Bla ma'i rnam thar dad pa'i gsol 'debs thar lam bgrod pa'i shing rta

From Shangpa Resource Center








Resource ID KRK8
Title bla ma'i rnam thar dad pa'i gsol 'debs thar lam bgrod pa'i shing rta
Topics Biography
Author Kalu Dorjé Chang, Bokar Rinpoché
Traductions (PDF files) English

༄༅། །བླ་མའི་རྣམ་ཐར་དད་པའི་གསོལ་འདེབས་ཐར་ལམ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

ཕྱོགས་དུས་རྒྱལ་སྲས་སྐྱབས་གནས་མ་ལུས་ཀུན། །གཅིག་བསྡུས་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །དཔལ་ལྡན་བླ་མའི་ཞབས་ཀྱི་པདྨོ་རུ། །མི་ཕྱེད་གུས་པས་བཏུད་དེ་ཕྱག་བགྱིའོ།
།དེ་ཡང་སྤྱིར་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེ་བ་ནི་ལས་དགེ་སྡིག་གི་རྗེས་སུ་འགྲོ་ཞིང་། ཁྱད་པར་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ནི་རྒྱུ་མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུ་སྤྱོད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལས་བྱུང་ཞིང་། ལྷག་པར་ཕ་མ་ཆོས་ལྡན་གྱི་བུར་སྐྱེས་ནས་ཞིང་། ཡོན་ཏན་ཀུན་ལྡན་གྱི་བླ་མ་དམ་པ་མང་པོས་རྗེས་སུ་འཛིན་ཅིང་ཟབ་རྒྱས་རྒྱ་མཚོ་ལྟ་བུའི་ཆོས་ལ་སྤྱོད་དུ་ཡོད་པ་ནི། བསྐལ་པ་གྲངས་མེད་པའི་གོང་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་མཚོ་ལྟ་བུའི་དཔལ་གྱིས་ལེགས་པར་གཏམས་པ་ལས་བྱུང་བ་ནི་སྔོན་གྱི་ལས་ལ་བསྔགས་པ་དང་། གསང་སྔགས་ཟབ་མོའི་བསྐྱེད་རྫོགས་ཀྱི་གནད་དང་། རྒྱུ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ད་ལྟ་ལག་ལེན་བསྟར་བ་ལས། རྟེན་འབྲེལ་བསླུ་བ་མེད་པའི་མཐུས། རིམ་གྱིས་དེ་དག་ལ་དབང་འབྱོར་ཞིང་འབྲས་བུ་རང་གཞན་གྱི་དོན་གཉིས་རྒྱ་མཚོ་ལྟ་བུའི་དཔལ་ལ་འབྱུང་འགྱུར་ལོངས་སུ་སྤྱོད་པ། རང་བྱུང་ཀུན་ཁྱབ་ཞབས་ལ་གསོལ་བ་འདེབས་ཞེས་པ་དང་།
བདག་གི་ཡབ་རྗེ་སྔགས་འཆང་ལེགས་བཤད་སྒྲ་དབྱངས་ནི། ཐོག་མར་ཚབ་ཚ་གྲུབ་ཐོབ་ཆེན་པོ་བཀའ་བརྒྱུད་བསྟན་འཛིན་གྱི་ཐུགས་སྲས་སྣང་སེམས་ལ་རང་དབང་འབྱོར་བ་ཀརྨ་ལྷག་མཐོང་། དེའི་སློབ་མ་སྙན་རྒྱུད་ཀྱི་གདམས་ངག་ཐུགས་ཉམས་སུ་བཞེས་པས་སྣང་སེམས་ལ་དབང་འབྱོར་ཏེ་ནས་མཁར་བྱ་ལྟར་ལྡིང་བ་སོགས་བཀོད་པ་ལུས་ཀྱི་རྫུ་འཕྲུལ་མངོན་དུ་གྱུར་པ་ཀརྨ་ནོར་བུའམ་ཀརྨ་གཞན་ཕན་འོད་ཟེར། དེའི་སློབ་མ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་གི་བདུད་རྩི་ཐུགས་ཉམས་སུ་བཞེས་པ་ཉག་མཚོ་སྣ་དགོན་གྱི་སྤྲུལ་པའི་སྐུའི་སྐྱེ་ཕྲེང་བཅུ་གཉིས་པ་ར་སྟག་དཔལ་བཟང་སྤྲུལ་སྐུ་ཞེས་པ་དེ་ཉིད་ཕུག་སྒོ་འདག་སྦྱར་གྱིས་ལོ་གྲངས་དུ་མར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཉམས་བཞེས་དང་འབྲེལ་དཀའ་སྤྱད་དྲག་པོས་སྒྲུབ་པའི་རྒྱལ་མཚལ་བཙུགས། རྨི་ལམ་སྒྱུ་མ་ལ་མངའ་དབང་འབྱོར་ཏེ་ཁྱིམ་ནས་ཟང་ཐལ་དུ་བྱོན་པ་དང་། འདས་མ་འོངས་ཀྱི་གནས་ཚུལ་ལ་སྒྲིབ་ཐོགས་མེད་པར་མཁྱེན་པ་སོགས་གྲུབ་པའི་གོ་འཕང་བརྙེས་པ་དེ་ཉིད་ཀྱི་སྐུའི་སྐྱེ་བ་རྗེས་མ་གཏེར་ཆེན་ཡོངས་དགེ་མི་འགྱུར་རྡོ་རྗེའི་གཏེར་མཇུག་སྐྱོང་མཁན་ཞིག་ཡོང་བར་ལུང་དུ་བསྟན་པ་ལྟར། མདོ་ཁམས་སྨད་ཀྱི་ཆར་ཤོད་ཆེན་བཞིའི་ཡ་རྒྱལ་ཏྲེ་ཤོད་གངས་ཀྱི་རྭ་བར་༧ཀརྨ་པ་དུས་གསུམ་མཁྱེན་པའི་གདུང་རིགས་ཀྱི་རྒྱུད་དུ་འཁྲུངས་ཤིང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། དཔལ་བཟང་སྤྲུལ་སྐུ་བསམ་བཞིན་སྐྱེ་སྲིད་བཟུང་བར་ངོས་འཛིན་གནང་བ་སྐུ་ཕྲེང་བཅུ་གསུམ་པ་རིགས་སྔགས་ཀྱི་ཚུལ་འཆང་བ་ཀརྨ་ལེགས་བཤད་སྒྲ་དབྱངས་ཞེས་མཚན་གསོལ། རྗེ་འདི་ཉིད་ནི་ཆུང་ངུའི་དུས་ནས་སྐྱེས་སྦྱངས་ཀྱི་རིག་རྩལ་ཤིན་ཏུ་ཆེ་བས་རིགས་པའི་གནས་ལྔ་དང་། ལྷག་པར་གསོ་བ་རིགས་པ་ལ་མཁས་པའི་སྙན་པས་ཁྱབ། འཇམ་མགོན་རྣམ་པ་གཉིས་དང་མི་ཕམ་རྣམ་པར་རྒྱལ་བའི་ཞབས་ཀྱི་པདྨོར་བསྟེན། མཛོད་ཆེན་རྣམ་པ་ལྔ་སོགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ནོས་ཏེ་ལམ་བསྐྱེད་རྫོགས་གཉིས་ལ་བརྩོན་པས་ཡི་དམ་ལྷག་པའི་ལྷ་མང་པོའི་ཞལ་གཟིགས། བླ་མའི་མཚན་བརྗོད་པ་ཙམ་གྱིས་ལུས་བ་སྤུ་གཡོ་ཞིང་མིག་མཆི་མ་འཁྲུགས་པའི་མོས་གུས་ཀྱི་མཚན་རྟགས་མངའ་བ། གསང་སྔགས་སྦྱོར་སྒྲོལ་གྱི་ལམ་ལ་མངོན་པར་སྤྱོད་པ། སྐུའི་སྐྱེ་བ་རྗེས་མ་ཤར་མི་ཉགས་ཀྱི་ཡུལ་དུ་སྐུ་འཁྲུངས་ཤིང་འགྲོ་དོན་ཕྱོགས་མེད་དུ་བྱེད་པར་ལུང་བསྟན་ཞལ་བཞེས་ཀྱིས་དགུང་ལོ་དྲུག་བཅུ་རེ་བརྒྱད་ལ་སྐུ་གཤེགས་པ་དེ་ནི་བདག་གི་སྐྱེ་བའི་ཡབ་དང་། ཡུམ་ནི་ཆུང་ངུའི་དུས་ནས་ཆོས་ལ་དཀར་ཞིང་འཇམ་མགོན་བླ་མའི་རིགས་བཟང་མཁའ་འགྲོའི་ཚོགས་ཀྱི་འཁོར་ལོའི་འདུ་བ་སོགས་ཀྱི་སྐབས་ཚོགས་གྲལ་དུ་འདུ་བར་འོས་པའི་བསྐལ་བཟང་ཐོབ་ཅིང་སྒྲོལ་དཀར་ཆུང་ཆུང་ཞེས་པའི་མིང་གནང་། སྔོན་འགྲོ་འབུམ་ལྔ་དང་འབྲེལ། བཛྲ་གུ་རུ་དུང་ཕྱུར། མ་ཎི་དུང་ཕྱུར་གཉིས། ཨ་མི་དྷེ་ཝ་དུང་ཕྱུར། ས་ཏྭ་དུང་ཕྱུར་བསགས་ཤིང་། དགེ་བ་ལ་བསགས་སྦྱང་རྒྱ་ཆེའི་ངང་ལོ་གྲངས་བདུན་བཅུ་༧དོན་བརྒྱད་ལོར་འབྲུག་བུམ་ཐང་དུ་སྐུ་གཤེགས་པ་དེ་ཉིད་སྐྱེས་མ་སྟེ། །ཕ་མ་གཉིས་ན་ཚོད་༧་ཆུང་ངུའི་དུས་ནས་རིམ་གྱིས་རྟེན་འབྲེལ་ལེགས་ཚོགས་འགྲིགས་ཏེ་འདུན་ཐབས་གཉེན་སྦྲེལ་བྱས་ནས་ལོ་ཤས་མཚམས། །རྫོང་ཤོད་བདེ་བཤེགས་འདུས་པའི་གནས་སུ་སོ་སོར་བསྙེན་མཚམས་ལ་བཞུགས་ཤིང་། །ཚེས་བཅུ་ཉིན་ལྷན་ཅིག་ཚོགས་འཁོར་ཟབ་རྒྱས་ཤིག་གི་ནུབ། །ཡུམ་གྱི་ལྷུམས་སུ་བདག་ཉིད་ཞུགས་པའམ་མངོན་པར་མཐོང་བ་ལ་གསོལ་བ་འདེབས།
