པོའི་གནད་འབེབས་དངོས་གྲུབ་ཀུན་འབྱུང་སོགས། དེ་མིན་མགོན་པོ་སྨད་ལུགས་ཀྱི་བེའུ་བུམ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བསྒྲིགས་པ་དར་ཁྱབ་ཆེ་བ་དེ་དང་། གྲུབ་ཆེན་ཆོས་འབྱུང་རིན་ཆེན་གྱིས་མཛད་པའི་ལེགས་ལྡན་ཕྱག་དྲུག་པའི་སྒྲུབ་མཆོད་རིན་ཆེན་ཕྲེང་བ་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སོགས་བཞུགས་པ་རྣམས་ལ་གཟིགས་པར་འཚལ།
II.4.1.4 The Master and Protector Inseparable
བཞི། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད།
སྤྱིར་ན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་མན་གྱི་ཤངས་པའི་ཆོས་བརྒྱུད་འཛིན་པ་རྣམས་ལ་བླ་མ་མགོན་པོ་དབྱེར་མེད་ཀྱི་གདམས་ངག་ཉམས་ལེན་གནང་སྲོལ་ཡོད་ཅེས་གཞུང་འགའ་ཞིག་ཏུ་གསུངས་ཀྱང་། དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པར་མགོན་པོ་ཕྱག་དྲུག་པ་འདི་ལ་ཡིད་ཆེས་པར་གྱིས་ལ་བླ་མ་དང་མགོན་པོ་དབྱེར་མེད་དུ་ལྟོས་ཞེས་དང་། ད་དུང་བླ་མ་དང་ནག་པོ་ཆེན་པོའི་སྒྲུབ་ཐབས་ལས་བླ་མ་མགོན་པོ་དབྱེར་མེད་འདི། མི་རབས་བདུན་ལས་མ་སྤེལ་ཅིག་ཅེས་འཁོད་པ་བཞིན་རིན་ཆེན་བདུན་བརྒྱུད་སྔ་མའི་སྐབས་མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་བའི་གདམས་པ་དེ་དག་མངའ་བདག་མཻ་ཏྲི་པ་ས་མཁས་གྲུབ་ཁྱུང་པོར་གསུངས་པ་དེའི་ཐོག་ནས་བླ་མ་མགོན་པོ་དབྱེར་མེད་ཀྱི་བཀའ་སྲོལ་དེ་མཁས་གྲུབ་ཁྱུང་པོའི་སྐུ་དུས་རང་དུ་ཡོད་པ་མཚོན།
དེ་ཡང་ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས་མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་བ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་བསྒོམ་བླ་མ་བསྒོམས། །ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་བསྒོམ་པ་བསོད་ནམས་ཆེ་ཞེས་པ་དང་། ཡེ་ཤེས་མངོན་འབྱུང་ལས་ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་ཀྱང་འབྲལ་མེད་གནས་ཞེས་གསུངས་པ་ལྟར། སྤྱིར་དྭགས་པོ་བཀའ་བརྒྱུད་དང་འདྲ་བར་ཤངས་པ་བཀའ་བརྒྱུད་པའི་ལུགས་སུ་རྩ་བའི་བླ་མས་མེ་ལ་ཆུ་དང་ཆུ་ལ་མེ་གསུངས་ཀྱང་དེ་ལ་ཐེ་ཚོམ་དང་ལོག་ལྟ་སྤུ་ཙམ་མི་བྱེད་པར་རྡོ་རྗེའི་གསུང་དུ་གོ་ན་རྟེན་འབྲེལ་འགྲིག་པར་གསུངས་པ་སྟེ། དཔེར་ན་སྔར་བླ་མ་བུར་སྒོམ་ནག་པོའི་ཕྱུགས་ཤུན་བྲག་རུམ་པས་འཁྱེར་བས། བླ་མས་ཆོས་རྗེ་རྨོག་ལྕོག་པར་ངས་ལས་སུ་ཆོས་བྱས། དོན་དུ་ལྷ་གཉེར་ནས་མི་ཚེ་ཆོས་ལ་བསྐྱལ་བ་ཡིན་ཏེ། ཕྱུགས་དུམ་དགྲས་ཁྱེར་ད་ང་ལ་མཐུ་ནི་མེད། རིན་ཆེན་བརྩོན་འགྲུས་ཁྱོད་ཀྱིས་སེར་བ་ཐོང་ཞིག་ཅེས་གསུངས་པ་བཞིན་ཆོས་རྗེ་རྨོག་ལྕོག་པས་ཀྱང་དབྱར་ཉི་ཁྲོས་ཀྱི་སེར་བ་གྱང་རིམ་གསུམ་ཙམ་ཕབ་པས་མི་ཕྱུགས་མང་པོ་ཤི། ལོ་ཏོག་གཅིག་ཀྱང་མ་ལྷག །བྲག་རུམ་པས་ཕྱུགས་རྣམས་ཚུར་གཏད། ཆོས་རྗེ་རྨོག་ལྕོག་པས་སེར་བས་མི་ཕྱུགས་མང་པོ་བསད་པ་དང༌། བྱིའུ་ཤི་བའི་རོ་ལུད་ཕུང་ཙམ་འདུག་པ་གཟིགས་ཏེ་འགྱོད་གདུང་སྐྱོ་ཤས་དྲག་པོས་རབ་ཏུ་མནར། འོན་ཏེ་བླ་མ་བུར་སྒོམ་ནག་པོས་ཁྱོད་ཀྱིས་བླ་མ་དང་བསྟན་པའི་ཆེད་དུ་བྱས་པས་སྡིག་པ་ཅི་ཡང་མི་ཡོང་བའི་སྟེང་དུ། ས་ལམ་མང་པོ་བགྲོད་པ་ཡིན་ཞེས་གསུངས། དེ་ལྟར་ལྷ་སྐུ་བསྒོམ་པ་བས་བླ་མ་བསྒོམ་པ་བསོད་ནམས་ཆེ་བ་དང་། ས་ལམ་གྱི་རིམ་པ་རྣམས་ཀྱང་བླ་མར་མོས་གུས་བྱེད་པ་ཁོ་ནར་བརྟེན་ནས་བགྲོད་དགོས་པ་ཡིན་པས་བླ་མ་རྩེ་གཅིག་ཏུ་སྒོམ་པ་དང་། དེ་ལ་མོས་གུས་རྩེ་གཅིག་ཏུ་བྱེད་པ་ནི་སངས་རྒྱས་འགྲུབ་པའི་མྱུར་ལམ་ཉག་གཅིག་ཡིན།
བླ་མགོན་དབྱེར་མེད་ཀྱི་གདམས་པ་འདི་ཉམས་སུ་ལེན་པར་ཐོག་མར་བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང་། དངོས་གྲུབ་མ་ལུས་སྩལ་དུ་གསོལ་ཞེས་མོས་གུས་དང་ལྡན་པའི་སྒོ་ནས་གསོལ་བ་དྲག་ཏུ་བཏབ་པར་བྱ་ལ། དེ་རྗེས་ཇོ་ནང་ཏཱ་ར་ནཱ་ཐས་ཕ་དྲིན་ཅན་རྩ་བའི་བླ་མ་དང༌། །མྱུར་མཛད་ཡེ་ཤེས་མགོན་པོ་གཉིས། །མཚན་ཐ་དད་དོན་ལ་ཁྱད་པར་མེད་ཅེས་གསུངས་པ་ལྟར། མགོན་པོ་ཉིད་བླ་མ། བླ་མ་ཉིད་མགོན་པོ། བླ་མ་མགོན་པོ་དབྱེར་མེད་དུ་བསྒོམ་པར་བྱ་ལ། རྗེ་བཙུན་རྨོག་ལྕོག་པ་སྐུ་མྱ་ངན་ལས་འདའ་ཁར་ཡང་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ། །ཅིར་སྣང་བླ་མ་ལམ་དུ་ཁྱེར། །བཀའ་དྲིན་སོམས་ལ་གསོལ་བ་ཐོབ། །ང་དང་འབྲལ་བ་མེད་དོ་བུ་ཞེས་དང་། དཔལ་ཤ་ཝ་རི་པས་བླ་མ་མགོན་པོ་དབྱེར་མེད་འདི་མ་ཡེངས་པར་ཟླ་བ་བདུན་བསྒོམ་ན་དེ་ཉིད་དུ་སངས་རྒྱས་པར་བྱེད་ ཅེས་གསུངས་པ་སོགས་ལྟར། ཡེ་ཤེས་ལ་སྒྲིབ་པ་བྲལ་བ། ནུས་མཐུ་ལ་ཐོགས་པ་མེད་པ། ཐུགས་རྗེ་ལ་ཕྱི་བཤོལ་སྤངས་པ། བྱིན་རླབས་ལ་ཉེ་རྒྱང་མེད་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། རང་གི་དྲིན་ཆེན་རྩ་བའི་བླ་མའི་སྐུའི་རྣམ་འགྱུར། གསུང་གི་འདུ་བྱེད། ཐུགས་ཀྱི་འདས་མ་འོངས་པའི་རྣམ་མཁྱེན་གཉིས་དབྱེར་མེད་དུ་བསྒོམས་ཏེ། དུས་ཐུང་ནང་འཚང་རྒྱ་བར་བྱེད་པའི་ཚིག་བརྒྱུད་ཀྱི་གདམས་ངག་ཅིག་ཡིན་པས་རྗེས་གནང་དང་མན་ངག་མ་ཐོབ་པ་ལ་མི་བསྟན་ནོ་ཞེས་གསལ་བས་དེ་ཙམ་གྱིས་ཆོག་པར་བྱ་ལ་ཞིབ་པར་མཁྱེན་འདོད་ཚེ། ངེས་གཏན་གྱི་སྒྲིག་རིམ་བཞིན་ལུང་སྟོང་སྨྱོན་པས་གཙང་གི་རི་བོ་ཆེར་སྦྱར་བའི་བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད་ཡིག་ཅིག་བཞུགས་པ་སོགས་དེ་དག་ལས་ཤེས་པར་བྱའོ།