།དཔའ་བོ་དཔའ་མོའི་དགའ་སྟོན་ཚེས་བཅུའི་མཆོད་པ་སོགས་བརྩོན་པའི་སྐབས་དག་ཏུ་ཡབ་ཡུམ་གྱི་མནལ་ལམ་དུ་འཇམ་མགོན་བླ་མ་རྗེ་ཉིད་བྱོན་ཏེ་བདག་ལ་གནས་གཡར་དགོས་ཞེས་རང་ལ་ཐིམ་པ་དང་། །ཟངས་མདོག་དཔལ་རི་ནས་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་དཔའ་བོ་དཔའ་མོའི་ཚོགས་བཅས་མངོན་སུམ་དུ་བྱོན་པ་སོགས་དག་པའི་སྣང་བ་སྣ་ཚོགས་པ་བཅས་ལྷུམས་སུ་མངོན་པར་ཞུགས་པར་མཛད་ལ་གསོལ་བ་འདེབས།
།དེ་ཡི་ཚེ་ཡུམ་གྱི་ལུས་ཟོ་འདོགས་བདེ་ཞིང་ངོ་མཚར་བའི་མནལ་ལྟས་བཟང་པོ་རྒྱུན་མི་འཆད་པ་བྱུང་ཞིང་། །རི་བྲག་དགོན་ཞེས་པའི་རི་རྩེར་དགོན་གནས་ཤིག་ཡོད་པ་དེར་སྡོད་སྐབས། །ཉིན་གཅིག་རྩ་བ་དང་སྡོང་བུ་མེ་ཏོག་འབྲས་བུ་སོགས་སྨན་གྱི་རིགས་འཐུ་རུ་ཕྱིན་སྐབས་སྐྱེ་བའི་མཚན་མ་མཐོང་སྟེ་ཁྱིམ་དུ་ལོག་པ་དང་། །ཁང་པའི་སྟེང་ཤོད་དང་ཉེ་འཁོར་ཀུན་ཏུ་མེ་ཏོག་གི་དབྱིབས་ལྟ་བུའི་ཆར་ལང་ལིང་དང་འཇའ་འོད་ཀྱི་གུར་ཁྱིམ་སོགས་ཀུན་གྱི་ངོ་མཚར་བའི་རྣམ་པས་སྣང་བ་དང་བཅས་སྐུ་ཉིད་དྲང་པོར་འཁྲུངས་ལ་གསོལ་བ་འདེབས།
།བལྟམས་མ་ཐག་ཏུ་འཇིགས་སྣང་དང་བག་ཚ་བ་མེད་པར་འཛུམ་པའི་མདངས་དང་བཅས་མིག་གིས་བལྟ་ཞིང་། །ཞལ་ནས་ཡི་གེ་དྲུག་པ་དང་བཀའ་བརྒྱུད་ཀྱི་བསྟན་པ་དར་བའི་གསུང་སྣ་ཚོགས་བྱོན་པ་ཞིག་བྱུང་ཟེར་བ་མ་དང་ཉེ་འཁོར་གྱི་གནའ་གཏམ་ལབ་རྒྱུར་བྱུང་། །ཡབ་ཡུམ་ཐམས་ཅད་བདེ་སྐྱིད་དང་ལྡན་ཞིང་། །ཕྱོགས་དེའི་སྐྱེ་བོ་ཀུན་གྱིས་མངོན་པར་བསྟོང་ཅིང་ངོ་མཚར་ཆེ་བའི་སྤྲུལ་པའི་སྐུ་རུ་གྲགས་ལ་གསོལ་བ་འདེབས།
།བྱིས་པའི་དུས་ནས་དགེ་བའི་བག་ཆགས་བཟང་པོ་སད་ནས་ཚེ་འདི་འི་དཔལ་འབྱོར་ལོངས་སྤྱོད་བློས་བཏང་དབེན་པའི་རི་སུལ་བྲག་གི་བྱ་སྐྱིབས་ཤིག་ཏུ་ཉམས་ལེན་ཁོ་ན་སྐྱོང་བའི་མོས་འདུན་ཉིད་མ་བཅོས་རང་ཤུགས་སུ་འབྱུང་བ་ཞིག་ཡོད་པ་དེ་ལ་གསོལ་བ་འདེབས།
།སེམས་ཅན་སྡུག་བསྔལ་གྱིས་གཙེས་པ་དང་ཉམ་ཐག་གི་འགྲོ་བ་རྣམས་དང་རྒྱུད་སྨིན་ཅིང་གྲོལ་བའི་དབང་དང་ཆོས་ཀྱི་འབྲེལ་བའི་བླ་མ་ལ་སྙིང་རྗེ་དང་མོས་གུས་མཆི་མ་འཁྲུགས་པ་ཡི་བག་ཆགས་བཟང་པོ་ལྷན་སྐྱེས་སུ་མངའ་བ་ཁྱེད་ལ་གསོལ་བ་འདེབས།
།བྱིས་པའི་སྐབས་ནས་བྲི་ཀློག་ཆོས་ཀྱི་གོ་དོན་སོགས་ཡབ་རྗེ་ཉིད་ཀྱིས་བསླབ་སྟོན་སྦྱངས་བརྩོན་བྱེད་དུ་འཇུག་ཅིང་། །ཡབ་རྗེ་ཉིད་ཞལ་འདོན་ཐུགས་དམ་དང་། །མཚམས་བསྙེན་སྒྲུབ་སོགས་ལ་ཤིན་ཏུ་བརྩོན་པས། །ངོས་ཀྱང་སྔར་ལངས་ཉལ་ཕྱི་སྒོམ་སྒྲུབ་བསླབ་སྦྱང་སོགས་ཉིན་བསྟར་བྱ་དགོས་ཤིང་། །རང་བཞིན་གྱིས་བློ་རིག་བཟང་ཞིང་སྨྲ་ལྕེ་བདེ་བ། །སྒྲོལ་དཀར་དང་ཐུགས་རྗེ་ཆེན་པོ་ཡི་དམ་དུ་འཛིན་པ་ཞིག་བྱུང་། །བཅུ་གསུམ་ལོ་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞུགས་ཏེ། །སི་ཏུ་པདྨ་དབང་མཆོག་མདུན་ནས་རབ་ཏུ་བྱུང་བའི་མིང་ཀརྨ་རང་བྱུང་ཀུན་ཁྱབ་ཏུ་བསྩལ་བ་ཕྱི་དུས་སུ་མིང་དོན་མཚུངས་པ་ལྟ་བུ་ཀུན་གྱིས་སྒྲོགས། །ཡབ་རྗེ་ཉིད་ཀྱིས་མངའ་རིས་སྡོམ་གསུམ་འགྲེལ་བ་རྒྱས་བསྡུས་ཀྱི་བཤད་ཁྲིད་དང་གསོ་བ་རིག་པ་རྒྱུད་བཞི་ལ་བསླབ་ཁྲིད་ནན་ཏན་མཛད། །མཁས་དབང་བཀྲ་ཤིས་ཆོས་འཕེལ་མདུན་ནས་བཀའ་བརྒྱུད་སྔགང་མཛོད་ཀྱི་དབང་ལུང་ཁྲིད་དང་། །ནང་བརྟག་རྒྱུད་གསུམ་དང་ཁྱད་པར་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱི་གཞུང་ཆུང་གཉིས་ལ་ཞིབ་ཁྲིད་གནང་། །ཤེས་རབ་དང་སྨྲ་སྒོ་བཟང་བས་བསྔགས་བརྗོད་ཆེ་བར་མཛད། །བཅོ་ལྔའི་ལོ་ལ་ཧོར་བན་རྒན་དགོན་དུ་དབྱར་གནས་པར་ཁས་བླངས། །སེར་སྐྱ་བརྒྱ་ཕྲག་ཚོགས་པའི་དབུས་སུ་གང་ལ་ཡང་མི་འཇིགས་ཤིང་བློ་གྲོས་ཀྱི་སྤོབས་པས་སྡོམ་གསུམ་གྱི་བཤད་པ་མཛད། །བློ་རིག་གསལ་ཞིང་ཚིག་སྒྲོས་ལེགས་ལ་དོན་མ་ཉམས་ཟེར་ཞིང་ཀུན་གྱི་ཡིད་དང་དབང་པོ་འཕྲོག་པར་གྱུར་ལ་གསོལ་བ་འདེབས།
།བཅུ་དྲུག་ལོ་ལ་རྒྱལ་བས་མདོ་སྡེ་དུ་མ་ནས་ལུང་དུ་བསྟན་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དངོས་སུ་བྱོན་པ། །མཛོད་ཆེན་རྣམ་པ་ལྔའི་ཤིང་རྟ་འདྲེན་མཛད་འཇམ་མགོན་བླ་མ་ཡི་གདན་ས་ཙཱ་འདྲ་རིན་ཆེན་བྲག་ཏུ་སྒྲུབ་ཁང་ཆེན་མོར་ལོ་གསུམ་ཕྱོགས་གསུམ་སྒྲུབ་པ་ལ་ཞུགས་ཤིང་། །ཆོས་དང་བླ་མ་ལ་དད་པ་དང་བརྩོན་འགྲུས་དཔག་ཏུ་མེད་པ་དང་ལྡན་ལ་གསོལ་བ་འདེབས།
།དེ་ཚེ་ཉམས་དང་རྟོགས་པ་མཐའ་རུ་ཕྱིན་པའི་བླ་མ་རྫེ་བཙུན་ཆེན་པོ་ནོར་བུ་དོན་ཀུན་གྲུབ་པའི་ཞལ་སྔ་ནས་གསར་རྙིང་གཏེར་གསུམ་གྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་དཔག་ཏུ་མེད་པ་དང། །ཁྱད་པར་གྲུབ་ཆེན་ཁྱུང་པོའི་གསེར་ཆོས་རྣམ་པ་ལྔ་སོགས་གདམས་ངག་ལག་ལེན་དང་བཅས་པ་ཀུན་བུམ་པ་གང་བྱོའི་ཚུལ་དུ་བསྩལ་གནང་མཛད་པ་དེ་ལ་གསོལ་བ་འདེབས།
།གཞན་ཡང་མཁས་པ་དང་གྲུབ་པའི་དབང་ཕྱུག་བཀྲ་ཤིས་ཆོས་འཕེལ། །པདྨ་དབང་མཆོགམཁྱེན་བརྩེ་གཞན་ཕན་འོད་ཟེར། །དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། །ཚབ་ཚ་སྒྲུབ་བརྒྱུད། །རྫོགས་ཆེན་རིན་པོ་ཆེ། །ཞེ་ཆེན་རྒྱལ་ཚབ། །ཞེ་ཆེན་ཀོང་སྤྲུལ། །མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། །༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། །ཡོངས་འཛིན་རྣམ་གཉིས། །༧རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ། །དཔའ་བོ་སྐུ་ཕྲེང་བཅུ་པ་གཙུག་ལག་སྨྲ་བའི་དབང་ཕྱུགབདུད་འཇོམས་རྗེ། །དིལ་མགོ་མཁྱེན་བརྩེ། །བཀའ་འགྱུར་རིན་པོ་ཆེ། །བྱ་བྲལ་སངས་རྒྱས་རྡོ་རྗེ། །ས་སྐྱ་ཁྲི་ཆེན། །སྡེ་གཞུང་མཁན་པོ་སོགས་བླ་མ་སྐྱེས་བུ་དམ་པ་མང་པོ་བསྟེན་ཅིང་མདོ་སྔགས་གསར་རྙིང་གི་གདམས་སྐོར་དཔག་མེད་པ་ལ་གསན་བསམ་སྒོམ་སྒྲུབ་བརྩོན་པ་ནན་ཆག་གིས་ཕལ་ཆེར་ཀུན་གྱི་ཐུགས་སྲས་ལྟ་བུར་གྱུར་ལ་གསོལ་བ་འདེབས།
།རང་ཉིད་ལ་དངོས་སུ་ཉམས་དང་རྟོགས་པའི་ཡོན་ཏན་ངོ་མཚར་བ་བརྗོད་རྒྱུས་ཕོངས་ཀྱང་། །དད་དང་དག་སྣང་ཅན་རྣམས་ཀྱིས་ནན་ཏན་བསྐུལ་ངོ་མ་ལྡོག་ཙམ་དུ་ཉིང་འཁྲུལ་བཟང་པོ་གྱུང་ཚུལ་ཅུང་ཟད་བརྗོད་ན། །རྨི་ལམ་གྱི་སྐབས་སུ་འཇམ་མགོན་གོང་མའི་གཟིམས་ཆུང་དུ་ཕྱིན་པས་འཇམ་མགོན་བླ་མ་རྗེ་སྐུ་དངོས་སུ་བཞུགས་པ་དང་མཇལ་ཞིང་དབང་བཞི་ཡོངས་རྫོགས་བསྐུར་ཏེ་རང་ལ་ཐིམ་པའི་སྣང་བ་དང་། །སྐབས་ཤིག་ལ་རང་ཉིད་ནི་པདྨ་འབྱུང་གནས་ཀྱི་སྐུར་གྱུར་ནས་ཡུལ་དེའི་ལྷ་སྲིན་མང་པོ་དབག་དུ་བསྡུས་ནས་བཀའ་བསྒོ་བ་དང་། །ཡང་སྐབས་ཤིག་ཏུ། །བརྟན་མའི་ཚོགས་མདུན་དུ་འདུས་ནས་སྨན་བཙུན་རྡོ་རྗེ་ཟུ་ལེ་མ་སོགས་རང་རང་གི་མིང་ནས་བརྗོད་ཅིང་ལྷབ་ལྷུབ་དར་དང་རིན་པོ་ཆེའི་རྒྱན་བཅས་གར་དང་གླུ་ཡིས་མཆོད་པ་སྣ་ཚོགས་ཕུལ་བ་ལ་གསོལ་བ་འདེབས།
།ནད་གདོན་གྱི་གནོད་པ་མང་པོ་གྱུང་བའི་སྐབས་རྟ་མགྲིན་སོགས་ཡི་དམ་གྱི་བསྙེམས་པས་རྒྱལ་འགོང་དམ་སྲི་མང་པོ་འདུལ་བའི་ཉམས་རྨིས་ཀྱིས་དངོས་སྣང་དུའང་ཕན་པར་གྱུང་ཞིང་། །ནད་ཀྱིས་མནར་སྐབས་རྨི་ལམ་དུ་སྒྲོལ་མས་ལུང་བསྟན་གྱིས་གེགས་ཀྱི་གཡུལ་ལས་རྒྱལ་བ་དང་། །སྐབས་འགར་རྨི་ལམ་དུ་སངས་རྒྱས་བྱང་སེམས་མང་པོ་དང་འཕགས་པའི་གནས་བརྟན་བཅུ་དྲུག་སོགས་ཚོགས་ཀྱི་ཞིང་མཆོག་མང་པོ་ཞལ་མཇལ་ཞིང་དད་མོས་ཆེན་པོས་བཟང་པོ་སྤྱོད་པའི་སྨོན་ལམ་དང་། །ནི་གུའི་སྨོན་ལམ། །བསྔོ་བ་བཀའ་རྒྱ་མ། །བདེ་བ་ཅན་གྱི་སྨོན་ལམ་སོགས་ཚར་གྲངས་འདོན་པ་དང་། །སྐུ་གདུང་ཆ་བརྒྱད་མཆོད་རྟེན་དཔག་ཚད་ཙམ་ཡོད་པ་མང་པོ་ལ་ནམ་མཁར་འཕུར་བཞིན་བསྐོར་བ་བྱས་ཏེ་སྨོན་ལམ་རྒྱ་ཆེར་བཏབ་པ་སོགས་རྨི་ལམ་བཟང་པོ་མང་ཙམ་བྱུང་བ་ལ་གསོལ་བ་འདེབས།
།ཉེར་ལྔའི་ལོ་ནས་ཁྱིམ་གྱི་སོ་ཚིས་མ་ལུས་སྤངས་ཏེ། །གང་བྱུང་དེས་ཆོག་གི་ཕྱོགས་མེད་བྱ་བ་བྲལ་བའི་ཚུལ་གྱིས་མི་མེད་བྲག་ཕུག་སོགས་སུ་ལོ་བཅུ་གཉིས་མཚམས་སྒྲུབ་བྱས་ཏེ། །དད་གཤིན་རྫས་ཀུན་ཆོས་ཀྱི་ཕྱོགས་སུ་བཏང་བའི་བྱ་བཏང་རྒྱལ་པོ་ལྟ་བུ་ཁྱེད་ལ། །མི་ཀུན་དང་མཐུན་ཞིང་གང་ལའང་ཞེན་པ་དང་འཛིན་ཆགས་ཆེར་མེད་པའི་ཚུལ་གྱིས་དགྲ་གཉེན་བར་མ་ཀུན་མཉམ་པ་ལྟ་བུ་སྙིང་རྗེས་བསྐྱངས་པ་དང་། །འདོད་ཡོན་མ་ལུས་ཞེན་མེད་ཚོགས་ཀྱི་མཆོད་པར་མོས་ཏེ་རོལ་པའི་དུས་མཐའི་རྣལ་འབྱོར་རྒྱལ་པོ་ལྟ་བུ་ཁྱེད་ལ་གསོལ་བ་འདེབས།
།ཕྱི་ཉན་ཐོས་ཐེག་པ་དང་མཐུན་པར་གཞན་ལ་གནོད་པ་གཞིར་བཅས་སྤོང་བས་རང་རྒྱུད་ཉེས་སྤྱོད་ལས་སྡོམ་ཞིང་། །ནང་བྱང་སེམས་ཐེག་པ་དང་མཐུན་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་རྟག་ཏུ་བརྩོན་པ་དང་། །གསང་བ་རྡོ་རྗེ་ཐེག་པ་དང་མཐུན་པར་བསྐྱེད་རྫོགས་རིམ་པ་གཉིས་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཅིང་མཐར་འདོན་ཐུབ་པའི་མོས་པ་དང་ལྡང་པའི་གསུམ་ལྡན་རྡོ་རྗེ་འཛིན་པ་ཁྱེད་ལ་གསོལ་བ་འདེབས།
མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། །ཞེ་ཆེན་ཀོང་སྤྲུལ། །༧རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་མཆོག་དང་། །རྫོགས་ཆེན་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་དུ་མས་བློ་གྲོས་མཐའ་ཡས་དང་། །འཇམ་མགོན་བཛྲ་རཏྣ་ལ་སོགས་པའི་སྐྱེ་སྤྲུལ་ངེས་པ་ཡིན་ཞེས་ཞལ་གྱིས་བཞེས་པའི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་དམ་པ་ཁྱོད་ལ་གསོལ་བ་འདེབས།
།དམན་པའི་སེམས་ཅན་ཀུན་ལ་བྱམས་པ་དང་སྙིང་རྗེའི་དབང་གིས་ཕྱིའི་དུད་འགྲོའི་རིགས་དང་། །ནང་གི་སྲོ་ཤིག་ཚུན་ཆད་ལ་ཟབ་མོའི་གཟུངས་སྔགས་དང་སངས་རྒྱས་ཀྱི་མཚན་བསྒྲགས་ཤིང་བཀའ་གཏེར་གཉིས་ནས་བྱུང་བའི་མྱོང་གྲོལ་དམ་རྫས། །རེག་གྲོལ་བྱེ་མ་སོགས་ཐབས་མཁས་སྣ་ཚོགས་ཀྱིས་བྱ་དང་ཉ་སྦྲང་གྲོག་སྦུར་ལ་སོགས་བྱེ་བ་ཕྲག་དཔག་ཏུ་མེད་པ་ཐར་པའི་ལམ་ཡང་དག་པར་འགོད་པར་མཛད་ལ་གསོལ་བ་འདེབས།
།རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་དུ་ཀརྨ་བཀའ་བརྒྱུད་དང་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ལ་འཆད་སྤེལ་འཛིན་སྐྱོང་སོགས་ཐུགས་བསྐྱེད་རྨད་བྱུང་མཛད་འཕྲིན་རྣམ་དག་གིས། །བོད་དང་བོད་ཆེན་པོའི་ལྗོངས་དང་རྒྱ་དཀར་ནག་འབྲུག་འབྲས་ལྗོངས་སོགས་སུ་བསྟན་པ་སླར་སྤེལ་ཞིང་གདམས་པའི་སྲོག་མཐུད་མཛད་པ་ལ་འགྲན་ཟླ་མེད་པའི་རྣམ་འདྲེན་མཆོག་ལ་གསོལ་བ་འདེབས།
སེ་ར་མཁར་རྡོ་རྗེ་དང་། །ལྷ་བཙུན་རིན་པོ་ཆེ། །ཐོགས་མེད་རིན་པོ་ཆེ་སོགས་དམ་པ་དུ་མ་དང་། །འབྲས་སྤུངས་རྨོག་ལྕོག་རྗེ་དང་། །གསར་རྙིང་རིས་མེད་ཀྱི་མཁས་གྲུབ་ཉམས་རྟོགས་ལྡན་པའི་བླ་མ་མཆོག་རྣམས་དང་། །འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་ལ་སོགས་སྐྱེས་ཆེན་དུ་མ་ལ་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་གཏད་ལ་གསོལ་བ་འདེབས།
།ལུགས་གཉིས་དཔལ་གྱིས་བརྒྱན་པའི་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དང་། །ཞང་ཞུང་རྡོ་རྗེ་གདན། །ལྷ་ཕུ་རྨོག་ལྕོགས། །སྙེ་ཐང་རྨོག་ལྕོགས་ལ་སོགས་སུ་ཇེ་ཤངས་ཀྱི་བསྟན་པ་སླར་གསོས་ཤིང་བསྟན་པའི་བྱ་བ་རླབས་ཆེན་མཛད། །ལྷ་གདན་ཇོ་ཤཱཀ་རྣམ་གཉིས། །མཚུར་ཕུ་ལྷ་ཆེན་མཐོང་གྲོལ་ཆེན་མོ། །རི་གོང་དཔལ་གྱི་མགོན་པོ། །ཁྲོ་ཕུ་བྱམས་ཆེན། །བཀྲ་ཤིས་ལྷུན་པོ། །སྣར་ཐང་སོགས་དབུས་གཙང་གི་རྟེན་མཆོག་རྣམས་ལ་དད་སྨོན་ཡིད་ཚིམ་ཞུས་ཤིང་དལ་འབྱོར་དོན་ཡོད་པར་མཛད་ལ་གསོལ་བ་འདེབས།