II.4.2 -
།གཉིས་པ། ཤངས་པའི་རྒྱུད་སྡེ་ཆེན་པོ་ལྔ་དང་སྒྱུ་མ་ལམ་རིམ།

II.4.2.1
གཅིག ཤངས་པའི་རྒྱུད་སྡེ་ཆེན་པོ་ལྔ།

II.4.2.2
གཉིས། ཤངས་པའི་སྒྱུ་མ་ལམ་རིམ།

II.4.3 -
གསུམ་པ། སྒྱུ་ལུས་དྲུག་ལྡན་དང་རྩ་རླུང་གི་སྐོར།

II.4.3.1
གཅིག ཁྱུང་པོའི་ལུགས་ཀྱི་སྒྱུ་ལུས་དྲུག་ལྡན།

II.4.3.2
གཉིས། རླུང་བུམ་པ་ཅན་དང་ཤིང་རྟ་ཅན།

II.4.4 -
བཞི་པ། ཤངས་པའི་ཐུགས་དམ་དྲུག་དང་སུ་ཁ་ཆོས་དྲུག་སོགས་ཀྱི་སྐོར།

II.4.4.1
གཅིག བླ་མ་ཤངས་པའི་ཐུགས་དམ་དྲུག

II.4.4.2
གཉིས། སུ་ཁ་ཆོས་དྲུག་སོགས།

II.4.4.3
གསུམ། བླ་མ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས།

II.4.4.4
བཞི། བླ་མ་ཤངས་པའི་དོན་དམ་ཕན་མེད་གནོད་མེད།

II.4.5 -
ལྔ་པ། ཤངས་པའི་བླ་མ་གཞན་གྱི་ཐུན་མིན་གདམས་པའི་སྐོར།

II.4.5.1
གཅིག སྐྱེར་སྒང་ལུགས་ཀྱི་རྟ་མགྲིན།

II.4.5.2
གཉིས། ཤངས་ལུགས་ཀྱི་རྗེ་བཙུན་མ་ཐོད་པ་རྒྱན།

II.4.6 -
དྲུག་པ། ཤངས་ལུགས་གདམས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས།