།ལྔ་བཅུ་ལོ་ལ་གངས་ཅན་ལྗོངས་སུ་མཐའ་དམག་ཀླ་ཀློའི་དཔུང་གིས་བཅོམ་སྟེ་དུས་ཀྱི་ཟིང་འཁྲུགས་ཀྱི་རྐྱེན་དང་། །སྔོན་སྨོན་སྟོབས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་བགྲོད། །ལྷོ་ལྗོངས་ས་ཕྱོགས་ཀུན་ཏུ་ཆོས་ཀྱི་འཆད་སྤེལ་མཛད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་སྟོན་ལ་གསོལ་བ་འདེབས།
།ཞྭ་ནག་ཅོད་པན་འཛིན་པ་བཅུ་དྲུག་པ་མཚན་བརྗོད་པར་དཀའ་བ་རང་བྱུང་རིག་པའི་རྡོ་རྗེ་གཙུག་ཏུ་བསྙེན་ཅིང་། །རྗེ་དེ་ཉིད་ཀྱིས་ཀྱང་བརྩེ་བ་ཆེན་པོའི་ཐུགས་ཀྱིས་རྗེས་སུ་བཟུང་སྟེ་སྨིན་གྲོལ་གདམས་པའི་བདུད་རྩི་བསྩལ་ཞིང་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་གཉེར་ཁ་གཏད་ལ་གསོལ་བ་འདེབས།
།སྔོན་ནས་ཡོངས་སུ་གྲགས་ཤིང་གྲུབ་པའི་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་བསམ་བཞིན་སྲིད་པ་བཟུང་བའི་ཞྭ་དམར་རིན་པོ་ཆེ། །སི་ཏུ་རིན་པོ་ཆེ། །འཇམ་མགོན་རིན་པོ་ཆེ། །རྒྱལ་ཚབ་རིན་པོ་ཆེ་བཅས་རྗེས་སུ་བཟུང་སྟེ། །བཀའ་བཞིའི་བརྒྱུད་སྲོལ་ལས་བྱུང་བའི་ཀརྨ་བཀའ་བརྒྱུད་ཀྱི་གདམས་པའི་བཅུད་ཐབས་ལམ་ནཱ་རོ་ཆོས་དྲུག་གྲོལ་དང་ལམ་ཕྱག་རྒྱ་ཆེན་པོ། །ཤངས་པའི་གསེར་ཆོས་རྣམ་ལྔ་སོགས་ཆོས་སྐོར་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་ཕུལ་བའམ་བསྩལ་བ་མཛད་ལ་གསོལ་བ་འདེབས།
།གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་བདག་པོ་རྣམ་འདྲེན་ཆེན་པོ་མཆོག་༧གོང་ས་སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། །དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་ཟབ་ཅིང་གསང་བའི་གདམས་པ་མང་པོ་བསྩལ་ཏེ། །གང་གི་ཐུགས་བསྐྱེད་ཆེན་པོའི་བཀའ་བཞིན་རྗེས་སུ་སྒྲུབ་སྟེ་བྲག་ཡབ་ཧོ་ཐོག་ཐུ། །རཱ་སྤོད་རིན་པོ་ཆེ། །རྒྱུད་སྨད་མཁན་ཆེན། །དགེ་བཤེས་རབ་བརྟན། །གསོལ་གཟིམ་མཆོད་གསུམ། །རྒྱུད་གྲྭ་སྤོད་སྨན་མཁན་པོ་ཁགརྩེ་རྣམ་རྒྱལ་གྲྭ་ཚང་སོགས་དམ་པ་མང་པོ་ལ་གསང་བདེ་འཇིགས་གསུམ། །དགྱེས་རྡོར། །མཱ་ཡ་སྤེ་རྒྱུད་སྡེ་ཆེན་པོ་ལྔ་དང་། །ཤངས་པའི་གསེར་ཆོས་རྣམ་ལྔ། །མགོན་པོའི་བཀའ་ཆེན་བཅུ་གསུམ། །གཏེར་གསར་ཕུར་པའི་དབང་ཁྲིད་སོགས་དབང་གདམས་ངག་ལག་ལེན་དང་བཅས་པ་སྟོན་ཅིང་ཕུལ་བར་མཛད་ལ་གསོལ་བ་འདེབས།
།གཞན་ཡང་རྒྱལ་སྲས་འཇམ་མགོན་མཁྱེན་བརྩེའི་འོད་ཟེར། །མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། །༧རྒྱལ་མཆོག་རིག་པའི་རྡོ་རྗེ། །ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ། །དཔའ་བོ་རིན་པོ་ཆེ། །དིལ་མགོ་མཁྱེན་བརྩེ། །བྱ་བྲལ་སངས་རྒྱས་རྡོ་རྗེ། །རྫོང་གསར་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ། །ས་སྐྱ་བདག་ཆེན་རིན་པོ་ཆེ། །ས་སྐྱ་སྡེ་གཞུང་མཁན་པོ། །མཉན་པ་མཆོག་སྤྲུལ། །འབྲོང་གསར་མཁྱེན་བརྩེ། །དཔལ་སྤུངས་མཁྱེན་བརྩེ། །འཛི་སྒར་མཆོག་སྤྲུལ། །ཁྲ་མགུ་མཁན་པོ། །རྡོར་སློབ་བསྟན་དགའ། །སྦས་ཡུལ་རིན་པོ་ཆེ་བསོད་ནམས་བཟང་པོ། །འབོ་དཀར་རིན་པོ་ཆེ། །ཨོ་རྒྱན་སྤྲུལ་སྐུའི་སྲས་མཆོག་སྤྲུལ་རྣམ་གཉིས་སོགས་མཁས་བཙུན་བཟང་པོའི་ཕུལ་དུ་གྱུར་པའི་དགེ་བའི་བཤེས་གཉེས་སྔགས་འཆང་རྡོ་རྗེ་འཛིན་པ་བཅས་བླ་མ་སྤྲུལ་པའི་སྐུ་སྐྱེས་ཆེན་སོགས་དམ་པ་རྣམས་ལ་སྨིན་གྲོལ་གྱི་གདམས་པ་མ་ལུས་པ་ཕུལ་ཞིང་། །ས་དགེ་བཀའ་རྙིང་སོགས་རིས་སུ་མེད་པའི་བསྟན་པ་ལ་འཁོར་ལོ་གསུམ་གྱི་བྱ་བ་རླབས་ཆེན་མཛད་དེ་རྒྱལ་བའི་བསྟན་པ་ཉིན་མོར་མཛད་ལ་གསོལ་བ་འདེབས།
།ཆོས་ནོར་གཉིས་ཀྱི་སྒོ་ནས་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་དཔག་ཏུ་མེད་པ་དང་། །འབྲས་འབྲུག་རྒྱ་བལ་གནས་ཆེན་རྣམས་སུ་མཆོད་སྨོན་ཡིད་ཚིམ་ཞུས་ཤིང་དགེ་འདུན་བརྒྱ་ཕྲག་གཉིས་ཙམ་སྒྲུབ་པའི་ས་སྡེ་བཙུགས་ཏེ། །བསྟན་པའི་སྒྲོན་མེ་དམ་པར་གྱུར་ལ་གསོལ་བ་འདེབས།
།ཛམྦུ་གླིང་དང་གླིང་ཕྲན་ཐམས་ཅད་ཀྱི་མི་རིགས་སྐད་ཡིག་མི་གཅིག་པའི་སྐལ་ལྡན་སློབ་མའི་ཚོགས་རྣམས་པདྨོའི་མཚོ་ལ་ངང་མོ་འཇུག་པ་བཞིན་དུ་ལུས་ཅན་མང་པོ་སྨིན་གྲོལ་མཛད་ལ་གསོལ་བ་འདེབས།
།མཁའ་དབྱིངས་མཐོན་པོའི་ལམ་ནས་རྒྱ་མཚོ་ཆེན་པོའི་གླིང་། །[[ཨི་སི་རལ། །སུ་ཛར་ལེན་ཊ། །ཨི་ཊ་ལི། །ཌན་མག །སུའི་ཌིན། །ནོར་བེ། །ཇར་མིན། །ཤར་ཇར་མན། །ཧོ་ལེན། །བྷེལ་འཇམ། །མོ་སི་ཀོ །ཕ་རན་སེ། །གྷི་རིས་སི། །ཁེ་ནེ་ཌ། །ཧ་བེའི། །དབྱིན་ཇི། །ཨ་ལེན། །ཨ་མེ་རི་ཀ །སི་པན། །ཨ་སི་ཏྲིལ་ལ། །མོ་ན་ཀོ །ལག་སམ་བརྒ། །ཕི་ལན་འཕྲི། །མ་ལེ་ཤ །སེང་ག་སྤུར། །ཕི་ལིབ་པིན]]། །ཤར་ཕྱོགས་རྒྱལ་ཁབ་འབར་མ། །ཐའི་ལེན་ཊ། །ཧོང་ཀོང་། །ཐེ་ཝན། །འཇའ་པན་སོགས་གླིང་ཆེན་གླིང་ཕྲན་ཀུན་ཏུ་ལན་གསུམ་གཤེགས་ཏེ་སྐད་རིགས་མི་གཅིག་པའི་སྐྱེ་བོ་ཕོ་མོའི་ཚོགས་རྣམས་ལ་ལས་རྒྱུ་འབྲས་ཀྱི་གཙོས་ཐེག་པ་ཆེ་ཆུང་དང་། །ཁྱད་པར་དུ་ཐུགས་རྗེ་ཆེན་པོའི་གདུལ་བྱའི་ཞིང་དུ་བཀོད། །སེམས་ཅན་དམན་པ་རྣམས་ལ་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་བསྒྲགས་པ་སོགས་ཀྱིས་གདུལ་བྱའི་ཞིང་དུ་བཀོད་ནས་མ་ནོར་བ་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་བཟང་པོ་སྟོན་པར་མཛད་ལ་གསོལ་བ་འདེབས།
།སྡོམ་པ་གསུམ་དང་ལྡན་ཞིང་བྱམས་དང་སྙིང་རྗེའི་བདག་ཉིད་བསྟན་པ་འཛིན་པའི་སྐྱེས་བུ་སློབ་མའི་ཚོགས་བསྟན་འགྲོའི་དོན་དུ་ཡུལ་གྲུ་ཀུན་ཏུ་ཕྱོགས་བརྒྱར་འགྱེད་ཅིང་དགེ་བཅུའི་ཆོས་ཀྱི་ཁྲིམས་ཀྱི་དར་ཆེན་མངོན་པར་མཐོ་བའི་དགུང་དུ་འཕྱར་ཞིང་། །ཚོགས་བསགས་སྒྲིབ་སྦྱང་གི་སྒོ་བརྒྱར་འབྱེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གོང་དུ་སྤེལ་བའི་ཆོས་ཀྱིས་འཛམ་གླིང་གི་ས་ཆེན་པོ་ནི་ཐང་མར་བརྡལ་ཞིང་མཐའ་འཁོབ་མུན་པའི་གླིང་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོར་མཛད་ལ་གསོལ་བ་འདེབས།
།སྣང་གྲགས་རྟོག་ཚོགས་ཀྱི་ཆོས་ཀུན་བདེན་མེད་སྒྱུ་མ་དང་རྨི་ལམ་ལྟ་བུ་སྦྱང་། །ལུགས་གཉིས་ཀྱི་བྱ་བ་བྱས་ཚད་ཐམས་ཅད་གཞན་དོན་ཁོ་ནར་དམིགས་ཏེ་བསྔོ་བ་དང་སྨོན་ལམ་ཟབ་མོས་རྒྱས་བཏབ། །ནོར་ལོངས་སྤྱོད་བསགས་ཚད་མ་ལུས་ཆོས་ཀྱི་ཕྱོགས་སུ་བཏང་སྟེ་བཟང་ངན་བར་མའི་འབྲེལ་ཚད་ཐམས་ཅད་མཐོ་རིས་དང་ཐར་པ་ཐོབ་པའི་རྒྱུ་རུ་འགྱུར་བའི་དོན་ཆེན་པོ་དང་ལྡན་ལ་གསོལ་བ་འདེབས།
།རང་ལོ་དོན་བརྒྱད་ལོ་རུ་འཛམ་གླིང་ནུབ་ཕྱོགས་ཨ་རི་དང་ཡུ་རོབ་ཤར་ཕྱོགས་ཧོང་ཀོང་དང་ཐེ་ཝན་སོགས་དང་། །གཞན་ཡང་གྷི་རི་སི། །སིང་ག་པུར། །ཕི་ལིབ་པིན། །ཨ་སི་ཏྲི་ལ་བཅས་མཐའ་མཚམས་ཀྱི་རྒྱ་མཚོའི་ཕ་མཐར་གླིང་ཕྲན་གླིང་ཆེན་གྱི་རྒྱལ་ཁབ་ཆེན་པོ་གསུམ་ཅུ་རྩ་ལྔ་སོགས་སུ་མཁའ་དབྱིངས་ཀྱི་ལམ་ནས་གཤེགས་ཏེ་མཐོག་ཐོས་དྲན་རེག་གི་སྐྱེ་བོ་དཔག་ཏུ་མེད་པ་ཆོས་ཀྱི་ལམ་ལ་བཀོད་པར་མཛད་པ་ལ་གསོལ་བ་འདེབས།
།ཁམས་དང་མོས་པ་སོགས་གང་ལ་གང་འདུལ་གྱི་འགྲོ་བ་རྣམས་ལ་ཐེག་པ་གསུམ་གྱི་དམ་པའི་ཆོས་ཀྱིས་འཁོར་ལོ་བསྐོར་བ་དང་། །ལྷག་པར་སྐལ་ལྡམ་དབང་རབ་རྣམས་ཀྱི་དོན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པའི་སྡེ་ཆེན་མང་པོ་བཙུགས་པར་མཛད་པ་དང་། །གཞན་གདུལ་བྱ་ཐུན་མོང་བ་རྣམས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཡི་གེ་དྲུག་པའི་ཉམས་ལེན་གྱི་བསྟན་པ་འཛམ་གླིང་ཤར་ནུབ་ཀྱི་སྐལ་ལྡན་རྣམས་ལ་ཁྱབ་པར་སྤེལ་བས་འབྲེལ་ཚད་དོན་ལྡན་ཁྱོད་ལ་གསོལ་བ་འདེབས།
།ལྷག་པར་བོད་དང་རྒྱ་དཀར་ནག་འབྲས་འབྲུག་ལ་སོགས་པའི་ཡུལ་གྲུ་ཀུན་ཏུ་རིས་སུ་མ་མཆིས་པའི་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པའི་རྒྱུན་མི་ཉམས་དགོང་སྤེལ་དང་། །ཉམས་པ་སླར་ཡང་གསོ་བའི་ཐུགས་བསྐྱེད་ཕྲིན་ལས་དང་རྒྱལ་ཁམས་མཐའ་དབུས་ཡོངས་སུ་བདེ་བའི་མཛད་པ་རླབས་ཆེན་གྱིས་འདི་ཕྱི་ཀུན་ཏུ་ཕན་དང་བདེ་བའི་དགའ་སྟོན་རྒྱ་ཆེར་བསྩལ་བར་མཛད་ལ་གསོལ་བ་འདེབས།
།དེ་ཡང་རང་ལོ་བདུན་བཅུ་དོན་དགུར་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་༧སྐྱབས་མགོན་ཞྭ་དམར་རིན་པོ་ཆེ་མཆོག་དང་། །ཀུན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ། །འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། །༧་རྒྱལ་ཚབ་རིན་པོ་ཆེ། །བེ་རུ་མཁྱེན་བརྩེ་རིན་པོ་ཆེ་བཅས་༧་རྒྱལ་བ་ཡབ་སྲས་ཀྱི་དབུས་བླ་སྤྲུལ་དགེ་འདུན་དང་། །རྒྱ་བོད་འབྲས་འབྲུག་སོགས་འཛམ་གླིང་ཤར་ནུབ་ཀྱི་དད་སློབ་སྟོང་ཕྲག་དུ་མ་ལ་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་སྙིང་པོ་ཕྱོགས་གཅིག་ཏུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་སྨིན་གྲོལ་གྱི་སྒོ་འཕར་ཡོངས་སུ་ཕྱེས་པར་མཛད་པའི་གསང་ཆེན་བསྟན་པའི་སྒྲོལ་མེར་གྱུར་པ་ལ་གསོལ་བ་འདེབས།
།གཏེར་མཛོད་ཀྱི་དབང་ལུང་གྲུབ་པའི་ལོ་དེར་གནས་མཆོག་རྡོ་རྗེ་གདན་དང་། །ཝཱ་རཱ་ཎ་སཱི། །རྩྭ་མཆོག་གྲོང་། །ལུམྦི་ནི། །མཚོ་པདྨ། །བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་རྒྱ་བལ་གྱི་གནས་ཆེན་ཀུན་ཏུ་ཕྱི་ནང་སློབ་ཚོགས་བརྒྱ་ཕྲག་དང་བཅས། །སྣ་ལྔའི་མཆོད་སྤྲིན་དང་སྣང་གསལ་འབུམ་ཕྲག་གིས་མཚོན་མཆོད་པ་རྒྱ་ཆེ་ཞིང་། །དབུལ་ཕོངས་རྣམས་ལ་ཉིན་རེར་བཟའ་བཏུང་དང་དངུལ་འགྱེད་སྦྱིན་གཏོང་དཔག་ཏུ་མེད་པ་དང་། །འཕགས་ཚོགས་འདུས་པ་རྒྱ་མཚོས་བསགས་སྦྱོང་སྤེལ་གསུམ་གྱིས་སྙིང་པོ་ཡན་ལག་བདུན་པས་ཁོག་ཕུབ་སྟེ། །སྨོན་ལམ་གྱི་རྒྱལ་པོ་བཟང་པོ་སྤྱོད་པ་འབུམ་ཐེར་གྲངས་གསོག་གིས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་སེམས་དཔའ་མཆོག་ལ་གསོལ་བ་འདེབས།
།རང་ལོ་བརྒྱད་ཅུ་སྐབས་རྒྱ་གར་དང་། །ཕ་རན་སི། །བྷེལ་འཇམ་བཅས་རྒྱལ་ཁབ་ཆེན་པོ་གསུམ་གྱི་ཤར་ལྷོ་ནུབ་བྱང་སོགས་སུ་སྒྲུབ་སྡེ་དགུ་ཙམ་གསར་འཛུགས་ཀྱིས་ཚངས་སྤྱོད་དང་རབ་བྱུང་བརྒྱ་དང་བཅུ་གསུམ་ཙམ་ལོ་གསུམ་ཕྱོགས་གསུམ་སྒྲུབ་སྡེ་མཚམས་ལ་བཅུག་སྟེ། །དབང་ཁྲིད་ཀྱིས་ཚིམ་པར་བྱས་པ་སོགས་བསྟན་འགྲོའི་བྱ་བ་རྒྱ་ཆེར་བྱུང་། །རྒྱལ་བས་ལུང་གིས་བསྔགས་པའི་འཇམ་མགོན་གུ་ཎའམ་ཡོན་ཏན་རྒྱ་མཚོའི་གསུང་རབ་ཐུན་མོང་རིགས་གནས་ཆུང་བ་སྐར་རྩིས། །སྙན་ངག །མངོས་བརྗོད། །སྡེབ་སྦྱོར། །ཟློས་གར་བཅས་ལྔ་དང་། །རིག་གནས་ཆེ་བ་བཟོ། །གསོ་བ། །སྒྲ། །ཚད་མ། །ནང་དོན་རིག་པ་བཅས་བཅུ་ཕྲག་རིག་པའི་གཞུང་ལུགས་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་ཀྱི་གཞུང་འདི་ཉིད། །ཤར་ནུབ་འཛམ་གླིང་བློ་གསལ་སྤྱིའི་རིག་པའི་དཔལ་ཡོན་དུ་ཐོག་མར་དབྱིན་སྐད་སྒྲ་བསྒྱུར་གྱིས། །གཞུང་འདི་ཉིད་ཐོས་བསམ་སྒོམ་པ་ལ་བརྟེན་ནས་དངོས་དང་རྒྱུད་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ལ་བཀྲི་བར་མཛད་པའི་ཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པར་མཛད་ལ་གསོལ་བ་འདེབས།