II.4.6.1
གཅིག བརྒྱུད་ཐག་ཉེ་ལ་བརྒྱུད་འཛིན་ཁྱད་དུ་འཕགས་པ།

II.4.6.2
གཉིས། བཀའ་རྒྱ་དོག་ལ་སོ་སྐྱེའི་བཅོས་ཀྱིས་མ་བསླད་པ།

II.4.6.3
གསུམ། མན་ངག་ཟབ་ལ་གདམས་ངག་སྒོ་སྐྱེལ་དུ་བྱོན་པ།

II.5 -
ལེའུ་ལྔ་པ། ཤངས་པ་བཀའ་བརྒྱུད་ཀྱི་དགོན་གནས་གཞན་གྱི་སྐོར།

II.5.1 -
དང་པོ། མཁས་གྲུབ་ཁྱུང་པོའི་སྐུ་དུས་ཀྱི་དགོན་གནས།

II.5.1.1
གཅིག ཁྱུང་རི་སྒྲུབ་ཁང་

II.5.1.2
གཉིས། སྔགས་ཁྱུང་དགོན

II.5.1.3
གསུམ། གནས་རྙིང་དགོན

II.5.2 -
གཉིས་པ། རིན་ཆེན་བདུན་བརྒྱུད་སྔ་མས་བཏབ་པའི་དགོན་གནས་གཞན།

II.5.2.1
གཅིག ལྷ་ཕུ་རྨོག་ལྕོག་དགོན

II.5.2.2
གཉིས། སྐུགས་ལུང་དགོན

II.5.2.3
གསུམ། སྐྱེར་སྒང་དགོན

II.5.2.4
བཞི། ཡོལ་རི་གོང་དགོན

II.5.2.5
ལྔ། ཡོལ་ཕུ་བྲག་རྩ་དགོན

II.5.3 -
གསུམ་པ། རིན་ཆེན་བདུན་བརྒྱུད་ཕྱི་མས་བཏབ་པའི་དགོན་གནས།

II.5.3.1
གཅིག འཇག་ཆུང་དགོན

II.5.3.2
གཉིས། འཇག་ཆེན་དགོན

II.5.3.3
གསུམ། པ་སྣམ་བསམ་སྡིངས་དགོན

II.5.4 -
བཞི་པ། ཤངས་ཆོས་འཛིན་པ་གཞན་གྱིས་བཏབ་པའི་དགོན་གནས།
II.5.4.1
གཅིག ས་རྡོ་རྗེ་གདན
II.5.4.2
གཉིས། རྟ་ནག་རི་མཁར་དགོན
II.5.4.3
གསུམ། མཉེས་ཐང་རྨོག་ལྕོག་དགོན
II.5.4.4
བཞི། ལྕགས་ཟམ་ཆུ་བོ་རི་དགོན
II.5.4.5
ལྔ། བོང་ཤོད་རི་བོ་ཆེ
II.5.4.6
དྲུག ལྕགས་ཟམ་མོ་བྲག

II.6 -
ལེའུ་དྲུག་པ། ཤངས་པ་བཀའ་བརྒྱུད་ཀྱི་ཉམས་རྒུད་དང་ད་ལྟའི་གནས་བབས།

II.6.1 -
དང་པོ། ཉམས་རྒུད་དུ་སོང་བའི་རྒྱུ་རྐྱེན།
II.6.1.1
གཅིག ཕྱི་རྐྱེན།
༡ ཆོས་བརྒྱུད་གཞན་གྱི་ཆོས་སྲིད་དབང་ཆ་བཙན་པ།
༢ དགོན་གནས་རྣམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ།
II.6.1.2
གཉིས། ནང་རྐྱེན།
༡ གདམས་པ་སྤེལ་བའི་བཀའ་རྒྱ་དོག་པ།
༢ ལྟ་བ་འབུར་ཐོན་གྱི་གཞུང་ཆེན་དཀོན་པ།
༣ གཞུང་འཆད་ཉན་གྱི་སྲོལ་རྒྱ་ཆུང་བ།
༤ སྲིད་དབང་ལ་བརྟེན་ནས་ཆོས་བརྒྱུད་སྤེལ་མེད་པ།
༥ ཆོས་བརྒྱུད་ནང་ཁུལ་གྱི་སྒྲིག་འཛུགས་གཅིག་སྒྲིལ་མེད་པ།
༦ བརྒྱུད་འཛིན་པའི་གྲས་སུ་སྦས་པའི་རྣལ་འབྱོར་མང་བ།

II.6.2 -
གཉིས་པ། ཤངས་པ་བཀའ་བརྒྱུད་ཀྱི་ད་ཡོད་དགོན་སྡེའི་ཉམས་ལེན་སྐོར།
II.6.2.1
གཅིག ཞོང་ཞོང་རྡོ་རྗེ་གདན་གྱི་ཉམས་ལེན་སྐོར།
II.6.2.2
གཉིས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་།

II.6.3 -
གསུམ་པ། རྒྱལ་ནང་གི་ད་ཡོད་ཤངས་ཆོས་སྒྲུབ་སྡེའི་ཉམས་ལེན་སྐོར།
II.6.3.1
གཅིག ཙཱ་འདྲའི་སྒྲུབ་སྡེ་ཀུན་བཟང་བདེ་ཆེན་གླིང་
II.6.3.2
གཉིས། ཚབ་ཚའི་སྒྲུབ་སྡེ་བསམ་གྲུབ་ཆོས་རྫོང་གླིང་།
II.6.3.3
གསུམ། ཀརྨ་ལྷ་སྟེང་གི་སྒྲུབ་སྡེ་འཆེ་མེད་དགའ་ཚལ
II.6.3.4
བཞི། མཛོ་རྫིའི་སྒྲུབ་སྡེ་ཀུན་བཟང་དགྱེས་པའི་དགའ་ཚལ་གླིང་
II.6.3.5
ལྔ། བན་རྒན་སྒྲུབ་སྡེ་བསམ་གཏན་ཆོས་རྫོང་གླིང་
II.6.3.6
དྲུག མཚོ་ཁའི་སྒྲུབ་སྡེ་ཀུན་བཟང་འགྲོ་ཕན་བྱང་ཆུབ་བདེ་ཆེན་འོད་གསལ་གླིང་
II.6.3.7
བདུན། སྒ་སྟོད་བན་ཆེན་སྒྲུབ་སྡེ་ཀུན་བདེ་གླིང་
II.6.3.8
བརྒྱད། འདམ་དཀར་བཙུན་མའི་སྒྲུབ་སྡེ་དཔལ་ལྡན་ཤངས་པའི་གསེར་ཆོས་གླིང་
II.6.3.9
དགུ། རྟགས་འཕེལ་སྒྲུབ་སྡེ་བདེ་ཆེན་ཆོས་རྫོང་དར་རྒྱས་གླིང་
II.6.3.10
བཅུ། རབ་འབྱོར་སྒྲུབ་སྡེ་བཀྲ་ཤིས་ཆོས་རྫོང་གླིང་

II.6.4 -
བཞི་པ། ཤངས་ཆོས་དང་འབྲེལ་བའི་ཁམས་ཁུལ་དགོན་སྡེ་གཞན་འགའ་ཞིག
II.6.4.1
གཅིག འཛམ་ཐང་དགོན་དགོན་ལག་དང་བཅས་པའི་སྐོར།
II.6.4.2
གཉིས། ཇ་པ་དགོན
II.6.4.3
གསུམ། དགོན་སྡེ་གཞན་འགའ་ཞིག་གི་སྐོར།

II.6.5 -
ལྔ་པ། ནང་ས་དང་རྒྱལ་ཕྱིའི་ཤངས་ཆོས་ཉམས་ལེན་གྱི་སྐོར།
II.6.5.1
གཅིག ནང་སའི་ཁུལ་གྱི་ཤངས་ཆོས་ཉམས་ལེན་སྐོར།
II.6.5.2
གཉིས། ཤངས་པ་བཀའ་བརྒྱུད་ཀྱི་རྒྱལ་ཕྱིའི་གནས་བབས།

II.6.6 -
དྲུག་པ། ཤངས་པ་བཀའ་བརྒྱུད་ཀྱི་མ་འོངས་འཕེལ་ཕྱོགས་སྐོར།
II.6.6.1
གཅིག དབང་ལུང་ཁྲིད་གསུམ་གྱི་རྒྱུན་ལྷག་མ་མ་ཉམས་པ་བྱ་རྒྱུ།
II.6.6.2
གཉིས། ཤངས་ཆོས་འཛིན་པའི་བརྒྱུད་པ་ཚད་ལྡན་དུ་གཏོང་རྒྱུ།