།རྒྱ་གར་གྲོང་ཁྱེར་སཱི་ལི་གུ་རིར་སཱ་ལུ་སྒ་ར་ཞེས་རྒྱ་བལ་འབྲས་འབྲུག་སོགས་སྐྱེ་བོ་དཔག་ཏུ་མེད་པ་འི་རྒྱུ་འགྲུལ་གྱི་ལམ་པོ་ཆེར། །ཀུན་རྫོབ་རྫས་སུ་སྣང་བའི་འབྱུང་བཞི་རྡུལ་ཕྲན་དང་བཅས་པ་དོན་དན་ཐུགས་རྒྱུད་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་ཏེ་སྣང་གྲགས་རྟོག་གསུམ་ཐམས་ཅད་གྲོལ་བ་བཞི་ལྡན། །རྒྱལ་བའི་རིང་སྲེལ་རྣམ་ལྔའི་སྙིང་པོ་ཅན་མཐོང་གྲོལ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ནམ་ཆོས་སྐུའི་མཆོད་སྡོང་ཆེན་པོ་གསར་བཞེངས་ཀྱིས་གང་ལ་འབྲེལ་བ་ཐོགས་ཚད་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པའི་ཕན་ཡོན་མདོ་རྒྱུད་ནས་བསྟན་པ་ལྟར་འཕྲལ་ཡུན་ཀུན་ཏུ་དོན་དང་ལྡན་པར་བསྐྲུན་པར་མཛད་ལ་གསོལ་བ་འདེབས།
།དེ་ལྟར་གོང་དུ་བསྟན་པའི་རྣམ་ཐར་གྱི་སྙིང་པོ་ཐོག་མར་རྩ་བའི་བླ་མ་ནོར་བུ་དོན་གྲུབ་ཀྱིས་གཙོས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་ཐུན་མོང་དང་ཐུན་མིན་གྱི་ཆོས་ཚུལ་སྤྱི་དང་། །བྱེ་བྲག་འཇམ་མགོན་བླ་མའི་མཛོད་ཆེན་རྣམ་པ་ལྔ་དང་། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དབང་བཀའ་མན་ངག །ལྷག་པར་ནཱ་རོ་དང་ནི་གུ་རྣམ་པ་གཉིས་ཀྱི་བཀའ་སྲོལ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་དང་། །མཉམ་མེད་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཚང་ལ་མ་ནོར་པར་ཞུས་ཏེ་ལོ་གྲངས་དུ་མའི་བར་ངེས་མེད་དབེན་པའི་རི་ཁྲོད་དུ་དཀའ་སྤྱད་སྙིང་རུས་ཆེན་པོས་གསན་བསམ་སྒོམ་སྒྲུབ་དཔྱིས་ཕྱིན་པར་མཛད་པ་དང་། །བསྟན་འགྲོའི་དོན་དུ་གངས་ཅན་བོད་ཀྱིས་མཚོན་པའི་འཛམ་གླིང་ཤར་ནུབ་ས་ཕྱོགས་ཆེས་མང་པོར་ཞབས་ཀྱིས་བཅག་སྟེ་སྐྱེ་བོ་འབུམ་ཕྲག་མང་པོའི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་ཅིང་། །ཆོས་འཆད་སྤེལ་འཛིན་སྐྱོང་གི་བཤད་སྒྲུབ་ཀྱི་སྡེ་མང་པོ་གསར་འཛུགས་གནང་བ་སོགས་མདོར་ན་སྐུ་ཚེ་གཅིག་གི་རིང་ལ་སྐྱེས་མཆོག་དམ་པ་རྣམས་ཀྱིས་བསྔགས་པར་འོས་པའི་སྐྱེས་བུ་དམ་པའི་ངང་ཚུལ་དགུ་དང་། །འཁོར་ལོ་གསུམ་གྱི་བྱ་བ་རླབས་པོ་ཆེས་རང་གཞན་བསྟན་འགྲོའི་མཛད་པ་མ་ལུས་པ་མཐར་ཕྱིན་ནས། །སླར་ཡང་འགྲོ་བ་རྣམས་ལ་ཐུགས་རྗེས་གཟིགས་པ་དུས་ལས་མི་ཡོང་བར་ཡང་སྲིད་སྤྲུལ་པའི་ཟློས་གར་འབྱུང་བར་འགྱུར་བའི་ལུང་བསྟན་ཉེ་གནས་དད་སློབ་རྣམས་ལ་བརྡ་དང་ཞལ་འཕྲོས་ཀྱི་ཚུལ་དུ་སྩལ་བར་མཛད་ལ་གསོལ་བ་འདེབས།
།མཐར་དགུང་གྲངས་བརྒྱད་ཅུ་རྩ་ལྔ་རབ་བྱུང་༡༧་ས་སྦྲུལ་ནག་པ་ཟླ་བའི་ཚེས་༥་ཕྱི་༡༩༨༩་ཟླ་༥་ཚེས་༡༠་ལ། །རྡོར་གླིང་བསོད་ནམས་དར་བསམ་འགྲུབ་དར་རྒྱས་ཆོས་གླིང་གི་གཟིམས་སྤྱིལ་དུ་སྐུ་ལ་བསྙུན་ཁམས་སོགས་ཆེར་མེད་པར། །རྟག་འཛིན་ཅན་གྱི་འདུ་ཤེས་ཟློག་པ་དང་། །གདུལ་བྱ་གཞན་དོན་ལ་དགོངས་པས་སྐུ་ཚེ་འདི་ཉིད་ཀྱིས་ཞིང་འདི་ཡི་མཛད་པའི་མཐའ་མ་བརྟུལ་བའི་ཚུལ་གྱིས་ཡེ་ཤེས་སྒྱུ་མའི་གཟུགས་སྐུ་ཟག་མེད་འོད་གསལ་ཆོས་དབྱིངས་སུ་སྙོམས་པར་ཞུགས་པར་མཛད་དོ། །དེ་ནས་བཟུང་ནམ་མཁའ་གཡའ་དག་པ་དང་འཇའ་སྤྲིན་སོགས་ངོ་མཚར་བའི་ལྟས་དང་བཅས་འཛམ་གླིང་དད་སློབ་འདུས་པ་རྒྱ་མཚོས་དགོངས་རྫོགས་མཆོད་འབུལ་དང་བཅས་དད་མོས་ཡིད་ཆེས་གོང་ནས་གོང་དུ་སྤེལ་བར་གྱུར་ལ་གསོལ་བ་འདེབས།
།སྔོན་སྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བྱེ་བས་བསྐྲུན་པའི་མཚན་དཔེའི་གཟུངས་སྐུ། །མཐོང་གྲོལ་ཐོས་གྲོལ་དྲན་གྲོལ་རེག་གྲོལ་ཏེ་གྲོལ་བ་བཞི་ལྡན་སྐུའི་དམར་གདུང་རིན་པོ་ཆེ་ཉིད། །འཇམ་མགོན་རིན་པོ་ཆེ་སོགས་སྐྱེས་ཆེན་མང་པོའི་བཀའ་དགོངས་ལྟར་ལྷ་དང་མི་ཡི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་ཇི་སྲིད་འཁོར་བ་མ་སྟོངས་བར་ཏུ། །འགྲོ་བའི་དོན་རྒྱུན་མི་ཆད་པར་བཞུངས་པར་མཛད་ལ་གསོལ་བ་འདེབས།
།མདོར་ན་བཀའ་དྲིན་མཚུངས་པ་མེད་པའི་བླ་མ་མཆོག་རྣམས་དང་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མོས་འདུན་དང་ཐུགས་དགོངས་ཡོངས་སུ་རྫོགས་པར་མཛད་པའི་བྱ་བ། །ལམ་བསྐྱེད་རྫོགས་གཉིས་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་མི་གཡོ་བའི་ངང་ཚུལ་ཅན་རྒྱལ་སྲས་དམ་པ་ཁྱེད་ལ་གསོལ་བ་འདེབས།
།དེ་ལྟར་རྩ་རྒྱུད་ཀྱི་བླ་མ་དམ་པ་མཆོག་རྣམས་དང་དབྱེར་མེད་དུ་མོས་ཏེ་གསོལ་བ་བཏབ་པས་རང་གི་མོས་པ་དང་། །བླ་མ་མ་རྣམས་ཀྱི་བྱིན་རླབས་ཀྱིས་མ་འོངས་འབྱུང་འགྱུར་དུ་རང་དོན་ཆོས་སྐུ་མངོན་དུ་གྱུར། །གཞན་དོན་གཟུགས་སྐུ་གཉིས་ཀྱི་དཔལ་ལ་ལོངས་སུ་སྤྱོད་ནས། །འདི་ནས་འཕོས་མ་ཐག་ཏུ་བདེ་ཆེན་ཞིང་དུ་བརྫུས་ཏེ་སྐྱེས་ནས་ཀྱང་འགྲོ་བ་མ་ལུས་འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག
།མདོར་ན་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཆུང་ངུའི་དུས་ནས་བྲིས་ཀློག་ཆོས་ཀྱི་གོ་དོན་སློབ་སྦྱངས་མི་དམན་ཙམ་བྱས། །བཟླས་བརྗོད་ཀྱང་དུང་ཕྱུར་གཉིས་ཙམ་གྲུབ། །ས་ཕྱོགས་ཀུན་ཏུ་དབྱར་གནས་ཐེངས་བཅུ་དྲུག་ཙམ་ལ་གཞི་གསུམ་གྱི་ལག་ལེན་བསྟར་ཞིང་སྦྱིན་བདག་ཀྱང་ཞུས། །སྟོང་བ་བསམ་གཏན་གྱི་འཁོར་ལོ་ལོ་གྲངས་བཅོ་ལྔ་ཙམ་སྒྲུབ་པའི་རྒྱལ་མཚན་མཙུགས། །བྱ་བ་ལས་ཀྱི་འཁོར་ལོ་མཆོད་རྟེན་བཅོ་ལྔ་ཙམ་དང་། །ལྷ་ཁང་བཅུ་གསུམ་གསར་བཞེངས་དང་ཞལ་གསོས་བྱས། །ལྷ་ཁང་ཁག་མང་པོ་ལ་བཟང་གོས་ཀྱི་མཆོད་རྫས། །མར་མེ་རྒྱུན་མཆོད་ཕུལ། །བཟང་པོ་སྤྱོད་པའི་སྨོད་ལམ་དང་འབྲེལ་མར་མེ་བདུན་འབུམ་ཙམ་ཕུལ། །སྒྲུབ་སྡེ་གྲངས་ཉེར་གཅིག་ཙམ་གསར་འཛུགས་དང་དབུ་ཁྲིད་བསླབ་སྟོན་ཞུས། །སྔོན་འགྲོ་འབུམ་ལྔ་བརྒྱ་ཕྲག་གསུམ་གྱི་ཞབས་བསྐུལ་དང་། །མ་ཎི། ཡིག་བརྒྱ་དུང་ཕྱུར་བཅུ་བཞི་ཙམ་གྱི་དུང་འཁོར་གསར་འཛུགས། །སངས་རྒྱས་བྱང་སེམས་སྐུ་དང་ཚྭ་ཚྭ་འབུམ་ཕྲག་མང་པོ་བཞེངས། །མི་ཚེའི་དྲུག་ཆ་ཙམ་དངོས་པོ་ཅི་ཡོད་ཡིག་དྲུག་རྡོ་ལ་རྐོས་པའི་ཡོན་དུ་ཕུལ། །དགེ་འདུན་བརྒྱ་ཕྲག་ལ་འཚོ་བ་སྦྱར། །སྨྱུང་གནས་བརྒྱ་ཕྲག་མང་པོ་བཙུགས་ཤིང་། །ཕྱི་རྒྱལ་ཁག་ལ་ཆོས་གཞི་བདུན་བཅུ་ཙམ་གསར་འཛུགས་བྱས་པ་སོགས་ལག་ལེན་བསྟར་བཞིན་པའོ། །དེ་ལྟར་ངོས་རང་རྩར་དབང་ལུང་ཁྲིད་ཀྱི་ཆོས་འབྲེལ་ཡོད་པ་རྣམས་ཀྱི་རྒྱུད་ལ་དད་མོས་གོང་འཕེལ་བྱུང་ན། །གསང་སྔགས་རྡོ་རྗེ་ཐེག་པ་བྱིན་རླབས་ཀྱི་ལམ་ཡིན་སྟབས་ཕན་དུ་རེ་ནས། །ཕྲན་གྱི་ལོ་རྒྱུས་ལེགས་ཆ་ཕྲན་བུ་བཏུས་ཏེ་རྫུན་མ་འདྲེས་ཙམ་ཞིག་དམ་པ་དག་གི་ངོར་བྲིས་པ་རེད། །དེ་ལྟར་བྲི་འོས་ཕྲན་བུ་བྱུང་བ་དེ་ཡང་སྐྱེས་བུ་དམ་པ་རྣམས་དང་། །སྦས་པའི་རྣམ་ཐར་སྐྱོང་བའི་བླ་མ་དམ་པ་རྣམས་དང་། །ཁྱད་པར་བདག་ཅག་གི་རྩ་བའི་བླ་མ་དམ་པ་ནོར་བུ་དོན་ཀུན་གྲུབ་པ་དེ་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་རེད། །དམ་པ་དེ་ནི་དགུང་ལོ་ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་འཇིག་རྟེན་གྱི་བྱ་བ་བློས་བཏང་སྟེ། །སློབ་སྦྱོང་དང་དགེ་སྦྱོར་ཟུང་འཇུག་ངང་ནས་བསྟན་པ་ལ་ཞབས་ཏོག་ཞུས། །བཞི་བཅུ་ནས་འདའ་ཁའི་བར་རི་མཚམས་དང་བཅད་རྒྱ་འཁོར་ཡུག་ཏུ་མཛད། །བདུན་བཅུ་ནས་འདིར་སྣང་གི་མཚན་འཛིན་རྩད་ནས་ཞིག་སྟེ་མཉམ་རྗེས་འཁོར་ཡུག་ཏུ་འདྲེས། །དོན་བཞི་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་སྐུ་གདུང་བྱིས་པ་ལོ་བརྒྱད་ཙམ་དུ་གྱུར། །དེ་ཉིད་རྒྱུད་སྡེ་ཆེན་པོ་བཞི་ཡི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མེ་མཆོད་ཕུལ་བའི་ཉིན་ཐོག་ཐག་ཏུ་འཇའ་ཚོན་གྱི་དྲྭ་བས་སྦྲེལ། །ཁ་དོག་སྣ་ཚོགས་ཀྱི་བདུང་དང་རིང་བསྲེལ་གྲངས་མེད་བྱོན་པ་སོགས། །ཕྱག་ཆེན་ལྟར་ན་སྒོམ་མེད་ཆེན་པོ། །རྫོགས་ཆེན་ལྟར་ན་བློ་འདས་ཆོས་ཟད་ཆེན་པོའི་དགོངས་པ་མངོན་དུ་གྱུར་པའི་ལྟས་དང་མཚན་མ་ཀུན་གྱིས་གསལ་བར་བྱུང་བ་ལགས་ཤིང་། །གུས་ཀྱང་དམ་པ་དེ་དག་གི་རྣམ་ཐར་སྐྱོང་ཐུབ་པའི་རེ་འདུན་གྱིས་ཕྱོགས་མེད་བྱ་བྲལ་བྱེད་ཚུལ་ལས། །གཞི་བདག་བཟུང་གི་དགོན་པ་མི་འདོད་མཁན་ཞིག་ཡིན་ཀྱང་། །རྒྱལ་བསྟན་ཤིན་ཏུ་ཉག་ཕྲར་གྱུར་པའི་སྐབས་འདིར། །དགེ་འདུན་གྱི་སྒྲུབ་པའི་སྡེ་ཞིག་བྱུང་ན་བསམ་པའི་རྟོག་པ་ཡང་ཡང་བྱུང་བ་དང་། །འཇིག་རྟེན་དབང་ཕྱུག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་འབྱུང་འགྱུར་བཀའ་ལུང་གནང་བ་དུས་ཐོག་བབས་པ་དང་། །༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་རིས་མེད་ཀྱི་བསྟན་པ་ལ་ཕན་པའི་ཐུགས་བསྐྱེད་ཟླ་མེད་ཀྱིས། །སོ་ན་འདའ་ས་ཆ་དགོན་ཡུལ་བདག་ལ་བཀའ་དྲིན་ཆེན་པོས་གནང་། །རྒྱལ་བ་༧ཀརྨ་པ་མཆོག་གིས་ཐུགས་མཉེས་པའི་སྒོ་ནས་བཀའ་ཡིས་གནང་བ་བསྩལ་ཞིང་། །ས་གནས་དེ་བདག་ཏུ་བཟུང་བ་དང་ཆབས་ཅིག་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་བསོད་ནམས་དར་བཀའ་རྒྱུད་དགོན་ཞེས་པའི་མིང་དང་། །དར་ཨ་ཤེ །རིན་ཆེན་དང་པོ་ཕྱོགས་ཀྱི་གྲངས་ལྡན་བཅས་རྟེན་འབྲེལ་གྱི་དགེ་མཚན་གནང་། །དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ས་གནས་འདི་ཡེ་ཤེས་ཀྱི་མགོན་པོའི་ཕྲིན་ལས་ཀྱི་རོལ་གར་ལས་བྱུང་བ་ལགས་པས་རྒྱལ་བསྟན་དར་རྒྱས་འབྱུང་བའི་གསུང་གི་དབུགས་དབྱུང་བསྩལ། །བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེས་ཐུགས་བརྩེ་བ་ཆེན་པོས་ས་བསླང་དང་ས་འདུལ་མཛད། །བདག་རང་འདིར་མ་སླེབས་པའི་གོང་ནས། །མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གིས་ས་གནས་འདི་ལ་བསམ་འགྲུབ་དར་རྒྱས་གླིང་གི་དགོན་ཞེས་མ་འོངས་ལུང་བསྟན་གྱི་མིང་གནང་བ་སོགས། །རྟེན་འབྲེལ་གྱི་དགེ་མཚན་ཕུན་སུམ་ཚོགས་པ་བྱུང་བ་ལ་བརྟེན་ནས་དགོན་གནས་འདི་བདག་བཟུང་བྱས་ཏེ་ལོ་བཅུ་དྲུག་ཙམ་སོང་། །དེ་ཡི་རིང་གྲྭ་ཆུང་གསར་ཞུགས་བྱེད་འདོད་སུ་ཡོད་དང་། །ས་དགེ་བཀའ་རྙིང་དགེ་འདུན་པ་འདོད་མོས་གང་ཡོད་བཞུགས་ཆོག་པའི་དགོན་སྡེ་ཚུགས། །དགེ་འདུན་པ་སྒྲུབ་གྲྭ་ཐེངས་བཞི། །བཙུན་མ་སྒྲུབ་གྲྭ་ཐེངས་གཅིག་དབྱར་གནས་ཐེངས་བཅུ་དྲུག་ཙམ་ཚུགས། །འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཆོས་འཆད་སྤེལ་འཛིན་སྐྱོང་གི་སྒོ་ནས་འགྲོ་དོན་མཛད་ཐུག་པའི་བླ་མ་ཡང་མང་པོ་བྱུང་། །ད་དུང་ཡང་ཆོས་སློབ་སྦྱོང་དང་སྒོམ་སྒྲུབ་བྱེད་མཁན་མང་པོ་ཡོང་གི་རེད་བསམ་གྱི་ཡོད། །འཕགས་བོད་ཡོངས་ཀྱི་མཁས་དང་གྲུབ་པའི་དབང་ཕྱུག །ས་ཐོབ་གྱི་སེམས་དཔའ་དཔག་ཏུ་མེད་པ་བྱོན་པ་རྣམས་ཀྱི་སྟོབས་དང་རྫུ་འཕྲུལ་གྱིས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་སོགས་ཀྱིས། །གང་ལ་གང་འདུལ་གྱི་འགྲོ་དོན་ཕྲིན་ལས་མཛད་པ་མཐའ་ཡས་པ་ནི་བློ་ཡིས་སྤྱོད་ཡུལ་ལས་འདས་ཤིང་། །ཚད་བཟུང་དུ་ག་ལ་ནུས། །སོ་སོ་སྐྱེ་བོའི་མཁས་བཙུན་བཟང་པོའི་སློབ་དཔོན་ཞིག་ལ། །འཛམ་གླིང་རྒྱ་མཚོ་ཆེན་པོའི་ཁྱོན་གྱི། །དམ་པའི་ཆོས་ཀྱི་ཉི་འོད་བརྡལ་བའི་གནས་རྣམས་དང་། །ཆོས་མེད་ཀླ་ཀློའི་ཡུལ་ཁམས། །རྒྱ་དཀར་ནག །བལ་བོད་འབྲས་འབྲུག་སོགས་དང་། །ཤར་འཇའ་པན་ནས་ནུབ་ཨ་རིའི་ཡུལ་དང་། །ལྷོ་གྷི་རི་སི་ནས་བྱང་ནོར་ཝེའི་ཡུལ་གྲུ་ཚུན་ཆད། །རྒྱ་མཚོ་ཆེན་པོ་ལས་ས་དུམ་བུར་མཅད་པའི། །སྐད་ཡིག་མི་གཅིག་པའི། །ཡུལ་གྲུ་ཆེན་པོ་རྣམས་སུ་ཆོས་ཀྱི་འཁོར་ལོ་སྐོར་ཞིང་བཤད་སྒྲུབ་ཀྱི་སྡེ་བཙུགས་ཏེ། །མདོ་སྔགས་གཉིས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུའི་མཛད་ཕྲིན་མཁའ་ཁྱབ་དུ་གདལ་བ་ནི། །ས་སྟེང་དུ་སྔོན་ཆད་མ་བྱུང་བ་ཀུན་ལས་ཁྱད་པར་འཕགས་པ་སྟ་བུ་ཞིག་ཀྱང་བྱུང་བ་རེད། །ཡིན་ན་ཡང་། །དེ་ཐམས་ཅད་བླ་མ་དཀོན་མཆོག་གི་བྱིན་རླབས་ཐུགས་རྗེ་ཁོ་ན་ལས་བྱུང་བ་ཡིན་ཙང་། །ང་རྒྱལ་དང་ཁེངས་སེམས་ནི་རྩ་བ་ནས་མེད།
།དེ་ལྟར་རང་གི་རྣམ་ཐར་ལོ་རྒྱུས་ཤེས་མཁན་རྣམས་ཀྱིས། །བླ་མའི་རྣམ་ཐར་སྐྱོང་བར་འདོད་ན། །རང་རེ་རྣམས་སངས་རྒྱས་བཀའ་དྲིན་ཅན་གྱི་རྗེས་སུ་འཇུག་པ་ཡིན་ཙང་། །ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བ་མཐའ་དག་སྤུང་གང་ཐུབ་དང་། །དགེ་བ་སྒྲུབ་གང་ཐུབ་དང། །འགྲོ་དྲུག་ཕ་མ་དྲིན་ཅན་རྣམས་འཁོར་བའི་སྡུག་བསྔལ་དར་དྲག་ལ་ཡུན་རིང་དུ་མྱོང་བཞིན་པ་འདི་དག་ལ་ཤ་ཚ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གང་ཐུབ་ཐུབ་སྒོམ་སྟེ། །གཏོང་ལེན་གྱི་དམིགས་པ་རྒྱུན་དུ་སྒོམ་ཞིང་རྫོགས་སྨིན་སྦྱངས་གསུམ་གྱི་སྨོན་ལམ་རྒྱ་ཆེན་པོ་ལ་བརྩོན་པ་དང་། །རང་ལ་བཀའ་དྲིན་ཅན་གྱི་བླ་མ་དམ་པ་དེ་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་ཤེས་ཤིང་སྤྱི་བོའི་གཙུག་དང་སྙིང་གི་དཀྱིལ་དུ་སྒོམ་སྟེ་གསོལ་བ་ཕུར་ཚུགས་སུ་བཏབ་ཐུགས་ཡིད་བསྲི་བའི་ཉམས་ལེན་དང་། །སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ནས་གསུངས་ཤིང་། །འཕགས་བོད་མཁས་གྲུབ་ཡོངས་ཀྱི་ཐུགས་ཉམས་སུ་བཞེས་པ། །བྱ་སླ་ལ་ཕན་ཡོན་ཆེ་བ། །ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་སྟེ། །སྔགས་ཡི་གེ་དྲུག་པ་རྒྱུན་ཆགས་སུ་བཟླ། །སེམས་སྟོང་གསལ་འགག་མེད། །གཏད་མེད་འཛིན་མེད་ཡེངས་མེད་ཀྱི་ངང་ལ་བཟླ། །འདིར་སྣང་འཁྲུལ་པའི་ཆོས་ཐམས་ཅད་ངོ་བོ་བདེན་པར་མ་གྲུབ་པ། །རྣམ་པ་བདེ་སྡུག་སྣ་ཚོགས་སུ་འགྱུར་ཞིང་མི་རྟག་པའི་རང་བཞིན་ཅན། །མཐར་ཐུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་བསྐྱེད་པའི་གཞིར་གྱུར་བའི་འཁྲུལ་པའི་སྣང་བ་སྣ་ཚོགས་པ་དེ་དག་སྒྱུ་མ་དང་རྨི་ལམ་ལྟ་བུ་ཤེས་པའི་ངང་ནས་བདེན་ཞེན་གྱི་འཛིན་ཆགས་ཆུང་དུ་འགྲོ་བ་དང་། །སྤྱིར་ཕྱི་ནང་གི་ཆོས་ལུགས་ཐམས་ཅད། །གནས་སྐབས་ངན་སོང་དང་མཐར་ཐུག་འཁོར་བའི་སྡུག་བསྔལ་ལས་སྐྱབས་ནས། །མཐོ་རིས་དང་ཐར་པའི་ལམ་ལ་བཀོད་ཐུབ་པའི་དོན་དུ་གདུལ་བྱའི་དབང་པོ་དང་མཐུན་པར། །སངས་རྒྱས་ཀྱི་ཕྲིན་ལས་བྱུང་བ་ལགས་པས་ཀུན་ལ་དད་པ་བྱ། །ཁྱད་པར་དུ་གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་ས་དགེ་བཀའ་རྙིང་གི་ཆོས་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཚང་ལ་མ་ནོར་བ། །གྲུབ་ཐོབ་བརྒྱུད་པའི་བར་མ་ཆད། །བྱིན་བརླབ་དབང་གི་རྒྱུན་མ་ནུབ། །དོན་དམ་ཁྲིད་ཀྱི་གནད་མ་འཆུག །གནས་ལུགས་བལྟ་བའི་གཞི་མ་ནོར། །འཁྲུལ་གྲོལ་སྒོམ་གྱི་ལམ་མ་གོལ། །གདམས་ངག་བདུད་རྩིའི་བཅུད་མ་སྐམ་པ། །སར་གནས་ཀྱི་སེམས་དཔའ་ཆེན་པོ་མཁས་དང་གྲུབ་པའི་དབང་ཕྱུག་རྣམས་ལས་བྱོན་པ་ཙམ་དུ་མ་ཟད། །རྗེ་བཙུན་མི་ལ་རས་པ་ལ་སོགས་པའི་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་བགྲང་བ་ལས་འདས་པ་བྱོན། །གདམས་ངག་གི་བེའི་བུམ་རེ་རེས་ཀྱང་། །སངས་རྒྱས་ཀྱི་ས་ལ་བསྐྱེལ་ཐུབ་པའི་ཆོས་ཟབ་མོ་ཁོ་ན་ལགས་ན་ཀུན་ལ་ཆགས་སྡང་ལོག་ལྟ་སྤུངས་ཏེ་མོས་གུས་དང་དག་སྣང་སྦྱང་། །ཚེ་རབས་སྔོན་ནས་འབྲེལ་བའི་རང་གང་ལ་མོས་པ་དེ་ལ་ཉམས་ལེན་མཐར་ཕྱིན་པ་བྱ་བ་ཅི་ནས་གལ་ཆེ། །མདོར་ན། །འཁོར་བ་སྡུག་བསྔལ་དུ་ཤེས་པའི་ངེས་འབྱུང་། །དཀོན་མཆོག་གསུམ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ། །བླ་མ་སངས་རྒྱས་སུ་བལྟ་བའི་མོས་གུས། །ཁམས་གསུམ་ཕ་མར་ཤེས་པའི་སྙིང་རྗེ། །ཚོགས་གཉིས་ཟུང་དུ་འཇུག་པའི་སྤྱོད་པ། །སྣང་གྲགས་ལྷ་སྔགས་སུ་ཤེས་པའི་བསྐྱེད་རིམ། །མ་བཅོས་གཉུག་མར་སྐྱོངས་པའི་རྫོགས་རིམ། །ཆེ་འདོད་ང་རྒྱལ་སྤོང་བའི་དགེ་བ། །སྡིག་པ་དུག་ལྟར་འཛེམ་པའི་སྤྱོད་པ། །ཕྱོགས་རིས་ཆགས་སྡང་སྟང་པའི་དད་པ། །གང་འབྲེལ་ཐར་ལམ་འགོད་པའི་འགྲོ་དོན་རྣམས་དང་མ་བྲལ་བ་བླ་མའི་རྣམ་ཐར་སྐྱོང་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་དོན་ཡོད་པ་འགྱུར་ཞིང་། །བླ་མའི་ཐུགས་དགོངས་རྫོགས་པ་དང་། །ཕ་མའི་དྲིན་ལན་ཡང་འཁོར་ཏེ་རང་གཞན་དོན་གཉིས་མཐར་ཕྱིན་པར་འགྱུར་རོ།།
།།ཞེས་པ་འདིའི་སྟོད་ཆ་རྣམས་དག་སྣང་ཕྱོགས་མེད་འབྱོང་བའི་སྐྱེས་ཆེན་སེ་ར་མཁར་རྡོ་རིན་པོ་ཆེ་ནས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཆ་ཚང་དང་། །ཇོ་ཤངས་བཀའ་འབུམ་ཆ་ཚང་དང། །བཀའ་རྙིང་ཆོས་སྐོར་མང་པོའི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན་བཞེས་སྐབས་རྣམ་ཐར་གསོལ་འདེབས་ཤིག་དགོས་ཞེས་ནན་བསྐུལ་མཛད་ངོར། །བླ་མ་གོང་མ་རྣམས་ཀྱི་ཐུགས་རྒྱུད་ཡེ་ཤེས་ཆེན་པོ་དང་དབྱེར་མེད་པའི་མོས་འདུན་གྱིས་སྨྲས་པ་དང་། །སྨད་ཆ་རྣམས་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་བསོད་ནམས་དར་བཀའ་བརྒྱུད་དགོན་བསམ་འགྲུབ་དར་རྒྱས་གླིང་གི་སྒྲུབ་སྡེ་ཆེན་མོ་མཛོད་ལྔ་འདུས་པའི་གཞལ་མེད་ཁང་བཤད་སྒྲུབ་དགའ་ཚལ་གླིང་དུ་ལོ་གསུམ་ཐེངས་གཉིས་བཞུགས་པའི་རྗེས་མའི་སྐབས་ལོ་གཉིས་མཚམས་སུ་བླ་མ་ཁྱེད་ཀྱི་སློབ་རྒྱུད་འཛམ་བུ་གླིང་དང་གླིང་ཕྲན་ཚུན་ཁྱབ་གདའ་བས་དེ་དག་བླ་མ་དང་ཆོས་ལ་ངེས་ཤེས་དང་དད་པ་སྐྱེ་བའི་རྟེན་ལོ་རྒྱུས་ཆ་ཚང་གསོལ་འདེབས་ཤིག་དགོས་ཚུལ་ཡང་ཡང་བསྐུལ་བ་ལ་བརྟེན་བསྟན་པ་ལ་ཕན་པའི་བློས་ལོ་རྒྱུས་གསོལ་འདེབས་སུ་སྨྲ་བ་པོ་ཀརྨ་རང་བྱུང་ཀུན་ཁྱབ་ནས་རང་ལོ་བརྒྱད་བཅུ་ལ་སྨྲས་པའོ།།
།།མཇུག་གི་འདས་རྗེས་རྣམ་ཐར་འབོ་དཀར་སྤྲུལ་མིང་པས་ཁ་སྐོང་ཞུས་པའོ།།
།།ཀ་ལུ་མཆོག་སྤྲུལ་རིན་པོ་ཆེའི་གསོལ་དཔོན་རིག་འཛིན་རྡོ་རྗེས་གློག་ཀླད་འཕྲུལ་དཔར་གྱི་སྲི་ཞུ་ཞུས།། །།